(རྒྱལ་དབང་ལྔ་བ་༼༡༦༡༧-༡༦༨༢༽མཆོག་གིས་གངས་ཅན་ལྗོངས་ཀྱི་བོན་གྱི་ལྷ་སྡེ་ལ་གཟིགས་ཕྱོགས་གནང་བའི་མཚམས་སྦྱོར།)
མཁར་རྨེའུ་བསམ་གཏན།
——————–
ལྡོང་གསེར་མིག་གིས་ཧི་བོན་དྲ་བ་ལས་དྲངས།
དེ་ཡང་རྒྱལ་དབང་ལྔ་བའི་རང་རྣམ་༼འདི་སྣང་འཁྲུལ་བའི་རོལ་རྩེད་རྟོགས་བརྗོད་ཀྱི་ཚུལ་དུ་བཀོད་པ་དུ་ཀུ་ལའི་གོས་བཟང་༽ཞེས་པར་གཡུང་དྲུང་བོན་གྱི་ལྷ་སྡེ་དང་ དེའི་མི་སྣ་ཆེ་ཁག་འགའ་ཤས་དང་ཐུགས་ཉེ་བའི་སྐོར་གྱི་ལོ་རྒྱུས་མི་ཉུང་བ་ཞིག་བཀོད་ཡོད་པ་འདིར་བརྗོད་འདོད་བྱུང་། དེ་སྔ་བོན་གྱི་ལོ་རྒྱུས་ཡིག་ཆ་རྣམས་སུ་འདིའི་སྐོར་གང་ཡང་བྲིས་མེད་པས་ན་རྒྱུ་མཚན་དེ་བས་ཀྱང་གལ་ཆེ་བར་མཐོང་། རང་རྣམ་དུ་ཞང་སྟོན་སྒར་པ་སྐུ་མདུན་ལྷུན་གྲུབ་ཞེས་པ་བོན་གྱི་བླ་མ་དེ་ཉིད་རྒྱལ་དབང་ལྔ་བའི་སྐུ་མདུན་དུ་བཅར་བའི་བླ་མ་ཆེ་ཁག་གི་གྲས་ནས་ཤིན་དུ་གཙིགས་ཆེ་བར་གནང་བ་མ་ཟད་རྒྱལ་དབང་མཆོག་གི་བསྟན་སྲིད་དང་བོད་ཀྱི་བདེ་དོན་ལ་དམིགས་ནས་སྐུ་རིམ་ལན་མང་དུ་བསྒྲུབས། ཁོང་སྟོད་ལུང་དུ་ཡོད་པའི་ཞང་སྟོན་ཞེས་པའི་ཡུལ་ནས་ཕེབས་པས་ཞང་སྟོན་སྐུ་མདུན་ལྷུན་གྲུབ་ཞེས་ཞུས། དེ་བཞིན་འདིར་ཡང་ཞང་སྟོན་ཞེས་ཞུ་གི་ཡིན།
སྤྱི་ལོ་༡༦༧༡ལོར་རང་རྣམ་དུ་༼ཟླ་བ་བཞི་བའི་འགོར་ཞང་སྟོན་སྐུ་མདུན་ལྷུན་གྲུབ་ཀྱིས་བོན་མཁའ་ཀློང་གི་མདོས་ཆེན་རིམ་གྲོ་གཏང་ཞིང་ལོ་སྔ་མ་ཚོར་ཡང་ཞང་ཞུང་ ལུགས་ཀྱི་མོ་རྩིས་དང་དེར་བབས་པའི་བཅོས་རིམ་མང་དུ་མཛད།༽ཞེས་གསུངས། 1དེ་བཞིན་དགྲ་སྲི་མནན་པ་དང་དགྲ་ལྷ་དཔང་བསྟོད་དང་ལྷག་པར་དུ་ཀླུ་བཅོས་སོགས་བོན་གྱི་གཏོ་ཆོག་མང་དུ་མཛད་ཡོད་པར་གསུངས། 2
སྤྱི་ལོ་༡༦༧༡་ལོར་༼ཞང་སྟོན་སྐུ་མདུན་ལྷུན་གྲུབ་ཀྱིས་ར་མོ་ཆེའི་ཀླུ་རྒྱལ་ལྕང་གསེབ་ཏུ་གཏའ་བསྡེམ་སོགས་བཅོས་ཀ་མཛད་པའི་ཚེ་ཀླུ་རྒྱལ་གྱི་འཁོར་དུ་ཁམས་སྤྲང་འདྲ་བ་གཉིས་འདུག་པ་ཅི་ཡིན་དྲིས་པར་འབྲུམ་པའི་ནད་བདག་ཡིན་ཟེར་བ་བྱུང་བས་ད་ལོར་འཐོར་ནད་ཞིག་ཡོང་ཉེན་ཆེ་ཚུལ་མོལ་བ་ལྟར་དེ་ནས་ཟླ་ཕྱེད་གསུམ་སྐོར་ཙམ་ལ་ལྷ་ས་ནས་རིམ་གྱིས་མཆེད་པའི་ལོ་ཕྱེད་གསུམ་ཚུན་ལ་དབུས་གཙང་ཐམས་ཅད་ཁྱབ་པས་ངེས་ཤེས་འདྲོང་བར་སྣང་། བོན་འདི་ལ་བོད་ཀྱི་ལྷ་རྣམས་དགའ་བར་མ་ཟད་ཀླུ་ལ་ལྷག་པར་མངའ་བརྙེས་པ་ཞིག་ཡོད་ ཚོད་དུ་འདུག་༽ཞེས་གསུངས། 3འདི་ནི་དོན་ལ་གནས་པའི་བོན་གྱི་གཟེངས་བསྟོད་ཞིག་རེད་འདུག། དེར་བརྟེན་སྡེ་དགེ་པར་ཁང་དང་ལྷ་ས་ཞོལ་པར་ཁང་དང་རྟག་བརྟན་ཕུན་ཚོགས་གླིང་སོགས་སྐད་གྲགས་ཅན་གྱི་པར་ཁང་རྣམས་སུ་ཀླུ་འབུམ་དཀར་ནག་ཁྲ་གསུམ་གྱི་པར་ཤིང་བཞུགས་ཡོད་པ་མ་ཟད་བན་དེ་དགོན་སྡེ་ཆེ་ཁག་རྣམས་སུ་ཡང་གསུང་རབ་དེ་ཉིད་བཞུགས་སུ་གསོལ་ཡོད་པ་ཡོངས་གྲགས་ཡིན།
འབྲུག་རྒྱལ་ཁབ་ཏུ་ཡོད་པའི་གཏེར་སྟོན་རྡོ་རྗེ་གླིང་བའམ་གཡུང་དྲུང་གླིང་བའི་གདུང་བརྒྱུད་ཨོ་རྒྱན་ཆོས་གླིང་དུ་གསུང་རབ་དེ་ཉིད་ཀྱི་ཤིང་པར་ཞིག་བཞུགས་ཡོད་པ་མཇལ་མྱོང་། དེའི་པར་བྱང་མི་གསལ་ཡང་ཕལ་ཆེར་བུམ་ཐང་བདེ་ཆེན་ནམ་ཕྱིས་སུ་པུ་ན་ཁར་གྲགས་པའི་ཤིང་པར་ཡིན་པ་འདྲ་སྙམ།
སྤྱི་ལོ་༡༦༧༡ལོའི་ཚེས་བཅོ་ལྔ་ལ་རང་རྣམ་དུ་༼ཆབ་མདོ་རྗེ་དྲུང་རིན་པོ་ཆེའི་སྤྲུལ་སྐུ་དང་བོན་གཡུང་དྲུང་གི་མིག་གཅིག་བུ་སྐུ་མདུན་ལྷུན་གྲུབ། ཨ་མདོ་བའི་རྟ་འབུལ་བ་ཁ་ཤས། ནག་ཚང་ལྷ་སྐྱབས་ཅན་འཕྲད་མི་མང་།༽ཞེས་གསུངས། 4འདིར་བོན་གཡུང་དྲུང་གི་མིག་གཅིག་བུ་ཞེས་གཟེངས་བསྟོད་གནང་བར་དཔྱད་ན་དུས་རབས་བཅུ་བདུན་པའི་ནང་བླ་མ་དེ་ཉིད་རྒྱལ་དབང་མཆོག་གིས་གཟིགས་མཐོང་ཆེན་པོ་གནང་བའི་བོན་གྱི་བླ་མ་ཞིག་སྐུ་ཡོན་ཆེ་ལ་ཧ་ཅང་གི་གྲགས་ཅན་ཞིག་ཡིན་པ་ཤེས་ཐུབ། སྐབས་འགར་རྒྱལ་དབང་མཆོག་གིས་ཞང་སྟོན་ལ་སྒར་པའམ་རི་ཁྲོད་པ་ཞེས་ཀྱང་འབོད་གནང་འདུག་པས་ཞང་སྟོན་སྐུ་མདུན་ནི་དུས་རབས་བཅུ་བདུན་པའི་ནང་དུ་ཕེབས་པའི་བོད་ཀྱི་བླ་མ་ཆེ་ཁག་ཚོ་ལྟ་བུ་སྒར་དང་སྐུ་འཁོར་བཅས་འགྲིམ་འགྲུལ་ལ་ཕེབས་པ་དང་སྐབས་འགའ་རེར་རི་ཁྲོད་ལ་བཞུགས་ནས་བྱ་བྲལ་གྱི་རྟུལ་ཞུགས་འཛིན་པའི་ཚུལ་ཡང་གནང་གི་ཡོད་པར་ངེས། དེ་བཞིན་རང་རྣམ་དུ་༼ཞང་སྟོན་རི་ཁྲོད་པར་ཕྱི་ནང་གི་སྐད་ཆ་དུ་མ་འདུག་པར་ལ་ལར་དགོད་བྲོ་བ་དང་ལ་ལར་ཉམ་ང་བའང་འདུག༽ཅེས་གསུངས། 5
སྤྱི་ལོ༡༦༥༢་ལོར་རྒྱལ་དབང་མཆོག་རྒྱལ་ས་པེ་ཅིང་དུ་ཆིབས་བསྒྱུར་གནང་སྐབས་འབྲས་སྤུངས་ནས་འགོ་བཙུགས་ཏེ་སྟོད་ལུང་བདེ་ཆེན་རྫོང་བརྒྱུད་ནས་ཕེབས། སྟོད་ལུང་དུ་ཡོད་པའི་ས་ཁུལ་ཞང་སྟོན་ཞེས་པར་སྐུ་འཚོ་བ་ཞང་སྟོན་སྐུ་མདུན་ལྷུན་གྲུབ་ཉིད་རྒྱལ་དབང་མཆོག་ལ་ཕེབས་སྐྱེལ་ཞུས་པར་ཕེབས། འདིའི་སྐོར་རང་རྣམ་དུ་༼ཞང་སྟོན་སྒར་པ་སྐུ་མདུན་ལྷུན་གྲུབ་བི་རིའི་བླ་མ་དང་མག་པར་སོང་བས་རྒྱལ་བོ་ཡབ་སྲས་རྣམས་མི་དགྱེས་པའི་གཟིགས་ཕྱོགས་ལོག་པ་འདུག་པར་འཇིགས་པ་ལས་སྐྱབས་ཤིང་བསྙེན་རྫོགས་སུ་བསྒྲུབས་མཚན་ངག་དབང་ཚུལ་ཁྲིམས་གྲགས་པར་བཏགས།༽ཞེས་གསུངས།6 འདིར་རྒྱལ་བོ་ཡབ་སྲས་ཞེས་པའི་རྒྱལ་བོ་ནི་སོག་པོ་གུ་ཤྲི་ཁན་བསྟན་འཛིན་ཆོས་རྒྱལ་༼༡༥༨༢-༡༦༥༥༽ཡིན། འདིའི་ཚིག་ཟིན་དུ་མག་པ་ཞེས་འབྱུང་བས་ཞང་སྟོན་གྱི་གསང་ཡུམ་དེ་བི་རིའི་རྒྱལ་བོ་དོན་ཡོད་ཀྱི་སྐུ་སྲིང་ངམ་སྲས་མོ་ཞིག་ཡིན་པར་ངེས། དེ་བཞིན་ཁོང་བི་རིའི་རྒྱལ་བོའི་བླ་མ་ཞིག་ཡིན་པ་ཡང་གསལ། ཞང་སྟོན་གྱིས་རྒྱལ་དབང་མཆོག་གི་སྐུ་མདུན་དུ་བསྙེན་རྫོགས་བསྒྲུབས་ཞེས་གསུངས་ པ་འདིའི་ཤུགས་བསྟན་དུ་གོང་སྨོས་རྒྱལ་བོས་ཞང་སྟོན་ཉིད་དགེ་ལུགས་པར་བསྒྱུར་དགོས་པའི་སྐུལ་ལྕག་བྱས་པར་སྙམ། དེར་བརྟེན་ཞང་སྟོན་སྐུ་མདུན་ལྷུན་གྲུབ་ཉིད་སྟོད་ལུང་བདེ་ཆེན་རྫོང་དུ་ཡོད་པའི་ཞང་སྟོན་ཞེས་པ་ནས་ཕེབས་པར་གདེང་འཇོག་བྱེད་ཐུབ། འདིར་བི་རི་ཞེས་བྲིས་པ་ནམ་རྒྱུན་བེ་རི་ཞེས་པ་ཁམས་དཀར་མཛེས་ཁུལ་གྱི་བྱང་ངོས་ སུ་ཡོད།
སྟོད་ལུང་བདེ་ཆེན་རྫོང་ཁུང་དུ་གྲོང་ཚོ་ཞང་སྟོན་ཞེས་པ་ཡོད་པ་དང་དེར་རྨེའུ་བརྒྱུད་འཛིན་པ་ཞིག་གིས་བཏབ་པའི་ཞང་སྟོན་འཕགས་པའི་གདན་ས་ཞེས་གྲགས་པ་ཡོད་ཅེས་མཁས་པ་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་ཁོང་གི་ཚིག་མཛོད་དུ་གསུངས་ཀྱང་ཁོང་གི་ལོ་རྒྱུས་དེའི་ཁུངས་སྨོས་མི་འདུག་པས་བློ་ཕམ་ཆེ། 7
པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་༼༡༥༦༧-༡༦༦༢༽ནི་རྒྱལ་དབང་མཆོག་རང་གི་དགེ་བའི་བཤེས་གཉེན་ཆེན་པོ་ཡིན་པར་མ་ཟད་སྐབས་དེར་དགེ་ལུགས་ཀྱི་བསྟན་པའི་བདག་པོ་ཡང་ཡིན། ཁོང་སྤྱི་ལོ་༡༦༦༧ལོར་སྐུ་གཤེགས་པར་བརྟེན་རྒྱལ་དབང་མཆོག་གིས་པཎ་ཆེན་གྱི་སྤྲུལ་སྐུ་མྱུར་དུ་ཕེབས་པའི་སྨོན་ལམ་བརྩམས་འདུག འདིའི་སྐོར་རང་རྣམ་དུ་༼སྤྲུལ་སྐུ་མྱུར་དུ་ཕེབས་པའི་སྨོན་ལམ་ཚིགས་བཅད་བྲིས་ཏེ་སེར་འབྲས་ཀྱི་ཚོགས་ཆེན་དུ་བཙུགས།༽ ཞེས་གསུངས། 8
སྤྲུལ་སྐུ་ཡང་ལོ་དེའི་རྗེས་མར་གཡས་རུ་བྲུ་ཡི་གདུང་བརྒྱུད་དུ་འཁྲུངས། རང་རྣམ་དུ་༼བོན་གྲུ་ཚང་བའི་སར་སྔགས་གྲ་སློབ་དཔོན་སྒང་ཆེན་པ། དཔོན་ཚང་ཚ་རོང་པ། དབུ་མཛད་ཆོས་དབྱིངས་ཅན་གྱིས་རྗེ་གོང་མའི་སྐུ་ཆས་ཁྱེར་ངོས་འཛིན་ལ་ཕྱིན་པ་ རྣམས་རིམ་པར་གསལ་བ་བྱུང་ཚུལ་ཕྱག་མཛོད་པས་རྨེད་པས་མི་སྣའི་བསྐུལ་མར་མགྲོན་གཉེར་གཞོན་པ་དཀར་བཅུ་ཆོས་འཕེལ་འབྱོར་དོན་བཞིན་རི་ཁྲོད་དགའ་ལྡན་སློབ་དཔོན་བྱམས་པ་རིན་ཆེན་གསུམ་སྐྱར་པོ་མགྲོན་གཉེར་རྡོ་རྗེ་དབང་ཕྱུག མདའ་དཔོན་འོར་པ་གསུམ་བཏང་བའི་སྤྲུལ་སྐུ་རིན་པོ་ཆེའི་མཚན་ལ་བློ་བཟང་ཡེ་ཤེས་སུ་གསོལ་ཐོག་སློབ་དཔོན་བྱམས་རིན་པས་མེ་ཏོག་གཏོར། ལེགས་འབུལ་གཟེངས་བསྟོད།༽ཞེས་གསུངས།9 འདིར་བོན་གྲུ་ཚང་བ་ཞེས་བྲིས་གནང་བ་ནི་མ་དག་པ་རེད། གོང་སྨོས་ལྟར་བྲུ་ཚང་ཞེས་པའི་བྲུ་ནི་ཡུལ་བྲུ་ཞ་ཞེས་པ་དེང་རབས་ཅན་གྱི་རྒྱལ་ ཁབ་པ་ཀི་སི་ཏན་གྱི་ནུབ་བྱང་དུ་ཡོད་པ་Gilgit ཞེས་པ་ཡིན་པར་འདོད། དེ་ཡང་ཏུན་ཧོང་ཡིག་རྙིང་དུ་སྤྱི་ལོ་༧༣༧ལོར་བོད་ཀྱིས་མངའ་འོག་ཏུ་བཅུག 10 བོན་གྱི་ཡིག་ཆ་ཁག་ཏུའང་བྲུ་ཤ་གནམ་གསས་སྤྱི་རྟོལ་ཞེས་བྱ་བའི་རྗེས་འཛིན་ཞིག་བྲུ་ཤའི་ཡུལ་ནས་བོད་དུ་ཕེབས་ཏེ་ཁོང་གི་སྲས་བརྒྱུད་དག་བྲུ་ཚང་གདུང་བརྒྱུད་ཀྱི་ཡབ་མེས་ཡིན་པར་བཤད། 11འདིར་རྒྱལ་དབང་མཆོག་གིས་རང་གི་བླ་མའི་སྤྲུལ་སྐུ་བོན་པོ་བྲུ་ཚང་བའི་གདུང་བརྒྱུད་དུ་ངོས་འཛིན་གནང་དགོས་དོན་ཞལ་གསལ་མ་བྱུང་རུང་དུས་སྐབས་དེར་བོན་གྱི་བསྟན་སྦྱིན་ཁམས་བེ་རིའི་རྒྱལ་བོ་དོན་ཡོད་དང་ཁོང་གི་ཕྱོགས་གཏོགས་བཀའ་བརྒྱུད་པའི་ཕྱོགས་འཛིན་གཙང་སྡེ་སྲིད་ཀརྨ་བསྟན་སྐྱོང་དབང་བོ་༼༡༦༠༦-༡༦༤༢༽གཉིས་ཆབ་སྲིད་ཐོག་མགོ་གཞུག་ལོག་ཡོད་ན་ཡང་རྒྱལ་དབང་མཆོག་གིས་བོད་གཅིག་གྱུར་ཡོང་ཆེད་དུ་ཇོ་ནང་བ་ཕུད་གྲུབ་མཐའ་རིགས་མི་གཅིག་པ་ཚང་མར་ལས་དོན་ཅི་རིགས་ཐོག་ནས་གཟིགས་མཐོང་བླ་མེད་དུ་མཛད་འདུག། ནམ་རྒྱུན་དུ་མི་ཁྱིམ་ཞིག་ཏུ་དགེ་ལུགས་པའི་སྤྲུལ་སྐུ་འཁྲུངས་ན་མི་ཁྱིམ་དེའི་མི་དང་ཡུལ་འཁོར་ཚང་མ་སྤྲུལ་སྐུའི་དགོན་པས་གཞུང་བཞེས་བྱེད་སྲོལ་ཡོད་ན་ཡང་འདི་སྐབས་སུ་བྲུ་ཚང་གི་གདུང་བརྒྱུད་རང་གནས་སུ་བཞག་སྟེ་བདག་རྐྱེན་མཛད་འདུག
རང་རྣམ་དུ་༼བོན་པོ་དར་སྡིངས་པས་གཏོར་ཟློག་དང་དགྲ་མནན་༽ཞེས་ལན་གསུམ་གསུངས། 12 འདིར་དར་སྡིངས་པ་ནི་གཙང་ཁུལ་གྱི་ས་གནས་གཞད་ཞེས་པར་ཡོད་པའི་གྲོང་ཚོ་དར་ སྡིངས་སུ་གདན་ཆགས་པའི་དམུ་གཤེན་གྱི་གདུང་བརྒྱུད་ནམ་རྒྱུན་དུ་གཤེན་ཚང་དུ་འབོད་པ་དེ་རེད།
དེ་བཞིན་ཕོ་བྲང་པོ་ཏ་ལའི་ཚོམས་ཆེན་སྲིད་ཞི་ཕུན་ཚོགས་སོགས་ཚོམས་ཆེན་ཁག་ནང་རྒྱལ་དབང་མཆོག་གི་སྐུ་མདུན་དུ་བོད་ཀྱི་བླ་མ་ཆེ་ཁག་དང་སྡེ་དཔོན་དང་རྫོང་ དཔོན་རྣམས་ཚོགས་འདུར་བཅར་སྐབས་མི་རེ་གདན་ཡིག་ལྟར་རང་གི་གནས་བབས་ལ་ལྟོས་པའི་གདན་ཐོག་ཏུ་བསྡོད་དགོས་པའི་བཅའ་ཁྲིམས་བཟོས་ཡོད་པ་རེད། དེའི་སྐོར་རང་རྣམ་དུ་༼ཞང་སྟོན། དར་སྡིངས། རི་ཞིང་། གྲུ་ཚང་པའི་མི་ངོའི་རིགས་སོགས་ལ་མགོ་སྟན་རིགས་གསུམ། མཇུག་བསྒྲིགས་རིགས་གསུམ། སྟག་གདན་རིགས་གསུམ་།༽ཞེས་གསུངས། 13 འདིར་རི་ཞིང་ཞེས་པ་ནི་བོད་ལྗོངས་ལྷོ་ཁའི་ས་ཁུལ་དབང་ལྡན་ཞུ་ཚང་གི་གདན་ཆགས་པའི་ཡུལ་དེ་རེད། དེར་བརྟེན་བོན་པོ་གདུང་བརྒྱུད་ཆེ་ཁག་བཞི་ལ་བན་དེའི་བླ་མའམ་སྡེ་དཔོན་གོ་ས་མཐོན་པོ་དང་འདྲ་བར་གདན་ཐོབ་ཀྱི་རྟགས་གནང་བ་ནི་མགོ་སྟན་གཅིག་དེའི་སྟེང་དུ་མཇུག་བསྒྲིགས་དེའི་ཡང་ཐོག་ཏུ་སྟག་གདན་བཏིང་པ་བཅས་ཐོག་བརྩེགས་གསུམ་ལྡན་གྱི་གདན་ཁྲིར་འགྱིང་བའི་ཐོབ་ཐང་ཡོད་འདུག 14
སྤྱི་ལོ་༡༦༧༩ལོར་མི་དབང་སངས་རྒྱས་རྒྱ་མཚོ་༼༡༦༥༣-༡༧༠༥༽སྡེ་སྲིད་དུ་བསྐོ་བཞག་གནང་བའི་བཀའ་ཡིག་ནང་གཡུང་དྲུང་བོན་དམིགས་བསལ་དུ་སྨོས་པ་ནི་འདི་ལྟར་༼ཛམ་བུ་བཀྲ་ཤིས་མངོན་པར་མཚན་པའི་ནོར་འཛིན་གྱི་གཞིར་འཁོད་པའི་ཉི་འོག་གི་སྐྱེ་རྒུ་སྤྱི་དང་བྱེ་བྲག་གདན་ས་ཆེན་པོ་སེར་འབྲས་དགེ་གསུམ་གམ་དུ་འཁོད་པའི་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་བ་སོགས་རིས་མེད་ཀྱི་ཁྲིམས་ལྡན་འདུས་པའི་སྡེ་གསང་སྔགས་འཆང་བ་གཡུང་དྲུང་བོན་སོགས་ལྷ་སྡེར་གཏོགས་སོ་ཅོག་དང་སོག་པོ་ཚོ་ཆེན་བཞི་བཅུ་ཨོ་རོད་ཚོ་བ་བཞི་མཚོ་ཁྲི་ཤོར་རྒྱལ་མོའི་གྲམ་དུ་གནས་པའི་རྒྱལ་བོ་རིགས་༽ཞེས་གསུངས། བཀའ་ཡིག་འདི་ཕོ་བྲང་པོ་ཏ་ལའི་ཤར་ཕྱོགས་ཕོ་བྲང་དཀར་པོ་ཞེས་པའི་གསུམ་སྐས་སྒོ་མཆོར་གྱི་གྱང་ངོས་སུའཁོད་ཡོད་པ་དང་དེའི་འོག་ཏུ་རྒྱལ་དབང་རང་གི་ཕྱག་རྗེས་ཡང་ཕྱག་ཐམ་གྱི་ཚུལ་དུ་བཀོད་འདུག། འདིར་རྙིང་མ་བཀའ་བརྒྱུད་དང་ས་སྐྱ་སོགས་མ་སྨོས་པར་གཡུང་དྲུང་བོན་ཞེས་དམིགས་སུ་བཀར་ཏེ་གསུངས་པར་དགོས་དབང་ཁྱད་པ་ཅན་ཞིག་ཡོད་པར་སྙམ། བོད་ཀྱི་ལོ་རྒྱུས་ལ་མཁས་པ་སྐུ་ཞབས་ཧུ་རི་ཆར་སོན་(Hugh Richardson) གྱི་བཀའ་ཡིག་དེའི་དབྱིན་འགྱུར་དུ་གསང་སྔགས་འཆང་བ་ཞེས་པའི་ཚིག་དེ་གཡུང་དྲུང་བོན་ཞེས་པའི་ཚིག་ལས་ལོགས་སུ་བཀར་ཏེ་བསྒྱུར་གནང་བ་ནི་དོན་དང་འགལ་བ་ཡིན་ཏེ་དགའ་ལྡན་ཕོ་བྲང་པའི་མངའ་འོག་ཏུ་བོད་དུ་གསང་སྔགས་འཆང་བ་ཞེས་ཆོས་ལུགས་དང་ལྷ་སྡེ་བྱེ་བྲག་པ་ཞིག་བྱུང་བའི་ལོ་རྒྱུས་མི་འདུག 15 འོན་ཏེ་གཡུང་དྲུང་བོན་ལ་གསང་སྔགས་འཆང་བ་ཞེས་འགྲེལ་བཤད་བསྐྱོན་གནང་བ་ཡང་དགོངས་དོན་གཞན་ཞིག་ལ་གཟིགས་པ་ཡིན་ལས་ཆེ། གང་ཡིན་ཞེ་ན་དུས་རབས་བཅུ་བདུན་པའི་ནང་བོན་གྱི་དགོན་གནས་དང་འདུས་སྡེ་ཁག་ཏུ་གསང་སྔགས་ཙམ་མ་ཟད་མདོ་དང་རྫོགས་ཆེན་གྱི་འཆད་ཉན་དང་ཉམས་ལེན་ཡང་ཤིན་ཏུ་དར་བའི་ལོ་རྒྱུས་ཡོད་དོ། །
མཆན།
1རང་རྣམ་ པོད་གཉིས་པ་ ལྡེབ་ ༢༡༡།
2རང་རྣམ་ པོད་གཉིས་པ་ ལྡེབ་ ༡༨༢།
3རང་རྣམ་ པོད་གཉིས་པ་ ལྡེབ་ ༡༨༢།
4རང་རྣམ་ པོད་གཉིས་པ་ ལྡེབ་ ༢༣༧།
5རང་རྣམ་ པོད་གསུམ་པ་ ལྡེབ་ ༢༩༤།
6རང་རྣམ་ པོད་དང་པོ་ ལྡེབ་ ༣༤༨།
7དུང་དཀར་ཚིག་མཛོད་ ལྡེབ་ ༡༧༦༠།
8རང་རྣམ་ པོད་གཉིས་པ་ ལྡེབ་ ༧༣།
9རང་རྣམ་ པོད་གཉིས་པ་ ལྡེབ་ ༧༤།
10དབང་རྒྱལ་དང་བསོད་ནམས་སྐྱིད་ ༡༩༨༠ ལྡེབ་ ༣༤།
11དཔེར་ན་ཤར་རྫ་བཀྲ་ཤིས་རྒྱལ་མཚན་ ལེགས་བཤད་མཛོད་ ལྡེབ་ ༡༤༥།
12རང་རྣམ་ པོད་གཉིས་པ་ ལྡེབ་ ༤༢༣། པོད་གསུམ་པ་ ལྡེབ་ ༧༤།
13རང་རྣམ་ པོད་གཉིས་པ་ ལྡེབ་ ༡༧༣།
14རང་རྣམ་ པོད་གཉིས་པ་ ལྡེབ་ ༢༧༣།
15Hugh Richardson 1998: 441.
དཔྱད་གཞིའིཁུངས་ཀྱི་ཡིག་ཆ།
ངགདབང་བློ་བཟང་རྒྱ་མཚོའི་རྣམ་ཐར།
སྟོད་ཆ་། བར་ཆ་། སྨད་ཆ་།
བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༩༡།
Hugh Richardson
High Peaks, Pure Earth, Collected Writings on Tibetan history and Culture,
Serindia Publications, London 1998
ཤར་རྫ་བཀྲ་ཤིས་རྒྱལ་མཚན། ལེགས་བཤད་རིན་པོ་ཆེའི་གཏེར་མཛོད། མི་རིགས་དཔེ་སྐྲུན་ཁང་། ༡༩༨༥།
དབང་རྒྱལ་དང་བསོད་ནམས་སྐྱིད། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༠།
དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢།
འདིར་བཤད་པ་མང་ཆེ་བ་བདག་གིས་ཀྱང་མཐོང་། ལོ་རྒྱུས་ཁུངས་ལྡན་རེད་སྙམ། ལྔ་བ་ཆེན་པོས་ཆོས་ལུགས་རིས་མེད་ལ་ཕྱག་ལས་རྒྱ་ཆེར་གནང་བ་དངོས་ཡོད་རེད། འོན་ཀྱང་སྐབས་རེར་འོག་གི་གཞུང་ཞབས་ཀྱི་བྱ་བ་ངན་པ་ཁོང་གི་དབུ་ལ་འཁོར་བ་དང་། སྐབས་རེར་བྱེད་མི་འདོད་པ་མང་པོ་ཞིག་དབང་མེད་ཏུ་ཕྱག་ལས་གནང་དགོས་བྱུང་བ་ཡང་ཡོད་ངེས་རེད་སྙམ།
གྲོགས་དྲི་མེད་འདི་ངོ་ཐོག་དཔྱད་ཞིབ་པ་ཞིག་རེད་འདུག ངོ་ཐོག་དེ་ལྟར་བྱུང་བ་ཡིན་པ་འདྲ། ལྔ་པ་ཆེན་པོ་ཁོང་རང་ཉིད་ཀྱིས་བྱ་ངན་དེ་རིགས་མ་བརྩམས་ཀྱང་་་་་་་རྒྱལ་པོའི་བཀའ་ལས་་་་བློན་པོའི་དབྱུག་པ་བཙན་་་་ཞེས་པ་ལྟར་བྱུང་ཡོད་བཟོ་འདུག འདི་ལྟའི་གནས་ཚུལ་ནི་བོད་གཅིག་པོར་མིན་པ་ཡུལ་ལུང་ཀུན་ལ་ཡོད། བླ་མ་རྩ་ཆེན་པོ་ཡོང་དང་མི་ཡོང་འོག་གི་ཞབས་ཕྱི་དང་ཕྱག་མཛོད་དེ་རིགས་ཀྱི་ལས་ཀ་བྱེད་ཕྱོགས་ཀྱིས་རེད། རྒྱལ་པོའམ་བཙན་པོ་དེ་རིགས་གོང་དུ་བཀུར་བར་འོས་མིན་ཐམས་ཅད་ཞབས་ཀྱི་བཀའ་ཡི་བློན་ཆེན་ལས་སོགས་ཆབ་སྲིད་ཀྱི་གར་སྟེགས་མཐོན་པོར་འགྱིང་མཁན་དེ་རིགས་རེད།
དཔེར་ན། རམ་་་་་གྱི་ལོ་རྒྱུས་སྒྲུང་དེ་ཡི་ནང་དུ་་་་རམ་་་་རང་ཉིད་ཀྱི་བཙུན་མོར་་་་གཞན་གྱི་མི་ཁ་ཡོད་ཙང་་་་མི་དམངས་ཚོས་རྒྱལ་པོར་མི་དགའ་བ་ཞིག་ཆགས། དེ་ནས་་་་རམ་་་རང་ཉིད་མི་དམངས་ཀྱུས་མའི་གསེབ་དུ་ཕྱིན་ནས་མི་དམངས་ཀྱི་བསམ་ཚུལ་ཅི་ཡོད་རྒྱུས་ལོན་པར་བྱས།་་་་དེ་ནས་རམ་གྱི་དངོས་ཡོད་གནད་འགག་ཤེས་པར་བྱས་ཏེ་བཙུན་མོ་གཞན་དུ་བཅུགས་པ་རེད། གཞི་ནས་མི་དམངས་ཐམས་ཅད་རྒྱལ་པོ་རམ་་་ལ་དགའ་བའི་གཏམ་རྒྱུད་བྱུང་བ་ལྟ་བུ་རེད།
ཞིབ་འཇུག་འབྲས་བུ་ལེགས།
གང་ཡིན་ཞེ་ན་དུས་རབས་བཅུ་བདུན་པའི་ནང་བོན་གྱི་དགོན་གནས་དང་འདུས་སྡེ་ཁག་ཏུ་གསང་སྔགས་ཙམ་མ་ཟད་མདོ་དང་རྫོགས་ཆེན་གྱི་འཆད་ཉན་དང་ཉམས་ལེན་ཡང་ཤིན་ཏུ་དར་བའི་ལོ་རྒྱུས་ཡོད་དོ། །འདི་ཡི་དོན་ཤེས་མ་སོང་། རྫོགས་ཆེན་ལས་ལོགས་སུ་གསང་སྔགས་ཅིག་ཤོད་འདོད་པ་གང་ཡིན་ནམ། གསལ་བཤད་ཅིག་ཡོད་པར་མཁྱེན།
ཀརྡོ་ལགས། ཐེག་པ་རིམ་པ་དགུ་བརྩི་བའི་སྐབས་སུ་སྔགས་དང་རྫོགས་ཆེན་ཟེར་ནས་ལྟ་སྤྱོད་གང་ཐད་ནས་མི་འདྲ་བ་ཡོད་པ་རེད། དེ་མཁྱེན་འདོད་ན་གཡུང་དྲུང་བོན་གྱི་ཕྱག་དཔེ། ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་ཅེས་པར་གཟིགས་རོགས།
ཉན་རང་བྱང་སེམས་ཕྱི་གསུམ་དང་། ཀྲི་ཡ་ཨུ་པ་ཡོ་ག་ནང་གསུམ་དང་། མ་ཧྰ་ཨ་ནུ་ཨ་ཏི་གསང་གསུམ་སྟེ། རྙིང་མའི་ཐེག་པ་རིམ་དགུ་ལས་གཞན་པའི་བོན་པོའི་ཐེག་པ་རིམ་པ་དགུ་དེ་གང་དང་གང་ཡིན་ནམ། རྨུ་ཐག་ལགས།
གོ་ཐོས་ལ། གཏེར་ཁུངས་ཀྱི་དབང་གིས་བོན་པོའི་ཐེག་པ་རིམ་དགུར་བརྩི་སྲོལ་གསུམ་ཡོད་པར་གྲགས། དེའང་དབུས་གཏེར་ལུགས་བྱས་ན། ཐེག་པ་རིམ་དགུ་ནི། ལྷ་མི་གཞན་བསྟེན་གྱི་ཐེག་པ་དང། རང་རྟོགས་གཤེན་རབ་ཀྱི་ཐེག་པ། ཐུགས་རྗེ་སེམས་དཔའི་ཐེག་པ། གཡུང་དྲུང་སེམས་དཔའི་ཐེག་པ། བྱ་བ་གཙང་སྤྱོད་ཡེ་བོན་གྱི་ཐེག་པ། རྣམ་པ་ཀུན་ལྡན་མངོན་ཤེས་ཀྱི་ཐེག་པ། དངོས་བསྐྱེད་ཐུགས་རྗེ་རོལ་བའི་རོལ་པ། ཤིན་ཏུ་དོན་ལྡན་ཀུན་རྫོགས་སམ་རྫོགས་ཆེན་ཡང་རྩེ་བླ་ན་མེད་པའི་ཐེག་པ་བཅས་རེད་འདུག ད་དུང་གཏེར་ལུགས་གཞན་རེ་གཉིས་ཤིག་ཡོད་སྐད། གང་ལྟར། བོན་གྱི་ཐེག་དགུའི་ལྟ་བ་དང་། སྤྱོད་པ། སྒོམ་པ་སོགས་ཞིབ་ཕྲ་གང་ཡིན། བོན་གཞུང་རྣལ་མ་དེ་དག་ལ་དཔྱད་རྒྱུ་ཆེས་གལ་ཆེན་དུ་བསམ་སོང། །
ཀ་རབ་ལགས་སུ་ཞུ་གསོལ། རྙིང་མའི་ཐེག་དགུའི་ནང་གི་ཀྲི་ཡ་ཨུ་པ་ཡོ་ག་དང། མ་ཧ་ཨ་ནུ་ཨ་ཏི་གསུམ་ལ་ལྟ་བའི་ཐོག་ནས་ཟབ་ཞན་གྱི་ཁྱད་པར་འདྲ་འཇོག་རྒྱུ་ཡོད་དམ། སྔ་འགྱུར་རྙིང་མའི་ལུགས་ཀྱིས་ཐེག་དགུ་ལ་ཕྱི་ནང་གསང་གསུང་འཇོག་སྟང་ག་འདྲ་ཡིན། ཕྱི་ནང་གསང་གསུམ་ཞེས་པའི་འབྲུ་བཤད་སྟབས་བདེ་ཞིག་གནང་བར་ཞུ།
ཀ་རམ་པ་ལགས་ཁྱེད་ལ་ཐུགས་ཕན་གསོ་མིན་མི་ཤེས། བོན་གྱི་ཐེག་པ་རིམ་དགུ་ནི།
༡་་་བྱང་གཏེར་ལུགས་ཀྱི་ཐེག་པ་དགུ། དབུས་གཏེར་ལུགས་ཀྱི་ཐེག་པ་དགུ། ལྷོ་གཏེར་ལུགས་ཀྱི་ཐེག་པ་དགུ་བཅས་ཡོད། དེ་ཡང་བྱང་གཏེར་ལུགས་ཀྱི་ཐེག་པ་དགུ་ནི། སྣང་ལྡན། རང་ལྡན། བཞེད་ལྡན། ཐོ་ཐོ། སྤྱི་ཐོ། ཡ་ཐོ། ལྷ་རྩེ། སྣང་རྩེ། ༢ ཡང་རྩེ་བཅས་དགུའོ། བྱང་གཏེར་ལས་ཐོན་པའི་ཐེག་པ་རིམ་དགུ་ལ་ཕྱི་ཡི་ཐེག་པ་གསུམ་དང༌། ནང་གི་ཐེག་པ་གསུམ། གསང་བའི་ཐེག་པ་གསུམ་དང་དགུའོ། དང་པོ་ནི། སྣང་ལྡན་དང༌། རང་ལྡན། བཞེད་ལྡན་གྱི་ཐེག་པ་དང་གསུམ་མོ། དེ་གསུམ་ནི་ཕྱི་ཕ་རོལ་དུ་ཕྱིན་པའི་ཐེག་པ་ཡིན་པར་གསུངས། དེ་ཡང་འབུམ་ལས། སྣང་ལྡན་ཐེག་པའི་བོན་རྣམས་ནི། འགྱ༹ལ་ཁྲིམས་རྫོགས་པར་སྲུང་བ་ཡིས། ཉོན་མོངས་དུག་ལྔའི་དགྲ་བཅོམ་ཐོབ། རང་ལྡན་ཐེག་པའི་བོན་རྣམས་སུ། རྟེན་འབྲེལ་བཅུ་གཉིས་གཞུང་རྣམས་ཀྱི། འཁོར་མེད་གཅིག་པུས་བདེན་དོན་རྟོགས། བཞེད་ལྡན་ཐེག་པའི་བོན་རྣམས་ནི། ཕ་རོལ་ཕྱིན་བཅུ་སྤྱད་པ་ཡིས། ས་བཅུ་རིམ་གྱིས་བསྒྲོད་པའོ། ཐོ་ཐོ་དང༌། ཕྱི་ཐོ། ཡ་ཐོ་གསུམ་ནང་རྒྱུད་རྒྱུ་ཡི་ཐེག་པ་ཡིན་པར་གསུངས་ཏེ། དེ་ཉིད་ལས། ཐོ་ཐོ་ཐེག་པའི་བོན་རྣམས་ཀྱིས། དགེ་སྤྱོད་ཆེན་པོ་བཞི་བསྒོམ་པས། རྒྱུ་ཡི་གཤེན་བཞི་གྲུབ་པའོ། ཕྱི་ཐོ་ཐེག་པའི་བོན་རྣམས་སུ། གཙུག་དགུ་འབུམ་དང་དཀྱིལ་འཁོར་མཆོད་རྟེན་གྱིས། གཙུག་ཕུད་བཅོ་བརྒྱད་རིག་འཛིན་གྲུབ་པའོ། ཡ་ཐོ་ཐེག་པའི་བོན་རྣམས་སུ། ཆབ་དཀར་ཆབ་ནག་སྤྱི་ཁོག་བཞེད་རྣམས་ཀྱིས། གྱེར་བཞི་སྐད་དགུ་སྤྱད་པ་ཡིས། བ་རབ་གླིང་བཞིའི་གཤེན་དུ་གྲུབ། ལྷ་རྩེ་དང༌། སྣང་རྩེ། ཡང་རྩེ་གསུམ་འབྲས་བུ་སྔགས་སེམས་ཟུང་འབྲེལ་གྱི་ཐེག་པ་རུ་བཤད་དེ། འབུམ་ལས། ལྷ་རྩེ་ཐེག་པའི་བོན་རྣམས་སུ། བསྙེན་སྒྲུབ་ཞི་ཁྲོའི་ཕྱག་རྒྱ་ཡིས། འཁོར་ལོ་ཤོད་ཁྲམ་པ་ལ་ནི། ཡེ་གསང་ཡེ་ལྕམ་འདུལ་གཤེན་གྲུབ། སྣང་རྩེ་ཐེག་པའི་བོན་རྣམས་སུ། དབྱིངས་དང་ཡེ་ཤེས་གཉིས་མེད་ཀྱིས། རིགས་ལྔ་དབྱིངས་ཀྱི་གནས་སུ་གྲུབ། ཡང་རྩེ་ཐེག་པའི་བོན་རྣམས་སུ། ཡེ་ནས་རྩལ་མེད་ལྷུན་གྲུབ་གྱིས་གྲུབ། ཕུང་པོ་ལྷག་མེད་མངོན་སངས་རྒྱས། ཐེག་པ་དེ་དག་དང་དེ་དག་གི་གཞུང་རྣམས་ལ་བྱང་གཏེར་གྱི་བོན་སྐོར་ཞེས་བརྗོད།
༢་་་་་་དབུས་གཏེར་ལུགས་ཀྱི་ཐེག་པ་དགུ་ནི། དེ་ལ་དབུས་གཏེར་ལུགས་ཀྱི་ཐེག་པ་ཞེས་བྱ་སྟེ། ལྷ་མི་གཞན་བརྟེན། རང་རྟོགས་གཤེན་རབས། ཐུགས་རྗེ་སེམས་དཔའ། གཡུང་དྲུང་སེམས་དཔའ་བཅས་རྒྱུ་ཡི་ཐེག་པ་བཞི། བྱ་བ་གཙང་སྤྱོད་ཡེ་བོན། རྣམ་པ་ཀུན་ལྡན་མངོན་ཤེས། དངོས་སྐྱེད་ཐུགས་རྗེ་རོལ་པ། ཤིན་ཏུ་དོན་ལྡན་ཀུན་རྫོགས། ཡེ་ནས་རྫོགས་ཆེན་ཡང་རྩེ་བླ་མེད་ཀྱི་ཐེག་པ་དང་དགུའོ།
༣ ལྷོ་གཏེར་ལུགས་ཀྱི་ཐེག་པ་དགུ་ནི། ཕྱ་གཤེན། སྣང་གཤེན། འཕྲུལ་གཤེན། སྲིད་གཤེན། དགེ་བསྙེན། དྲང་སྲོང༌། ཨ་དཀར། བླ་མེད་དང་དགུའོ།
ལ་སྟོད་བུ་ལགས་ཀྱིས་གཏེར་ཁུངས་གསུམ་ཀའི་ལུགས་ཀྱི་ཐེག་དགུའི་མཚན་ཐོ་ཞིབ་ཕྲ་བྱས་ནས་བགྲང་བར་བཀའ་དྲིན་ཆེ། དྲ་གྲོགས་ཀརྡོ་སོགས་ལ་ཐུགས་ཕན་ཕྲན་བུ་རེ་གསོས་པའི་རེ་བ་ཆེ། འོན་ཀྱང་། གྲུབ་མཐའ་གང་དང་གང་གི་ལྟ་བ་དང་སྤྱོད་པ་དང། སྒོམ་སྒྲུབ་སོགས་ཀྱི་མཐིལ་བརྟོལ་བར་ཐེག་དགུའི་མཚན་གྲངས་ཙམ་གྱིས་ཅུང་ཁག་སེ་ཡོད་རྒྱུ་རེད། དེས་ན་དྲ་གྲོགས་ཚོ་བོན་གྱི་ཐེག་དགུའི་གཞུང་དེ་དག་ལ་སློབ་གཉེར་དང་། ཡང་ན་ཞིབ་འཇུག་སོགས་མ་མཐའ་ལོ་དགུ་ལྷག་གི་རིང་བྱས་ནས། བོན་གྱི་ལྟ་གྲུབ་སྐོར་ལ་མཆན་བུ་རེ་བྲིས་ན་ག་འདྲ་འདུག འདི་ངའི་བསམ་ཚུལ་ཙམ་ཡིན། །
ལྷོ་གཏེར་གྱི་ཐེག་དགུའི་ཁོངས་ཡེ་གཤེན་གྱི་ཐེག་པ་ཞེས་པ་འདི་ཆད་པ་འདྲ། དེ་མིན་གསལ་བཤད་ལེགས་པོ་ཞེ་དྲག་གནང་འདུག་པས་ལ་སྟོད་བུ་ལ་འཚམས་འདྲི་ལེགས་གསོལ་ཡོད། མཁས་དབང་ཀ་རབ་ལ་དོགས་འདྲི་ཕྲན་བུ་ཞིག་ཞུས་ཁུལ་བྱས་པ་ཡིན་ཀྱང། ད་ཆ་མཐོང་སར་སླེབས་རྒྱུ་མིན་འདུག་པས་ཕལ་ཆེར་སྐུ་བསྙུངས་བཞེས་པ་ཡིན་སྲིད། གང་ལྟར་དོགས་སེལ་གྱི་རིལ་བུ་འདྲ་གནང་རྒྱུ་ཡོད་ན། འདིར་ཕེབས་ན་ཡག་པོ་འདུག ང་ཚོས་བསམ་མནོ་བརྗེ་རེས་བྱེད་ན་ཡག་པོ་འདུག་ག དེ་མིན་བཅོལ་གཏམ་མང་པོ་བཤད་མ་བཤད་དགེ་མཚན་གང་ཡང་མེད། ལུང་མ་བསྟན་པའི་བཤད་པ་ལ་ང་གཏན་ནས་མི་དགའ།
༧རྒྱུའི་བོན་བཞི། འབྲས་བུའི་བོན་བཞི། ཐེག་པ་བླ་ན་མེད་པའི་བོན་སྟེ་དགུ་ཞེས་པ་ཞིག་ཀྱང་མཇལ་སྣང་ཤར། བནྡེའི་མདོ་ཕལ་བོ་ཆེར། བསམ་མི་ཁྱབ་པའི་ལེའུར་གསུང་པ་རྣམས་སོ་སྐྱེས་ཀྱི་སྤྱོད་ཡུལ་ལས་འདས། དེ་བཞིན་སྟོན་པ་གཤེན་རབ་ཀྱི་མཛད་པའང་བསམ་མི་ཁྱབ་པའི་ཡུལ་ལོ། །སྟོན་པ་ཤཱཀྱ་ཐུབ་པའི་རྣམ་ཐར་དང་འདྲ་ས་ཡང་མང། དཔེར་ན། རིགས་རྒྱལ་རིགས་བོན་ཐོད་དཀར་ཞུ་བ་དང་། འཁྲུངས་ཚེ་ཡུམ་གྱི་མཆན་གཡས་པ། གཤེན་རབ་ཞེས་པ་མཚན་མཁན་གྱིས་བཏགས་ཚུལ། བཙུན་མོ་སུམ་བརྒྱ་དྲུག་ཅུ་བཞེས་ཚུལ། བདུད་བཏུལ་ཚུལ། སྲས་འཁྲུངས་ཚུལ། ཉི་་ཟླའི་ཞིང་ཁམས་སོགས་སུ་འགྲོ་དོན་མཛད་ཚུལ། དགུང་ལོ་བརྒྱ་ཅུ་ལྷག་ལ་མྱ་ངན་ལས་འདས་ཚུལ་སོགས་བཞུགས། བན་བོན་གཉིས་ཀྱིས་རང་རང་གི་སྟོན་པ་གཙོ་བོར་བཟུང་པའི་སྟེང་སྟོན་པ་གཞན་དེར་ཡང་གུས་པ་བྱ་རྒྱུ་གལ་ཆེ་སྙམ།
དྲི་མེད་ལྷག་བསམ་ལགས་ཐུགས་རྗེ་ཆེ།
ངོས་ཀྱང་རྒྱལ་བ་ཤཱཀྱ་ཐུབ་པར་མི་ཕྱེད་པའི་དད་གུས་ཡོད།
ང་ཡང་དགེ་འདུན་ཆོས་འཕེལ་ལྟར་སྔས་མགོར་རྒྱལ་བ་ཤཱཀྱ་ཐུབ་པའི་སྐུ་པར་ཆུང་ངུ་ཞིག་རྒྱ་གར་བས་བྲིས་པ་ཞིག་ཡོད།
གང་གིས་མོས་པས་བློ་གཏད་པ།
དེ་ཡི་མདུན་དུ་གཤེན་རབ་བཞུགས།
མོས་པའི་ཕྱོགས་སུ་ལས་བྱེད་ན།
ངལ་བ་མེད་པར་ཀུན་ཀྱང་འགྲུབ།
དྲི་མེད་ལྷག་བསམ་ལགས། བོད་ཀྱི་བན་དེའི་འདུལ་བ་སྟོད་ལུགས་དང་སྨད་ལུགས་ཀྱི་བྱུང་ཁུངས་ལོ་རྒྱུས་མདོར་བསྡུས་ཤིག་དང། དེང་སང་གི་བོད་ཀྱི་བན་དེ་ཚོའི་ནང་འདུལ་བ་སྟོད་ལུགས་དང་སྨད་ལུགས་གཉིས་ཀྱི་བརྒྱུད་པ་འཛིན་མཁན་སུ་དང་སུ་ཡིན་མིན་གྱི་སྐོར་ལ་གསལ་བཤད་མདོར་བསྡུས་ཤིག་བཀའ་དྲིན་ཆེ་བ་ཞུ།
འདུལ་བ་སྟོད་སྨད་ཀྱི་བརྒྱུད་པ་ཟེར་བ་ཡིག་རྙིང་དུ་མཇལ་མ་སོང་། དེང་དུས་བོན་བསྟན་འཛིན་པའི་མཁན་ཆེན་གསེར་རིའི་ཕྲེང་བ་ལྟ་བུ་འདུག་པ་རྣམས་རྟེན་རབ་བྱུང་འདུལ་འཛིན་རེད་འདུག སྔོན་གྱི་བརྒྱུད་པ་སྟོན་པ་གཤེན་རབ་ཀྱི་སྲས་ཆོ་ལྡེམ་དྲུག་ལས་བརྒྱུད་པར་བཤད་མོད་ཞིབ་ཆ་མ་ངེས། འདུལ་བའི་གཞུང་ནི་བནྡྷེ་ལ་ཅི་ཡོད་ཕལ་ཆེར་བཞུགས། གཙོ་བོ་གསེར་གྱི་གླེགས་བམ་གྱི་རྩ་བར་གྱུར་བའི་འདུལ་བའི་རྒྱུད་དྲུག་བྱ་བ་བཞུགས། ༡༽བཱ་ག་མ་ཀུན་འབྱུང་དབྱིངས་དག་རྒྱུད། ༢༽འདུལ་བ་ཀུན་འབྱུང་དབྱིངས་དག་རྒྱུད། ༣༽འདུལ་བ་དུས་ཆེན་དུས་བརྩན་སྡོམ་བྱེད་རྒྱུད། ༤༽འདུལ་བ་ཡོངས་རྫོགས་རྣམ་དག་སྡོམ་བྱེད་རྒྱུད། ༥༽འདུལ་བ་སོ་སོར་ཐར་བའི་བྱེ་་བྲག་རྒྱུད། ༦༽འདུལ་བའི་ལམ་གསོ་ཉམས་སྡོམ་རྒྱུད། རྒྱུད་དྲུག་གི་སྤྱི་སྡོམ་དུ་གྲགས་པ་(འདུལ་བ་སྤྱི་ལྟོས་འགོག་པ་སྡོམ་བྱེད་རྒྱུད)སོགས་བསྡོམ་པའི་གཞུང་ཆེན་པོ་དྲུག་བཞུགས་སོ། །
ལགས། བནྡྷེའི་འདུལ་བ་སྟོད་སྨད་ཀྱི་བརྒྱུད་པ་ནི་འདུལ་ཊཱིཀ་ཁག་དང་། འདུལ་བའི་ལས་ཆོག མཁན་རབས་རྣམ་ཐར་སོགས་ན་གསལ་བོར་བཞུགས། རྙིང་མ་པ་དང་དགེ་ལྡན་མང་ཆེ་བ་བ་སྨད་འདུལ་གྱི་བརྒྱུད་པ་ཡིན། ས་སྐྱ་ཕལ་མོ་ཆེས་སྟོད་འདུལ་གྱི་བརྒྱུད་པ་གཙོ་བོར་འཛིན། བཀའ་བརྒྱུད་པ་འདྲེས་མ་ཡིན། བརྒྱུད་པ་ད་ལྟ་བསླབ་པ་གནང་མཁན་གྱི་སློབ་དཔོན་ཚོ་ལགས། དུས་ཚོད་བྲེལ་ཟིང་ཆེ་བས་རྒྱས་པར་ཞུ་ཐུབ་མ་སོང་།
འདིར་ཞུ་འདོད་པ་ཞིག་ནི་་་་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་ཀྱང་་་བོད་ཀྱི་བོན་དང་བོན་པོ་ཚོ་ལ་་་གཟིགས་ཚུལ་གང་ལེགས་གནང་ཡོད་པའི་སྐོར་ཤོད་རྒྱུ་འདུག་པས་་་་འདི་སྐོར་ཡིག་ཆ་རྒྱུས་མངའ་ཡོད་མཁན་ཡོད་ན་་་་ཅིས་ནས་ཀྱང་འདིར་འགོད་པ་གནང་ན་ཚང་མས་ཤེས་དགོས་རྒྱུ་དེ་གལ་ཆེ་བར་སེམས།