འཇིགས་མེད་བཀྲ་ཤིས་ཀྱིས།
————–
༄༅།། ངག་གི་སྦྱོར་བ་སྟོན་པའི་བསྟན་བཅོས་ཁྲོད། །
ངག་གི་ལྷ་བཞིན་ཚད་མར་འཛིན་པ་ཡི། །
ངག་གི་མུན་སེལ་དག་ཡིག་ངག་སྒྲོན་ལས། །
ངག་གི་འོད་སྣང་ཕྱོགས་བཅུར་འཕྲོ་གྱུར་ཅིག །
(རྩོམ་ཡིག་འདི་རིང་དྲགས་སྟབས། ཐད་ཀར་ཡིག་གཟུགས་སུ་ཤར་བ་ཞིག་ཡོང་མི་འདུག དགོངས་འགལ་མེད་པ་ཞུ། གཤམ་གྱི་འགྲེལ་ཐག་ན་ PDF ནང་བཞག་ཡོད་པ་གཟིགས་འཚལ།)
ngagdon-critiques
ངག་སྒྲོན་གྱི་འགྲེལ་ལོག་སུན་འབྱིན་གྱིས་རང་ཉིད་སུ་ཕྱུང་བ་ཡིན་ས་རེད། ཁ་བྱང་མ་གཏོགས་རྩོམ་ཡིག་མཐོང་སར་མི་འདུག
ཁ་སང་དེ་རིང་། འདི་མོ་འདི་ཇེ་མང་རེད།
འཇིགས་མེད་བཀྲིས་ལགས།
འདི་ལྟར་དོ་སྣང་གནང་བར་ཐུགས་རྗེ་ཆེ། བསམ་འཆར་ཞིག་འབུལ་རྒྱུར།
སྔོན་ལ་ཡང་འགྲེལ་གྱི་རྩོམ་པ་པོ་སུ་ཡིན་མིན། དེབ་དེ་སུས་སྤར་ཡོད་མེད་སོགས་བཀོད་ཐུབ་ན་ལེགས། དེབ་འདི་རྩ་བ་ནས་ཀློག་མ་མྱོང་མཁན་གྱི་མི་ཞིག་ལ་མཚོན་ན། གོང་གི་གནས་ཚུལ་རྣམས་དགོས་པ་ཆེ།
ངག་སྒྲོན་ཡང་འགྲེལ་རྩོམ་པ་པོ་ནི་བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་ཀུན་བཟང་རྣམ་རྒྱལ་ཞུ་བ་ཞིག་རེད། དེ་ཙམ་མ་གཏོགས་ཁོང་གི་ལོ་རྒྱུས་གཞན་མི་ཤེས། དེབ་དེ་པེ་ཅིན་ན་ཡོད་པའི་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པ་རེད་འདུག 1991་ལོར་པར་ཐེངས་གཉིས་པ་པར་འདུག དེའི་རྗེས་ནས་པར་ཡོད་མེད་ཤེས་མ་སོང།
མདོ་ལྷ་ཁམས་པ་ནས། ༼ཁ་སང་དེ་རིང། འདི་མོ་འདི་ཇེ་མང་རེད།༽ཟེར། འདིར་དག་ཆའི་སྐོར་གླེང་བཞིན་པའི་སྐབས་སུ། ༼འདི་མོ་འདི༽ཞེས་ཡུལ་སྐད་ལྟར་འབྲི་བའང་ཅུང་མི་ལེགས་ཏེ། ༼འདི་འདྲ༽ཞེས་ཡིག་སྐད་ཀྱི་འབྲི་སྲོལ་ཚད་ལྡན་ཡོད་བཞིན་དུ་དེ་མ་བྲིས་པར་མ་དག་པ་གཞན་ཞིག་བྲིས་པས་དག་ཡིག་ལ་ཁྱད་གསོད་དུ་མི་འགྱུར་རམ། ཡིག་སྐད་ནང་དུ་ཡུལ་སྐད་བསྲེས་ན་རང་རེའི་སྐད་ཡིག་གི་སྤུས་ཚད་ལ་མི་གནོད་དམ།
འཇིགས་མེད་བཀྲ་ཤིས་ཀྱིས།
༄༅།། ངག་གི་
ཡ། གོང་དུ་རྩོམ་ཞིག་ཆ་ཚང་དེ་ཟིན་བྲིས་ནང་དུ་ཨེ་འགྲོ་ཞིག་བལྟས་ཀྱང་འཆར་ཐུབ་མ་སོང་། །འཇིགས་མེད་བཀྲ་ཤིས་ལ་བསམ་དོན་ཆོས་བཞིན་འགྲུབ་པའི་སྨོན་འདུན་ཞུ་བཞིན་ཡོད། གལ་ཆེན་པོདང་ལྡན་པའི་་བརྡ་སྤྲོད་རིག་པའི་ཕྱོགས་ལ་ཐུགས་བསམ་ཡག་པོ་དག་བཞེས་འདུག ཡག་པོ་ཞིག་བྲིས་འདུག མོས་མཐུན་ཞུ། ད་དུང་ཁ་ཇེ་གསལ་རེ་གཏོང་བར་རེམ་རེམས། །
དཔལ་དགྱེས་པ་རྡོ་རྗེ་ནས་ཁ་ཇེ་གསལ་དུ་གཏོང་བའི་ཐུགས་རེ་གནང་འདུག ཁ་ཇེ་གསལ་དུ་གཏོང་དགོས་པའི་དཔེ་མཚོན་རེ་ཟུང་བཀོད་གནང་ན་ཕྲན་གྱིས་གང་ཐུབ་ཞུས་ཆོག
འཇིགས་མེད་བཀྲ་ཤིས་ལགས། ཁྱེད་ཉིད་བོད་ཀྱི་བརྡ་དག་གི་གཞུང་ལུགས་ལ་སྦྱངས་པ་ཅན་ཞིག་ཡིན་ཚོད་འདུག དེས་ན་ང་ལ་དུས་ཡུན་རིང་མོ་ནས་ཉར་ནས་ཡོད་པའི་དོགས་པ་ཞིག་ཡོད་པས་དེ་རིང་ཁྱོད་ལ་དྲི་འདོད་བྱུང་། གསལ་བཤད་ཞུ་རྒྱུ་ཞིག་ལ། ངས་ཁྱོད་ལ་དྲི་བ་ཞུ་བ་ནི་སྐུ་ཉིད་ཀྱི་ཚོད་བགམ་པའི་ཕྱིར་དུ་མ་ཡིན་པར། དོན་དངོས་ནས་དོགས་པ་སེལ་ཆེད་ཡིན་པར་དགོངས་འཇགས་ཞུ།
དོགས་པ་ནི། སྤྱིར་སྐུ་ཉིད་ཀྱིས་ཀྱང་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་པའི་ལ་སྒྲ་དེ་རྣམ་དབྱེ་གཉིས་བཞི་གང་ཡིན་དཔྱད་གཞིར་གསུངས། དེ་ནི་བོད་ཀྱི་བརྡ་དག་རྣམས་སུ་རྣམ་དབྱེ་གཉིས་བཞིའི་མཚན་ཉིད་གསལ་པོར་མ་བཀོད་པས་ལན་པར་སེམས། སྤྱིར་བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་ལུགས་རྣམས་སུ། རྣམ་དབྱེ་གཉིས་བཞིའི་ཁྱད་པར་བྱ་ཡུལ་དང་དེ་དང་འབྲེལ་བའི་ལས་ཕན་ཐོགས་པ་དང་མི་ཐོགས་པ་གཉིས་ཙམ་ཡིན་པར་གསུངས་པ་ནི་ཁོ་བོས་བལྟས་ན་ནོར་རྒྱུན་འབྱམས་མིན་ནམ་སྙམ།
འཇིགས་མེད་བཀྲ་ཤིས་ལགས། ཁྱེད་ཉིད་བོད་ཀྱི་བརྡ་དག་གི་གཞུང་ལུགས་ལ་སྦྱངས་པ་ཅན་ཞིག་ཡིན་ཚོད་འདུག དེས་ན་ང་ལ་དུས་ཡུན་རིང་མོ་ནས་ཉར་ནས་ཡོད་པའི་དོགས་པ་ཞིག་ཡོད་པས་དེ་རིང་ཁྱོད་ལ་དྲི་འདོད་བྱུང་། གསལ་བཤད་ཞུ་རྒྱུ་ཞིག་ལ། ངས་ཁྱོད་ལ་དྲི་བ་ཞུ་བ་ནི་སྐུ་ཉིད་ཀྱི་ཚོད་བགམ་པའི་ཕྱིར་དུ་མ་ཡིན་པར། དོན་དངོས་ནས་དོགས་པ་སེལ་ཆེད་ཡིན་པར་དགོངས་འཇགས་ཞུ།
དོགས་པ་ནི། སྤྱིར་སྐུ་ཉིད་ཀྱིས་ཀྱང་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་པའི་ལ་སྒྲ་དེ་རྣམ་དབྱེ་གཉིས་བཞི་གང་ཡིན་དཔྱད་གཞིར་གསུངས། དེ་ནི་བོད་ཀྱི་བརྡ་དག་རྣམས་སུ་རྣམ་དབྱེ་གཉིས་བཞིའི་ཁྱད་པར་གསལ་པོར་མ་བཀོད་པས་ལན་པར་སེམས། སྤྱིར་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་རྣམས་སུ། རྣམ་དབྱེ་གཉིས་བཞིའི་ཁྱད་པར་ནི། བྱ་ཡུལ་དང་དེ་དང་འབྲེལ་བའི་ལས་ལ་ཕན་ཐོགས་པ་དང་མི་ཐོགས་པ་ཙམ་ཡིན་པར་གསུངས་ཀྱང་། ཁོ་བོས་བལྟས་ན་དེ་ནི་ནོར་བ་རྒྱུན་འབྱམས་མིན་ནམ་སྙམ།
གལ་ཏེ་དེ་ནོར་བ་མིན་ན། ནད་པ་ལ་དུག་བྱིན་ལྟ་བུའི་དཔེར་བརྗོད་རྣམས་རྣམ་དབྱེ་གཉི་ས་བཞི་གང་ཡིན་དཔྱད་ཚེ། གལ་ཏེ་ནད་པ་ལ་དུག་བྱིན་པ་དེས་བྱ་ཡུལ་ནད་པ་ལ་གནོད་པས་གཉིས་པ་ཡིན་ཟེར་ན། མྱུར་དུ་འཆི་འདོད་པའི་ནད་པ་ཞིག་ལ་དུག་བྱིན་ན་ནི་བྱ་ཡུལ་ནད་པ་དེའི་བསམ་དོན་གྲུབ་པ་ལ་ཕན་པས་མཐའ་གཅིག་ཏུ་གཉིས་པར་འདོད་པ་ཡང་མི་འཐད་པར་སེམས་སོ།།
དེས་ན་ཁོ་བོའི་བསམ་པར། རྣམ་དབྱེ་གཉིས་པ་དང་བཞི་པ་ནི། དཔེར་ན་གང་དུ་འགྲོ་ཞེས་པའི་ལན་(ཞང་ཞུང་དུ་འགྲོ་)ཞེས་པ་ལྟ་བུ་གཉིས་པ་དང་། དོན་ཅི་ལ་འགྲོ་ཞེས་པའི་ལན་(ཇ་ཉོ་རུ་འགྲོ་)ཞེས་པ་ལྟ་བུ་བཞི་པར་འཇོག་ན་རྣམ་དབྱེ་གཉིས་བཞིའི་དོན་གོ་རྒྱུར་ལས་སླ་པོ་ཆགས་རྒྱུ་དང་། དོན་ལ་ཡང་དེ་ལྟར་གནས་སྲིད་པ་ལྟ་བུ་ཞིག་རྟག་པར་རྒྱུན་དུ་སེམས་ལ་བཅངས་ཡོད།
འོན་ཀྱང་དེའི་གོ་དོན་དང་མཚན་ཉིད་འདྲ་འཇོག་དགོས་ན་བདག་རང་ཉིད་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་ལ་ཤེས་བྱའི་ཆུ་ཚད་ཤིན་ཏུ་དམའ་བས་འཇོག་མི་ཐུབ་པར་འདུག་ན། སྐུ་ཉིད་ཀྱིས་དེ་ལ་བསམ་ཚུལ་ཇི་འདྲ་ཞིག་གསུངས་རྒྱུ་ཡོད་མེད་དང་། ཁོ་བོ་ལ་མོས་མཐུན་ཡོད་ན་དེ་ལ་མཚན་ཉིད་སོགས་ཇི་འདྲ་ཞིག་འཇོག་ན་ལེགས་སམ་གསུང་བར་ཞུ་ཞུ
གཡུ་འབྲུག་དཀར་པོ་ལགས།
ངས་ཡག་པོ་རང་མི་ཤེས་ཀྱང་གང་ཤེས་ཞུས་ཆོག འདི་དོན་ཚན་གཉིས་བྱས་ནས་ཞུ་ཡི་ཡིན། དང་པོ་སྔོན་གྱི་མཁས་པའི་གསུང་སྟངས། རྣམ་དབྱེ་བཞི་པ་ནི་བྱ་བའི་ཡུལ་ལམ་དེ་དང་འབྲེལ་བའི་ལས་ལ་ཕན་གདགས་པའི་ཆེད་དུ་འཇུག་པའི་དོན་ཅན་ཞིག་ཡིན་དགོས། འདི་སི་ཏུ་པཎ་ཆེན་གྱི་ལུགས་རེད། འདི་ནོར་བ་རྒྱུན་འབྱམས་ཤིག་མིན། རྒྱུ་མཚན་ནི། སྤྱིར་རྣམ་དབྱེའི་འགྲོ་སྟངས་འདི་དག་རྒྱ་གར་ལ་དཔེ་བལྟས་པ་ཡིན་ཀྱང་། རྒྱ་གར་དང་བོད་ཀྱི་སྐད་གཉིས་རྩ་བའི་ཆ་ནས་ཐ་དད་ཡིན་པས་རྣམ་དབྱེའི་འགྲོ་སྟངས་ཀྱང་རྣམ་པ་ཐམས་ཅད་དུ་འདྲ་བ་ཞིག་མིན། དེས་ན་རྣམ་དབྱེ་བཞི་པ་དགོས་ཆེད་ཀྱང་བོད་ལུགས་ལ་སི་ཏུའི་ལུགས་འདི་ལྟར་བྱས་ཚེ་བོད་སྐད་ཀྱི་འགྲོ་སྟངས་དང་མཐུན་ཤོས་ཡིན་ཞིང། རྣམ་དབྱེ་གཉིས་བཞིའི་ཁྱད་པར་ཡང་དབྱེ་སླ་རུ་འགྲོ། ནད་པ་ལ་དུག་བྱིན་ལྟ་བུར་མཚོན་ན། དུག་བྱིན་པ་ནད་པ་ལ་ཕན་པའི་སྐབས་ཡོད་སྲིད་ཀྱང། ཚིག་རང་སྟེང་ན་ནད་པ་ལ་ཕན་པའི་ཆེད་ཡིན་པ་མི་གསལ་བར་མ་ཟད། འཇིག་རྟེན་གྲགས་པར་ཡང་དེ་ཕན་པའི་དོན་ཅན་དུ་མི་གོ ནད་པ་ལ་སྨན་བྱིན་ལྟ་བུ་ནི་ཚིག་རང་སྟེང་ན་ནད་པ་ལ་སྨན་བྱིན་པའི་བྱ་བ་ཙམ་ལས་ནད་པ་ལ་ཕན་པའི་ཆེད་ཡིན་པ་མི་གསལ་ནའང། སྨན་བྱིན་པ་ནི་ནད་པ་ལ་ཕན་པའི་ཆེད་ཡིན་པ་འཇིག་རྟེན་ལ་གྲགས་པས་ནད་པར་ཕན་པའི་དོན་ཅན་དུ་གོ་འགྲོ། འདི་རིགས་ནི་གཙོ་བོར་བརྗོད་འདོད་ཀྱི་རྟོག་པའམ་སེམས་ཀྱི་ངོས་འཛིན་བྱེད་ཕྱོགས་ཏེ་གོམས་གཤིས་ཀྱི་ལྟ་བའི་རྗེེས་སུ་འབྲང་བ་ཞིག་ཕལ་ཆེར་ཆགས་ཡོད། སློང་མོ་པར་ཟས་སྦྱིན་པའང་དེ་ནང་བཞིན་རེད། དེར་བརྟེན་རྒྱ་གར་གྱི་བརྡ་སྤྲོད་གཞུང་དུ་རྣམ་དབྱེ་བཞི་པ་ལ་ཡང་དག་པར་རབ་ཏུ་སྦྱིན་པ་ཞེས་སྦྱིན་པའི་མིང་གིས་གསུངས་ཤིང། སྦྱིན་པའི་ཡུལ་ལ་བཞི་པ་འཇུག་པ་ནི་སྤྱིར་བཏང་གི་འགྲོ་ལུགས་ལྟ་བུ་ཞིག་ཏུ་བརྩི་བ་ཡིན་པས། མགོ་བོར་དབྱུག་པ་སྦྱིན་ཞེས་པ་ལའང་རྣམ་དབྱེ་བཞི་པ་སྦྱར་ཡོད། དེ་ནི་མགོ་བོར་ཕན་པའི་ཆ་ནས་མིན་པར། སྦྱིན་པའི་སྒྲ་ཡོད་པའི་ཆ་ནས་རེད། འོན་ཀྱང་སྦྱིན་པ་འདི་སྦྱིན་པ་དངོས་མ་ཡིན་པས་འདིའི་རྣམ་དབྱེ་བཞི་པའང་བཞི་པ་དངོས་མིན་པར་གཉིས་པ་ཡིན་གསུངས།
གཉིས་པ་ཕྲན་གྱི་བསམ་ཚུལ་ནི། རྣམ་དབྱེའི་འཇུག་ཚུལ་འདི་དག་སྤྱིར་མི་ཕན་ཚུན་དབར་སྨྲ་་བརྗོད་ཀྱི་ལམ་ནས་དོན་བརྡ་སྤྲོད་སྟངས་ཤིག་ཡིན་པས་འཇིག་རྟེན་གྱི་གྲགས་པའམ་ཡོངས་གྲགས་ཀྱི་བརྗོད་སྲོལ་གཞིར་བཟུང་བ་ཞིག་ཡིན་དགོས་པ་དང། སྒྲ་རྟོག་ཡུལ་ལ་འཇུག་ཚུལ་མཚུངས་ཞེས་གསུངས་པ་ལྟར་རྗོད་བྱེད་ཀྱི་སྒྲའི་ལམ་ནས་བརྡ་སྤྲོད་པ་འདི་རིགས་ལ་རྟོག་པའི་འཛིན་ཚུལ་ཡང་ལྷན་ཅིག་ཏུ་འབྱུང་བ་ཡིན་ནའང། ཚིག་གིས་དོན་ཅི་བསྟན་གྱི་ཞིབ་ཕྲའི་ཁྱད་པར་འབྱེད་སྐབས་བརྗོད་འདོད་ལ་གཙོ་བོར་མི་བསྟུན་པར་ཚིག་རང་སྟེང་ནས་ཁྱད་འབྱེད་པ་གཙོ་བོར་བྱས་ན་ལེགས་པར་སེམས། དེ་ལྟར་ན། ནད་པ་ལ་སྨན་བྱིན་དང་དུག་བྱིན་གང་ཡིན་ཡང་ཚིག་རང་སྟེང་ནས་བྱ་བའི་ཡུལ་ལ་བྱ་བ་བྱས་པ་ཙམ་ལས་མི་སྟོན་པས་རྣམ་དབྱེ་གཉིས་པར་འཇོག གང་དུ་འགྲོ་དང་ཞང་ཞུང་དུ་འགྲོ་ཞེས་པའང་དེ་བཞིན་རེད། དོན་ཅི་ལ་འགྲོ་དང་ཇ་ཉོ་རུ་འགྲོ་ལྟ་བུ་ནི་ཚིག་རང་སྟེང་ནས་བྱ་བའི་ཡུལ་ལམ་དེ་དང་འབྲེལ་བའི་ལས་ལ་ཕན་འདོགས་པར་འགྱུར་བའི་དོན་སྟོན་པས་རྣམ་དབྱེ་བཞི་པར་འཇོག དེ་བཞིན་དུ། ཤིང་ལ་ཆུ་འདྲེན་དང་ནད་པ་ལ་སྨན་བཟོ་ལྟ་བུའང་བྱ་བའི་ཡུལ་ལ་ཕན་གདགས་པའི་དོན་ཅན་ཡིན་པ་ཚིག་རང་སྟེང་ན་གསལ་བས་རྣམ་དབྱེ་བཞི་པར་འདོད། སྐབས་འདིའི་ཕན་གདགས་ཞེས་པ་ནི་དངོས་སུ་ཕན་མིན་ལ་མ་ལྟོས་པར་དེའི་ཆེད་དུའམ་དེའི་དོན་དུ་དམིགས་པ་ཞིག་ཡིན་པར་སྟོན་པས་འགྲིག་གི་ཡོད། དཔེར་ན། ཐར་པ་འཐོབ་པ་རུ་ཤ་ཟ། ཐར་པ་འཐོབ་པ་རུ་བདག་མེད་སྒོམ། ཞེས་པ་གཉིས་ལས་ཐར་པ་འཐོབ་པ་ལ་དངོས་སུ་ཕན་པ་ནི་ཕྱི་མ་ཉིད་ཡིན་ཞིང། སྔ་མ་ནི་དོན་སྟེང་ནས་ཕལ་ཆེར་མེད་པ་ལྟ་བུ་ཞིག་ཡིན་ནའང། ཚིག་གི་ལམ་དུ་གང་ཡང་བརྗོད་ཆོག་པས་དེ་ལྟར་བརྗོད་རྒྱུ་ཡོད་པར་མ་ཟད། ཐར་པ་འཐོབ་པའི་ཆེད་དུ་དམིགས་པར་སྟོན་པ་ནི་སྔ་ཕྱི་གཉིས་ཀ་གཅིག་མཚུངས་ཡིན་ཞིང། གཉིས་ཀ་ཐར་པ་འཐོབ་པ་ལ་ཕན་གདགས་པའི་དོན་ཅན་ཡིན་པས་རྣམ་དབྱེ་བཞི་པ་ཡིན་པ་ལ་ཁྱད་མེད། ངའི་བསམ་ཚུལ་དེ་འདྲ་ཞིག་རེད། དེ་དག་ལ་མཚན་ཉིད་ནི་སི་ཏུའི་ལུགས་དེ་རང་འཇགས་བཞག་པས་འཐུས་སྙམ། དེ་ཙམ་ལགས།