ཨ་ནུ་ཐང་བསོད་ནམས་ཀྱིས།
—————–
ད་ལྟའི་ཞི་བདེ་ནི་ཞེ་སྣང་གི་ཞི་བདེ་ལས་བསམ་ཤེས་ཀྱི་བདེ་མིན།
འཇིག་རྟེན་གྱི་རྒྱལ་ཁབ་སུ་ཞིག་ཡིན་ཡང་མཐོ་དང་གོ་ས་གཙུག་འཛིན་བྱེད་ཅིང་། ཐོབ་དང་གོ་སའི་ཆེད་སྔ་ནས་ད་ལྟའི་བར་དུ་ཆད་མེད་ཀྱི་རྩོད་སྙོགས་དང་དམག་འཁྲུགས་བྱུང་ལ། འཁོན་འཛིན་དང་འགྲན་རྩོད་ཀྱི་ཁྲོད་ནས་འཇིག་རྟེན་འདི་འཕེལ་རྒྱས་བྱུང་ཡོད། རྒྱུ་མཚན་ནི་འཕེལ་རྒྱས་མེད་པའི་ལུང་པ་སུ་ཞིག་ཡིན་ཚེ། དེ་འཇིག་རྟེན་འདི་རང་དབང་གིས་འཚོ་མི་ནུས་ཤིང་གཞན་གྱི་བྲན་གཡོག་ཏུ་འགྱུར་བས། མི་རྣམས་ཀྱིས་རང་ཉིད་ཀྱི་ཁེ་ཕན་ཆེད། ཕྱོགས་ཁག་དང་མཐུན་ཕྱོགས་མི་བསྒྲིགས་ཐབས་མེད་གྱུར་ལ། ཕྱོགས་ཁག་དང་མཐུན་ཕྱོགས་ལས་རྒྱལ་ཁབ་དང་མི་རིགས་བྱུང་ཞིང་། རྒྱལ་ཁབ་དང་མི་རིགས་ལས་སྣ་འབྲེལ་དང་རྒྱལ་འབྲེལ་བྱུང་བས་མཛམ་གླིང་འདི་ཕྱོགས་ཁག་མི་འདྲ་བ་སྣ་ཚོགས་སུ་གྱེར་ལ། ཕྱོགས་ཁག་གི་རྐྱེན་གྱིས་འགྲན་ཡ་དང་དགྲ་བོ་བྱུང་ཞིང་། དགྲ་ཟླའི་འདུ་ཤེས་ཀྱིས་ཕན་ཚུན་ཡིད་ཆེས་མེད་པས་གོ་ལག་དང་། དམག་དོན་གྱི་སྟོབས་ཤུགས་ལོ་རེ་བཞིན་ངོམས་རེས་དང་བརྗེ་རེས་བྱེད་ཀྱིན་ཡོད་ལ། སྡུག་ས་ནས་བཤད་ན་ཕན་ཚུན་ལ་འཇིགས་སྐུལ་བཏང་རེས་བྱེད་པ་ཞིག་རེད། གལ་སྲིད་དེ་ལྟར་མ་བྱས་ཚེ་ཡར་རྒྱས་ཆེ་བའི་རྒྱལ་ཁབ་ཁག་གིས་རང་མོས་ཀྱིས་གཞན་ལ་དབང་ཡོད་བྱེད་ངེས་རེད་དེ། ཨ་རིའི་གདོད་མིས་མི་རིགས་ཀྱིས་ཡོ་རབ་པ་རྣམས་དང་པོ་གནས་ཚང་དང་རོགས་སྐྱོར་གནང་ཡང་། མཐར་གདོད་མིའི་མི་རིགས་རྩ་མེད་བཏང་བ་བཞིན་བྷལ་གཟལ་དང་མེ་སི་ཁན། ཕྷ་རན་སི་དང་དབྱིན་ཇིས། འཇར་མན་དང་འཇར་པན། ཕོ་ཆི་གྷལ་དང་ཨི་རི་སི་སོགས་འཛམ་གླིང་གི་ལོ་རྒྱུས་ལས་ཤེས་ཐུབ། དེ་བརྟེན། དེང་སྐབས་ཞི་བདེ་དང་འདྲ་མཉམ། རང་དབང་ཞེས་བའི་གཞུང་ལུགས་འདི་མི་རྣམས་ཕན་ཚུན་ཞེ་སྣང་དང་སྔངས་སྐྲག་གིས་བྱུང་ཞིང་། ལག་ལེན་བསྟར་བ་ལས་སེམས་གཏིང་ནས་བརྡོལ་བའི་སེམས་ཤེས་ཤིག་མིན་པས་གོ་སྐབས་བྱུང་ཚེ། རི་སྤྱང་བཞིན་ཤ་ཡི་ཆེད་དུ་ཧམ་རྒྱུགས་བྱེད་ངེས་རེད། གལ་སྲིད་དེ་ལྟར་མིན་པར་ད་ལྟའི་ཞི་བདེ་ནི་བསམ་ཤེས་དང་ཆོག་ཤེས་ཀྱི་ཞི་བདེ་ཡིན་ཚེ། རྒྱབ་ཁབ་རྣམས་ཀྱིས་དཔལ་འབྱོར་གྱི་འགྲོ་གྲོན་ཆེ་ཤོས་དམག་དོན་དུ་བཏང་དོན་མེད་ལ། དམག་མི་ཕོན་ཆེ་ལོ་རེ་བཞིན་བསྡུ་ལེན་དང་སྦྱང་བརྡར་བྱེད་དགོས་དོན་མེད། གནས་ལུགས་འདི་དང་རྒྱབ་ལྗོངས་འདིས་འོག་ཏུ། རྒྱ་མི་མང་པོ་ཞིག་གིས་རྒྱ་ནག་བོད་དུ་ཡོང་བ་མཛམ་གླིང་གི་ལོ་རྒྱུས་ཀྱི་རྒྱུད་རིམ་དང་མཐུན་ཞིང་། སུ་ལ་ནུས་པ་མེད་ཚེ་དེ་གཞན་གྱི་བྲན་གཡོག་གམ། མི་སེར་སྤེལ་བའི་ཁྱབ་ཁོངས་སུ་འགྲོ་བའི་ཆོས་ཉིད་ལ་ཡིད་ཆེས་ཀྱིས་དགའ་བ་སྒོམས་ཀྱི་ཡོད་པས། མ་འོངས་བའི་བོད་ཀྱི་རེ་བ་རྒྱ་ནག་མི་མང་ལ་བཅོལ་བ་ནི་ཐེ་ཚོམ་གྱི་གནས་ཤིག་རེད། རང་གིས་རང་ལ་ཕན་ཐོགས་བྱེད་ཐུབ་པ་བཞིན་གཞན་སུ་ཞིག་གིས་ཕན་ཐོགས་མི་ནུས་པའི་གནས་ལུགས་རྟོགས་ནས། གནའ་བོའི་སྐྱབས་འཛིན་རིང་ལུགས་དོར་རན་རེད། རྒྱ་ནག་པ་ཨུ་མ་ཐུག་ན་བོད་ལ་རང་དབང་དང་། རང་བཙན་གང་ཡང་སྤྲད་པའི་བློ་སྤོབས་མེད་དེ། རྒྱ་ནག་པའི་ཁྲོད་ནས་སངས་རྒྱས་ལྟར་རང་གི་ཁེ་ཕན་བློས་བཏང་གིས་བོད་ལ་རང་དབང་སྤྲད་པའི་ཐོལ་བརྒལ་གྱི་འདུ་ཤེས་འཛིན་མཁན་ཤིན་ཏུ་དཀོན་ཞིང་། རང་ལ་སྡུག་ངལ་གྱི་མྱོང་བ་མེད་ཚེ་གཞན་གྱི་སྡུག་ངལ་ལ་བསམ་ཤེས་ཐུབ་མཁན་དཀོན། དེ་ནི་ཡོ་རབ་ཤར་མའི་རྒན་རབས་པ་རྣམས་ཀྱིས་དམར་ཕྱོགས་དུག་ཏུ་བརྩི་ཡང་ད་ལྟའི་གཞོན་ནུ་རྣམས་ལ་དམར་ཕྱོགས་ཀྱི་མྱོང་སྣང་མེད་པས་འཚོར་སྣང་དེ་ཙམ་མེད་པ་ལྟ་བུ་རེད། བོད་ཀྱིས་རྒྱ་ལ་གྱོང་ལས་ཁེ་མང་དུ་སྤྲད་ན་རྒྱ་ལ་བོད་མཁོ་ཞིང་། བོད་ནི་དུས་ནམ་ཡང་རྒྱ་དང་ཁ་བྲལ་ཐབས་མེད། ག་དུས་བོད་མིས་རྒྱ་ལ་ཁེ་ལས་གྱོང་མང་དུ་སྤྲད་ཐུབ་ན་དེ་དུས་རྒྱ་ནག་ལ་བོད་མི་མཁོ་ཞིང་། རྒྱ་མིས་ཁྲོད་ནས་བོད་ལ་བསམ་ཤེས་བཏང་མཁན་མང་དུ་ཡོང་ལ། དེས་བོད་རྒྱ་གཉིས་ཕན་གྱི་བགྲོད་ལམ་ཞིག་རྙེད་པ་ཡིད་ཆེས་ཡོད།
དགེ་སྡིག་གི་བསམ་བློ་ནི་འགྲོ་བ་མི་འཚོ་གནས་ཀྱི་ཆེད་ཡིན།
རྒྱ་ནག་བོད་དུ་ཡོང་བ་བོད་མི་རྣམས་ལ་འཁོར་འདས་ལས་འཁོར་བ་འདོད་བའི་ལྟ་གྲུབ་ཞན་པས་དྲག་པོ་དམག་ཤུགས་དང་། དཔལ་འབྱོར་གྱི་ནུས་བ་ཅི་ཡང་མེད་པར་ཆོས་ཀྱི་ཆེད་དུ་ཁེ་རྐྱང་ཟུར་སྡོད་ཀྱི་རྒྱལ་ཁབ་སྐྱོང་པས་རྒྱ་ནག་ལ་གོ་སྐབས་སྤྲད་པ་རེད། ད་དུང་ཡང་བོད་པ་རྣམས་ཀྱིས་རང་ཉིད་ལ་དག་བཅོས་དང་འཇིག་རྟེན་གྱི་འཕེལ་འགྲོས་ངོས་ལེན་བྱེད་པའི་བློ་སྤོབས་མེད་པར། སྟོང་བསམ་གྱི་གྲུབ་པའི་དགོན་པའི་རིག་གཞུང་སྟེ། ཐར་བ་དང་ཐམས་ཅད་མཁྱེན་པ། སངས་རྒྱས་ཀྱིས་གོ་འཕང་ཁོ་ན་ཡིད་ཆེས་བྱས་ཤིང་ནང་ཆོས་ནི་འཛམ་གླིང་གི་སྙིང་ནོར་དང་། བོད་མི་ནི་ནང་ཆོས་ཀྱི་དོ་བདག་ཏུ་འདོད་དེ་ང་རྒྱལ་གྱི་འཕྲུལ་འཁོར་སྐོར་ཚེ། ཁ་ཆེ་ལྟར་གཞན་དུ་ཡོད་པའི་ཕུན་ཚོགས་ཀྱི་དངོས་པོ་ཀུན་མཐོང་ཆུང་གིས་མི་མཐོང་ཞིང་། འཇིག་རྟེན་གྱི་འཕེལ་རིམ་ལ་ལྡོག་ཕྱོགས་ཀྱིས་རི་མོ་མུ་མཐུད་དུ་བྲིས་ནས་མ་འོངས་བ་རེ་བ་དཀའ་སྟེ། དགོན་པའི་སློབ་གསོ་ནི་འདི་ལས་ཕྱི་མ་གཙོ་ཆེ་དང་། བདག་ལས་གཞན་གཅེས། འདོད་ཡོན་དུག་བརྩི་དང་རྐྱེན་ངན་བྱང་ཆུབ། དགྲ་བོའི་བཤེས་བསྙེན་དུ་བསྟན་ཚུལ་སོགས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟར་ཅི་འདོད་དུ་ཡོད་ཅིང་། དེ་ནི་ཆེས་གལ་འགངས་ཆེ་ལ་རིན་ཐང་བྲལ་བ་ཞིག་ཡང་། དགྲ་སྡེའི་ཕྱོགས་ལ་མཚོན་ན་ཆེས་ཐོབ་པ་དཀའ་བའི་གོ་སྐབས་ཤིག་མ་རེད་དམ། དགྲ་བོ་དང་མི་སེར་སྤེལ་མཁན་གྱི་རྒྱལ་ཁབ་ལ་སྙིང་རྗེ་མེད། རྒྱུ་མཚན་ནི་འགྲོ་བ་མི་འདི་འཇིག་རྟེན་གྱི་སྲོག་ཆགས་གཞན་དང་མཚུངས་བ། རང་ལ་མཁོ་བའི་བདེ་སྐྱིད་ཀྱི་དངོས་པོ་ཀུན་དགེ་བའི་ལས་ཁོ་ནས་སྒྲུབ་མི་ཐུབ་པར་མི་དགེ་པའི་བསམ་སྤྱོད་ངེས་བར་དུ་མཁོ་ཞིང་། མི་དགེ་བའི་དྲག་སྤྱོད་དང་དབང་ཡོད། གཡོ་སྒྱུ་དང་བསླུ་བྲིད། ཕྲ་མ་སོགས་ཀྱིས་མི་ལ་ཅི་འདོད་དུ་བདེ་སྐྱིད་སྤྲད་ཅིང་འཇིག་རྟེན་གྱི་བདེ་བ་ཉམས་སུ་མྱོང་བས་རེད། གལ་སྲིད་དེ་ལྟར་མིན་པར་དགེ་བའི་ལས་ཁོ་ན་རེ་བ་བཅོལ་ནས་བསྡད་ཚེ་འགྲོ་བ་མི་རྣམས་འཇིག་རྟེན་འདིར་འཚོ་དཀའ་སྟེ། སྲོག་གཅོད་ཀྱི་ལས་ཅི་ཡང་བྱེད་མི་ནུས་ཤིང་། དེ་ལྟར་མ་བྱས་ཚེ་ས་རྐོ་རྡོ་སྔོགས་དང་། སྒོ་ཕྱུག་འཚོ་སྐྱོང་བྱེད་པའི་འཚོ་ཐབས་སོགས་ཡོང་དུ་མེད་པས་མི་རྣམས་བཀྲས་ལྟོག་གིས་མནར་ནས་འཚོ་ཐབས་བྲལ། དེ་བརྟེན། མི་རྣམས་ཀྱིས་སྔ་ནས་ད་ལྟའི་བར་དུ་བཙན་ཤུགས་ཀྱིས་སྒོ་ཕྱུག་འཚོ་སྐྱོང་དང་ཞིང་ལས་ཐོན་སྐྱེད་ལ་བརྟེན། འཚོ་གནས་སུ་འཕེལ་རྒྱས་བྱུང་། མི་ལ་ཡོད་པའི་གཡོ་སྒྱུ་ཁྲམ་གསུམ་དང་བདུད་རྩུབ་ཀྱི་བསམ་བློ་ནི་འཚོ་གནས་ཀྱི་ཆེད་དུ་རང་མཆིས་སུ་ཡོད་ལ། རང་མཆིས་ཀྱི་བསམ་བློ་དེ་ཡོད་མཁན་གྱི་རྒྱ་རིགས་དག་གིས་བོད་ཀྱི་བཟང་སྤྱོད་མཐོང་ཏེ་སྨོན་སེམས་ཀྱིས་བསམ་ཤེས་བཏང་མཁན་དཀོན་ཏེ། བ་ལང་སོགས་སྒོ་ཕྱུག་སེམས་ཅན་གྱིས་སྔ་ནས་ད་ལྟའི་ད་བར་དུ་འགྲོ་བ་མིའི་བྲན་གཡོག་བྱས་ཤིང་། ཐ་ན་རང་གི་ཤ་དང་། འོ་མ་སོགས་ཅི་འདོད་དུ་མི་ལ་ལོངས་སུ་སྤྱོད་དུ་བཅུག་ཀྱང་། མི་རྣམས་ཀྱིས་བཀའ་དྲིན་བསམ་ཤེས་ཀྱི་ཚབ་ཏུ་དུད་འགྲོ་གླན་ལྐུག་ཟེར་ནས་དམོད་མཁན་མང་བ་ལས། དུད་འགྲོའི་རང་དབང་ལ་བསམ་ཤེས་བཏང་མཁན་ཆེས་ཉུང་ཞིང་། དུད་འགྲོ་ནི་ཇི་སྲིད་མི་རྣམས་གནས་བ་དེ་སྲིད་དུ་མིའི་བྲན་གཡོག་དང་། ཁ་ཟས་སུ་འགྱུར་བ་ལས་མི་ཚོས་རང་དབང་བཏང་མི་སྲིད། དེ་བཞིན་མི་སུ་དང་ལུང་པ་སུ་ལ་ནུས་པ་མེད་ཚེ་དུད་འགྲོ་བཞིན་བརྙས་བཅོས་དང་དབང་ཡོད་མྱོང་བ་ལས། ཚུལ་མཐུན་གྱི་ཀུན་སྤྱོད་ལ་བསམ་ཤེས་གནང་བའི་རེ་བ་བཅང་བ་ནི་སྟོང་བསམ་ཞིག་ཏུ་འདོད་དེ། མིའི་རང་དབང་ནི་དཔའ་མཛངས་ཀྱི་འཐབ་རྩོད་ལས་བྱུང་བས་སོ།
བྱམས་སེམས་ཅན་དང་ཕམ་ཁ་མྱོང་མཁན། ཆོས་དད་ཆེ་བའི་རྒྱ་རིགས་ཉུང་ཤས་ཤིག་གིས་དྲང་བདེན་དང་རང་གི་མོས་འདོད་ཆེད། རོགས་སྐྱོར་ཐོབ་སྲིད་ཀྱང་ཁོང་ཚོར་ནུས་བ་མེད་ཅིང་། སྲིད་གཞུང་དང་མི་རིགས་ཀྱི་ཁ་ལོ་པ་ནི་དུས་ནམ་ཡང་འདོད་རྔམ་དང་ཁེངས་དྲག་ཅན་གྱི་མི་སྣ་རྣམས་ཡིན་ཞིང་། དེ་ཚོས་འཇིག་རྟེན་འདིར་སྔ་ནས་ད་ལྟའི་བར་དུ་ཁ་ལོ་སྒྱུར་བས་ཉམ་ཆུང་དང་བདེན་ཞེན་མཁན་དག་ལ་ནུས་བ་མེད་དེ། འགྲོ་བ་མི་ནི་ཕྱོགས་ལྷུང་གི་རང་བཞིན་ཡིན་ཞིང་། རང་བཞིན་དེ་ནས་ཐོལ་བརྒལ་གྱི་བསམ་བློ་བཟུང་ཏེ་བདེན་པ་ཁོ་ན་རྒྱབ་སྐྱོར་བྱེད་མཁན་ཆེས་ཉུང་ཕྱིན། བདེན་པ་ལ་དཔུང་སྟོབས་དང་ཁེ་ཕན་གྱི་ནུས་པ་མེད་ཚེ་གད་སྙིགས་སུ་འགྱུར་བས་རེད། བདེན་ཏེ། ཡར་རབས་སྤྱོད་བཟང་དང་འདོད་ཆུང་ཆོག་ཤེས། གཞན་ཕན་དང་ལྷག་བསམ། བརྩེ་བ་དང་སྙིང་རྗེ། བཟོད་སྲན་དང་གུས་ཞབས་སོགས་ནི་གཞུང་ལུགས་བྱེ་བྲག་པ་ཞིག་དང་། ཆོས་ལུགས་བྱེ་བྲག་པ་ཞིག་གིས་སྤྲད་ཅིང་། བྱིན་གྱིས་རླབས་པ་མ་ཡིན་པར་འགྲོ་བ་མི་འཚོ་གནས་ཀྱི་ཆེད་མི་ལ་རང་བཞིན་གྱིས་ཡོད་དེ། དེས་མི་ལ་རྫོགས་མཐའ་མེད་པའི་བདེ་བ་དང་། ལོངས་སྤྱོད་སྐྲུན་པས་མི་ལ་མཁོ་ཞིང་དེ་རྣམས་མི་དང་ཁ་བྲལ་ཐབས་མེད། གལ་སྲིད་དེ་ལྟར་མིན་ཚེ་ཕ་མ་དང་བུ་ཕྲུག བཟའ་ཚང་དང་གཉེན་ཉེ་སོགས་ཀྱི་འབྲེལ་བ་མི་ཡོང་ཞིང་། ཕན་ཚུན་ལ་བརྩེ་བ་མེད་པས་ཁེ་རྐྱང་ཟུར་སྡོད་ཀྱི་མི་ཚེ་སྐྱེལ་ཕྱིན། ཕྲུ་གུ་བསྐྱེད་སྲིང་དང་བདག་སྐྱོང་སོགས་ཡོང་ཐབས་དཀའ་པས་འགྲོ་བ་མི་རྒྱུན་གནས་དཀའ། དེ་བརྟེན། འགྲོ་བ་མི་འཚོ་སྡོད་ཀྱི་ཆེད་དུ་དགེ་སྡིག་གཉིས་ཀྱི་བསམ་བློ་མེད་དུ་མི་རུང་ཞིང་། དེ་ལ་མི་རྣམས་ཀྱིས་ངེས་བར་དུ་གུས་བརྩི་བྱེད་དགོས་ཞིང་མི་བྱེད་ཐབས་མེད་ཡིན་ཏེ། དགེ་སྡིག་གཉིས་ནི་མི་ལ་ཡོད་པའི་ལྷན་སྐྱེས་སུ་འཚོ་ཐབས་ཡིན་པས་སོ། གལ་སྲིད་མི་སུ་དང་མི་རིགས་སུ་ཞིག་གིས་ཆོས་ཉིད་དེ་གཉིས་ལ་དགག་བཞག་གནང་ཚེ་དེ་མིའི་སྤྱི་ཚོགས་སུ་གནས་ཐབས་དཀའ་སྟེ། མིའི་ཆོས་ཉིད་ལ་སྒོ་རྡུང་བཏང་པས་རེད། དགོན་པའི་རིག་གཞུང་གིས་བོད་མིའི་བསམ་བློའི་སྣེ་ཁྲིད་ཅིང་མི་ལ་ལྷན་སྐྱེས་སུ་ཡོད་པའི་དགེ་བའི་ཀུན་སྤྱོད་ཡར་རྒྱས་བཏང་ཐབས་ཁོ་ན་འབད་དེ། ལྷན་སྐྱེས་སུ་ཡོད་པའི་མིའི་རྒྱུད་ཀྱི་འཚོ་ཐབས། མི་དགེ་བའི་ཆོས་ཉིད་ལ་སྒོ་རྡུང་བཏང་རྒྱུ་མང་དྲག་པས་བོད་ལ་ཆགས་འཇིག་གི་ཕམ་ཁ་བྱུང་པ་རེད། འདོད་དེ། མིའི་རྒྱུད་དུ་ཡོད་པའི་ཉོན་མོངས་སམ་མི་དགེ་བའི་སེམས་བྱུང་ཉུང་དུ་སྟངས་རྒྱུ་ཡོད་ཀྱང་། དེ་རྩ་མེད་དུ་བཏང་དགོས་ཚེ་མིའི་ལུས་ཕུང་མ་བརྗེ་བར་ཡོང་མི་ཐུབ་སྟེ། མིའི་ལུས་ཕུང་ནི་ཉོན་མོང་གིས་གྲུབ་ཅིང་སངས་རྒྱས་ཀྱི་སྐུ་ཡང་སྡུག་བསྔལ་གྱི་རང་བཞིན་ཡིན་པས་མཐར་མྱ་ངན་ལས་འདས་བ་དང། ཉོན་མོངས་བའི་རང་བཞིན་ཅན་གྱི་མི་ལུས་འདི་ཡོད་ཚེ། མི་དགེ་བའི་སེམས་བྱུང་ཅི་ལྟར་ཉུང་དུ་བཏང་ཡང་རྐྱེན་དང་འཕྲད་ཚེ་སླར་སྐྱེས་ཤིང་། མི་དགེ་བའི་ལས་བྱེད་དེ། དགེ་སྡིག་གི་འདུ་ཤེས་གཉིས་མི་རྒྱུད་དུ་ལྷན་སྐྱེས་སུ་ཡོད་པས་སོ། དེ་བརྟེན། སྔགས་བླ་མེད་པ་རྣམས་ཀྱིས་མདོ་ཕྱོགས་ལྟར་མི་དགེ་བའི་ལས་སྤངས་ཆེད། མི་དགེ་བ་དང་ཁ་མི་བྲལ་བར། དེ་དང་འགྲོགས་འདྲིས་ཀྱིས་ཉམས་སུ་བླངས་ནས། ལྕགས་གསེར་དུ་སྒྱུར་བ་བཞིན་མི་དགེ་འཛིན་པའི་ཤེས་བའི་རྒྱུ་དབང་རྩ་རྣམས་རེ་རེ་བཞིན་རྒྱུས་ལོན་དང། སྒོམས་སྒྲུབ་ཀྱི་ཐུབ་ལ་བརྟེན་ནས་དཀག་ཅིང་། དགེ་བ་ཁོ་ན་མཐོང་བྱེད་ཀྱི་དབང་རྩ་བཀོད་སྤྱོད་བཏང་ཕྱིན། མཐར་མིའི་ལུས་རྟེན་ནས་འཕོ་ཞིང་འཕགས་པའི་ལུས་རྟེན་དུ་སྒྱུར་བས། ཁོང་ཚོར་མཚོན་ན་དགེ་སྡིག་དང་ཡག་བཙོག་གི་ཁྱད་པར་མེད་པས་ཡོད་ཚད་དགའ་བ་དང་བདེ་བ། དག་པ་སྣང་བ་ཡིན་པ་གསུངས་ལ། དེ་ལྟར་བྱེད་ཐུབ་པའི་བདེན་དཔང་ནི་བོད་ལ་རྗེ་བཙུན་མི་ལ་ལས་སྟོན་དུ་དཀོན་ལ། རྒྱ་གར་དུ་སུམ་བརྒྱ་ཙམ་ཡོད་པ་བཤད། འོན་ཀྱང་རྗེ་བཙུན་མི་ལ་གཞན་གྱིས་གཡོ་དུག་གིས་དཀྲོངས་བས་བློ་ཁེབས་ཀྱི་བདེན་དཔང་དཀའ་ཚུལ་ཉམས་ཞིབ་པ་ཁ་ཤས་ཀྱིས་འདོད།
གང་ལྟར་ང་ཚོ་ལ་མིའི་ལུས་ཕུང་འདི་ཡོད་ཕྱིན་དེའི་བདེ་སྡུག་གི་མྱོང་བ་དང་། དགེ་སྡིག་གི་བསམ་བློའི་འདུ་ཤེས་ལ་བདེན་ཁ་མི་སྤྲད་ཐབས་མེད་ཡིན་ཞིང་། དེ་ལྟར་མ་བྱེད་ན་འཚོ་ཐབས་མེད་དེ། དགེ་ལས་གཙོ་གཉེར་བྱེད་པའི་བོད་ཀྱི་དགོན་སྡེའི་རིག་གཞུང་དང་། སྡིག་ལས་གཙོ་གཉེར་བྱེད་པའི་འཇར་མན་ནཱ་ཚིའི་གཞུང་ལུགས་གཉིས་ཕམ་ཉེས་བྱུང་བས་སོ། སྡིག་ལས་ཁོ་ན་འམ་དགེ་ལས་ཁོ་ན་བྱེད་པའི་ཕྱོགས་རིས་པའི་གྲུབ་མཐའ་གང་ཞིག འཇིག་རྟེན་འདི་ལག་ལེན་སྟར་མི་ཐུབ་ཅིང་། དེའི་མིའི་དགོས་མཁོ་ཡོངས་སུ་མཁོ་སྐོང་མི་ནུས་ཏེ། མིའི་རང་གཤིས་དང་འཚོ་གནས་ལ་སྒོ་རྡུང་བཏང་པས་ཡིན། གཡོ་སྒྱུ་དང་དྲག་ཤུགས་མགོན་དུ་འཛིན་པའི་མོའ་དང་ནཱ་ཚིའི་གཞུང་ལུགས་ཀྱིས་རྒྱ་ནག་དང་འཇར་མན་གྱི་བྱམས་པ་དང་སྙིང་རྗེ། བརྩེ་བ་ཡོད་ཚད་རྩ་མེད་དུ་བཏང་ཐུབ་མེད་ལ། བྱམས་བརྩེ་མགོན་དུ་འཛིན་པའི་དགོན་སྡེའི་རིག་གཞུང་གིས་བོད་དང་སོག་པོའི་མ་དག་པའི་འདུ་ཤེས་ཡོད་ཚད་རྩ་བརླགས་སུ་བཟོ་ཐུབ་མེད། དེ་བརྟེན། ང་ཚོས་དགེ་སྡིག་གཉིས་ཀྱི་འདུ་ཤེས་ལ་འདྲ་མཉམ་གྱིས་བདེན་ཁ་སྤྲད་ཅིང་། ཕྱོགས་ལྷུང་མེད་པར་ཟུང་འབྲེལ་དང་རེ་མོས་ཀྱིས་ལག་ལེན་སྟར་ཚེ། མིའི་འཚོར་བ་དངོས་དང་སྤྱི་ཚོགས་ཀྱི་འདུ་ཤེས་དངོས་མཐོང་ཞིང་ཕན་པ་དང་གནོད་པ། བྱམས་པ་དང་ཁྲོ་བ། སྙིང་རྗེ་དང་སྡང་བ་སོགས་འགལ་བ་ལྟག་སྤྲོད་དུ་འདོད་པའི་གཞུང་ལུགས་རྣམས་རང་ཤུགས་ཀྱིས་འགག་ནས། སེམས་བྱུང་ཅི་ཞིག་ཡིན་ཡང་མིའི་འཚོ་གནས་ལ་མེད་དུ་མི་རུང་བའི་སྨན་རྩྭ་ཡིན་པ་ར་འཕྲོད་དེ། དེ་རྣམས་བསྲེས་ཤིང་སྡེབ་སྦྱོར་བསྒྲིགས་ནས་བོད་འདི་ཉེན་ཁ་ལས་སྐྱོབ་ཅིང་། བོད་མིས་འཛམ་གླིང་གི་བདེ་དོན་ཆེད་ལེགས་སྐྱེས་འཇོག་ཐུབ་པའི་སྨན་རྫས་ཤིག་འབྱུང་ཐུབ་ལ། སྡེབ་སྦྱོར་ལེགས་པར་སྒྲིགས་མ་ཤེས་ན། དུག་ཏུ་གྱུར་ནས་རང་གཞན་གཉིས་ཀར་བསྲེགས་པའི་གནས་སུ་མི་འགྱུར་བའི་ངེས་བ་མེད། སྨན་རྫས་ཅི་ཞིག་བཟོ་མིན་དང་། ནུས་བ་དྲག་ཞན་ཅི་ལྟར་ཐོན་མིན་བོད་མི་རྣམས་ཀྱི་ལྷན་སྐྱེས་ཀྱི་ཤེས་རབ་དང་། སྦྱངས་སྟོབས་ཀྱི་ཡོན་ཏན་ཁོ་ན་རག་ལས་པས་ཤེས་རབ་མེད་ན། དེ་དག་སྨན་དུ་གྱུར་བ་ལྟ་ཞོག་དུག་ཏུ་འགྱུར་ངེས་ཆེ།
བགྲེས་ཡོལ་དུ་ཕེབས་རན་པའི་དགོན་པའི་རིག་གཞུང་།
ཕུགས་རྒྱང་རིང་བའི་བོད་ཀྱི་མདུན་ལམ་གྱི་ཆེད་ལོ་ངོ་སྟོང་ཕྲག་རིང་དུ་སྣེ་ཁྲིད་པའི་དགོན་པའི་རིག་གཞུང་གིས་ད་ལྟ་ཕམ་ཁ་ངོས་ལེན་དང་། ལོ་ན་བགྲས་པའི་ཆོས་ཉིད་ལ་གུས་བཀུར་གྱིས་རྒས་ཡོལ་དུ་ཕེབས་རིང་རེད། འོན་ཀྱང་དེ་ཕེབས་རྒྱུ་བླ་སྤྲུལ་དང་དགེ་འདུན་པ་རྣམས་ཀྱི་ལས་འགན་མིན་པར་བོད་མི་ཡོངས་ཀྱི་ལས་འགན་ཡིན། བོད་མི་རྣམས་ཀྱིས་མུ་མཐུད་དུ་ཕམ་ཁ་ངོས་ལེན་མེད་པར་རྫོགས་མཐའ་བྲལ་པའི་གྲྭ་བ་དང་བླ་སྤྲུལ་བཟོ་པ་ཡིན་ན། དགེ་འདུན་དང་བླ་སྤྲུལ་རྣམས་ཀྱིས་མུ་མཐུད་དུ་བོད་ཀྱི་རྐང་འགན་བཞེས་དགོས་ཏེ། ཁོང་ཚོས་བོད་མིའི་བརྒྱ་ཆའི་བཅོ་ལྔའི་ལས་མང་པ་ཟིན་པས་བོད་ཀྱི་ཆ་ཤས་གལ་ཆེན་ཞིག་ཡིན་ལ། ཁྲིམས་ཀྱི་སྟེང་ནས་ལྟོས་ཀྱང་བོད་མི་ཚོས་ཁོང་ཚོས་མོས་གུས་དང་ཡིད་ཆེས་བྱེད་པས་ཆོས་སྲིད་ཟུང་དུ་སྤྲེལ་བ་ལུགས་མཐུན་ཡིན་པ་མ་ཟད། ཁོང་ཚོར་ཕམ་ཁ་བྱུང་ན་བོད་ཀྱི་ཕམ་ཁ་ཡིན། དེ་བརྟེན། བོད་ཀྱི་ལས་དབང་ནི་དགེ་འདུན་དང་འབྲེལ་ཞིང་། ཕན་ཚུན་དབྱེ་བ་དབྲལ་དཀའ་ལ། བྲལ་བའི་དབང་དུ་བཏང་ཡང་། བོད་མི་རྣམས་གློ་བུར་ལམ་ལུགས་གསར་བར་རྒྱུས་མངའ་མེད་པས་ཅི་བྱ་གཏོལ་མེད་དུ་མཆིས་ངེས་རེད། འོན་ཀྱང་། ཕུགས་རྒྱང་རིང་བོའི་ཁེ་ཕན་ཆེད་བོད་མི་རྣམས་ཀྱི་མདུན་མཆོང་བྱེད་དགོས་ཤིང་། དེ་ལྟར་བྱེད་པར་ད་ནས་གྲ་སྒྲིགས་ཀྱིས་བོད་མིའི་ཚེ་སྲོག་ཆོས་དང་སྦྲེལ་བའི་མདུད་པ་ལས་གྲོལ་ཐབས་བྱེད་དགོས་ཏེ། མ་བྱེད་ན་མི་རིགས་འདི་འཇིག་རྟེན་དུ་འཚོ་གནས་དཀའ།
མི་འབོར་ལ་གནོད་པ།
དགེ་འདུན་གྱི་སྡེ་འཕེལ་ན་མི་འབོར་འཕེལ་རྒྱས་ལ་གནོད་ཅིང་ད་ལྟའི་བོད་ཀྱི་བརྒྱ་ཆའི་བཅོ་ལྔའི་ཡན་དགེ་འདུན་པ་ཡིན། རྒྱུ་མཚན་ནི་སྐྱེས་དགུའི་མདོ་ལ་མི་འབོར་ཁྲི་ཚོ་བཅུ་གསུམ་ལས་མེད་ཀྱང་། དགེ་འདུན་གྱི་གྲངས་ཚད་གཉིས་ཁྲི་ལས་བརྒལ་བས་གནས་ཚུལ་དེའི་སྟེང་ནས་བོད་ལ་དགེ་འདུན་པ་འབུམ་བརྒྱད་ཙམ་ཡོད་པ་ཚོད་སྒོམ་བྱེད་ཐུབ། དེ་ལྟར་སོང་ཚེ་མི་ལོ་ལྔ་བཅུ་ནང་མི་འབུམ་བརྒྱད་ག་སོང་ཆ་མེད་དུ་འགྱུར་ཞིང་། ལོ་བརྒྱ་ཡི་ནང་ས་ཡ་གཅིག་དང་འབུམ་དྲུག་སྟོང་ལ། ལོ་གཉིས་བརྒྱའི་ནང་ཡ་ས་གསུམ་དང་འབུམ་གཉིས་མེད་པར་ཆགས་པས་དེ་ནི་བོད་ཀྱི་ད་ལྟའི་མི་འབོར་གྱི་ཕྱེད་ཀ་རེད། འདི་ལྟར་ལོ་བརྒྱད་ཙམ་ཕྱིར་ནུར་གྱིས་བརྩིས་ཤིག་རྒྱབ་ཚེ་མི་འབོར་ས་ཡ་བཅུ་གཉིས་དང་འབུམ་བརྒྱད་ག་སོང་ཆ་མེད་དུ་གྱུར་པས། དེ་ནི་བོད་ལ་མཚོན་ན་ཆེས་གྱོང་གུད་ཅིག་མ་ཡིན་ནམ། ཡིན་ཏེ། བོད་ལ་ཆབ་དཔལ་རིག་གསུམ་གྱི་སྟེ་གནས་གྲོང་ཁྱེར་ཚད་ལྡན་ཞིག་བྱུང་མ་ཐུབ་པ་ནི། གྲོང་ཁྱེར་གྱི་རྒྱུ་ཆ་མིའི་མ་འདངས་བས་ཡིན་ཞིང་། མ་འོངས་བར་ཡོང་ཐབས་དཀའ་སྟེ། བོད་ཀྱི་ས་ཆ་དང་བསྡུར་ན་མི་འབོར་ཆེས་ཉུང་ཞིང་། གྲོང་ཁྱེར་དེ་ལྟར་བྱུང་བར་མ་མཐར་ཡང་མི་འབོར་ས་ཡ་གཅིག་ཙམ་དགོས། འཛམ་གླིང་གི་མི་འབོར་ཕྱེད་ཀ་ཟིན་པའི་རྒྱ་གར་ནག་གི་སློབ་གསོས་བོད་མི་མང་པོ་ཞིག་གི་སེམས་སུ། མི་འབོར་འཕེལ་ན་དཔལ་འབྱོར་ལ་གནོད་པའི་འདོད་ཚུལ་འཛིན་མཁན་ཡོད་ཀྱང་། དེ་ནི་བོད་ལ་མཚོན་ན་བདེན་པ་མིན། རྒྱ་གར་ནག་ལ་མང་དྲག་པའི་དཀའ་ངལ་ཡོད་ཀྱང་བོད་ལ་མི་འདངས་བའི་དཀའ་ངལ་ཡོད། འཚོ་སྡོད་དང་ཡར་རྒྱས་ཀྱི་ཆེད་ཨ་ལན་དྲི་དང་། ཁ་ན་དྲ། ཨོ་སུ་དྲོ་ལིའི་ཡ། ཆེ་ཁུ་དང་སི་ལོ་ཝ་ཁུ། འཇར་མན་ལྟར་མི་འབོར་མཁོ་ཞིང་འཕེལ་རྒྱས་ཆེད་མནོ་བསམ་བཏང་དགོས་ངེས་རེད་དེ། བོད་ནི་གོང་དུ་འཁོད་པའི་རྒྱལ་ཁབ་དེ་དག་ལས་ཀྱང་ས་ཁྱོན་དང་སྡུར་ན་མི་འབོར་ཉུང་བས། མི་འབོར་འཕེལ་རྒྱས་ལ་བསམ་བློ་བཏང་བ་ནི་དོན་གྱིས་བོད་མི་སྐྱོབ་པའི་ཐབས་ལམ་ཡག་ཤོས་དེ་རེད། ཁ་ཤས་ཀྱིས་མི་འབོར་འཕེལ་རྒྱས་དང་བོད་རྒྱུད་གཙང་མ་འཛིན་ཆེད། ཕྱི་རྒྱལ་དུ་འགྲོ་མཁན་དང་གཞན་རིགས་ལ་གཉེན་མཐུན་འཛིན་མཁན་དག་ལ་དཀག་འགོག་གནང་བ་ལུགས་མཐུན་ཡིན་ཡང་། བོད་འདི་མི་རིགས་ཤིག་ཡིན་པའི་ཆ་ནས་ནང་དུ་སྡོད་མཁན་དང་། ཕྱི་ལ་འགྲོ་མཁན། གཞན་དང་གཉེན་མཐུན་བྱེད་མཁན་བཅས་མེད་དུ་མི་རུང་ཞིང་། དེ་ནི་བོད་ཀྱི་ཡར་རྒྱས་ཆེད་ངེས་བར་དུ་མཁོ། འོན་ཀྱང་དེ་མང་དྲག་ན་མི་རིགས་སྟོང་བའི་རྒྱུ་རུ་འགྲོ་བ་བདེན་ཡང་། བོད་མི་ཡོད་ཚད་ཕྱི་ལ་འགྲོ་བ་དང་། གཞན་དང་གཉེན་འབྲེལ་བྱེད་པ་ཡོང་ཐབས་མེད་ཅིང་བོད་ཀྱིས་འདོད་ཀྱང་གཞན་གྱིས་ངོས་ལེན་བྱེད་མི་སྲིད་པས་སོ།
སྐུ་མདུན་གྱིས་གྲྭ་འབོར་འཕེལ་ན་མི་འབོར་ལ་གནོད་པའི་བཀའ་སློབ་མང་དུ་ཕེབས་ཀྱང་། བོད་མིའི་ཞེན་འདོད་དང་མ་མཐུན་པས་དོགས་སྣང་བྱེད་མཁན་ད་ལྟའི་བར་དེ་ཙམ་མ་བྱུང་བ་ནི་བློ་ཕམ་གྱི་རང་བཞིན་རེད་ལ། མི་རིགས་འདི་འཇིག་ཉེན་གྱི་སྔ་ལྟས་ཉིད་དུ་འདོད། རྒྱུ་མཚན། བོད་ལ་ཁྱིམ་མའི་སྟོང་ན་རྒྱུ་དངོས་གཞན་ལ་བདག་པས་སོ། དེ་བརྟེན། བོད་པ་རྣམས་ཀྱིས་བོད་མིའི་གྲངས་འབོར་ཁྲི་འདུས་གྲོང་ཁྱེར་གྱི་ཕྱེད་ཀ་ལས་མེད་པར་ངོས་ཟིན་ནས་གྲྭ་གྲངས་དང་། སྤུན་མཆེད་མཐུན་མོང་ལ་སྐྱེས་སྨན་གཅིག་ལས་མེད་པའི་ལུགས་སྲོལ་དག་ལེགས་བཅོས་བཏང་ཐུབ་ན་དགེ་མཚན་ལྡན་པ་སྣང་།
དཔལ་འབྱོར་ལ་གནོད་པ།
དགེ་འདུན་པའི་འཚོ་བ་ནི་དུས་ཀུན་གཞན་བརྟེན་ཡིན་ཞིང་། དཔལ་འབྱོར་རིག་པས་ལྟས་ན་ལས་མེད་ཡིན། ལས་མེད་ཀྱི་གྲངས་འབོར་བོད་ལ་སྔ་ནས་ད་ལྟའི་བར་བརྒྱ་ཆ་བཅོ་ལྔ་ཙམ་ཟིན་པས་དེས་དཔལ་འབྱོར་དང་། ཡུལ་ལུང་ཡར་རྒྱས་ལ་གནོད་པ་མ་ཟད། ལས་མེད་པ་རྣམས་ལས་མེད་གཞན་དང་མི་འདྲ་བར་གནས་ལུགས་ཅན་ཤ་སྟག་ཡིན། ཁོང་ཚོར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞིང་འདོད་ཡོན་མི་མཁོ་ཞིང་། འཁོར་བའི་སྙིང་པོ་འདོད་ཡོན་གྱིས་མི་རྣམས་འཁོར་བ་བཏགས་པའི་གནས་ལུགས་གཟིགས་ནས། གང་ཐུབ་ཀྱིས་འདོད་ཡོན་དང་བར་ཐག་རིང་དུ་འཛིན་གྱི་ཡོད། འོན་ཀྱང་། དགེ་འདུན་པ་ནི་མི་ཡིན་ཞིང་ཁོང་ཚོར་གཟའ་བཏུང་དང་ཁ་བྲལ་ཐབས་མེད་པས། གཟའ་བཏུང་གི་ཆེད་དུ་གསོལ་སྙོམ་མི་ཕེབས་ཐབས་མེད་ཆགས་ཤིང་། འཚོ་བའི་ཆེད་སྤྱི་ཚོགས་དང་འབྲེལ་བ་བྱུང་བཞིན་ཡོད། འོན་ཀྱང་གནས་ཚུལ་དེ་འཚོ་བ་ཙམ་དང་འབྲེལ་ནས་མ་སྡད་པར་དགེ་འདུན་གྱི་དབང་ཤུགས་འཕེལ་ཞིང་། མཐོ་དང་གོ་སར་སྙེགས་པས་མཐར་ཆོས་པ་ཚོ་བོད་ཀྱི་སྤྱི་ཚོགས་ཀྱི་ཁ་ལོ་པ་གྱུར་ཏེ། སྤྱི་ཚོགས་ཧྲིལ་པོར་ཆོས་ལུགས་ཀྱི་རྟགས་མཐའི་ཤུགས་རྐྱེན་ཐེབས་ནས། བཟོ་པ་དང་མགར་པ། གཏེར་རྫས་སྔོགས་འདོན་སོགས་དཔལ་འབྱོར་ཡར་རྒྱས་ལ་མེད་དུ་མི་རུང་བའི་བྱེད་སྒོ་འདི་དམན་སར་བརྩིས་ནས། དུས་དང་མཐུན་པའི་ཡར་རྒྱས་བཏང་མ་ཐུབ། རྒྱུ་མཚན་ནི་མང་ཚོགས་ལ་ཆོས་ལུགས་ཀྱི་འདུ་ཤེས་ཆེ་བའི་འགྲོས་སུ་སྟུན་ནས། སྲིད་དོན་པ་དག་གིས་ཆོས་ལུགས་ཀྱི་དར་ཆ་ཁྱེར་ནས་མང་ཚོགས་ལ་དབང་སྒྱུར་མི་བྱེད་ཐབས་མེད་ཆགས་ཤིང་། ཆོས་ལུགས་ཀྱི་མཁས་བླུན་ཁྲི་ཕྲག་མང་པོས་རང་གི་མཐོ་དང་གྲགས་པ། ཐ་ན་གཟའ་བཏུང་གི་སླད་ཆོས་ལུགས་བེད་སྤྱོད་བཏང་ནས་ལུང་པ་རེ་དང་ཆོས་ལུགས་རེ། བླ་མ་རེ་དང་གྲུབ་མཐའ་རེ་བྱུང་པ་ཞིང་། ཐམས་ཅད་ལ་རང་དང་མཐུན་པའི་སྟོན་པའི་དགོངས་པ་རེ་བྱུང་པས། དེས་ཡུལ་ལུང་དེར་མཁས་བླུན་སྟོང་ཕྲག་མང་པོ་རང་གི་ཁེ་ཕན་ཆེད་དབང་སྒྱུར་བྱེད་པས་རེད། བདེན་ཏེ། ཁེ་ཕན་མེད་ན་མི་ཞིག་གིས་ཆོས་ལུགས་ཀྱི་སྐད་ཆ་མི་བཤད་དེ། མི་སུ་ཡང་གྱོང་གུད་མི་མོས་བས་སོ། གཟབ་དགོས་བ་ཞིག་ལ་དེང་སྐབས་མི་མང་གིས་ཚན་རིག་ལ་ཡིད་ཆེས་འཕེལ་བའི་འགྲོས་སུ་སྟུན་ནས། སྲིད་དོན་པས་ལག་ཚན་རིག་ལ་ལག་པ་འཆང་ནས་མི་མང་དབང་སྒྱུར་བྱེད་པ་བརྩོན་ཞིང་། དཔེར་ན་ཉེར་ཆར་ཨ་རི་དང་རྒྱ་ནག་གི་ཚན་རིག་པ་ཁ་ཤས་ཀྱིས་རྒྱ་བོད་མི་རིགས་ལྔ་བཅུ་ལ་ཞིབ་འཇུག་བྱས་པ་རྒྱུད། བོད་རྒྱ་གཉིས་ལོ་སུམ་སྟོང་སྔོན་དུ་མི་རིགས་གཅིག་ཏུ་སྒྲུབ་པ་ལྟ་བུ་རེད། བོད་དང་རྒྱ་གཉིས་མི་རིགས་གཅིག་པ་ཡིན་ན་ཝི་ཐི་ནམ་དང་། ཐཱ་ལན་གྲུ གོ་རི་ཡ་སོགས་དེ་ལས་ཀྱང་རྒྱ་རིགས་ཡིན་ཏེ། ཁོང་ཚོ་བསམ་བློ་བཏང་ཕྱོགས་དང་། ཁང་བཟོའི་མཛེས་རྩལ། འཚོ་བའི་སྤྱོད་བཏང་སོགས་བོད་ལས་རྡབ་སུམ་གྱིས་རྒྱ་ནག་དང་ཉེ་བས་རྒྱ་རིགས་ཡིན་དགོས་ལ། གྷི་རིའི་སིའི་རྒྱལ་སྲས་སྤི་ཀྲར་ཡིས་བོད་རིགས་ཕོ་མོ་ལྔ་སྟོང་གི་སྐྲ་དང་མིག མགོ་དང་ཤ་མདོག་སོགས་ལ་ཚན་རིག་གིས་བརྟགས་བྱེད་བྱས་བ་རྒྱུད་ཤར་དཀྱུལ་སོག་པོའི་རིགས་རྒྱུད་འདྲེས་ཚུལ་སྲིད་རྒྱལ་ལས་གསལ། གང་ལྟར་བོད་ནི་འཛམ་གླིང་གི་མི་རིགས་གཞན་ལྟར་མི་རིགས་གཞན་གྱིས་ཤན་ཞུགས་ཐེབས་པ་སྨོས་སུ་མེད་ཀྱང་། གཙོ་བོ་བོད་པ་རང་ཉིད་ལ་རང་སྐྱ་འཕེལ་བའི་མི་རིགས་ཤིག་ཡོད་པའི་ལོ་རྒྱུས་ལ་ང་ཚོས་ཡིད་ཆེས་བྱེད་འོས་ལ། ཨ་རི་གདོད་མིའི་མི Hopi. Navaho སོགས་བོད་རིགས་ལས་ཆད་པ་ཁོང་ཚོར་ངག་རྒྱུན་ཡོད་པ་མ་ཟད། གོམས་སྲོལ་དང་ཆས་གོས། གདོང་གཤིས་དང་བསམ་བློའི་ཁྱེར་སོ་བཅས་བོད་མི་ཡིན་པའི་འཚོར་བ་བོད་ལ་རྒྱུས་མངའ་ཡོད་མཁན་ཀུན་ལ་སྟེར་བས། མ་འོངས་བར་ཚན་རིག་གི་ནུས་པ་ལྡན་ཚེ་དཔྱད་ན་ལེགས།
ཕྱོགས་གཞན་ཞིག་ནས་བཤད་ན་དགེ་འདུན་པ་རྣམས་རང་ཉིད་ལས་མེད་ཡིན་ཡང་། དེ་དགེ་མཚན་དུ་འདོད་ནས་དགོན་པའི་སློབ་གསོས་སྤྱི་ཚོགས་ཀྱི་སྣེ་ཁྲིད་པས་རེད། དགེ་འདུན་པ་རྣམས་དགོན་པར་བཞུགས་པས་སྤྱི་ཚོགས་ཀྱི་ཉམས་མྱོང་མེད་ཅིང་། ཡོད་ཀྱང་དེ་ལྟར་གསུངས་དགོས་ཏེ། མ་གསུངས་ན་རིན་ཐང་མི་ཐོབ་པས་ཚུལ་ཆོས་ནི་ཚུལ་ཁྲིམས་ཀྱི་རྒྱུ་ཡིན་ཞེས་བའི་ཁ་དཔེ་བྱུང་ལ། ང་རང་སྤྲུལ་སྐུ་ཡིན་པའི་དབང་དུ་བཏང་ཡང་དེ་ལྟར་མི་བྱེད་པའི་ངེས་བ་མེད་དེ། ལམ་ལུགས་ཀྱིས་མིའི་བསམ་བློར་ཤུགས་རྐྱེན་ཐེབས་ཤིང་། མི་སུ་ཡིན་ཡང་གོམས་སྲོལ་དང་བརྒལ་ཏེ་ཐོལ་བརྒལ་གྱི་བསམ་བློ་འཛིན་མཁན་ཆེས་ཉུང་པས་སོ།
ད་ཆ་དགེ་འདུན་པས་ནང་ཆོས་ནུབ་ཕྱོགས་སུ་སྤེལ་བཞིན་པ་ནི་དགའ་བའི་གནས་སུ་མཆིས་ལ་མ་འོངས་བར་དེ་ལྟར་བྱེད་པའི་རེ་བ་ཡོད། རྒྱུ་མཚན་ནི་ང་ཚོ་ཡོད་པ་ནི་ཆོས་དང་སྨན། གནའ་བོའི་ལག་ཤེས་ལས་དེང་དུས་ཀྱི་ལག་རྩལ་ཞན་པས། རྟ་ཕོ་མེད་ན་བུང་བུ་རྟ་ཡི་དཔེ་བཞིན་རང་གི་ཁེ་ཕན་དང་བོད་པའི་རིན་ཐང་ཆེད་བེད་སྤྱོད་བྱེད་དགོས་ཏེ། ང་ཚོས་མ་བྱེད་ན་གཞན་གྱིས་བསླབ་ནས་ཚོང་སྒྱུར་བྱེད་ངེས་རེད། ནང་ཆོས་ཀྱི་བོད་ཀྱི་རིན་ཐང་དང་དཔལ་འབྱོར་ལ་ཕན་ཐོགས་ཡོད་ན་དགའ་བའི་གནས་སུ་མཆིས་ལ། དེ་ནི་ལུགས་མཐུན་ཡིན་ཏེ། བོད་ཀྱིས་ནང་ཆོས་ཀྱི་ཆེད་དུ་ཡོད་ཚད་བཏང་ཟིན་པས། བཏང་བ་ཡོད་ཚད་གྱོང་གུད་ཡིན་ན་བོད་མི་ཚོ་སྙིང་མ་རྗེ། མིན་ཏེ། ནང་ཆོས་དང་བོན་ཆོས། བོད་མིའི་གཤིས་རྒྱུད་ལ་འཛམ་གླིང་ནང་དགའ་མོས་བྱེད་མཁན་མི་ཉུང་པ་ཞིག་ཡོད་ཅིང་། དེ་དག་སྔ་ལྟར་ཁེངས་དྲག་དང་མཁྲེགས་འཛིན་གྱི་ཉེར་ལེན་དུ་མ་སོང་བར། གོ་སྐབས་ཤིག་ཏུ་ངོས་འཛིན་གྱིས་རང་རྐང་སྟེང་། ལངས་ཐུབ་པའི་རྒྱུ་རུ་བཏང་རྒྱུ་ནི་སྤྱོད་ལྡན་བོད་མི་རྣམས་ཀྱི་འགན་དུ་འདོད། འོན་ཀྱང་། ང་ཚོས་ཤེས་དགོས་བ་ཞིག་ལ་ལས་དོན་གང་ཞིག་ཡིན་ཡང་ཉེས་པ་རྐྱང་རྐྱང་དང་། དགེ་མཚན་ཤ་སྟག་ཡིན་པའི་ཆོས་ཤིག་མེད་པས་སྐྱོན་ཡོན་གྱི་སྲང་དུ་འཇལ་ནས་ཐག་གཅོད་བྱེད་གལ་ཆེ་ལ། ནང་ཆོས་ཀྱིས་བོད་ལ་ཕན་གནོད་ཅི་སྐྱེལ་བ་ལོ་རྒྱུས་ལ་ལེགས་པར་གཟིགས་ཤིང་། གཟུར་པོ་གནས་ན་ཁོག་རྩིས་ཕོགས་ངེས་ཡིན།
དགེ་མདུན་དང་བླ་སྤྲུལ་རྣམས་ལ་ཅི་ཁག འདོད་པ་ཡོད་མེད་ལ་མ་ལྟོས་བར་ཆུང་དུས་ནས་དགོན་པར་བཏང་ཞིང་། རང་ཉིད་འདོད་ཡོན་ལ་མོས་ཀྱང་ཨུ་ཚུགས་ཀྱིས་འདོད་ཡོན་དུག་ཏུ་གསུངས་དགོས་ཞིང་། རང་ཉིད་རྒྱས་སྤྲོས་ལ་མོས་ཀྱང་། གཞན་ལ་ཆོག་ཤེས་བརྟེན་དགོས་ཚུལ་སོགས་མི་འདོད་བཞིན་དུ་གསུངས་དགོས་ཏེ། དེའི་ཆེད་སྤྱི་ཚོགས་ཀྱིས་ཁོང་དཔོན་དུ་བསྐོས་ཤིང་། དེ་ལྟར་མ་གསུངས་ན་སྤྱི་ཚོགས་ཁྲོད་རིན་ཐང་ཉམས་ནས། ཟ་མའང་ཐོབ་དཀའ་བའི་གནས་སུ་ལྷུང་དུ་ཉེ། དེ་ནི་བླ་མ་ཚོའི་སྐྱོན་དུ་མིན་པར་བོད་ཀྱི་སྤྱི་ཆོགས་ཀྱི་ལམ་ལུགས་ཀྱི་སྐྱོན་ཆ་ཞིག་ཏུ་འདོད། དེ་བརྟེན། བླ་མ་དང་དགེ་འདུན་ལ་ཁ་བཏང་བ་ནི་ཤིན་ཏུ་མི་འོས་ཤིང་ཁོང་ཚོ་དེ་ལྟར་སྒྲུབ་པའང་མི་མང་གི་ཆེད་དུ་ཡིན། གལ་སྲིད་མི་མང་ལ་དེ་མ་དགོས་ན་བླ་མ་དང་སྤྲུལ་སྐུ། དགེ་འདུན་ཟེར་བ་ཡོང་ཐབས་མེད་དེ། སྤྱི་ཚོགས་ཀྱིས་བཟོས་བས་སོ།
དྲག་ཤུགས་ལ་གནོད་པ།
བོད་འདི་སྔ་ནས་ད་ལྟའི་བར་མཐོ་སྒང་དུ་གནས་ཤིང་། རྒྱ་མཚོ་ལས་མི་དྲི་བཞི་སྟོང་སར་སླེབས་ཚེ་མི་སུ་ཡིན་ཡང་ཁ་དབུགས་མི་འདང་བའི altitude ནད་གཞི་འབྱུང་ཡང་། བོད་པ་རྣམས་དེ་ལས་ལྟོག་སྟེ་མཐོ་སྒང་དུ་གནས་ཤིང་། འཚོ་སྡོད་ཀྱི་ཆེད་སུ་ལའང་མེད་པའི་ཁ་དབུགས་འབྱིན་རྔུབ་བྱེད་པའི་དམིགས་བསལ་གྱི་ཡོ་ཆས་ལྷན་སྐྱེས་སུ་ཡོད། དེས་བཙན་པོའི་གདོང་རྒྱུད་དེ། བོད་མི་རིགས་འདི་གཞན་སུ་ལའང་འགྲན་ཟླ་བྲལ་ཞིང་དཔའ་ངར་ལྡན་པའི་མི་རིགས་ཤིག་བཟོ་བསྐྲུན་མཛད་ནས། མཐོ་སྒང་གི་ས་གཞི་གཤིན་པོ་འདི་གཞི་ཆགས་སུ་བཅུག་ཅིང་། གདོང་དམར་བོད་པ་ཅེས་འབྲུག་དང་ལྷན་དུ་ཤར་གླིང་དུ་བསྡུར་ལ། འོད་དང་ལྷན་དུ་ཧི་མ་ལ་ཡི་ཡང་སྟེང་དུ་འཕྲོ་བས་མཛངས་བློན་མི་བདུན་དང་། འཕྲུལ་གྱི་བློན་ཆེན་བཅུ་དྲུག རྒོད་ཀྱི་སྟོང་སྡེ་རེ་གཅིག་དང་མགར་གྱི་རིག་རྒྱུད་སོགས་བསྐྱེད་བསྲིང་མཛད་ཅིང་མཐའ་བཞི་རྒྱལ་ཕྲན་ཀུན་ལ་མངའ་དབང་བསྒྱུར། སྟོབས་ཤུགས་ཀྱིས་འཇིག་རྟེན་འདུལ་ཞིང་། གཟི་བྱིན་གྱིས་རྒྱ་བལ་གྱི་སྲས་མོ་བསུས་ནས་བོད་ཅེས་རྫོགས་མཐའ་མེད་པའི་དཔའ་པོའི་རྣམ་ཐར་དང་། བྲིས་མཐའ་མེད་པའི་དྲག་པོས་དགྲ་དཔུང་འདུལ་བའི་ལོ་རྒྱུས་བྱུང་ཡང་། ནང་ཆོས་བོད་དུ་ཕེབས་ཤིང་དར་བ་ནས་བཟུང་བོད་མིའི་ནང་ཁུལ་གྱི་སྙོགས་དྲའི་འགོ་ཚུགས་ཤིང་། བན་བོན་གྱི་དཀའ་སྙོགས་དང་། རྒྱལ་བློན་གྱི་འགལ་ཟླ། རྒྱལ་སྤུན་གྱི་ལངས་ཕྱོགས་སོགས་ཐ་དད་དུ་གྱུར་ནས་མཐར། འོད་ལྟར་འབར་ཞིང་ཉི་མ་ལྟར་སྣང་བའི་བོད་ཀྱི་བཙན་པོ་ཁྱིམ་གཞི་མུན་ནག་གི་སྤྲིན་པས་ཡོངས་སུ་བཀབ་ཅིང་། བཙན་པོ་དར་མ་ནང་པས་དཀྲོངས་བས་བོད་ཀྱི་བཙན་པོའི་རྒྱལ་ཁབ་རྩ་མེད་དུ་གྱུར་ནས་བོད་འདི་ཕ་མ་མེད་པའི་ད་ཕྲུག་བཞིན་མི་ཡུལ་འདི་ལུས་ཤིང་། ཡོད་ཚད་བརླགས་ཤིང་གཞན་གྱིས་མཐོང་ཆུང་དང་བརྙས་བཅོས་བྱེད་ཡུལ་དུ་གྱུར་བ་མ་ཟད། བོད་མིའི་ཚེ་སྲོག་འབུ་ལྟར་རིན་མེད་དུ་གྱུར་ནས་ཁྱིམ་ཚེས་རྒྱལ་ཁབ་ཀུན་གྱིས་བརྩེ་མོ་བརྩེ་ཡུལ་དང་། ཚོང་འབྲེལ་བྱེད་ཡུལ་དུ་གྱུར་ཞིང་། ཐ་ན་བོད་ཀྱི་རིགས་རྒྱུད་ཀྱང་རང་ལ་མ་དབང་བར་གཞན་རིགས་ནས་བྱུང་ཚུལ་གྱི་གནས་ཚུལ་བྱུང་བ་ནི་ངུ་དགོད་ཀྱི་གནས་ཤིག་མ་ཡིན་ནམ།
བོད་བཙན་པོའི་རྒྱལ་ཁབ་མེད་པ་དང་ལྷན་དུ་ནང་ཆོས་དང་། ནང་ཆོས་ཀྱི་ལྟ་གྲུབ་འཚེ་མེད་ཞི་བ་བོད་དུ་ཅི་འདོད་དུ་དར་ཞིང་གནས་ཏེ། འཕེལ་བའི་འགྲོས་སུ་སྟུན་ནས་དྲག་པོ་སྟོབས་ཤུགས་དང་། དཔའ་པོ་རྣམ་ཐར་ཡོད་ཚད་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་སྐམ་ཞིང་། དེ་ཚོད་ཀྱིས་ཕྱིའི་བཙན་འཛུལ་དང་གཉའ་གནོད་བྱུང་ཏེ། དུས་རབས ༡༢ ནས ༡༧ སོག་པོའི་སྲུང་སྐྱོབ་འོག་ཏུ་ལྷུང་བ་དང་། སོག་པོའི་སྟོབས་ཤུགས་ཉམས་པའི་འགྲོས་དུ་སྟུན་ནས་བལ་ཡུལ་གོར་གྱི་ཁས་བོད་དུ་ཐེངས་གཉིས་སུ་བཙན་འཛུལ་དང་། ༡༩༠༤ ལོའི་དབྱིན་ཇིས། ༡༩༠༩་ལོར་རྒྱ་ནག་གི་བཙན་འཛུལ་བཅས་བྱུང་། ལྷག་པར་མདོ་སྟོད་སྨད་རྣམས་ཁ་ཐོར་དུ་གནས་ཤིང་གཅིག་གྱུར་གྱི་སྲིད་དབང་མེད་པས། བདག་མེད་ཀྱི་རྟ་ལྟར་རྒྱ་དང་ཁ་ཆེས་ཅི་འདོད་དུ་ཞོན་རེ་དང་། དབང་ཡོད་བྱེད་པ་ནི་གྲངས་ཀྱིས་ག་ལ་ལངས། མ་ཟད་བོད་ནི་ཆབ་སྲིད་ཐོག་རྒྱ་ལ་དབང་ཚུལ་དང་། ཚོང་འབྲེལ་ཐོག་དབྱིན་ཇིས་དབང་ཚུལ། ཆོས་འབྲེལ་ཐོག་ཨི་རི་སི་དབང་ཚུལ་སོགས་ཀྱི་གྲོས་མཐུན་བྱུང་ཞིང་། བོད་ནི་སྟོབས་ཆེན་རྒྱལ་ཁབ་རྣམས་ཀྱིས་སྟོབས་ཤུགས་ངོམས་སའི་གར་སྟེགས་ཤིག་ཏུ་གྱུར་བའི་ལོ་རྒྱུས་བྲིས། ཨ་གདོང་དམར་བོད་པ། ཁྱེད་ལ་ཡོད་པའི་དཔའ་མཛངས་ཀྱི་སྙིང་སྟོབས་དང་མཁས་འཇོན་གྱི་ལོ་རྒྱུས་དེ་དག་གང་དུ་མཆིས། ཅིས་ཕྱིར་གཞན་གྱི་རིག་འཕྲུལ་དང་། དཔའ་རྩལ་གྱི་འགྲན་ཡ་མ་ནུས་པར་ཁྱེད་ལ་ཡོད་པའི་མགར་གྱི་རྣམ་ཐར་དང་ཉིད་ཀྱིས་སྐྱོང་བའི་ཁ་བའི་རྒྱལ་ཁམས་བརླགས་ཤིང་། གཟུགས་སྟོབས་ཞན་པའི་ཝི་ཐི་ནམ Vietnam གྱི་མི་ཆུང་ལྟར་ཕྱིའི་བཙན་འཛུལ་ལ་རྒོལ་རྡུང་བཏང་མ་ཐུབ་པ་ཅི་ཡིན། ཁྱེད་ལ་རང་བྱུང་ཁམས་ཀྱིས་གནང་བའི་ཧི་མ་ལའི་འཁོར་ཡུག་གི་བཙན་རྫོང་དང་། མཐོ་སྒང་འདུལ་བའི་སྲ་མཁྲེགས་ཀྱི་ལུས་སྟོབས་ཡོད་ཀྱང་། ཅིས་ཕྱིར་བཙན་པོས་གནང་བའི་ཁྱིམ་གཞི་འཛིན་སྐྱོང་བྱེད་མ་ཐུབ་པ་ཡིན། དེ་ནི་བོད་འདི་ཆོས་ཀྱི་ཆེད་དུ་ཁེ་རྐྱང་ཟུར་སྡོད་ཀྱི་རྒྱལ་ཁབ་ཅིག་སྐྱོང་ཞིང་། བོད་མི་ཡོད་ཚད་གྲྭ་བ་བཞིན་སྤྱོད་པ་འཚེ་བ་སྤངས་ནས་འདོད་ཆུང་ཆོག་ཤེས་ཀྱི་རྒྱལ་སྲིད་ཅིག་སྐྱོང་འདོད་པས་མ་ཡིན་ནམ།
བོད་དང་སོག་པོ་ལ་ནང་ཆོས་ཀྱི་འཚེ་མེད་ཞི་བའི་ལྟ་གྲུབ་ཞུགས་པས་དྲག་པོའི་སྟོབས་ཤུགས་ཉམས་ཏེ་རྒྱ་ནག་ལ་གོ་སྐབས་སྤྲད་པའི་རྐྱེན། རྒྱ་ནག་གཞུང་མང་གཉིས་ཀྱིས་ནང་ཆོས་ལ་བཀའ་དྲིན་བསམ་ཤེས་དང་གཏང་རག་འབུལ་རྒྱུ་ལུགས་མཐུན་ཡིན། གལ་སྲིད་ནང་ཆོས་བོད་དང་སོག་པོ་མ་དར་བ་ཡིན་ན་བོད་སོག་གི་དྲག་པོའི་སྟོབས་ཤུགས་ད་ལྟ་བཞིན་ཉམས་མི་སྲིད་ལ། ས་པན་གྱིས་རྒྱའི་མི་ཡོ་ཆེན་མོ་སྐྱོབ་པའི་ལོ་རྒྱུས་བྱུང་མི་སྲིད། དེ་མ་སྲིད་ན་དྲག་ཤུགས་ཆེ་བའི་སོག་པོས་རྒྱ་ནག་མུ་མཐུད་དུ་འཛིན་མ་ཐུབ་ཀྱང་། རྒྱ་ནག་གིས་ད་ལྟ་བཞིན་སོག་པོ་དབང་སྒྱུར་བྱེད་མི་ཐུབ་ལ། དེ་བཞིན་བོད་ས་ཡོངས་རྫོགས་རྒྱ་ནག་ལ་དབང་བའི་གནས་སྟངས་འདི་བྱུང་མི་སྲིད་པ་ཞིག་རེད།
རྒྱ་ནག་གིས་བོད་ལ་དྲག་ཤུགས་དང་དཔལ་འབྱོར། ཕྱི་འབྲེལ་མེད་པར་ཤེས་ཤིང་བོད་དུ་འཛུལ་བ་མ་ཟད། རྒྱ་ནག་ནི་ལོ་རྒྱུས་ཐོག་གཡོ་སྒྱུ་ལ་ཕུལ་ཏུ་བྱུང་ཞིང་བྱང་ཆ་ཡོད་པའི་མི་རིགས་ཤིག་ཡིན་ཞིང་། གཡོ་སྒྱུ་ལས་ཁེ་བཟང་ཤ་སྟག་ཐོབས་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པས། ཁོང་ཚོར་གཡོ་སྒྱུ་ཡི་བསྟན་བཅོས་ངོ་མཚར་ཅན་མང་པོ་ནང་ཚོས་ཀྱི་ཞི་བའི་ལྟ་གྲུབ་བཞིན་ཅི་འདོད་དུ་མཆིས་པས། འཁོར་བ་དུག་ཚང་དུ་ལྟ་བའི་བོད་མི་ཙམ་མ་ཟད། རྒྱལ་ཁབ་སུ་ཞིག་གིས་གཡོ་སྒྱུའི་ཐོག་ཁ་གཏད་མཇལ་དཀའ་ལ། གནས་ཚུལ་དང་སྟུན་ནས་རྒྱ་ནག་གིས་མུ་མཐུད་དུ་འཁྲབ་སྟོན་བྱེད་ངེས་པས། བོད་མི་རྣམས་ཀྱིས་རང་ལྟ་མཆོག་འཛིན་མི་བྱེད་པར་དུས་ཀུན་གཟབ་ནན་བྱེད་རྒྱུ་གལ་ཆེ་སྟེ། དགྲ་ལ་མཐོང་ཆུང་དང་ཆེ་མཐོང་གི་འདུ་ཤེས་གང་ཞིག་ཡོད་ཚེ་རང་ཉིད་ཕམ་པའི་སྔ་ལྟས་སུ་འགྱུར་བས། འདྲ་མཉམ་གྱི་སྒོ་ནས་ཕྱོགས་ལྷུང་གི་བསམ་པས་མ་བག་པར་རྒྱུས་ལོན་ལེགས་པར་བྱེད་རྒྱུ་ནི་རྒྱལ་ཁའི་རྩ་བ་ཡིན།།
ལེགས་པོ་འདུག
ངས་དང་པོར་ཁྱེད་ཀྱིས་ཉ་གེ་ཉོག་གེ་སྤྱི་བཤད་ལོང་བཤད་ལྟ་བུ་ཞིག་ལས་མཛུབ་མོ་འཛུགས་ས་ཏག་ཏག་ཅིག་རྙེད་མི་འདུག་སྙམ་ནས་།ིབ་པར་བཀླགས་མེད། དེ་རིང་ཁོམ་སྐབས་ཞིག་དང་བསྟུན་ནས་ཐེངས་གཅིག་བཀླགས་པ་ཡིན། ཁྱེད་ཀྱིས་གནད་འགག་ཆེན་པོ་ཞིག་བཤད་ཀྱིན་འདུག ཁྱེད་ཀྱིས་བཤད་བཞིན་པ་འདི་ཆབ་སྲིད་དང་། དཔལ་འབྱོར། ཤེས་ཡོན་སོགས་ཕྱོགས་ཐམས་ཅད་དང་འབྲེལ་བ་ཞིག་རེད། ཁྱེད་བརྗོད་གཞི་རང་གི་སྟེང་ལ་དེ་རིང་ངས་བསམ་འཆར་འདོན་གྱི་མིན། ངས་ཁྱེད་ལ་རེ་བ་ཞིག་ཞུ་འདོད་བྱུང་། དེ་ནི་ཁྱེད་ཀྱིས་བརྗོད་གཞི་ངོ་མ་སྟེ་གྲྭ་འབོར་མང་བའི་གནོད་སྐྱོན་ཁག་གནད་འདུས་ལ་གོ་རིམ་བསྒྲིགས་ནས་བསྐྱར་འབྲི་ཞིག་བྱེད་རོགས། དེས་མི་མང་པོ་ལ་བསམ་བློ་གཏོང་འཇུག་ས་རེད། སྤྱིར་ན་རྒྱ་གར་གྱི་བོད་དགོན་ཚོས་གྲྭ་རྒྱུན་ཆད་བཞིན་ཡོད་པའི་སེམས་ཁྲལ་བྱེད་བཞིན་འདུག ཡིན་ན་ཡང་ངའི་ཕ་ཡུལ྄ལྟ་བུ་ཡིན་ན་དེ་ལས་ལྡོག་སྟེ་གྲྭ་འབོར་གོང་དུ་འཕེལའཕེལ་བཞིན་འདུག ད་ནས་ཡར་བརྩིས་པའི་ལོ་ཉི་ཤུ་ཅམ་གྱི་གོང་ལ་ངའི་སྡེ་གྲོང་དེར་བཙུན་མ་གཅིག་ཀྱང་མེད། དེང་སང་བཙུན་མ་ཡང་བཅོ་ལྔ་ཉི་ཤུ་ཤིག་འདུག ཁྱེད་ཀྱིས་མི་འབོར་འཕེལ་རྒྱས་ལ་གནོད་ཀྱིན་འདུག་ཅེས་པ་དེ་བདེན་པ་ཏག་ཏག་རེད།
སྤོབས་པ་མཐའ་ཡང་ལགས།
བསམ་ཚུལ་གསུངས་བ་ཐུགས་རྗེ་ཆེ། གོང་དུ་བཤད་པའི་ཆོས་ཉིད་ཀྱིས་སྒོ་རྡུང་གི་ནང་དོན་གཙོ་བོའི་ནི་དགེ་འདུན་གྱི་སྡེ་གྲངས་ཚོད་མེད་དུ་འཕེལ་བ་བརྟེན། རྒྱལ་ཁབ་ཅིག་ལ་མེད་དུ་མི་རུང་བའི་དྲག་པོའི་སྟོབས་ཤུགས་དང་། དཔལ་འབྱོར། མི་འབོར་འཕེལ་རྒྱས་བཅས་ལ་ཚབས་ཆེའི་རང་བཞིན་གྱིས་འགོག་རྐྱེན་ཐེབས་ཚུལ་དང་། དགེ་འདུན་གྱི་རིག་གཞུང་འཚེ་མེད་ཞི་བའི་རྐྱེན་གྱིས་བོད་མི་རྣམས་ཀྱིས་ཆགས་སྡང་རྨོངས་གསུམ་དང་། རྣབ་གནོད་ཁྲོ་གསུམ། གཡོ་སྒྱུ་ཁྲམ་གསུམ་སོགས་མིའི་རྒྱུད་དུ་ལྷན་སྐྱེས་སུ་ཡོད་པའི་འཚོ་ཐབས་ལ་སུན་འབྱིན་བྱེད་རྒྱུ་མང་དྲག་པས་བོད་ཀྱི་རང་དབང་བརླགས་ཚུལ་སོགས་རྒྱུ་མཚན་སྣ་ཚོགས་དང་། འགྲེལ་བཤད་སྣ་ཚོགས་ཀྱིས་སྒྲུབ་ཁུལ་བྱས་ཡོད། རྒྱུ་མཚན་ནི། རྣབ་གནོད་ཁྲོ་གསུམ་སོགས་མི་དགེ་བའི་སེམས་ཀྱི་འདུ་ཤེས་དང་། བྱེད་ལས་འདི་དག་མི་འཚོ་གནས་ཆེད་མེད་དུ་མི་རུང་ཞིང་། དེས་བྱམས་སེམས་དང་སྙིང་རྗེ་བཞིན་ཅི་འདོད་དུ་མི་ལ་བདེ་སྐྱིད་སྤྲད་པས་བོད་མི་རྣམས་ཀྱིས་ཕྱོགས་རིས་བའི་ལྟ་ཚུལ་བཟུང་ན། མིའི་འཚོ་གནས་དང་མིའི་ཆོས་ཉིད་ལ་རྒོལ་རྡུང་བཏང་བས། དུས་ནམ་ཡང་རྒྱལ་ཁ་མི་ལོན་ཏེ། ང་ཚོ་སྟེ། བོད་པ་ནི་མི་ཡིན་པས་མིའི་ལྷན་སྐྱེས་ཀྱི་ཚོས་ཉིད་ལ་གུས་བཀུར་བྱེད་དགོས་ཚུལ་སོགས་ནི་རྩ་བའི་བརྗོད་བྱ་ཡིན། དེ་བརྟེན། ང་ཚོས་གྲྭ་གྲངས་ཉུང་དུ་ཅི་ལྟར་བྱས་ན་བཏང་ཐུབ་བམ། དྲ་གྲོགས་རྣམས་ཀྱིས་བསམ་ཚུལ་གསུངས་བའི་རེ་བ་ཡོད་ལགས།
མ་ཟད་གྲྭ་འབོར་འཕེལ་བའི་བྱས་འབྲས་དང་འཚེ་བ་སྤངས་བའི་ལྟ་གྲུབ་ཀྱིས་ཉེར་ལེན་ལ་བརྟེན་ནས་བོད་མི་རྣམས་འཇིག་རྟེན་སྒང་ཐུན་མོང་མ་ཡིན་པའི་མི་རིགས་ཤིག་ཏུ་བསྒྱུར་ཞིང་། དེས་བོད་ཀྱི་རིན་ཐང་ལ་ཕན་ཐོགས་ངེས་ཅན་ཡོད་པ་ངོས་ལེན་དང་། ལམ་ལུགས་དེ་དགེ་མཚན་གྱི་ཕྱོགས་འགྲན་ཟླ་བ་བསྔགས་བརྗོད་དང་ཡི་རང་བྱེད་ཀྱིན་ཡོད།་འོན་ཀྱང་བོད་མི་རྣམས་ཀྱིས་་དེད་བཞིན་པའི་ལམ་བུ་འདི་འཇིག་རྟེན་འདིའི་་གནས་བབ་དང་མི་མཚམས་ཤིང་། དགེ་མཚན་དང་རིན་ཐང་། མཚན་སྙན་གྲགས་དེས་བོད་མི་རྣམས་འཆི་ལམ་འདེད་བཞིན་ཡོད་པ་བོད་མི་རྣམས་ཀྱིས་ཤེས་རན་རེད་ཡིན་པ་གང་ཐུབ་ཀྱིས་གསལ་བྱེད་ཁུལ་བྱས་བ་ཡོད། ད་ལྟ་ནང་ཆོས་ཀྱིས་དྲིན་ལས་ཐོབ་བཞིན་པའི་དཔལ་འབྱོར་འདི་ཕྲལ་སེལ་གྱི་ཁེ་ཕན་ཙམ་ཡིན་ཞིང་། དེས་བོད་པ་རྣམས་དཔལ་འབྱོར་ཐོག་དགོན་པ་ལྟར་གཞན་རྟེན་ཁོ་ན་འཚོ་བ་རོལ་བའི་སྣེ་ཁྲིད་ཡིན་པ་ངོས་ཟིན་ནས། ལམ་ལུགས་དེ་གང་ཐུབ་ཀྱིས་སྒྱུར་བཅོས་བཏང་ན་ལེགས་སོགས་བྲིས་ཡོད། འོན་ཀྱང་སྒྱུར་བཅོས་བཏང་ཆེད་ལམ་ལུགས་དེ་གློ་བུར་དོར་མི་རུང་བ་ལྩགས་གསེར་རུ་སྒྱུར་བ་བཞིན་ནང་ཆོས་ལས་ཐོབ་པའི་དཔལ་འབྱོར་དེ་རང་རྐང་སྒང་ལངས་ཐུབ་པའི་རྒྱུ་རུ་བཏང་རྒྱུ་སོགས་ཡིན།
ངས་བསམ་ན་གནའ་ནས་དེང་སྐབས བར་འུ་ཚོ་པོད་པར་གྲྭ་བ་དང་ཅོ་མོའི་གྲངས་མང་ནས་མང་དུ་འཕེལ་ཡོང་གི་འདུག། ཡིན་ནའང་དེ་རྣམས་ཀྱི་གྲངས་དང་ངསྡུར་ན་བརྩུན་པ་དང་བརྩུན་མ་ཡང་དག་ཅིག་བརྙེད་དཀའ་མོ་ལྟ་བུ་ཞིག་འདུག ལྷག་པར་ཆོས་ཕྱོགས་ནས་དེ་བས་དཀའ་མོ་རེད་།རྒྱུ་མཚན་དེ་དག་ལ་བལྟས་ན་གྲྭ་བ་དང་ཅོ་མོའི་གྲངས་ག་ཚོད་འཕེལ་ན་དེ་ཡི་ཚོད་ཀྱིས་པོད་ལ་དཔལ་འབྱོར་དང་མི་འབོར་གྱི་ཕྱོགས་ལ་གནོད་པ་ནི་ཆོས་ཉིད་ཅིག་རེད་། གལ་སྲིད་པོད་པའི་དཔལ་འབྱོར་དང་མི་འབོར་ཡར་རྒྱས་མ་སོང་ན་པོད་པའི་ཆབ་སྲིད་དང་ཤེས་ཡོན་ཀྱང་ཡར་རྒྱས་ཡོང་དཀའ་མོ་རེད་། རྒྱུ་མཚན་ནི་དེ་རྣམས་བརྟེན་འབྲེལ་རེད་།
ཨ་ནུ་ཐང་བསོད་ནམ་ལགས་།་གུས་པ་རྩོམ་ཡིག་ཀློག་ཁན་ཞིག་ཡིན་་་་་རྩོམ་ཡིག་དང་དུས་དེབ་སོགས་ཀློག་རྒྱུར་དགའ་པོ་ཡོད་་་་་འོང་ཀྱང་་་ངས་་ཁྱེད་་མི་ཤེས་མོད་ཁྱེད་ཀྱིས་ཆོས་ཉིད་་ཀྱི་སྒོ་རྡུང་ཞེས་པས་རྩོམ་ཡིག་དེ་ཚར་གཅིག་ཀློག་པས་ངོ་ཤེས་རྙིང་པ་ལྟ་བུའིི་ཚོར་བ་ཞིག་སླེབས་སོང་་་རྒྱུ་མཚན་ནི་ཁྱེད་ཀྱི་་གསུངས་པ་དེ་དག་གནས་ལུགས་དང་རྒྱུ་མཚན་ལྡན་པ་ཞིག་མཐོང་བས་རེད་།་་་ཨ་ནུ་ལགས་་ད་དུང་མུ་མཐུད་་དགོངས་ཚུལ་གསུངས་པའི་རེ་བ་ཡོད་་
དྲ་གྲོགས་ཚོས་རེ་བ་དང་མཐུན་འགྱུར་བ་གནང་བ་ཐུགས་རྗེ་ཆེ། ད་ལྟ་ཕྲན་ལས་བྲེལ་དང་ཤེས་ཚད་དམན་པས་གྲྭ་འབོར་གྱི་གནོད་སྐྱོན་སོགས་ཞིབ་པར་འབྲི་དཀའ་མོད། མ་འོངས་བར་ངལ་བས་སྙིང་བསྡུས་ཤིག་འབྲི་ཁུལ་བྱེད་རྒྱུའི་རེ་བས་བརྟས། ཐུགས་རྗེ་ཆེ། བོད་མིའི་མི་རྒྱུད་ཕྱོགས་བཞི་འཕེལ་ནས་འཇིག་རྟེན་ཡོངས་སུ་གང་བ་ཤོག།
མཐོ་སྒང་བོད་མི་ཉུང་སྟངས་འདི་ལ་བསམ་ན། །
ཉུང་མཐར་ཕྲུག་གུ་དྲུག་ཙམ་བཟོ་དགོས་དྲན་གིས། །
འཛམ་གླིང་མི་འབོར་གྲངས་འཕེལ་འདི་ལ་བསམ་ན། །
ཕྲུ་གུ་གཏན་ནས་མ་བཟོ་བཞག་ན་དྲན་གིས། །
པད་དཀར་ལགས། སྐུ་ཉིད་རྩོམ་ཡིག་འདི་ཡག་པོ་ཞིག་ཀློག་ཡོད་ས་མ་རེད། ངས་གོང་དུ་བཤད་པའི་རྩོམ་ཡིག་༔འདིའི་ཁྲོད་མི་འབོར་ལ་གནོད་པའི་ཚན་པ་རུ་འདི་ལྟར “འཛམ་གླིང་གི་མི་འབོར་ཕྱེད་ཀ་ཟིན་པའི་རྒྱ་གར་ནག་གི་སློབ་གསོས་བོད་མི་མང་པོ་ཞིག་གི་སེམས་སུ། མི་འབོར་འཕེལ་ན་དཔལ་འབྱོར་ལ་གནོད་པའི་འདོད་ཚུལ་འཛིན་མཁན་ཡོད་ཀྱང་། དེ་ནི་བོད་ལ་མཚོན་ན་བདེན་པ་མིན། རྒྱ་གར་ནག་ལ་མང་དྲག་པའི་དཀའ་ངལ་ཡོད་ཀྱང་བོད་ལ་མི་འདངས་བའི་དཀའ་ངལ་ཡོད། འཚོ་སྡོད་དང་ཡར་རྒྱས་ཀྱི་ཆེད་ཨ་ལན་དྲི་དང་། ཁ་ན་དྲ། ཨོ་སུ་དྲོ་ལིའི་ཡ། ཆེ་ཁུ་དང་སི་ལོ་ཝ་ཁུ། འཇར་མན་ལྟར་མི་འབོར་མཁོ་ཞིང་འཕེལ་རྒྱས་ཆེད་མནོ་བསམ་བཏང་དགོས་ངེས་རེད་དེ། བོད་ནི་གོང་དུ་འཁོད་པའི་རྒྱལ་ཁབ་དེ་དག་ལས་ཀྱང་ས་ཁྱོན་དང་སྡུར་ན་མི་འབོར་ཉུང་བས། མི་འབོར་འཕེལ་རྒྱས་ལ་བསམ་བློ་བཏང་བ་ནི་དོན་གྱིས་བོད་མི་སྐྱོབ་པའི་ཐབས་ལམ་ཡག་ཤོས་དེ་རེད།” ཅེས་བྲིས་ཡོད་ལགས།
ཨ་ནུ་ཐང་བསོད་ནམས་ལགས་ཡང་བསྐྱར་རྩོམ་ཡིག་གི་ལས་ལ་ཞུགས་པར་དགའ་བསུ་ཞུ། མུ་མཐུད་དེ་རྩོམ་ཡིག་སྣ་ཚོགས་སྤེལ་རོགས། ལྷག་དོན་བསྒྱུར་རྩོམ་རིགས་རྔ་པ་རྒྱལ་ཁམས་པས་སྤེལ་བ་ལྟར་སྤེལ་ཐུབ་ན་ཧ་ཅང་དོན་སྙིང་ལྡན་པ་ཞིག་རེད།
བསེ་རོང་འོད་ཟེར་ལགས། སྐུ་ཉིད་ཀྱིས་བསམ་ཚུལ་གསུངས་བ་ཐུགས་རྗེ་ཆེ།
ཨ་ནུ་ཐང་བསོད་ནམས་ལགས་ཁྱེད་ཉིད་ཀྱིས་བྲིས་པའི་རྩོམ་ཡིག་དེ་ལ་འདི་ཕྱོགས་སུ་དོ་སྣང་ཆེ་བར་འདུག་པས་མུ་མཐུད་དེ་ནམ་ཁོམས་ལ་རྩོམ་ཡིག་སྣ་ཚོགས་སྤེལ་རོགས་ཞུ།
བསེ་རོང་འོད་ཟེར་ལགས།
སྐུ་ཉིད་འབྲུག་ཆུ་ལ་ཆ་རྒྱུས་ཡོད་པ་བཞིན་ཡུར་གྱར་སྤྱི་ཚོགས་ཁྲོད་སུ་ལའང་མེད་པས། འབྲུག་ཆུའི་ད་ལྟའི་གནས་སྟངས་དང་། ལོ་རྒྱུས་ཀྱི་རྒྱུད་རིམ། གནས་དེའི་བོད་རྒྱའི་འབྲེལ་བ་སོགས་ཉུང་བསྡུས་ཤིག་གསལ་ཁ་དོད་པོའི་ངང་འབྲི་ཐུབ་ན། བོད་མིའི་མཐའ་མཚམས་ས་ཁུལ་ལ་བོད་མི་མང་པོས་རྒྱུས་མངའ་ཡོང་པ་ཕན་ཐོགས་ཡོད་པ་སྨོས་མེད་རེད།
ཨ་ནུ་ཐང་བསོད་ནམས་ལགས།
ཁྱེད་ཀྱིས་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ། བདེན་པ་རེད་ངས་འབད་བརྩོན་བྱ་ངེས་ལ་དེ་ངའི་བཟང་སྤྱོད་ཀྱི་ལས་འགན་ཞིག་ཀྱང་རེད། གང་ལྟར་ཐེ་བོ་སྨད་རྒྱུད་ཀྱི་ཆུ་ལོག་ཚབ་ཆེ་འདི་ལ་ང་ཚོ་གཅིག་སྒྲིལ་གྱི་ནུས་པ་དུས་སྐབས་ཛ་དྲག་གི་དུས་འདིར་ཧ་ཅང་གལ་ཆེར་མཐོང་།
ཐུགས་རྗེ་ཆེ། བསེ་རོང་འོད་ཟེར་ལགས། ངས་ཀྱང་གནས་ཚུལ་མདོ་བསྡུས་ཤིག་ཁ་བརྡ་ནང་བཀོད་ཐབས་ཞུ་རྒྱུ་ཡིན།