གཅན་དགེ་འདུན།
ཕྱི་སྡོད་ལག་འཁྱེར་མེད་པའི་ཉེས་མིང་འོག་ནས།།
ལྕགས་དྲའི་རྭ་སྐོར་རྡོ་ཁང་གྲུ་བཞི་ནང་དུ།།
ཡང་ཡང་བཙོན་དུ་བཅུག་པའི་ལས་དབང་ནག་པོར།།
གྲོགས་ངའི་སེམས་པའི་དཀྱིལ་ནས་སྐྱོ་བ་སྐྱེས་བྱུང་།།
རྐུན་ཇག་ལས་ལ་རོལ་ནས་བཙོན་རྭར་ཚུད་པ།།
འཇིག་རྟེན་དཀྱིལ་འཁོར་འདི་ཡི་སྒྲིག་ཁྲིམས་ཡིན་ཡང་།།
མ་བྱས་ཉེས་ཅན་ཁོང་གི་ལས་དབང་འདི་ལ།།
བསམ་བཞིན་སྐྱོ་བའི་མིག་ཆུ་ས་ལ་ལྷུང་ཐལ།།
དཔོན་ཆེན་མི་ཡི་སྤྱང་ལྟོགས་སྡེ་གར་འཁྲབ་སྟེ།།
གཉོམ་ཆུང་མི་ལ་ཉེས་བ་ཉིས་བརྩེགས་བཀལ་བ།།
ཁྲིམས་མེད་ལུགས་མེད་འདི་ལ་མནོ་བསམ་བཏང་ན།།
རྒྱ་གར་འཕགས་ཡུལ་མི་ལ་ཞེན་པ་ལོག་ཐལ།།
བོད་པ་སྐྱབས་བཅོལ་ཡིན་པས་གཉོམ་ཆུང་དགོས་ཟེར།།
གནས་ཚང་དྲིན་ཆེན་ཡིན་པས་གུས་བརྩི་དགོས་ཟེར།།
དེང་དུས་ཐུབ་ཚོད་གཏོང་བའི་སྤྱོད་པ་མང་བས།།
དགེ་རྒན་ཁ་སྤུ་ཅན་ཚོར་ཞེན་པ་ལོག་ཐལ།།
དགེ་བཤེས་གྲྭ་བ་ཚོ་ལ་འཕྲོམ་བཅོམ་བྱེད་ཀི།
བཙུན་མ་ཨ་ནི་ཚོ་ལ་བཙན་གཡེམ་བྱེད་ཀི།
ཕོ་སར་དཔའ་བོ་ཚོ་ལ་རུབ་རྡུང་བྱེད་ཀི།།
ད་དུང་ཐུབ་ཚོད་འཁུར་བའི་སྐྱབས་བཅོལ་བོད་མི།།
རྒྱ་མིས་སྡུག་པོ་སེམས་དང་ལུས་ཀྱིས་ཐེགས།།
རྒྱ་གར་དོན་མེད་བསྙེས་བཅོས་བཟོད་ཅིང་སྒོམ་པ།།
རྒྱ་ནག་དགྲ་བོ་ཡིན་ཞེས་རྒྱང་དུ་འདོར་བཞིན།།
རྒྱ་གར་དགེ་རྒན་ཡིན་ཞེས་པང་དུ་ལེན་པ།།
རྒྱ་ནག་བསྙོས་བཅོས་གཡོལ་ཆེད་གནས་འདིར་སླེབས་ཀྱང་།།
རྒྱ་གར་དོན་མེད་ཐུབ་ཚོད་རྒྱུན་ཆད་མི་འདུག།
རྒྱ་ཡི་དཀར་ནག་ཁྱད་པར་ཆེ་ན་གང་ཤེས།།
སྡུག་དང་ཐུབ་ཚོད་གཏོང་ལ་ཁྱད་པར་མི་འདུག།
སྤྱི་ལོ་༢༠༠༧ ལོའི་སྟོན་མཇུག་ལ་དྭགས་གླེ་རྒྱལ་སར་ཕ་ཡུལ་གཅིག་པའི་གྲོགས་ཨ་མདོ་ཉི་མ་བཙོན་འཇུག་བྱས་རྗེས་ཀྱི་སེམས་ཚོར་ཡི་གེར་ཕབས་པ།
དེ་ནི་ང་ཚོའི་མེས་པོ་ཚོས་འཐུས་ཤོར་བཏང་པའི་གྲུབ་འབྲས་རེད། རང་གིས་ཕ་མེས་སྙལ་བའི་ཆང་དེ་ཞིམ་ཡང་མ་ཞིམ་ཡང་བཏུང་དགོས་ངེས་རེད། འོན་ཀྱང་ངའི་རེ་བ་ལ་ང་ཚའི་མི་རབས་འདིའི་ཡབ་མེས་ནང་བཞིན་མི་རབས་རྗེས་མ་ཚོ་སྡུག་ལ་མི་སྐྱེལ་རྒྱུ་སྨོན་ལམ་ཡོད།
མེས་པོ་ཚོས་མ་འགྲིག་མ་འཇོན་པ་རེད་ཟེར་བ་འདི་ད་ཨ་ན་མ་ན་ཞིག་མ་རེད་པ། ང་ཚོས་ལས་བཟང་ངན་ཅི་ཞིག་ཡིན་ཀྱང་རང་གི་མགོ་ན་མེད་པ་ཞིག་དང་རང་ལ་དེའི་འགན་མེད་པ། ནག་ཉེས་མེད་པ། ཐ་ན་འབྲེལ་བའང་མེད་པར་ཡང་འདོད་ཀྱིན་འདུག དེ་ལྟར་ན་མེས་པོ་ཚོ་ཡང་དེ་བཞིན་དེ། གཅིག་པ་རེད་སྙམ། གོང་དུ་བཤད་འདུག་པ་ཚང་མ་ང་ཚོའི་མི་རབས་འདིའི་ཁ་དང་སྣ་ནས་ཐོན་ཡོང་བའི་བྱ་ངན་སྤྱོད་ངན་དང་བྱས་དང་བྱེད་བཞིན་པའི་ནོར་འཁྲུལ། བསམས་དང་བསམ་བཞིན་པའི་རྨོངས་པའི་བསམ་བློ་རང་ལས་བྱུང་བའི་ལས་ཀ་རང་རེད་འདུག་སྙམ། དཔེར་ན་དེང་གི་གཞན་ནུ་ཚོའི་ཁ་ནས་ཀྱང་འདི་འདྲ་ཐོན་ཡོང་མཁན་མང་པོ་འདུག
ཕ་མེས་ཚོའི་ནོར་འཁྲུལ་མིན་ན་ལ་དྭགས་ནི་བོད་ས་ཡིན་པས་དེ་རུ་ཕྱིན་པ་ལག་ཁྱེར་ག་ལ་དགོས། གལ་སྲིད་ལ་དྭགས་བོད་པ་མིན་ན་དེ་བས་རྒྱ་གར་མ་རེད། དགོངས་དག་སྐད་ཆ་གང་བྱུང་ཁ་ནས་ཤོར་བས་བོད་ཀྱི་སྲོལ་རྒྱུན་གྱི་གོམས་གཤིས་ལས་བརྒལ་ཞིང་རྒྱa་གར་གྱི་ཁྲིམས་ལས་ཕོགས་སོང་། ད་སྐད་ཆ་མི་བཤད། ཉེས་བ་ཕོག་ཉེན་ཆེ། སྤྱང་ཀི་ཤ་ཟན་རི་བོང་རྩམ་གཟན་གཉིས།། ཟས་ཀྱི་དོན་དུ་གྲོས་སྡུར་བྱས་བ་ནི།། རེ་ཞིག་རང་ཉིད་མཐུན་པའི་ཆོས་རྣམས་སུ།། རང་རང་སོ་སོའི་འདོད་པ་སྐྱོང་ན་ལགས།། བསམ་ཚུལ་གསུངས་ཤིང་ཡབ་མེས་ལ་གུས་བཀུར་ཡོད་པ་ཐུགས་རྗེ་ཆེ།
ལོ་རྒྱུས་ཀྱི་སྟེང་ནས་ལ་དྭགས་བོད་ཁོངས་དང་བོད་མི་རེད་པ་ཟེར་གྱི་ཡོད། ལ་དྭགས་ནམ་ཞིག་ལ་བོད་དང་ཁ་བྲལ་ནས་རྒྱ་གར་གྱི་ཁོངས་སུའམ་རྒྱ་གར་ཆགས་མིན་མི་གསལ། ཡང་ལ་དྭགས་སུ་འགྲོ་བར་ཡི་གེ་དམིགས་བསལ་བ་མི་དགོས་སྙམ། ང་ཉིས་སྟོང་ལྔ་ནས་ལོ་ལྟར་ལ་དྭགས་སུ་སོང་དང་འགྲོ་བཞིན་ཡོད། སྐྱབས་བཅོལ་ལག་འཁྱེར་མེད་ས་ལ་དྭགས་ལས་དྷ་ས་སྡིགས་ཡོང་། ཉེན་རྟོག་པས་ཚོད་ཚོད་ལ་སྒོར་མོ་ཁྱེར་ཤོག་ཟེར་གིན་འདུག ཡང་སྐད་ཆ་ཙ་གེ་ཙིག་གེ་བཤད་རུང་ཅི་སྐྱོན་དེ། ངས་སྔོན་ཆད་སྙན་གང་ཅིག་བྲིས་པ་ཁ་བརྡར་ཡང་བཀོད་མྱོང་། རོ་ཐང་ལ་ཡི་ཕན་ནས་བོད་ས་བོད་ཡུལ་རེད་ཅེས་ཅུང་ཁ་གསལ་བཀོད་ཡོད་མོད། དཀའ་ངལ་ལམ་རྙོག་དྲ་འདྲ་ཅང་སླེབས་མ་སོང་། ཁྱོད་ཕྱི་རྒྱལ་ཞིག་ན་ཡོད་ཚེ་ལྷག་ཏུ་ཅི་སྐྱོན་རེ། གོང་གི་འདི་ཚོའི་སྐོར་ནས་ངས་ད་དུང་འཚིལ་ཞིབ་བྱེད་བཞིན་ཡོད། ཟ་ཟུར་རེ་ཤོད་རྒྱུ་ཡོད་ན་འདིར་སྟབས་མི་བདེ་དགོངས་ན་བདག་གི་ཡིག་སྒམ་དུ་བླུགས་རོགས་སྙིང་ནས་ཞུ། tashi1@live.com འདི་ཡིན།
ཐུགས་རྗེ་ཆེ། ཉིད་ཀྱི་གསུངས་བའི་སྐད་ཆ་དག་བདེན་པ་རེད། ཕྲན་གཉིས་སྟོང་ལྔ་དང་དྲུག་གཉིས་སུ་དྭ་ལགས་ཀྱི་ས་ཁུལ་གང་སར་ཕྱིན་པ་མ་ཟད་སྔ་ཕྱི་སྡོམ་པས་ཟླ་བཞི་ཙམ་སྡད། བོད་མི་སྐྱབས་བཅོལ་པ་ཚོར་སྐྱབས་བཅོལ་ལག་ཁྱེར་ལས་གནས་དེར་འགྲོ་སྡོད་ཀྱི་ལག་ཁྱེར་དམིགས་བསལ་བ་མི་དགོས་ཀྱང་ཕྱི་གླིང་པ་རྣམས་ལ་དགོས། ལ་དྭགས་རྒྱ་གར་དབྱིན་གཞུང་གི་འོག་ཏུ་དུས་རབས་བཅུ་དགུ་པའི་དུས་འཇུག་ཙམ་དུ་ཤོར་ཞིང་། རྒྱ་གར་རང་བཙན་ཐོབ་རྗེས་བོད་ལ་ནུས་པ་མེད་པས་ལ་དྭགས་རྒྱ་གར་གྱི་ཆ་ཤས་སུ་ཆགས་པ་རེད། འོན་ཀྱང་ལོ་ཚིག་དངོས་གནས་ཤིག་ཕྲན་གྱི་ད་ཕན་མ་མཐོང་། ལ་དྭགས་དང་འབྲས་ལྗོངས་གཉིས་ཀྱིས་བོད་ལ་ལོ་རེ་བཞིན་ཁྲལ་ཅུང་ཟད་མཇལ་ཞིང་གནས་དེ་གཉིས་ལ་གཞན་གྱིས་བཙན་འཛུལ་བྱས་ཚེ་བོད་གཞུང་གིས་རོགས་སྐྱོར་འོག་ཏུ་ཡོད་ཅིང་། བོད་གཞུང་གིས་ཐེངས་ཁ་ཤས་ལ་དྭགས་དང་འབྲས་ལྗོངས་ཀྱི་ཆེད་དུ་དམག་འཁྲིགས་བྱས་མྱོང་ཡོད། དབྱིན་ཇིས་ཀྱི་མི་སེར་སྤེལ་བའི་རིང་ལུགས་འོག་ཏུ་དྭགས་བོད་ནས་ཁ་བྲལ་ཞིང་རྒྱ་གར་དུ་གྱུར་བ་རེད། གནས་ཚུལ་དེ་ནི་དབྱིན་གཞུང་གིས་བོད་དང་འབྲེལ་ཡོད་ཀྱི་ལུང་པ་དང་། རྒྱལ་ཁབ་ཀུན་ལ་དཀའ་ངལ་སྤྲད་ཅིང་འཛམ་གླིང་སྟེང་བོད་ནི་ཁེ་རྐྱང་ཟུར་སྡོད་ཀྱི་རྒྱལ་ཁབ་ཅིག་ཏུ་འཇོག་པའི་སྲིད་ཇིས་ཤིག་རེད།
འོན་ཀྱང་ལ་དྭགས་པ་མང་ཤོས་ཀྱིས་ཁོང་ཚོ་བོད་རིགས་ཡིན་པ་ངོས་ལེན་བྱེད་ཀྱིན་མི་འདུག་ལ་འདོད་འདུན་ཡང་མེད་པ་མཐོང་། མ་འོངས་བར་གནས་ཚུལ་གང་དུ་འགྱུར་བ་འགྲེལ་བཤད་ཁག་པོ་རེད། ངས་ལྟས་ན་ལ་མི་ཡི་སློབ་སྦྱོང་གི་གནས་ཚད་ཧ་ཅང་སྐྱོ་ཞིང་ཁོང་ཚོ་ནགས་གསེབ་ཀྱི་སྤྲེའུ་ལྟར་རང་ཉིད་ཀྱི་ཆད་ཁུངས་ཤེས་མཁན་ཧ་ཅང་དཀོན་པ་སྣང་ཞིང་། ལ་དྭགས་པ་མང་པོས་ཕྲན་ལ། ཁྱེད་ཉིད་བོད་པ་རེད་པས། ལུང་པ་མེད་པས་སྙིང་རྗེ་ཟེར་མཁན་མང་དུ་ཐུག་པས་ངའི་སེམས་སུ་ཁྱེད་ཚོར་ཡོད་པའི་ལུང་པ་ལྟ་བུ་ང་ཚོ་ཡོད་སྙམ་ཡང་རྩོད་པ་རྒྱབ་ན་དགོས་མེད་དུ་མཐུང་པས་བཏང་སྙོམས་སུ་བཞག་པ་ཡིན།
ད་ངས་ཁྱོས་ང་ལ་ཁ་གསལ་ཙམ་གསུང་དགོས་འདུག ཁུངས་དང་ལུང་ཡོད་ནི་བྱས་ཏེ་བཤད་དགོས་ཀྱི་འདུག ཡང་ན་དེབ་དང་ཡིག་ཆ་གང་ན་ཡོད་པ་བཤད་དགོས་ཀྱི་འདུག འདི་ནས་སྟབས་བདེ་མིན་ན་གོང་གི་ཡིག་སྒམ་ནང་དུ་གཏོང་རོགས། ཕན་ཅིག་ཐོག་པའི་རེ་བ་ཞུ།
སྤྱིར་རྒྱ་གར་དབྱིན་འོག་ཏུ་ཡོད་སྐབས་ལ་དྭགས་ཤོར་སོང་ཚུལ་འདི་ང་ལ་མཚོན་ན་ཁ་གསལ་མི་འདུག་སྙམ། ༸རྒྱལ་དབང་ལྔ་བའི་སྐབས་སུ་བོད་དམག་གིས་གླེ་རྒྱལ་ས་བར་དུ་དམག་དྲངས་མྱོང་བ་རེད། དེའི་ཡར་སྔོན་ནས་ལ་བོད་གཉིས་ཀྱི་ས་མཚམས་ཟེར་བའི་སྐད་ཆ་ཞིག་ཡིག་ཆ་གང་སར་མཐོང་རྒྱུ་འདུག ངས་བཔད་ཀྱི་ནུབ་རྒྱུད་མཐའ་མཚམས་དང་ལྷག་པར་དུ་ལ་དྭགས་ཕྱོགས་འདི་ལ་དོ་སྣང་གིས་ཡིག་ཆ་འཚོལ་བ་དང་མི་ལ་བཀའ་འདྲི་བྱས་པ་སོགས་གང་མང་མང་ཞིག་བྱས་མྱོང་ཡོད། འོན་ཀྱང་ཉིད་ཀྱིས་གསུང་པ་འདི་ཙམ་གྱིས་ཁུངས་འཕེར་རམ་ཁ་གསལ་མི་ཡོང་གི
ཡང་ལ་དྭགས་ཕྱོགས་ཀྱི་མི་ལ་སློབ་སྦྱོང་གི་གནས་ཚད་མཐོ་བོ་མེད་པ་དང་ལྷག་པར་མཁས་པ་མེད་ཚུལ་འདི་ངས་ཁས་ལེན་ཐུབ་མ་སོང་།
ལ་དྭགས་ན་ས་ཕུད་ཐུབ་བསྟན་དཔལ་ལྡན་དང་། བཀྲ་ཤིས་རབ་རྒྱས། ཌོག་ཌར་འཇམ་དབྱངས་རྒྱལ་མཚན། ཤག་པོ་ངག་བདང་ཚེ་རིང་སོགས་དེང་གི་མཁས་པ་དང་། དཀའ་ཆེན་ཡེ་ཤེས་དོན་གྲུབ་དང་འཕགས་པ་བ་ཀུ་ལ་སྐུ་ཕྲེང་སོགས་ཧ་ཅང་མང་པོ་འདུག་ཡ།
ད་གང་ལྟར་ཀྱང་ང་ལ་དགོས་པ་ནི་ལ་དྭགས་ཀྱི་སྐོར་ལ་ཉིད་ཀྱིང་མང་ཙམ་གསུང་རྒྱུ་དེ་ཡིན། ཐུགས་རྗེ་ཆེ་ཞུ།
མ་གཞི་ཕྲན་ལ་དུས་ཚོད་ཀྱི་ཁོམ་པ་དེ་ཙམ་མེད་པས་ཡོད་ཚད་གསལ་བཤད་དཀའ་ཡང་ཉིད་ཀྱི་ཐུགས་རེ་བཞིན་བཤད་ཁུལ་བྱ། ཤིང་རྟ༡༨༣༤ལོར་སིག་དམག་གིས་ལ་དྭགས་བཙན་འཛུལ་བྱས་བས་བཀའ་བློན་དངོས་གྲུབ་བསྟན་འཛིན་གྱི་མགོ་བཏགས་པས་ཆོས་རྒྱལ་གྱི་གདུང་རྒྱུད་ལ་དྭགས་རྒྱལ་པོ་བོད་དུ་སྐྱབས་བཅོལ་ཕེབས། ལོ་དེ་ནས་བཟུང་ལ་དྭགས་ཀྱིས་ཀ་སྨིར་གྱི་རྒྱལ་པོ་ལ་སྒོར་ལྔ་སྟོང་གི་ཁྲལ་འབུལ་རྒྱུའི་གྲོས་མཆོད་བཞག་ཅིང་ལ་དྭགས་ཀྱི་རང་དབང་ཤོར་རྒྱུའི་འཐན་ལྟས་བྱུང་། ལོ་དྲུག་སོང་རྗེས་ཛོ་ར་ཝ་སིང་དམག་དྲུག་སྟོང་དང་ལྷན་སླར་ཡང་གླེ་རུ་སླེབས་ནས་དངོས་གྲུབ་བསྟན་འཛིན་ཁྲི་ལས་ཕབས་ཏེ་ས་སྤྱོད་རྙིང་པ་ཞིག་དཔོན་དུ་བསྐོས་པ་མ་ཟད། བོད་དང་ཚོང་འབྲེལ་ཀུན་བཅད། ལ་དམག་དང་སིག་དམག་དཔུང་དུ་བསྒྲིལ་ནས་མངའ་རིས་སུ་བཙན་འཛུལ་བྱས་བ་བརྟེན། ལྕགས་གླང༡༨༤༡ལོར་བོད་གཞུང་གིས་མདའ་དཔོན་སྤེལ་བཞི་དང་ཟུར་ཁང་པ་སོགས་བཏང་ཞིང་སིག་དམག་དང་འཐབ་པས་མཚོན་ཆའི་བཟང་ངན་དང་མང་སྣ་ཉུང་གིས་མ་བརྟེན་པར་བོད་དམག་རྣམས་ཀྱིས་ཙུང་ཙམ་ཕམ་ཁ་བྱུང་། སླར་ཡང་སྤྱི་ཁྱབ་དཔལ་ལྷུན་གྱི་འོག་ཏུ་བཤད་སྒྲ་དབང་ཕྱུག་རྒྱལ་པོ་དང་དབུས་གཙང་གི་ཡུལ་དམག་བཏང་ཞིང་། དགུན་དུས་ཀྱི་གྲང་ཚད་ཟླ༡༡ཚེས༩དང་སྟུན་ནས་ཉིན་གསུམ་རིང་འཐབ་པའི་མཐར་སིག་དམར་གི་དམག་དཔོན་སྐད་གྲགས་ཅན་ཛོ་ར་ཝ་སིང་རྟ་ཞིག་ཞོན་ནས་ཡར་རྒྱུག་མར་རྒྱུག་བྱེད་སྐབས་ཡ་སོར་མིག་དམར་གྱིས་ངོ་ཤེས་ནས་མདུང་གིས་སྣུམ་ཞིང་མགོ་བཅད་ནས་བོད་ཀྱི་དམག་སྒར་དུ་འཁྱེར་བས་སིག་དམག་ཕམ་པ་རྒྱབ་ཅིང་དཔའ་པོ་ལོ་རྒྱུས་བྲིས། ལ་དྭགས་རྒྱལ་པོ་བོད་ནས་ཕྱི་ལ་དྭགས་སུ་བཏང་ནས་སྔར་བཞིན་རྒྱལ་པོ་བྱེད་དུ་བཅུག དེ་ནི་དགའ་ལྡན་ཕོ་བྲང་གི་ལོ་རྒྱུས་ནང་ཕྱི་རུ་འཐབ་པའི་རྒྱལ་ཁའི་ཐོག་མ་དེ་ཡིན་ལ་མཐའ་མའང་དེ་ཡིན། གོར་དམག་བར་མའི་སྐབས་སུ་རྒྱལ་ཁ་ཆེན་པོ་བླངས་ཀྱང་དེ་ནི་མན་ཇིས་རོགས་སྐྱོར་འོག་ཏུ་ཡིན་པས་ཕྲན་གྱིས་དགའ་ལྡན་ཕོ་བྲང་གི་བྱས་རྗེས་སུ་བགྲང་མི་ནུས་སོ།
ངས་འདོད་པའི་ལ་དྭགས་ཀྱི་མཁས་པ་ནི་ཆོས་ལ་མཁས་བའི་གང་ཟག་མིན་པར་འཇིག་རྟེན་མི་ཆོས་དང་ཆགས་འཇིག་གི་ལོ་རྒྱུས་ཀྱི་གོ་རྟོགས་ངེས་ཅན་ཡོད་མཁན་ལ་ཟེར་གྱིན་ཡོད། རྒྱུ་མཚན་ནི་ངེད་གཉིས་བཤད་པའི་བརྗོད་བྱ་ནི་ཆོས་ལུགས་མིན་པར་ཆབ་སྲིད་དང་བདག་དབང་། མི་རིགས་ཀྱི་ཆད་ཁུངས་གླེང་བས་རེད། ལ་དྭགས་ལ་དེ་འདྲའི་མཁས་པ་མང་ན་ད་ལྟ་ལ་དྭགས་ཀྱི་ལོ་རྒྱུས་ཁ་གསལ་མེད་པའི་གནས་སྟངས་འདི་བྱུང་དགོས་དོན་མེད། ངས་ལ་དྭགས་པར་མང་པོ་སྐད་ཆ་དྲིས་སྐབས་ཁང་ཚོས་ཐ་ན་རང་གི་རྒྱལ་པོའི་ཡོང་ཁུངས་བོད་ནས་ཡིན་པ་ཤེས་མཁན་དཀོན་པོ་རེད། གཅིག་བྱས་ན་ང་འཕྲད་པའི་ལ་དྭགས་པ་རྣམས་བླུན་པོ་རྐྱང་རྐྱང་ཡིན་སྲིད་པས་རེད། ཁྱེད་ཀྱིས་གསུངས་བའི་ལ་དྭགས་པའི་མཁས་བ་དེ་ཚོར་གསུངས་རྩོམ་ག་ཚོད་ཡོད་མེད་དང་དེ་ཚོས་བྲིས་བའི་རྩོམ་ཡིག་སྐད་གྲགས་ཅི་ཡོད་མེད་གསུངས་ཐུབ་ན་ལེགས་པ་འཁུམས།
ལ་དྭགས་དུ་ལ་དྭགས་པ་མ་གཏོགས་བོད་མི་རྣམས་ཀྱིས་ཡུལ་སྐོར་སྣེ་ཤན་དང་འགྲིམ་འགྲུལ་ལས་ཁུངས་བཅས་གཙུགས་པའི་དབང་ཆ་མེད་ལ། ཀྱོག་ལམ་སར་ཡོད་པའི་སྐུ་མདུན་གྱི་ཕོ་བྲང་ཡང་བོད་མིའི་ལག་ནས་ལོ་ཁ་ཤས་གཞུང་བཞེས་བྱས་མཐར་བོད་ལ་ཕྱིར་སྤྲད་པ་དང་། ལ་དྭགས་ཀྱི་སློབ་དགེ་བོད་མི་རྣམས་ལོ་ངོ་དྲུག་བདུན་ཙམ་གྱི་གོང་གནས་དབྱུང་བཏང་རྩིས་བྱས་པའི་དཀའ་རྙོགས་བྱུང་ཡང་། ལ་མི་ཚོ་ད་དུང་དགེ་རྒན་གྱི་ཤེས་ཚད་མ་འདངས་བས་བོད་པ་རྣམས་ལ་ལས་ཀ་མི་སྤྲད་ཐུབ་མེད་ཆགས་སོགས་ཀྱི་གནས་ཚུལ་བྱུང་། གང་ལྟར་ང་ཚོས་ཤེས་གསལ་ལ་དྭགས་པའི་གྲས་ནས་བོད་མི་ཡིན་པའི་འདུ་ཤེས་འཛིན་ཤིན་ཏུ་ཉུང་པ་མ་ཟད། ལ་དྭགས་པ་མང་པོས་དེ་སྔོན་ལ་དྭགས་དང་བོད་གཉིས་མཉམ་གནས་བྱས་བའི་ལོ་རྒྱུས་ཁས་ལེན་བྱེད་མཁན་དཀོན་ལ། ཁོང་ཚོ་དེ་སྔོན་དབང་བཙན་གྱི་ལུང་པ་ཡིན་པའི་འདུ་ཤེས་འཛིན། བོད་བཙན་པོའི་སྲིད་དབང་ཐོར་རྗེས་བོད་མི་རྣམས་ལ་གཅིག་གྱུར་གྱི་སྲྲིད་དབང་མེད་ཅིང་། དབུས་གཙང་གི་བདག་དབང་འཛིན་མཁན་གྱི་བོད་གཞུང་དགའ་ལྡན་ཕོ་བྲང་བས་ཁམས་དང་ཨ་མདོ་ལས་འབྲས་ལྗོངས་དང་ལ་དྭགས་སྲུང་སྐྱོར་བྱས་བ་མ་ཟད་དེ་གཉིས་ཆེད་དུ་དམག་རྒྱབ་པའམ་རྒྱག་རྩིས་བྱས་མྱོང་ཡོད། འོན་ཀྱང་ཁམས་དང་ཨ་མདོའི་ཆེད་དུ་དེ་ལྟར་བྱས་མྱོང་མེད། ང་ལ་མཚོན་ན་ལ་དྭགས་ལ་དོགས་སྣང་དེ་ཙམ་མེད་ལ་ལ་མི་བོད་ཆགས་པའི་དམིགས་ཡུལ་དེ་བས་ཀྱང་མེད། དེར་ཆགས་ཆེད་ལས་དོན་སྒྲུབ་པ་ནི་བོད་མིར་ཁེ་ཕན་ལས་གནོད་པ་མང་པས་ཡིན། ད་ལྟ་བོད་ཀྱི་ས་ཆ་ཡོད་ཚད་གཞན་ལག་ཏུ་ཤོར་པས་ལ་དྭགས་ལྟ་བུ་བོད་ཀྱི་ཡན་ལག་གམ་ཡ་མ་ཟུང་ཞིག་བོད་པ་སྒྲུབ་པའི་དུས་ཤིག་མིན་ལ་སྒྲུབ་པའི་ནུས་པའང་ང་ཚོར་མེད། ལ་དྭགས་པ་གང་ཞིག་བྱེད་འདོད་མིན་ལ་དྭགས་པ་འབུམ་ཚོ་གཅིག་གི་བློ་འདོད་དང་སྟུན་ནས་ཐག་གཅོད་བྱེད་དགོས་བ་ལས་ལོ་རྒྱུས་ཤིག་ལ་གཞི་བཅོལ་དགོས་བའི་གནད་དོན་ཞིག་མེད་དེ། མི་རིགས་དང་ཆད་ཁུངས་གཅིག་པའི་མི་རིགས་མང་པོ་ཐ་དད་ཀྱི་རྒྱལ་ཁབ་ཡོད། དཔེར་ན། འཇན་མན་དང་ཨོ་སི་ཌི་རི་ཡ། སི་ལོ་ཝ་ཁི་དང་ཆེ་ཁི་ལྟ་བུ་རེད།
ད་བདེ་མོ། ཆུ་ཚོད་མི་འདུག ཞིབ་པར་ཤེས་འདོད་ན་བོད་དང་ཀ་ཤི་སྨིར། རྒྱ་གར་དབྱིན་གཞུང་གི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་ཞིབ་པ་གཟིགས་དང་། གསལ་ཆ་ཡོང་ངེས་རེད།
དབྱངས་ཅན་ངག་གི་རོལ་མཚོ་་་
༡༽
བོད་ཁམས་ན་སྙན་པའི་གྲགས་དཀར་གྱི་བ་དན་མཁའ་དབྱིངས་སུ་སྐྱོད་ཅིང་་་་
གངས་འདབས་ལས་སྐྱེས་པའི་ཁ་བའི་མེ་ཏོག་དག་གི་སེམས་ངོགས་ན་འཁྲིལ་བའི་་་་་་་
དབྱངས་ཅན་ངག་གི་རོལ་མཚོའམ་་་་
ལེགས་བཤད་ནོར་བུའི་འབྱུང་ཁུངས་་་་་་
ཁམས་པའི་སྙན་འགྲེལ་ཆེན་མོ་སོགས་་་་
གཅེས་མིང་ཅི་ཡོད་ཀྱི་གདགས་གཞིའི་གླེགས་བམ་ཆུང་ཆུང་་་་་
མུ་མཐའ་དང་བྲལ་བའི་རྩ་ཐང་ནས་རིན་ཆེན་གྱི་རིན་ཐང་ལྡན་པའི་སྙིང་གི་སྡུག་གུ་མས་ད་དུང་ཁྱོད་ལ་་་་་་
སྙིང་མིག་སྲོག་གསུམ་གྱི་སྙིང་གཏམ་ཡོད་ཚད་བསྐྱལ་ཡོད་ལ་བློ་ཡིད་སེམས་གསུམ་གྱི་འབུལ་བ་ཡོད་ཚད་ཕུལ་ཡོད་་་་་་
གལ་ཏེ་ཁྱོད་མེད་པའི་སྐྱ་རེང་གི་ཞོག་དུས་ན་་་་་་་་་
རི་ནག་པོ་དགུ་ཡི་ཕར་ཐ་ན་ཡུལ་ལྗོངས་ཀྱང་ནག་ཐིང་ངེ་་་་་་་་
དུས་དེ་དུས་རི་བོ་གངས་ཅན་ཀྱང་མུན་ནང་གི་ཐོ་ཡོར་ཞིག་ལས་གཞན་ཅི་་་་་
རི་སྤོས་ངད་ལྡན་པ་ལས་ཤང་རྒྱུད་འགེངས་པའི་དྲི་ཞིམ་དེ་ཡང་དྲི་མ་ནི་དྲི་མ་རང་རེད་་་་་་
མ་དྲོས་ཀྱི་མཚོ་མོ་འཁྱིལ་སྲིད་ལ་ཁ་འབབ་རྣམ་བཞི་འབབས་སྲིད་ཀྱང་་་་་་་
སྙིང་མིག་གི་དུང་བའི་སེམས་ངོག་ན་་་་་
དེ་དག་ནི་དངོས་པོ་རང་གར་བ་ཞིག་གི་བརྟུལ་ཞུགས་མི་འཛིན་ཐབས་མེད་རེད་་་
དེས་ན་ཁྱོད་ད་དུང་སྐུ་ཚེ་བརྟན་དགོས་་་་
ངེས་པར་བརྟན་དགོས་་་་
ཁྲི་ལོ་ནས་ཁྲི་ལོའི་བར་དུ་བརྟན་དགོས་་་
༢༠༡༠།
ལབ་བརྡོལ་ཕྲན་བུ་་་་་་་
མི་སྡུག་འཇིག་རྟེན་འཁོར་བའི་ཕ་མཐའ་ན།། ལོ་དྲུག་ལོ་ལ་བསད་པའི་ངལ་དུབ་ཀྱི།།
གདུང་པའི་སྡུག་ཡུས་སུ་ལ་མི་སྨྲ་སྟེ།། རང་གི་རང་ལ་ལབ་བརྡོལ་ཕྲན་བུ་བྱ།།
ཐོག་མའི་གོམ་ཁ་ལས་ཀྱིས་བསྒྱུར་བ་ལ།། ང་ཁྱོད་འཁོན་པའི་སྣ་འཛིང་ཅི་ཞིག་བྱེད།།
མི་བརྟན་དངོས་པོས་བསླུས་པ་སུས་ཀྱང་ཤེས།། ཚོར་འདུ་ཟབ་མོའི་ཁུར་པོ་ཅུང་ཟད་ཕབས།།
ཡ་ཀིའི་དཀོན་མཆོག་ལྷ་ཡི་མདུན་ས་ན།། མིག་ནས་ཡིད་ཀྱི་བར་དུ་གཏད་པའི་མཐར།།
གཞལ་དཀའི་འཇའ་ཚོན་དྲྭ་བའི་ཁོར་ཡུག་ན།། གནས་ལུགས་ལྟ་བའི་གཤོག་རྩལ་ངོ་མཚར་ཆེ།།
སེམས་ཀྱི་གསང་བའི་འབྲེལ་ཐག་སྐྱེན་པོའི་སྣེ།། ལྡོག་ཏུ་མེད་པ་མེས་པོའི་རུས་ལ་ཐེབས།།
ཕ་ཡི་སྐུ་ཐང་བསྙེལ་པའི་རྣམ་པ་ཉིད།། མཐོང་ཚེ་སྐྱོ་བའི་ཟུག་རྔུ་བཟོད་བླགས་བྲལ།།
རྐྱེན་ངན་དུ་མས་བརྡས་པའི་མི་ཡུལ་ན།། འགོག་པའི་དཀའ་ཚེགས་ཕྲན་ཙམ་མི་འདོད་ན།།
ལྷུ་དྲུག་རྫོགས་པའི་ལང་ཚོའི་མེ་ཏོག་ཡང་།། སེར་ཁ་རྒོད་པ་འཇིག་རྟེན་ཆོས་ཉིད་ཡིན།།
ལུང་རྟོགས་སྙིང་གི་ཀློང་ན་འཛུམ་པའི་མདངས།། མཐའ་ཀླས་ཞི་བསིལ་བཞད་པའི་དྲི་བསུང་ཁམས།།
ཡང་ཡང་ལྡང་བའི་ངུར་སྨྲིགས་འཛིན་པའི་སྡེ།། ལན་གཅིག་མིན་པ་སེམས་ཀྱི་རྒྱན་དུ་བསུ།
བདེན་པའི་བུ་ལ་རྫིགས་པའི་ཉམས་སྣང་དང་།།ཁ་སྣའི་གཉེར་མ་འཁྲིགས་པའི་མཁའ་དབྱིངས་སུ།།
ཟིམ་བུ་ཆར་གྱི་བརླན་བཤེར་མེད་གྱུར་ན།།མ་རྨོས་ལོ་ཏོག་རེ་བའི་རྨི་ལམ་ཡིན།།
ཕ་བུ་འབྲེལ་བའི་བལ་རྐུད་ཕྲ་མོ་ཉིད།།རྒུད་པའི་རྩ་བ་གློད་མཁན་རང་ལ་ཐུག།།
གཡང་དཀར་ལུ་ཁྱུའི་འཕེལ་ཁ་མ་སྲིང་ན།།སོན་རྩ་གཞན་ལ་འདུན་པའི་གཏད་སོ་བྲལ།།
ཡང་ན་མཐའ་བྲལ་ཆོས་སྐུའི་རྒྱལ་ས་ན།།རྩེན་པའི་དགའ་སྟོན་བྱིན་རླབས་ནོར་བུའི་འོད།།
མཐོ་བརྗེད་གངས་ཀྱི་རི་བོའི་ཁོང་སེང་ནས།།ནོར་འཛིན་ལྷ་མོའི་བཞིན་ལ་འཛུམ་པར་སྨོན།།
ཡང་ན་ཀུན་གྱིས་བརྫིས་པའི་ཐེག་པ་ལ།།གོམ་ཤུག་གློགས་འགྱུ་སྣ་ལྔའི་ཚོན་རིས་དེས།།
ཕྱི་ལྟས་མེད་ཀྱང་སྔ་ལྟས་མི་དགོས་པར།།ཆས་པའི་ས་དེར་བང་འགྲོས་མཚུངས་པར་སྨོན།།
དག་པའི་སེམས་ལ་་ཁ་སྣོན་མི་དགོས་ཤིང་།།ཞེན་ཆགས་དམར་པོ་ཟབ་ཏུ་མ་སོང་ན།།
བསྐོས་པའི་ལམ་སྣེ་ལྡོག་པས་ཇི་ལྟར་མནན།།རིགས་མཐུན་རྟིང་མའི་སྐྱེ་བོ་གང་ནས་བགྲོད།།
དེ་ལྟར་སེམས་ཀྱི་ཚོར་འདུ་རག་པ་ལ།།ལོགས་སུ་འགྲེལ་པའི་ཐབས་ཤེས་མ་རྙེད་ནས།།
འཁྲེང་བའི་ཡུལ་ལ་ཕྱི་ལྟས་ལན་མང་བཅས།།འུ་ཐུག་མཐའ་ལ་བསེ་རུ་བརྟུལ་ཞུགས་བླང།།
༢༠༡༠།༨།༣༡
ཁ་བརྡའི་རྩོམ་བསྒྲིག་པ་མཆོག་ལ་གུས་གསོལ།༼སྙིང་མིག་ནས་༽ནས༽
ཁོ་བོའི་མིང་བྱང་གི་སྣེ་མོ་ན་ནས་སྒྲ་གཉིས་སླེབས་འདུག་པས་ཐ་མ་དེ་དབྱི་རོག་
ཞུ།
མཐོ་སྒང་གི་འབྲོག་པ་དྲན་གླུ།
དྭངས་ཤིང་གཙང་ལ་ཤང་ཤང་འབབ་པའི་ཀླུང།། སྔོ་ཞིང་སྣུམ་ལ་ཡིད་དབང་འཕྲོག་པའི་ཐང་།།
དཀར་ནག་ཕྱུགས་ཀྱི་རྩེ་འཇོ་རྒོད་པའི་ལྗོངས།། མཐོ་སྒང་འབྲོག་པའི་རྩ་ཐང་དྲན་ནས་སྐྱོ།།
ལོ་ལོན་ཆོས་ལ་མོས་པས་རང་སེམས་དཀར།། གཞོན་ནུ་དུང་ཤ་རྒྱས་པས་གཤིས་ཀ་གཙང་།།
དྲང་བདེན་ལམ་ལ་གོམ་པས་ཡུལ་སྲོལ་བཟང་།། མཐོ་སྒང་འབྲོག་པའི་བརྩེ་དུང་དྲན་ནས་སྐྱོ།།
སྨུག་ནག་སྐོང་ར་ཆེ་བ་གྲུ་བཞི་སྦྲ།། རྔམ་བརྗེད་དོད་པར་རྩིག་པའི་སྒ་དང་སྟན།།
འབྲུ་བཅུད་བཟང་པོའི་གཏམས་པ་ཡ་སྒྲོ་སོགས།། མཐོ་སྒང་འབྲོག་པའི་གཅེས་ནོར་དྲན་ནས་སྐྱོ།།
ཞིམ་མངར་རོ་བརྒྱ་ལྡན་པ་ཞོ་གྲོ་མར།། ལུས་ཟུངས་ལང་ཚོ་སྲིང་པ་འབྲི་གཡག་ཤ།།
ནད་བརྒྱ་སེལ་བའི་སྨན་མཆོག་ཙམ་པ་སོགས།། མཐོ་སྒང་འབྲོག་པའི་བཟའ་བཅའ་དྲན་ནས་སྐྱོ།།
མུན་ནག་ཀློང་དུ་སྤྱང་དྲེད་རྐུ་ཇག་རྒོད།། ཆར་རླུང་ཁྲོད་དུ་སྒོ་ཁྱིའི་ཟུག་སྒྲ་ཆེ།།
མཁའ་ནས་གློགས་ཞགས་འཁྱུག་ཅིང་ས་གཞི་འདར།།
མཐོ་སྒང་འབྲོག་པའི་ཞེད་སྣང་དྲན་ནས་སྐྱོ།།
ཅང་ཤེས་རྟ་ཕོའི་མཚེར་སྐད་སི་ལི་ལི།། འབྲི་གཡག་དར་མའི་ངུར་སྒྲ་ལྷབས་སེ་ལྷབས།།
གཡང་དཀར་ལུ་གུ་འབའ་སྐད་དི་རི་རི།། མཐོ་སྒང་འབྲོག་པའི་སྙན་ངག་དྲན་ནས་སྐྱོ།།
རི་ཆུ་ཐུར་ལ་རྒྱུག་པའི་མྱུར་མགྱོགས་ཆེ།། འགྲོས་ལྡན་རྟ་མཆོག་གོམ་པའི་ལྡིར་སྒྲ་ཆེ།།
བཅོས་བོག་འབེན་ལ་རྒྱག་པའི་སྤོབ་སྒྲ་ཆེ།། མཐོ་སྒང་འབྲོག་པའི་སྒྲ་ཆེན་དྲན་ནས་སྐྱོ།།
གཞན་གྱི་བྲན་དུ་གྱར་བས་ཡིད་ཐང་ཆད།། རང་གི་རིག་གཞུང་ཉམས་པས་སེམས་པ་སྐྱོ།།
གཞིས་བྱེས་ལྷན་འཛོམས་ཡོང་ལ་རེ་བ་ཟབ།། མཐོ་སྒང་འབྲོག་པའི་ཚོར་སྣང་དྲན་ནས་སྐྱོ།།
སྒོ་བཞིའི་ཕྱུགས་རིགས་རྩ་ཐང་བག་ཡངས་རྒྱུ།། རྫི་ཇ་བསྐོལ་བའི་དུ་རླང་མཁའ་ལ་འཕྱོ།།
སྤྲོ་སེམས་འཁོལ་བའི་གླུ་ཆུང་ཟི་རི་རི།། མཐོ་སྒང་འབྲོག་པའི་རྫི་བོ་དྲན་ནས་སྐྱོ།།
དབྱར་གསུམ་སྤྲིན་བཅུད་ཟིམ་བུས་ནགས་ཀླུང་རྒྱས།།
དགུན་གསུམ་ལྷག་རླུང་འཚུབ་མས་ཆུ་ཀླུང་བསྡམ།།
སྟོན་གསུམ་ཐང་ཤིང་ཡལ་ག་འབྲས་བུས་དུད།། མཐོ་སྒང་འབྲོག་པའི་ལས་དབང་དྲན་ནས་སྐྱོ།།
ཨ་མྱེའི་མནའ་གཏམ་རིང་མོར་ཟད་དུ་མེད།། ཨ་བུའི་མ་ཎི་དབྱངས་རྟ་མཚམས་འཇོག་མེད།།
བུ་ཚའི་དགྲ་འདུལ་གཉེན་སྐྱོང་ཁ་ཕྱོགས་གླེང་།། མཐོ་སྒང་འབྲོག་པའི་གཏམ་རྒྱུད་དྲན་ནས་སྐྱོ།།
ཐེ་ལག་བྲག་ལ་འཛེགས་པའི་སྦར་ཁ་སྐྱེན།། ཐོན་ངེ་གཟན་ལ་ཤོར་བའི་འདུར་རྒྱུག་མགྱོགས།།
ཡ་རུས་འདམ་དུ་དྲུད་ལ་གཉའ་ཤུགས་ཧྲག།། མཐོ་སྒང་འབྲོག་པའི་ཆུང་གསུམ་དྲན་ནས་སྐྱོ།།
ཁྱུང་གཡག་རྡུང་ཁ་བཀྱེ་ལ་རྭ་སྐོར་མཁས།། ཐུག་རེ་རྒོལ་རྡུང་བྱེད་ལ་གྲུང་ཤ་དོད།།
ཅོ་རེ་མཁའ་ལ་འཕྱོང་བའི་རྒྱུ་རྩལ་སོགས།། མཐོ་སྒང་འབྲོག་པའི་དཔའ་རྟུལ་དྲན་ནས་སྐྱོ།།
བྱིས་པའི་བྱེ་མའི་ཕོ་བྲང་ཅི་དགར་བཞེངས།། བེའུ་ཆུང་རྔ་མ་དཔྱི་སྟེང་འཕྱར་ནས་རྩེན།།
རྟེའུ་ཆུང་ཁུག་འགྲོག་བྱེད་སྟེ་ཕྱོགས་བཞིར་གར།། མཐོ་སྒང་འབྲོག་པའི་རྩེ་འཇོ་དྲན་ནས་སྐྱོ།།
དེ་ལྟར་མཐོ་སྒང་འབྲོག་པའི་གཤིས་ཀ་ཉིད།། དྲན་ཚེ་སྐྱིད་དང་སྐྱོ་སྣང་ཟུང་འབྲེལ་གྱིས།།
སེམས་ཀྱི་ཀློང་དུ་འཆར་བའི་རྣམ་པ་འདི།། མ་བཅོས་ངག་གི་ལམ་ནས་ཁྱོད་ལ་བསྲིང།།
༢༠༡༠།༣།༡༨