གཡང་སྐྱབས་རྒྱལ་གྱིས།
—————
དེ་རིང་ཡང་ངས་གཏན་ཡན་ཞིག་ཐོས་ནས་རྩོམ་འདི་འབྲི་དགོས་ཤར། རྩོམ་ཞིག་བྲིས་པ་ཙམ་གྱིས་ཕན་གནོད་འབྲེལ་བའི་འགྱུར་བ་ཞིག་ཡོང་བའི་རེ་བ་མེད་ན་ཡང་། ང་དང་ང་འདྲ་བའི་བསམ་ཚུལ་འཛིན་པ་དག་ཀྱང་འཛམ་གླིང་འདི་ན་ཤི་མེད་པའི་རྣམ་པ་ཞིག་བསྟན་པ་རེད་བསམས།
ཁ་སང་ཁེ་ཉིན་ཞིག་ལ་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་བོད་དོན་རྒྱབ་སྐྱོར་བའི་ཚོགས་འདུ་ཞིག་འཚོགས་ཡོད་སྐད་དང་། ཚོགས་ཐོག་དེར་དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེས་གསུང་བཤད་གནང་སྟེ། “༡༩༤༩ ཡར་སྔོན་དུ་ཨ་མདོ་ཡོངས་དང་ཁམས་ཀྱི་ཕྱེད་དེ་རྒྱ་ཁོངས་རེད་”ཅེས་བཤད་ནས་དབུ་མའི་ལམ་གྱི་སྲིད་བྱུས་འདིས་ངོ་མ་བཤད་ན་”ཁྲིམས་མཐུན་དུ་མེད་པའི་བོད་ཀྱི་ས་ཁུལ་དགོས་པའི་”དགོས་འདུན་བཏོན་ཡོད་པ་དང་། “དབུ་མའི་ལམ་”ལ་ཆག་ཡངས་གང་ཡང་གཏོང་ཐབས་མེད་པ་ལ་བརྟེན་ནས་བོད་རྒྱའི་འབྲེལ་མོལ་དང་ཞི་མོལ་ལ་ལམ་ལྷོང་མ་བྱུང་ལུགས་བཤད་སོང་ཟེར། གུང་ཁྲན་གྱིས་འབྲེལ་མོལ་ལམ་ལྷོང་མ་བྱུང་བའི་ཁག་འགེལ་དེ་བོད་གཞུང་ལ་བཀལ་བའི་ཐོག་ ང་ཚོའི་སྐུ་ཚབ་ཀྱིས་ཀྱང་ལམ་ལྷོང་མ་བྱུང་བའི་ཁག་འགེལ་དེ་ང་ཚོར་བཀལ་བ་འདི་འདྲ་ནི་ཡིན་མི་སྲིད་པ་ཞིག་རེད་བསམས་ནས་སྙིང་རླུང་སྟོད་ལ་འཚངས། ལམ་སེང་རྒྱལ་སྤྱིའི་བོད་དོན་སྐད་འབོད་ལས་ཁུངས་ཀྱི་དྲ་རྒྱའི་ཐོག་བལྟས་པ་ཡིན་མོད། ཚོགས་འདུའི་སྐོར་མཐོང་ཡུལ་དུ་མེད་ཅིང་། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲ་རྒྱ་དང་ཕ་ཡུལ་དྲ་རྒྱ་ལ་བལྟས་མོད་ཚོགས་འདུ་དེའི་སྐོར་མཐོང་ཡུལ་དུ་མི་འདུག
ད་ཡང་འདི་རེད། གསང་བ་ཆེན་པོ་དང་གལ་ཆེན་པོ་ཡིན་མདོག་གིས་ཚོགས་འདུ་ཞིག་བསྐོངས་ནས། བོད་ཀྱི་ལོ་རྒྱུས་ལ་དོ་ཕོག་གཏོང་བ་དང་བོད་མིའི་སེམས་ཁམས་ལ་ན་ཚ་གཏོང་བའི་སྐད་ཆ་འདི་འདྲ་བཤད་འདུག ང་ཚོའི་མི་ཐོག་འདི་ལ་བོད་རང་བཙན་མ་ཐོབ་ཀྱང་། མི་ཐོག་རྗེས་མའི་མདུན་ལམ་ལ་སྒོ་ལྕགས་བརྒྱབ་མི་ཆོག་པ་རེད། དེའི་སྟབས་ཀྱིས་དེ་རིང་ནས་བཟུང་ངས་རྒྱ་རི་རིན་པོ་ཆེ་དགོངས་པ་ཞུ་རོགས་ཞེས་འབོད་སྐུལ་བྱེད་རྒྱུ་ཡིན། འདིའི་རྒྱུ་མཚན་ནི་ང་རྒྱ་རི་རིན་པོ་ཆེ་ལ་མ་དགའ་བ་ཡང་མིན་ལ། རྒྱ་རི་རིན་པོ་ཆེས་བོད་དོན་ལ་བྱས་རྗེས་བཞག་མེད་པ་རེད་ཅེས་ཀྱང་ཞུ་གི་མེད། ངའི་རྒྱུ་མཚན་ནི་གཙོ་བོ་དོན་ཚན་གཉིས་ཀྱི་ནང་དུ་འདུ་བ་ཡིན།
དོན་ཚན་དང་པོ་ནི། རྒྱ་རི་རིན་པོ་ཆེས་དམིགས་བསལ་སྐུ་ཚབ་ཀྱི་འགན་བཞེས་ནས་ལོ་ངོ་བཅུ་ཕྲག་བརྒལ་ནས་འགྲོ་གི་ཡོད། དམིགས་བསལ་སྐུ་ཚབ་ཀྱི་དུས་ཡུན་འདིའི་ནང་ཨ་རིའི་སྲིད་འཛིན་གཉིས་བརྗེ་ནས་གསུམ་པའི་ཐོག་ལ་འགྲོ་གྲབས་བྱེད་ཀྱིན་ཡོད། བོད་དོན་ཐད་འབྲེལ་མོལ་ཐེངས་བདུན་བརྒྱད་ཅིག་བྱས་ནས་གྲུབ་འབྲས་མ་ཐོན་པ་དེ་རེད། དེ་ལྟར་ན་མི་གསར་པ་ཞིག་ལ་གོ་སྐབས་སྤྲོད་རོགས་ཞེས་ཞུ་བ་དེ་ཡིན།
དོན་ཚན་གཉིས་པ་ནི། རྒྱ་རི་རིན་པོ་ཆེ་བགྲེས་ཡོལ་ཕེབས་པའི་ལོ་ཚད་ལ་སླེབས་ཟིན་པ་རེད། རྒྱ་རི་རིན་པོ་ཆེ་དང་མཉམ་དུ་ཕྱག་ལས་གནང་མཁན་གྱི་གྲས་ན་བགྲེས་ཡོལ་དུ་མ་ཕེབས་མཁན་ད་ལྟ་ཧ་ལམ་ཡོད་པ་མ་རེད། ང་ཚོས་གང་ཟག་གཅིག་གི་འཇོན་ནུས་ལ་འཐམས་ནས་བསྡད་ན། “མི་རབས་ནས་མི་རབས་བར་གྱི་རང་དབང་འཐབ་རྩོད་”དེ་ཡོང་ཐུབ་ཀྱི་མ་རེད། དེས་ན་ངེད་ཀྱི་སྐད་འབོད་ནི། “རྒྱ་རི་རིན་པོ་ཆེ་དགོངས་པ་ཞུ་རོགས།”ཞེས་པ་འདི་ཡིན།
ཨོ་ཡ། ངས་དེ་ལྟར་བཤད་དུས་ཁྱོད་ཚོ་ཚང་མ་ངའི་ཐོག་ལ་ངར་ངར་ཕད་ཕད་ཀྱིས་བརྒྱུགས་ཡོང་ནས་ཚིག་ངན་ལུང་བ་གང་ངའི་སྟེང་དུ་བཤོ་སོང་ང་། ད་ལྟ་༧གོང་ས་མཆོག་གི་དམིགས་བསལ་གྱི་སྐུ་ཚབ་ཀྱི་ཁ་ནས་ཀྱང་འདི་ལྟ་བུའི་ལོ་རྒྱུས་ཀྱི་དོན་དངོས་ཐོན་ཡོང་ནས་ཁྱོད་ཚོའི་ཕོ་གྱོད་བླ་མའི་ལག་ཏུ་མོ་གྱོད་འཕྲེད་དུ་བཞག་འདུག་པས། ད་ངས་ཅིག་བལྟ་ཡ།
རྒྱ་རིའི་”ཕྱེད་བོད་རང་བཙན་”ལོ་རྒྱུས་ཀྱི་ལྟ་བའི་ཁུངས་གཏུགས་ས་ངོ་མ་དེ་གང་ཡིན་དང་རྒྱ་རིས་དེ་ལྟར་བཤད་ཡོད་མེད་གསལ་བོ་ཞིག་ཤེས་ན་འདོད།
ཨ་རིའི་གྲོས་འཚོགས་གོང་འོག་གི་འཐུས་མི་མང་ཆེ་བ་ལོ་ཉི་ཤུ་ནས་སུམ་བཅུའི་རིང་ལ་འཐུས་མི་བྱས་པའི་རྒན་པོ་རྒན་མོ་རྐྱང་རྐྱང་ཡིན་པས་། རྒྱ་རི་ལས་ལྷག་པའི་ཁོང་ཚོ་ལ་འབྲེལ་ཐག་ཉེ་བ་བོད་ལ་མེད། སྤྱིར་རྒྱ་རི་འདྲ་བའི་མགོ་སེར་ཚོ་ལ་འབྲེལ་བ་འཛིན་མཁས་པོ་ཞིག་བོད་ནང་བྱུང་མེད། འོ་ན་རྒྱ་རིའི་ཚབ་ལ་སུ་འཇོག་གི་ཡིན། རྒྱ་རི་འདྲ་བའི་མི་འཇོན་པོ་ཞིག་ཞོགས་དང་། དེ་ནས་ང་ཚོས་བསམ་བློ་བཏང་ཆོག
རྒྱ་རི་བློ་གྲོས་ཀྱིས་སྐད་ཆ་འདི་འདྲ་དངོས་ནས་བཤད་ཡོད་མེད་ཀྱི་ཁུངས་ང་ཚོ་དགོས་ཀྱི་འདུག དེ་འདྲ་དངོས་ནས་བཤད་ཡོད་པས་ཁུངས་ཤིག་རྙེད་སོང་ན། ད་གཟོད་ངེད་ཅག་གིས་རྒྱ་རི་མིང་ཐོག་ལ་ཡི་གེ་འབྲི་དགོས་ཀྱི་འདུག ཨ་མདོ་ཁམས་རྒྱ་ཁོངས་རེད་ཟེར་ནས་ཁོ་རང་གིས་རྒྱ་ནག་སྲིད་གཞུང་ལ་ངོ་དགའ་སྤྲེལ་ལད་འཁྲབ་འདོད་ཀྱི་བོད་པ་ཚང་གི་མ་འོངས་འབྱུང་འགྱུར་གྱི་ལས་དབང་ཁོས་ཐག་གཅོད་བྱེད་པས་དབང་ཚད་གཏན་ནས་མེད་པ་ཤེས་དུ་འཇུག་དགོས་པ་རེད། བོད་དོན་ཟེར་དུས་ཁོ་རང་མི་གཅིག་གི་ཁ་ནས་གང་ཐོན་རྒྱལ་སྤྱིའི་སྟེང་དུ་བསྒྲགས་ཆོག་ཆོག་ཞིག་མིན་པ་དངོས་ཤུགས་བརྒྱུད་གསུམ་ནས་ཤེས་སུ་མཇུག་དགོས་ཀྱི་འདུག ད་མི་འདི་ཚོ་དང་ཀླུ་སྨྱོན་ལྟ་བུ་ཚོས་འཁྲིས་ཀྱི་བོད་པ་ཟེར་བ་འདི་ཁ་འཐོར་དགུ་འཐོར་དུ་སོང་ན་བློ་བདེ་ལ་བབས་ཀྱི་ཡོད་པ་རེད་དེ། བོད་མི་དམངས་ཀྱིས་དེ་འདྲ་གཏན་ནས་འདོད་ཀྱི་མེད་པ་ཤེས་སུ་འཇུག་དགོས་ཀྱི་ཡོད། སྐད་ཆ་འདི་འདྲ་ཞིག་དངོས་ནས་བཤད་ཡོད་མེད་དེ་གསལ་བོ་བྱེད་དགོས་ཀྱི་འདུག དེ་མིན་ཁ་རྫུན་འདྲ་བོ་ཡིན་ན་གཏན་ནས་ཡག་པོ་མེད། རྒྱུ་མཚན་གསལ་བོ་དང་དུས་ཚོད་ནམ་ཡིན། ཟླ་ཚེས་དང་བཅས་པ་གསལ་བོ་ཞིག་དྲ་ཚིགས་འདིར་བཀོད་ཐུབ་ལ་འབད་རོགས་གནོང་། དེ་ནས་རྒྱ་རི་ཚང་གི་གོ་ན་སེམས་ན་བའི་སྐད་ཆ་དེ་འདྲ་བཤད་ཡོད་པ་ཡིན་ན། ད་ནི་ངེད་ཅག་གི་ཁམས་དང་ཨ་མདོ་མི་དམངས་ལ་ཤེས་སུ་བཅུགས་ནས་ག་རེ་གསུང་གི་བལྟ་ཆོག དེ་དུས་ལོ་རྒྱུས་མི་སྣ་རྒན་པ་དེ་ཚོས་ཀྱང་ཁ་ཞིག་གྲགས་འདོག་ཁ་བོ་རེད། ཀླུ་སྨྱོན་ལྟ་བུ་ཁ་ཤས་ཀྱི་ཨ་མདོ་རྒྱ་ཁོངས་རེད་ཟེར་ནས་བཤད་ན་དགའ་ན་ཐང་མོད་། མགོ་དབུ་ཁྲིད་དང་བཅས་དེ་ཨ་མདོ་མི་དམངས་རྒྱ་ཁོངས་རེད་ཟེར་ན་མི་དགའ་བ་ཐག་གིས་གཅོད། གང་ཡིན་ཟེར་ན་ཨ་མདོ་རྒྱ་ཁོངས་ཡིན་ན། ཨ་མདོ་བཙན་བྱོལ་དུ་ཡོང་དགོས་དོན་མེད་ལ། ཨ་མདོ་མི་དམངས་ཀྱིས་བཙན་བྱོལ་བོད་གཞུང་རང་རིགས་བོད་ཀྱི་གཞུང་ལ་ངོས་འཛིན་ཡང་བྱེད་མི་སྲིད་པ་རེད།
གལ་སྲིད་རྒྱ་རི་དེ་འདྲ་ཞིག་གསུང་ཡོད་ན། ང་ཚོ་བོད་པ་ཚང་ལ་འདི་འདྲའི་སྐུ་ཚབ་རྒྱལ་བཙོང་བ་ཞིག་གཏན་ནས་བོད་མི་དམངས་ཀྱི་མཐོང་སར་དགོས་ཀྱི་མེད་པ་བོད་ཨ་མདོ་དང་ཁམས་མི་དམངས་ལ་ཤེས་སུ་མཇུག་དགོས་སོ། ཚང་མས་ཧུར་བརྩོན་བྱེད་རོགས། བདེན་དབང་རྙེད་ཐུབ་པ་གནོང་རོགས་ཞུ། དེ་མིན་ཁ་རྫུན་ཡིན་ན་མ་འགྲིག་པ་རེད། ང་ཚོས་ཤེས་དགོས་པ་ཞིག་ལ་ཁ་རྫུན་བཤད་མི་རུང་བ་ཡིན།
ཨ་མདོ་རྒྱ་ཁོངས་མིན་ཐང་། ཡིན་ན་ཡང་བོད་ཁོངས་ཡིན་མིན་བཤད་དཀའ་གི་ཡ།
རྒྱ་རི་རིན་པོ་ཆེ་ནི་ ༡༩༤༩ ལོར་འཁྲུངས་པ་རེད། ༡༩༧༥ ལོ་ནས་གཞོན་ནུའི་ལས་ཀ་དང་དེ་ནས་སྤྱི་འཐུས། ༡༩༨༨ ཙམ་ནས་བཀའ་བློན་གྱི་ལས་འཁུར་ཞུས། དེ་ནས་ ༡༩༩༠ གོ་སྟོད་ནས་ད་བར་དུ་དམིགས་བསལ་སྐུ་ཚབ་ཀྱི་གོ་གནས་ཡོད་པ་རེད། ཁོང་རང་ཉིད་ཀྱིས་ཀྱང་ ༢༠༠༥ ཙམ་ནས་གོ་གནས་འདི་ནས་དགོངས་པ་ཞུས་ཏེ་ཟུར་གནས་ཀྱིས་བོད་ཀྱི་ལས་ཀ་བྱེད་འདོད་ཡོད་ཅེས་རྒྱ་གར་གྱི་གསར་འགོད་པ་ཞིག་ལ་བཤད་འདུག གསར་འགྱུར་དེ་གཤམ་གསལ་གྱི་འབྲེལ་ཐག་ན་ཡོད།
http://www.phayul.com/news/article.aspx?id=11093&t=1&c=1
དེ་ནས་དྲི་བ་གཅིག་དེ། ཁོ་ནང་བཞིན་འཇོན་པོ་སུ་ཡོད་ཟེར་བ་དེ་རེད། མི་གསར་པ་ཞིག་ལ་ད་བར་དུ་གོ་སྐབས་སྤྲད་ཡོད་མ་རེད། གོ་སྐབས་སྤྲད་ན་འཇོན་ཐང་ཡོད་མེད་ཤེས་རྒྱུ་ཞིག་རེད། ༧རྒྱལ་བ་རིན་པོ་ཆེ་དང་བོད་མི་མང་གི་མཚན་མཐོང་གཅིག་པུའི་ཐོག་ནས་ཀྱང་ལས་ཀ་ཏོག་ཙམ་བསྒྲུབས་ཐུབ་གི་རེད། བོད་གཞུང་གི་ད་ཡོད་དྲུང་ཆེ་གཅིག་ལ་གོ་གནས་འདི་སྤྲད་ན་ཡང་ལས་ཀ་བྱེད་ཐུབ་ཀྱི་རེད།
དེ་ནས་སྐད་ཆ་འདིའི་ཁུངས་ངོ་མ་བཤད་དགོས་པ་དང་ཤེས་དགོས་པ་འདུག་གསུངས་འདུག ངས་ཀྱང་དེ་ལྟར་བྱེད་ན་འདོད། གསར་འགྱུར་ཁག་ན་ཐོན་མི་འདུག་ཅེས་གསལ་བོར་བཤད་ཡོད། ངས་ཀྱང་རྩད་གཅོད་བྱེད། ཁྱེད་ཚོས་ཀྱང་རྩད་གཅོད་གནང་རོགས།
དེ་ནས་ ཨ་མདོ་ཡོངས་དང་ཁམས་ཕྱེད་དེ་རྒྱ་ཁོངས་ཡིན་མིན་གྱི་གནད་དོན་དེ་རེད། ད་འདི་ལ་ང་ཚོས་སྐད་ཆ་མང་པོ་བཤད་ཟིན་པ་རེད། ང་ཚོས་གསལ་པོར་ཤེས་རྒྱུ་ཞིག་ལ། རྒྱ་ཁོངས་ཡིན་མིན་བཤད་པའི་རྒྱ་དེ་སུ་རེད། ང་ཚོ་ལ་ཡིག་ཆ་དཔེར་ན་དངུལ་དང་འཛིན་སྐྱོང་གི་ཁྲལ་ཡིག་སོགས་མེད་པ་བདེན་པ་ཇི་བཞིན་རྒྱ་ཕྱོགས་ལ་ཡང་དེ་མཚུངས་རེད། མཚོ་སྔོན་ཞིང་ཆེན་ཟེར་བ་དང་ཞིས་ཁང་ཟེར་བ་སོགས་གོ་མིན་ཏང་གི་སྐབས་ཤིག་ལ་ ༡༩༢༨ ཙམ་ལ་བཙུགས་པའི་སྐད་ཆ་འདུག དེ་བཞིན་རེབ་གོང་ལ་མཱ་ཇག་གིས་བཅོམ་དུས་བླ་བྲང་ལ་བྲོས་ན་ཐར་པ་རེད། དེ་ཚོ་ཡང་དགོངས་བཞེས་གནང་རོགས། ཡིན་ན་ཡང་འདི་དག་ནི་ངེད་ཀྱི་སྐབས་བབ་ཀྱི་སྐད་ཆ་མིན།
“གང་ཡིན་ཟེར་ན་ཨ་མདོ་རྒྱ་ཁོངས་ཡིན་ན། ཨ་མདོ་བཙན་བྱོལ་དུ་ཡོང་དགོས་དོན་མེད་ལ།”
རྒྱལ་ཁབ་ཅིག་གི་ནང་ཁུལ་རྩོད་རྙོག་ལ་ཆ་རྒྱུས་ཡོད་པའི་”ཆབ་སྲིད་པ་”ཞིག་ཡིན་ན་སྐད་ཆ་འདི་འདྲ་བཤད་སྟངས་ཤིག་ག་ལ་ཡོད་དེ། རྒྱ་མི་དང་བྱང་ཀོ་རི་ཡའི་ཆབ་སྲིད་སྐྱབས་བཅོལ་བ་ག་ཚོད་ཅིག་ཕྱི་རྒྱལ་དུ་བསླེབས་བསྡད་ཡོད་པ་རེད། དེ་བཞིན་འབྲུག་པའི་སྐྱབས་བཅོལ་བ་ག་ཚོད་ཅིག་བལ་ཡུལ་དུ་ཡོད་པ་རེད། ཨེ་རག་དང་ཨ་ཧྥུ་སྒན་གྱི་ཆབ་སྲིད་སྐྱབས་བཅོལ་བའི་གྲངས་འབོར་དེ་བགྲངས་ཀྱང་ཐུབ་ཀྱི་མ་རེད། ཡིན་ན་ཡང་རྒྱལ་ཁབ་དེ་དག་ནས་ཡོང་བའི་ཆབ་སྲིད་སྐྱབས་བཅོལ་བ་དེ་དག་གིས་རྒྱལ་ཁབ་ཀྱི་བདག་དབང་བཤད་ཀྱིན་མེད་པར་རྒྱལ་ཁབ་ཀྱི་ནང་ཁུལ་རྩོད་རྙོག་ལབ་བསྡད་ཡོད་པ་རེད། དེའི་ཕྱིར་བོད་པ་སྐྱབས་བཅོལ་བ་ཞིག་ཡིན་ཚེ་ངེས་པར་དུ་བོད་ཀྱི་རྒྱལ་ཁབ་ཀྱི་བདག་དབང་རྗོད་མཁན་ཞིག་ཡིན་མི་དགོས་པའི་གནས་ལུགས་ཟབ་མོ་འདི་ཤེས་ན་ལེགས།
རྒྱ་གར་དང་བལ་ཡུལ། དེ་བཞིན་ཨ་རི་དང་ཁེ་ན་སྒྲའི་སྲིད་གཞུང་གིས་བོད་པ་ཚོར་བོད་དེ་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་དེ་ལ་རྒྱ་མིས་བཙན་འཛུལ་བྱས་ནས་བོད་མི་དེ་དག་རང་གི་རྒྱལ་ཁབ་ཏུ་འདུག་མ་ཐུབ་པར་ཆབ་སྲིད་སྐྱབས་བཅོལ་ཞུ་བ་ཞིག་དང་རྒྱལ་ཁབ་རང་རང་གིས་ཀྱང་བོད་པ་ཚོ་རྒྱལ་ཁབ་ཤོར་བའི་མི་ཞིག་ལ་ངོས་འཛིན་གྱིས་སྐྱབས་བཅོལ་ཐོབ་ཐང་སྤྲོད་པ་ཞིག་རྩ་བ་ཉིད་ནས་མ་ཡིན་པར། བོད་དེ་རྒྱ་ནག་གི་ཁོངས་གཏོགས་ཤིག་དང་། བོད་པ་ཁག་ཅིག་རྒྱ་ནག་གི་སྲིད་བྱུས་ཀྱིས་དཀའ་ངལ་དང་འཕྲད་ནས་སྐྱབས་བཅོལ་དུ་ཡོང་བ་ཞིག་ལ་ངོས་འཛིན་བྱས་པ་རེད་ལ། ང་ཚོ་ཆབ་སྲིད་སྐྱབས་བཅོལ་དག་གིས་ཀྱང་ཡིག་ཆ་དེ་འདྲ་ཞིག་ལ་རང་གི་མིང་རྟགས་བཀོད་ན་གཞི་ནས་ཆབ་སྲིད་སྐྱབས་བཅོལ་བའི་ཐོབ་ཐང་དེ་རེག་གི་ཡོད་པ་མ་གཏོགས། བོད་དེ་རང་དབང་གི་རྒྱལ་ཁབ་ཅིག་དང་རང་ཉིད་དེ་ནས་ཡོང་བའི་ཆབ་སྲིད་སྐྱབས་བཅོལ་བ་ཞིག་ཡིན་པའི་མིང་རྟགས་བཀོད་མེད་པ་དེ་ནི་ང་ཚོས་ཐོག་དང་པོར་ཤེས་དགོས་པའི་གཞི་རྩའི་ཤེས་བྱ་ཞིག་རེད།
གཏམ་ཡན་བསྒྲུགས་ནས་མ་གཏོགས་རྩོམ་འབྲི་རྒྱུ་མེད་སོང་བ་རེད་དམ། རྒྱ་ནག་གི་དྲ་གནས་ནང་དང་བོད་ཀྱི་དྲ་གནས་གཉིས་ཀྱི་ནང་རྒྱ་རིར་སྐྱོན་བརྗོད་བྱེད་སྟངས་ཕལ་ཆེར་གཅིག་པ་འདྲ་ཞིག་ཆགས་ཡོང་གི་འདུག
བོད་ཀྱིང་བང་ཆེན་ཟེར་བའི་དྲ་ཐོག་ཏུ་སྐུ་ཚབ་ཀྱི་གསང་བ་བརྟོལ་བ་ཟེར་བའི་རྒྱ་མིས་རྒྱ་རིའི་སྐོར་བྲིས་པའི་རྩོམ་ཞིག་བོད་བསྒྱུར་བྱས་ནས་བཀོད་འདུག དེའི་ནང་ཁོང་དང་སྐལ་བཟང་རྒྱལ་མཚན་གཉིས་ཀྱི་སྐོར་བྲིས་འདུག
གྲོགས་པོ་ཚོ། དེང་སང་གསར་འགྱུར་ག་རེ་འདུག གོ་ཐོས་སུ་རྡ་རམ་ས་ལར་མོ་ཊར་མེ་བརྒྱབ་པ་སོགས་ཀྱི་དོན་རྐྱེན་ཁ་ཤས་དང་འབྲེལ་ནས་རྒྱ་གར་གྱི་ཕྱོགས་ནས་བདེ་སྲུང་ཇེ་དམ་དུ་བཏང་འདུག་ཟེར་བ་ཞིག་གོ་སོང་། དེ་བདེན་པ་ཡིན་མིན་མི་ཤེས། གཞན་ཨ་མདོ་ནས་ཡོང་བའི་ཕྱི་རྒྱལ་ཁ་ཤས་ལ་ཐུག་སོང་། བཤད་ཚུལ་ལྟར་ན་ཨ་མདོ་རུ་གཞུང་འབྲེལ་མིན་པའི་ཕྱི་རྒྱལ་གྱི་ཚོགས་པ་དེ་དག་གི་ལས་གཞི་ལ་དམ་དྲག་ཇེ་ཆེར་སོང་ཡོད་པ་འདྲ།
རྒྱ་ཁོངས་བོད་ཁོངས་གང་ཡང་མ་ཡིན་པས་ཨ་མདོ་བ་སུ་རེད། ཨ་མདོ་བ་རྒྱ་ལ་མི་དགོས་ཕྱི་ལ་ཡོང་། ཕྱི་ནས་བོད་ལ་མི་དགོས་གང་དུ་འགྲོ ད་ནི་ཨ་མདོ་བ་གང་གི་ཁོངས་སུ་གཏོགས་པ་ཡིན། སུ་ཞིག་གི་ཤེས་ན་དེ་ལ་ལན་གསལ་བོ་ཞིག་གནོང་རོགས། དམིགས་གསལ་གྱི་ཀླུ་སྨྱོན་ལ་ལན་རེ་ཡོད་སྲིད་པ་རེད། གཅིག་བྱས་ན་ཀླུ་སྨྱོན་གྱིས་ཨ་མདོ་རྒྱ་གར་གྱི་མི་སེར་རེད་ཟེར་མི་སྲིད་པ་མ་རེད་ལ། ད་དུང་ཨ་མདོ་བ་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཡང་མ་རེད་ཟེར་ས་རེད། ཀླུ་སྨྱོན་ལགས། ཨ་མདོ་བ་རྒྱ་ཁོངས་ཡིན་ལུགས་གསལ་བོ་ཞིག་བཤད་རྒྱུ་ཡོད་མེད་དང་ཨ་མདོ་བ་བོད་ཁོངས་མིན་ལུགས་དང་བོད་པ་མིན་ལུགས་གསལ་བོ་ཞིག་འབྲི་རོགས་ཞུ། ཨ་མདོ་བ་རྒྱ་ཁོངས་ཡིན་པ་དང་རྒྱ་མི་མ་ཡིན་པས་རྒྱ་ཁོངས་ཨ་མདོ་བ་ས་མཚམས་གང་ནས་བཟུང་མགོ་བཙུགས་པ་རེད། ཁྱེད་ཀྱིས་མི་ཤེས་ན་རྒྱ་རི་ཚང་ལ་སྐད་ཆ་འདྲི་རུ་སོང་དང་ཁྱེད་ཀྱི་ཐག་ཉེ་མིན་ཡང་། རྒྱལ་ཁབ་གཅིག་རེད་མོད། ཁ་པར་རེ་བཏང་ནས་ཨ་མདོ་དང་ཁམས་རྒྱ་ཁོངས་ཡིན་ལུགས་གསལ་བོ་ཞིག་དྲིས་དེ་ངེད་ཅག་ལ་ཐུག་དུ་ཡོང་རོགས་ཞུ།
དྲ་གྲོགས་ཚོ། ཨ་མདོ་རྒྱ་ཁོངས་ཡིན་མིན་གྱི་རྩོད་མཚམས་རེ་ཞིག་བཞག་ན་དགའ། གལ་ཏེ་ཨ་མདོ་རྒྱ་ཁོངས་ཡིན་ན། ༧གོང་ས་མཆོག་ཀྱང་རྒྱ་ཕྲུག་གཅིག་ལས་འགྲོ་ས་མེད། དེ་འདྲའི་སྐྱུག་བྲོ་བའི་གཏམ་ངན་དེ་ཚོ་འདིར་མ་བྲིས་ན་བཟང་། ང་ཚོས་དེ་འདྲ་བཤད་ན་རྒྱ་ཕྱོགས་ནས་དེ་འདྲ་ལོས་བཤད། ཁྱོད་ཚོས་བོད་གངས་ཅན་པ་ཤ་མི་ཚ་ན་ཡང་། མི་ལ་ངོ་ཚ་ཟེར་བ་དེ་ཡོད་དགོས།
དེ་བས་རྒྱ་རིས་དེ་འདྲ་ཞིག་བཤད་ཡོད་མེད་རྩར་གཅོད་བྱེད་རྒྱུ་གལ་ཆེ། གོང་དུ་ཀླུ་སྨྱོན་གྱིས་གསུངས་པ་ལྟར། ངས་དེ་སྔོན་རྒྱ་རིའི་སྐོར་ཞིག་བྲིས་པས། མི་མང་པོ་ཞིག་གིས་བྱ་འུག་པ་ཉིན་དུས་སུ་རྒྱུ་བ་ལྟར། ཁ་རུབ་ལག་རུབ་བྱས་ནས་གསོད་ལ་ཁད་ཅིག་བྱས་སོང་། དེས་ན་རྒྱ་རི་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་རྒྱ་རིས་དེ་འདྲ་ཞིག་བཤད་ཡོད་མེད་ཞིབ་འཇུག་བྱས་ནས། གསལ་སྟོན་བྱེད་རྒྱུ་གལ་ཆེ། རེ་ཞིག་དེ་ཙམ་མོ།། ནུབ་ཟས་ཟ་གི་འགྲོ་རན་སོང་། དུས་ཚོད་བྱུང་ན་སླར་ཡང་མཇལ་ཡོང་།
ཡ་གྲོགས་པོ་ཚོ། རྒྱ་རིའི་སྐོར་ནས་མང་པོ་གླེང་སོང་། ངེད་ཀྱིས་དོགས་སློང་འགའ་བྱས་མྱོང་།
ད་འདིའི་སྐོར་ལ་རྩོམ་ཡིག་གཅིག་པོ་བྲིས་ནས་འདུག་རྒྱུ་མིན་པ་འདྲ།
༧གོང་ས་མཆོག་དང་བོད་གཞུང་བཀའ་ཤག་གི་མཚན་ཐོག་ལ་སྙན་ཞུ་འབུལ་དགོས་ཀྱི་འདུག་
བཙན་བྱོལ་ནང་གི་ཚགས་པར་ཁག་ཏུ་གནས་ཚུལ་སྤེལ་དགོས་ཀྱི་འདུག གནས་ཚུལ་གསལ་བོ་སྤེལ་དགོས་ཀྱི་འདུག་
དེ་འདྲ་མ་རེད་དམ།
ཉེ་ཆར་ཅི་ཤེས་།ཡིན་ནའང་ལོ་གཅིག་གཉིས་ཀྱི་སྔོན་ལ་རྒྱ་རི་རིན་པོ་ཆེས་བོད་པ་འཚོགས་ས་ནས་༼དངོས་གནས་བཤད་ན་དགའ་ལྡན་ཕོ་བྲང་གིས་ཨ་མདོ་ཧྲིལ་པོ་དང་ཁམས་ཀྱི་ས་ཆ་མང་ཤོས་ལ་དུས་ཡུན་རིང་པོར་བ༹དག་པོ་རྒྱག་ཐུབ་མེད་པ་དེ་དངོས་གནས་ཡིན་པ༽ཞེས་ཐེངས་མང་གསུང་བ་ཐོས་མྱོང་།ངས་བལྟས་ན་དེར་ལོ་རྒྱུས་ལ་ཉམས་ཞིབ་གནང་དགོས་པ་ཞིག་ལས་།སྡུག་དམོད་བྱེད་ཆོག་ཆོག་ཅིག་ཡིན་མིན་ཁག་པོ་རེད་།དེ་མིན་བོད་རྒྱའི་འབྲེལ་མོལ་ཐེངས་བདུན་བརྒྱད་ལ་བྱས་ཀྱང་འབྲས་བུ་གང་ཡང་མེད་པ་དེ་འགན་ཆེ་ཤོས་རྒྱ་ནག་གཞུང་ཡིན་པ་སྨོས་མེད་ཡིན་ཡང་།ནམ་རྒྱུན་གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཀྱི་མིང་འཁུར་མཁན་རྒྱ་རིན་པོ་ཆེས་ཕྱི་ལོག་གི་གསར་འགོད་པས་དྲི་བ་གནད་འགག་ཅན་རེ་འདྲི་སྐབས་།ཁོང་ནི་གོང་ས་མཆོག་གི་སྐད་ཁྱེར་མཁན་ཙམ་ལས་འགན་དབང་མེད་ཚུལ་གྱིས་།༼དེ་ནི་ང་ཚོའི་དབང་ཚད་ལས་བརྒལ་པའི་དྲི་བ་རེད་༽ཅེས་གཡོལ་ཐབས་བྱེད་ཀྱི་འདུག་པ་དེའང་དངོས་གནས་རེད་།དེ་འདྲའི་ཡིན་ན་རིན་པོ་ཆེའང་ཁག་མི་འདུག་དགུང་ལོ་གཞོན་གཞོན་མ་རེད་།སྐུ་ངལ་གསོས་ན་རེད་།ནམ་རྒྱུན་ངྷ་ས་དང་པེ་ཅིན་བར་འདུར་རྒྱུག་གནང་རྒྱུ་ཁག་པོ་རེད་།སྐད་འཁྱེར་བ་ཙམ་ལ་ལོ་གཞོན་རེ་བཞག་ན་མི་ཆོག་རྒྱུ་ཅི་ཡོད་།གཞན་རིན་པོ་ཆེ་བཞེས་རག་ལ་ཞེ་དྲག་མཉེས་པོ་ཡོད་པ་ཚང་མས་ཤེས་གསལ་བཞིན་།རྒྱ་མི་སེམས་ནག་ཚོས་མོ་ཐེ་བཅག་ཐེངས་མང་ན་།རིན་པོ་ཆེའི་སྐུ་གཟུགས་བདེ་ཐང་ལ་ཡག་པོ་ཡོད་པ་མ་རེད་།ཁོང་གི་བུ་རབས་ཚ་རྒྱུད་ཀྱི་བླ་ཐོབ་དཔོན་ཐོབ་མང་པོ་ཞིག་ད་དུང་ཁྲི་སར་འཁོད་པར་ལྷག་མེད་དམ།ད་དངོས་གནས་དགོངས་པ་ཞུ་རན་འདུག
རེབ་ཀོང་ལ་མ་པུའུ་ཧྥང་གིས་དྲག་གནོན་བྱེད་དུས་བླ་བྲང་ལ་བྲོས་ན་ཐར་བ་དེ་བདེན་པ་རེད། ཡིན་ན་དེ་བླ་བྲང་བོད་ཁོངས་ཡིན་པའི་སྒྲུབ་བྱེད་དུ་མི་འགྲོ། བླ་བྲང་ཕྱོགས་འདི་ལན་ཀྲུའུ་ཙུང་ཐུང་གི་མངའ་འོག་ཡིན་སྟབས་རེད། དེ་དུས་ས་གནས་དམག་ཤེད་ཅན་གྱི་དཔོན་པོ་ཚོས་གཅིག་གི་གཅིག་ལ་མགོ་མི་སྒུར་བའི་ཐོག་ཏུ་མིན་གོ་དབུས་གཞུང་ལ་ཡང་མགོ་མི་སྒུར་བ་རེད། ངས་སྔོན་མ་ནས་ཁྱོད་ཚོར་མཐའ་མཚམས་ལོ་རྒྱུས་ལ་སློབ་སྦྱོང་བྱ་དགོས་ཀྱིན་འདུག་ཅེས་ཐེངས་ཁ་ཤས་ཞུས་པ་ཡིན་ཡང་ཁྱོད་ཚོས་དོ་སྣང་གནང་སོང་སྙམ་པ་མ་བྱུང་། ཟམ་གདོང་སྤྲུལ་སྐུའི་སྐྱེས་ཡུལ་འཇུ་བདེ་ཆེན་ཕྱོགས་ལྟ་བུར་མཚོན་ན་རྒྱ་ནག་ཡུན་ནན་གྱི་འོག་ཏུ་ཚུད་ནས་ལོ་ཉིས་བརྒྱ་དང་བརྒྱད་ཅུ་ཡས་མས་སོང་ཚར་འདུག མཚོ་སྔོན་ཕྱོགས་སོགས་ཨ་མདོའི་རྒྱུད་འདི་མ་གཞི་སྡེ་བ་གཞུང་གི་དབང་འོག་ཏུ་སོང་མྱོང་ཡོད་མེད་དཔྱད་གཞི་ཞིག་རེད། ཨ་མདོ་བོད་ཁོངས་སུ་མ་ཚུད་པའི་སྡུག་ཡུས་ཀྱིས་རྒྱ་རི་བློ་གྲོས་ལས་གནས་ནས་དགོང་པ་ཞུར་འཇུག་རྒྱུ་ཡིན་ཟེར་ན་དེ་ལས་ཀྱང་དགྲ་དགའ་གཉེན་སྡུག་མ་རེད་དམ།
ཨ་རོགས། དགོངས་པ་ཞུ་དགོས་བ་དེ་རྒྱ་རི་གཅིག་པོ་མིན་པ་འདྲ།
ཕྱི་སྡོད་དོན་གཅོད་ཚོའི་ནང་ན་དགོངས་པ་ཞུ་དགོས་མཁན་འདུག་
བོད་གཞུང་གི་དྲུང་ཆེ་ཚོའི་ནང་ན་ཡང་དགོངས་པ་ཞུ་དགོས་མཁན་འདུག
བོད་གཞུང་གི་སྤྱི་འཐུས་ཚོའི་ནང་ན་ཡང་དགོངས་པ་ཞུ་དགོས་མཁན་འདུག
སྐུ་སྒེར་ཡིག་ཚང་གི་ལས་བྱེད་ཚོའི་ནང་ན་ཡང་དགོངས་པ་ཞུ་དགོས་མཁན་འདུག
ད་དུང་དེའི་ག་ལ་ཚད། ལས་བྱེད་ཚོའི་ནང་ན་ཡང་དགོངས་པ་ཞུ་དགོས་མཁན་འདུག
དགོངས་པ་ཞུ་དགོས་མཁན་མང་གི་ཡ། ཨ་ཡོ། ད་གཉིད་ཀི་ཡིན། དེ་རིང་ཅུང་ཙམ་ར་བཟི་འདུག
རྒྱ་གཞུང་གི་ལོ་རྒྱུས་འབྲི་སྟངས། དེ་ཡང་སྲིད་དོན་རྐྱང་བའི་ལོ་རྒྱུས་འབྲི་སྟངས་གཞིར་བཞག་ནས་བཤད་ན་ཀླུ་སྨྱོན་དང་ཁྱེད་གཉིས་ལའང་བདེན་པ་ཆུང་ཙག་རེ་ལོས་ཡོད།
རྒྱ་གཞུང་གི་ལས་ཁུངས་ཐེབ་ཆག་ཅིག་ཀྱང་བླ་བྲང་ན་ཡོད་པ་འདྲ། དོན་དངོས་སུ་ལས་ཁུངས་དེར་བོད་དབུས་ནང་ལྷ་སའི་ཨམ་བན་གྱི་དབང་ཤུགས་ཡོད་པ་ཅམ་ཙམ་ཡང་མེད་པར་དབང་ཤུགས་ཆ་ཚང་ཀུན་མཁྱེན་འཇམ་དབྱངས་བཞད་པ་དང་ཨ་པ་ཨ་ལོའི་ལག་པར་ཡོད་པ་འདི་ཡང་ཤེས་དགོས་པ་གལ་ཆེ། ཨ་ལོས་ཀྱང་དེ་སྐོར་གསལ་པོ་བྱས་ནས་རང་རྣམ་ནང་བཀོད་ཡོད་པ་རེད། ཕུན་ཚོགས་དབང་རྒྱལ་སོགས་ནས་ཀྱང་ཁམས་སུ་དམར་ཤོག་བཙུགས་རྗེས་ཁོང་ལ་འབྲེལ་བ་བྱེད་པའི་འཆར་གཞི་ཞིག་འཐེན་ཡོད་པ་འདིའི་ཐོག་ནས་ཀྱང་ཁོའི་དབང་ཤུགས་ཀྱི་ཟུར་ཙམ་སྟོན་གྱི་ཡོད་པ་རེད་བསམ།
ཨ་པ་ཨ་ལོར་རྒྱ་མིས་གོ་མིང་ཞིག་སྤྲད་ཡོད་པ་དེ་ཡང་བདེན་པ་རེད། ཡིན་ན་ཡང་། གལ་སྲིད་ཨ་པ་ཨ་ལོའི་དབང་ཆར་འགྱུར་བ་ཕྱིན་ནས་མི་གཞན་ཞིག་གི་ལག་པར་དབང་ཆ་རེག་པ་ཡིན་ན་རྒྱ་མིས་དེ་ལ་བྱེད་རྒྱུ་གང་ཡང་ཡོད་པ་མ་རེད། རྒྱ་མིའི་ལས་ཀ་ནི་སུས་དབང་བཟུང་བ་ཡིན་ན་དེ་ལ་གོ་མིང་ཞིག་སྟེར་རྒྱུ་ཙམ་རེད། དེ་ནི་དཔེར་ན། ཕག་གྲུ་བས་སྲིད་དབང་བཟུང་ན་དེ་ལ་གོ་ཐོབ་ཅིག་སྟེར་བ་དང་། གྲུབ་མཐའ་གཞན་ཞིག་གིས་དབང་བཟུང་སྐབས་དེ་ལ་གོ་མིང་ཞིག་སྟེར་བའི་གནས་སྟངས་གཉིས་མི་གཅིག་པ་ཡོད་མེད་མི་ཤེས།
རྒྱ་མིས་བཤད་པ་གཞིར་བཟུང་ན་བོད་ཡོངས་རྒྱ་ཁོངས་རེད། ཆུ་ཡོས་དམག་འཁྲུག་གི་རྗེས་སི་ཁྲོན་ཁོངས། ཀན་སུའུ་ཁོངས། ཡོན་ནན་ཁོངས་ཟེར་ནས་རྒྱ་ནག་གི་ཡིག་ཆ་ཁོ་ནའི་ཐོག་མ་གཏོགས་བོད་མི་ཚོར་གསལ་ཆ་གང་ཡང་མེད་པའི་ས་བགོས་ཆུ་བགོས་མང་པོ་ཞིག་བྱས་སྐབས་ཀྱང་། ཧོར་ཚོ་སོ་དགུ་ཡིན་ནམ་ཅིག་བོད་ས་གནས་སྲིད་གཞུང་གི་ཁོངས་སུ་བསྡུས་ཞེས་ཁོ་ཚོར་དབང་ཆ་ཆ་ཚང་ཡོད་པ་ལྟ་བུ་ཞིག་བྲིས་ཡོད་པ་རེད་སྙམ།
མགོན་པོར་ལོ་རྒྱུས་ལ་ངེས་ཆ་འདུག འདི་ལ་ང་ངོ་མ་དགའ་ནས། དེ་མིན་སྲིད་དོན་བཤད་མཁན་མང་པོ་ཞིག་ལ་ང་དང་འདྲ་བར་ལོ་རྒྱུས་ལ་ཆ་རྒྱུས་ངོ་མ་མི་འདུག
རྒྱུན་ལྡན་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་ཀྱི་སྐོར་མང་པོ་ཞིག་འཁོད་འདུག སྐྱོན་བརྗོད་ཡང་ཞེ་དྲག་འདུག འོན་ཀྱང་ཁོངས་སྐྱེལ་མེད་པའི་དཀྲོག་གཏམ་འདྲ་བོ་དེ་ཚོ་ཁྱབ་སྒྲོག་མ་བྱས་ན་ལེགས་པར་སྙམ། དེ་ངའི་བསམ་ཚུལ་ཡིན།
དྲི་བ་དང་པོ། རྒྱ་རི་བློ་གྲོས་རྒྱ་བོད་བར་ལ་སྐད་ཆ་ལན་སྐྱེལ་མཁན་རེད། ལན་སྐྱེལ་མ་ཐུབ་པ་བྱུང་ཡོད་དམ། ལན་སྐྱེལ་ཐུབ་མེད་ན་ནོར་འཁྲུལ་ཚབས་ཆེན་རེད།
དྲི་བ་གཉིས་པ། རྒྱ་རི་བློ་གྲོས་བརྗེ་བོ་རྒྱག་རྒྱུའི་དབང་ཚད་སུ་ལ་ཡོད། ྋགོང་ས་མཆོག་གིས་དམིགས་བསལ་སྐུ་ཚབ་ྋགོང་ས་མཆོག་གིས་ཐད་བསྐོས་གནང་གི་ཡོད་པས། ངས་གོ་ཐོས་ལྟར་ན་སྔོན་མ་ཞིག་ལ་རྒྱ་ནག་གིས་རྒྱ་རི་སྐུ་ཚབ་ཏུ་ཡོང་ན་ངོས་ལེན་མེད་སྐོར་བརྗོད་པར་བརྟེན། དེའི་སྐབས་ཀྱི་བཀའ་ཤག་ནང་བརྗེ་བོ་རྒྱག་དགོས་པའི་དགོངས་ཚུལ་བྱུང་ཡོད་འདུག་མོད། ྋགོང་ས་མཆོག་གིས་བརྗེ་བོ་མ་གནང་པ་རེད་ཟེར། རྒྱ་རི་མ་འཇོན་ནའང༌། ྋགོང་ས་མཆོག་གི་ཕྱག་ཏུ་རྒྱ་རི་ལྷག་ཅིག་མ་ཡོང་བ་འདྲ།
དབྱིན་མིང་ཅན་ལགས། ཁྱེད་ཀྱིས་མི་གཞན་ལ་ཁ་རྫུན་མ་བཤད་ཟེར་ནས་སྐུལ་བ་ནི་དངོས་ནས་ཡག་པོ་འདུག འོན་ཀྱང་སྐད་ཆ་དེའི་མཇུག་མ་རྫོགས་གོང་དུ་ཁྱེད་རང་གིས་ཀྱང་སྐྱག་རྫུན་ཞིག་བཤད་འདུག་མོད། རང་གི་མ་གོ་བ་དང་མ་ཤེས་པ་ཞིག་དེ་ལས་གཞན་ཞིག་༧གོང་ས་མཆོག་གི་ཕྱག་དུ་མ་རེག་པ་རེད་ཅེས་བཤད་འདུག དེ་ནི་ག་དུས་གསུང་བ་རེད། གསུང་འཕྲིན་གང་ན་འདུག ཡང་ན་གང་ནས་གསུང་འདུག ཚོགས་ཐོག་ནས་དེ་མིན་དམིགས་གསལ་འཇལ་འཕྲད་སྐབས་སུ། གང་ནས་གསུང་འདུག དགོས་པ་རྒྱུ་མཚན་ཚང་མ་ཤོད་དང་། དེ་ནས་ཁྱེད་རང་གི་བཤད་པ་དེ་སྐྱག་རྫུན་ཡིན་མིན་ཁུངས་ལུང་བྱེད་ཐུབ་ངེས་རེད།