མེ་ཏོག་དཀར་པོ་ནས།
ཁ་སང་ཕྱི་ཚེས་༧ཉིན་རྒྱབ་སྣུམ་འཁོར་ནང་ཆུ་ཚོད་གཅིག་ཙམ་སྡད་རྗེས་བཀོད་ལེགས་མཛེས་པའི་ཁང་པ་བཅུ་ཕྲག་གཉིས་ཙམ་བསྟར་སྒྲིག་པའི་མདུན་དུ་འབྱོར། ལམ་ལྟག་དེ་གའི་ཁང་པའི་ནང་དུ་འཛུལ་བ་དང་ན་གཞོན་བུ་ཞིག་དང་བུ་ཞིག་གིས་ལག་པ་གཏོང་བ་སྦྲགས་ངོས་ལེན་བྱས། ཁང་པ་ནང་མར་འཛུལ་བས་སྐུ་གཟུགས་དེ་ཙམ་ཆེ་རྒྱུ་མེད་ཅིང་གཙང་ཉམས་དང་གྲུང་ཉམས་དོད་པའི་བགྲེས་སོང་ཞིག་བཞེངས་ནས་འདུག དེ་ནི་མཁས་དབང་རཀ་ར་རིན་པོ་ཆེ་རེད། ཁོང་ལ་མཚམས་ཞུའི་མཇལ་དར་དང་། བོད་གཞུང་སྨན་རྩིས་ཁང་གི་སྤོས། དགེ་ཆོས་ཀྱི་སྐོར་གྱི་དེབ་ཅིག་བཅས་མཇལ་རྟེན་དུ་ཕུལ། ཁོང་གིས་མཉེས་ཚོར་དང་བཅས་གཟིམས་ཆུང་ནང་མའི་བསིལ་གཡབ་འོག་བཞུགས་ན་ལེགས་ཚུལ་གྱིས་དེར་སྡད། ཆུ་དང་ཟས་མནར་གྱིས་སྣ་དྲངས་ཏེ་བཀའ་མོལ་ཁ་ཤས་ཞུས། སྙན་ངག་གི་སྐོར་ལ་འཇུ་མི་ཕམ་དང་དཔང་ལོ་ཙ་བའི་འགྲེལ་བར་ཡིད་ཆེས་དང་བསྔགས་བརྗོད་གནང་གིན་འདུག དེ་མིན་མཁས་དབང་དགེ་ཆོས་སྐོར་ལ་བཀའ་མོལ་ཁ་ཤས་ཞུས། དུས་ཚོད་ཀྱིས་བསྟུགས་ཤིང་རིན་པོ་ཆེ་སྙན་དེ་ཙམ་ཐང་ཐང་མེད་པ་བཅས་ཀྱི་འདོད་པ་ཚིམས་པའི་བཀའ་མོལ་ཞུ་མ་ཐུབ། ཁོ་བོ་ཆེད་བཅར་ཞུས་པར་མཉེས་ཚོར་གྱིས་ཁོང་གིས་སྙན་འགྲེལ་ཞིག་དང་དེབ་ཐེར་དཀར་པོའི་ཁ་སྐོང་ཞིག་ཡོད་པ་དེ་གཉིས་ལ་དེབ་གཅིག་གནང་རྒྱུ་ཡིན་པས་གང་འདེམས་གསུངས་པར་རྒྱལ་རབས་འདམས་པ་ཡིན། དེར་དེབ་གཅིག་བླངས་ཏེ་མདུན་ཤོག་སྟེང་མཚན་རྟགས་བཅས་ང་ལ་གནང་སོང་། སྤྱིར་ཁོང་གིས་དེབ་གཉིས་ཆར་གནང་འདོད་པ་རེད་འདུག་མོད། བོད་ཀྱི་དཔེ་མཛོད་ཁང་ནས་རྩོམ་པ་པོར་རྩོམ་ཡོན་དེབ་གསུམ་གསུམ་ལས་ཕུལ་མིན་འདུག་པས་རྐྱེན་གྱིས་དེབ་གཅིག་ལས་གནང་མ་བྱུང་།
དེབ་དཀར་ཁ་སྐོང་འདི་དཀའ་ལས་ཞེ་དྲག་རྒྱབ་ནས་བྲིས་པ་ཡིན་ཞེས་གསུངས་ཤིང་། ནང་དོན་རྣམས་བོད་མི་བྱིངས་ཀྱི་གོ་ཐུབ་ཀྱི་གོ་བདེར་བྱས་ཏེ་ཁྱོད་ཀྱིས་བྲིས་ཐུབ་ན་ལེགས་ཞེས་དགོངས་ཚུལ་ཡང་གསུངས་སོང་། དེ་རྗེས་དྲན་རྟེན་དུ་རིན་པོ་ཆེ་དང་ལྷན་དུ་འདྲ་པར་ཞིག་ཀྱང་བླངས།
དེབ་འདི་འདས་ལོ་ ༢༥༣༨ ཕྱི་ལོ་ ༡༩༨༨ ཟླ་ ༡༡ ཚེས་བྲིས་ཤིང་། ༡༩༩༤ ལོར་ཞུ་སྒྲིག་པ་དགེ་འདུན་རབ་གསལ་གྱི་ལག་ཏུ་སོན། ༢༠༠༠ ལོར་བོད་ཀྱི་དཔེ་མཛོད་ཁང་གི་བོད་ཡིག་པར་སྐྲུན་སྡེ་ཚན་ནས་པར་དུ་བསྐྲུན་པ་ཞིག་རེད་འདུག
དེབ་ཆེ་ཆུང་འབྲིང་པོ་ཤོག་གྲངས་ ༢༣༢ མིང་དང་མཐུན་པར་རྒྱབ་ཤའི་ཁ་དོག་དཀར་པོ། བོད་ཀྱི་ས་བཀྲ་ཞིག་དང་དེའི་དབུས་སུ་བོད་བྲིས་པ། བོད་ཀྱི་དཔེ་མཛོད་ཁང་གི་ཆེད་བརྗོད་དང་པར་དུ་བསྐྲུན་པའི་སྔོན་བརྗོད། དགེ་འདུན་རབ་གསལ་གྱིས་ཞུ་སྒྲིག་ཞུས་པའི་བརྒྱུད་རིམ་དོན་ཚན་དྲུག་ཏུཾ་བསྡུས་ཏེ་བྲིས་པ། སྔོན་བརྗོད་དང་མཇུག་བྱང་ཕུད་པའི་ནང་གསེས་བརྗོད་བྱ་དོན་ཚན་ ༢༠ ། བརྗོད་བྱ་བོད་བཙན་པོའི་ལོ་རྒྱུས་ཏེ། ༡ བོད་ཀྱི་ཡིག་རྙིང་འགའ་ཤས་དང་ཏུང་ཧྭང་གཏེར་ཡིག་ཏུ་གསལ་བའི་རྒྱལ་ཕྲན་ཉེར་གཅིག ༢ གཙུག་ཕྲེང་རྒྱལ་ཕྲན་ ༡༢ སིལ་མ་བཅུ་བཞི། ༣ ཉག་ཁྲི་བཙན་པོ་ནས་ཐོ་ཐོ་རི་སྙ་བཙན་གྱི་བར། ༤ ཐོ་ཐོ་རི་ནས་ཁྲོ་སྲོང་གི་སྲས་མུ་ནེ་དང་འུ་དུམ་བཙན་བར་གྱི་བཙན་པོ་ཡབ་ཡུམ། སྲས་བཅས་པའི་མཚན་རབས། ༥ སྟག་བུ་སྣ་ཟིག་དང་། གནམ་རིའི་སྐོར་ཡིག་རྙིང་། ༦ ཆོས་རྒྱལ་སྲོང་བཙན་སྐུ་གཞོན་ནུའི་དུས་ནས་ཞང་ཞུང་ཕམ་པའི་བར། ༨ རྒྱལ་རབས་ལོ་ཚིགས་ཉུང་ངུ་རྣམ་གསལ་འགོ་ཚུགས། ༩ བློན་པོ་འགར་གྱིས་ཀོང་ཇོ་རྒྱ་ནག་གནས་གདན་དྲངས་ནས་སྲོང་གཙན་གཤེགས་པའི་སྐོར། ༡༠ མང་སྲོང་འདས་པ་དང་འདུས་སྲོང་འཁྲུངས། ༡༡ མགར་གྱི་བུ་མང་ཉེན་སྟག་ཙབ་དང་། གནུབས་མང་ཉེན་བཞི་བཙན་འཁོན་རྩོད་ཀྱི་གཞི་ཚུགས། ༡༢ རྒྱ་བཟའ་ཀོང་ཇོ་འདས། མང་སྲོང་གི་སྲས་ལ་འདུས་སྲོང་ཞེས་མཚན་གསོལ། ༡༣ མགར་གྱི་བུ་བཙན་ཉེན་ལ་འདུས་སྲོང་གི་བཀའ་ཉེས་བྱུང་། ༡༤ མེས་ཨག་ཚོམ་འཁྲུངས། འདུས་སྲོང་འཇང་དུ་འདས། ༡༥ མེས་ཨག་ཚོམ་དང་པོར་གཙུག་རུ་རྒྱལ་ཡིན་པ་ལ་མཚན་གསར་པ་ཁྲི་ལྡེ་གཙུག་རྩནགསོལ། ༡༦ སྲས་ལྗང་ཚ་ལྷ་དབོན་སྐུ་གཤེགས། རྒྱ་བཟའ་ཕྱི་མ་ཡང་ལོ་དེ་རང་ལ་འདས། ༡༧ བཙན་པོ་ཁྲི་སྲོང་ལྡེ་བཙན་འཁྲུངས། བཙན་པོའི་ཡུམ་མང་མོ་རྗེ་ལོ་དེ་གའི་ནང་སྐུ་གཤེགས། ༡༨ འདུས་སྲོང་དང་མེས་ཨག་ཚོམ་གྱི་མཛད་པིའ་སྐོར་ཡིག་རྙིང་ཟུར་སྣོན། ༡༩ མེས་ཨག་ཚོམ་བཀྲོངས་མཁན་ལ་བཀའ་ཉེས་དང་ཁོང་གཉིས་ཕྱོགས་གཏོགས་རྒྱང་ཕུད། ༢༠ ཁྲི་སaོར་ལྡེ་བཙན་ཞེས་མཚན་གསོལ་ནས་རྒྱལ་སྲིད་ཀྱི་ཁྲི་ལ་དབང་བསྐུར། ༢༡ ཁྲི་སྲོང་གི་བཙུན་མོ་ལ་སྲས་འཁྲུངས། ༢༢ ཁྲི་སྲོང་གི་མཛད་པ་ཟུར་སྣོན། ཏུང་ཧྭང་ཡིག་རྙིང་ཉུང་ངུ་རྣམ་གསལ། བཅས་འདུག་པ་འདི་་དཀར་ཆགས་ལྟར་བྲིས་པ་ཡིན།
རྗོད་སྟངས་ཐད་ཏུང་ཧྭང་གཏེར་ཡིག་ནས་གསལ་བའི་ལོ་རེ་རེ་ནང་བཙན་པོ་གང་གིས་མཛད་རྗེས་བཀོད་པ་དེ་རྙིང་སོར་བཞག དེའི་འོག་བརྡ་གསར་དུ་བྲིས། འོག་ཏུ་དོགས་གནས་ཆེ་ཁག་ལ་མཆན་བུ་གནང་བ་བཅས་ཀྱིས་དེབ་ཨ་མ་དེ་གྲུབ་འདུག འདིའི་ཚུལ་མཁས་དབང་ཉིད་ཀྱིས།
རང་ལས་བཙན་པོས་བོད་དུ་སྐྱེས་གྱུར་ནས། །
རང་བྱུང་བཟལོག་ཏུ་མེད་དཀའ་བའི་ཞེན་ཆགས་ཀྱིས། །
རང་རེའི་རྗེ་བློན་གོང་མའི་བྱུང་ཚུལ་འདི། །
རང་རེའི་བརྡ་རྙིང་གསར་མའི་བརྡ་རུ་བཀྲལ། །ཞེས་གསུངས་འདུག
མི་སྨྲའི་བརྟུལ་ཞུགས་རྒྱང་རིང་དུ་དོར་ནས། གངས་ཅན་བོད་ཆེན་པོའི་རིགས་སུ་སྐྱེས་པའི་སྐྱེ་བོ་ཐམས་ཅད་ཀྱིས་རང་རིགས་ཀྱི་མྱེས་པོ་བྱས་པ་ཅན་རྣམས་ཀྱི་བྱས་རྗེས་སླར་ཡང་དྲན་ནས་གནས་སྐབས་དང་མཐར་ཐུག་གི་དོན་ཅེན་པོ་འགྲུབ་པ་ལ་སྙིང་སྟོབས་འཕེལ་བའི་རྒྱུར་གྱུར་ཅིག་ཅེས་གསུངས་པ་འདིས་རྩོམ་པ་ོཔོའི་ཀུན་སློང་མཚོན་འདུག
གང་ལྟར་དེབ་འདི་བོད་ཀྱི་རྒྱལ་རབས་ལ་དོ་སྣང་ཅན་ཚོར་ཕན་ཐོགས་མི་དམན་པ་ཞིག་འོངས་རྒྱུར་འདོན་མི་ཟ་བ་ཞིག་ཏུ་མཐོང་།
སྤམས་བཤད་ཟྭ་ལོ་ལྗང་གུའི་ཚོད་མ་ལ། །
ཧར་གཏམ་སི་པན་དམར་པོ་མ་བཏབ་ཅིང་། །
ཟོལ་བསྟོད་སྒ་སེར་ཁུ་བས་བསླད་མིན་པར། །
དེབ་ཐེར་འདི་ནི་དེབ་དཀར་ཁ་སྐོང་ཉིད། །
ཡག་པོ་རེད །ལོ་རྒྱུས་འགེངས་ཅན་རེད་ནང་དོན་ལ་བསམ་ཞིག་མང་པོ་བྱེད་རྒྱུ་ཡོད་རེད།
འོན་ཀྱང་ཁྱེད་རང་གིས་བཀོད་པའི་ཚིག་བཅད་འདི་ཀློག་སྟེང་མི་ཤེས་གི་ད།
ཕལ་ཆེར༼རང་བྱུང་བཟློག་ཏུ་མེད་པའི་ཞེན་ཆགས་ཀྱིས༽
ཞེས་བ་མིན་ནམ་སྙམ།
དེབ་ཐེར་དེའི་ནང་ལ་གཉའ་ཁྲི་ལ་ཉག་ཁྲི་ཞེས་པའི་ཁུངས་ཅིག་ཡོད་རེད། དེ་ང་དགོས་ཡ་ངའི་སེམས་ལ་ཤིན་ཏུ་ཕན་པོ་བྱུང་། ད་དུང་དྲི་བ་འགའ་འདིར་སྤུངས་དགོས་སྙམ་ཡང་ངའི་དེབ་ཐེར་དེ་ད་ལྟ་རྙེད་མ་སོང་།
རང་བྱུང་བཟློག་ཏུ་མེད་པའི་ཞེན་ཆགས་ཀྱིས། །ཞེས་རེད་ད་དུང་ནོར་བ་གཞན་ཡང་མང་ཙམ་ཤོར་འདུག་པར་དགོངས་དག་ཞུ་རྒྱུ་ཡིན།
དེབ་འདི་རྡ་ས་བོད་ཀྱི་དཔེ་མཛོད་ཁང་ལ་འབྲེལ་བ་གནང་ན་ཐོབ་ཐུབ།