སྤོབས་པ་མཐའ་ཡས།
འཛམ་གླིང་གི་ཤེས་རིག་ཁྲོད་ན་སྙན་པའི་གྲགས་པ་ཕྱོགས་བརྒྱར་འབར་བཞིན་པའི་ནང་བསྟན་མཚན་ཉིད་རིག་པ་ཞེས་པ་འདི་ཉིད་དབུ་བརྙེས་པ། སྲོལ་བཏོད་པ། དར་ཞིང་རྒྱས་པའི་ལོ་རྒྱུས་རིང་མོའི་ཁྲོད་དུ་མཁས་པ་དང་གྲུབ་པའི་སྐྱེས་ཆེན་ཆེས་མང་པོ་ཞིག་བྱུང་བའི་ཁྲོད་དུ་མཁས་གྲུབ་རིན་པོ་ཆེ་དགེ་ལེགས་དཔལ་བ་ནི་ཆེ་བའི་ཁྱད་ཆོས་གཟེངས་སུ་ཐོན་པའི་ལོ་རྒྱུས་མི་སྣ་ཞིག་ཡིན་པ་དང་། ཁོང་གི་གསུང་པའི་ལེགས་བཤད་རྣམས་ནི་ནང་བསྟན་རིག་པའི་རིན་ཐང་མཐོང་བའི་སྒེའུ་ཁུང་ལྟ་བུ་ཞིག་ཏུ་གྱུར་ཡོད། ཁོང་གིས་ནང་བསྟན་མཚན་ཉིད་རིག་པའི་གཞུང་ཆེན་མོ་དག་གི་དཀའ་གནད་ཀྱི་ལུང་གི་དགོངས་པ་འགྲེལ་སྟངས། རིག་པའི་རྣོ་སོ་འདོན་སྟངས། དགག་སྒྲུབ་ཀྱི་རྣམ་བཞག་བྱེད་སྟངས་དེས་ནང་བསྟན་མཚན་ཉིད་རིག་པའི་གཞུང་ལུགས་ལ་གསལ་ཁ་འདོན་པ་དང་། གཞན་གྱི་འདོད་པ་མང་པོར་དོག་སློང་བྱེད་པ། དེ་བཞིན་དུ་རང་ལུགས་མ་ནོར་བ་ངོས་འཛིན་བྱེད་ཕྱོགས་བཅས་ཐུན་མོང་མ་ཡིན་པའི་མཛད་རྗེས་བླ་ན་མཐོ་བ་ཞིག་བཞག་ཡོད།
འདིར་དཔེ་མཚོན་ཙམ་དུ་ཁོང་གིས་མཛད་པའི་གཞུང་གཉིས་ཀྱི་སྐོར་ལ་རགས་ཙམ་རེ་གླེང་འདོད་བྱུང་། དེ་ཡང་ཁོང་གིས་མཛད་པའི་གཞུང་ཆེན་སྐད་གྲགས་ཅན་གཅིག་ནི་ཚད་མ་སྡེ་བདུན་གྱི་རྒྱན་ཡིད་ཀྱི་མུན་སེལ་ཞེས་པ་དེ་རེད། གཞུང་འདི་ནི་ནང་བསྟན་ཚད་མ་རིག་པའི་སྤྱི་དོན་གནད་བསྡུས་ཀྱི་གཞུང་ཞིག་ཡིན། དེ་ཡང་གཞུང་འདི་ནི་རྒྱས་བསྡུས་འཚམས་པ། གནད་མང་པོ་འདུས་པ། ཁ་གསལ་བ། རིགས་ལམ་གྱི་འགྲོ་སྟངས་ཞིབ་པའི་གཞུང་ཡག་ཤོས་ཤིག་ཡིན། ལྷག་པར་ཡང་མཁས་པ་མང་པོས་གཞུང་འདི་གལ་ཆེན་དུ་འཛིན་པའི་རྒྱུ་རྐྱེན་གཅིག་ནི་སྐབས་དེར་བོད་ན་མཁས་པ་ཆེན་པོར་བརྩི་བའི་བོ་དོང་པ་དང་མཁས་གྲུབ་རིན་པོ་ཆེ་རྣམ་པ་གཉིས་ཀྱིས་ནང་བསྟན་རིགས་ལམ་ལ་རྩོད་པ་ཡུན་རིང་མཛད་སྐབས་ཀྱི་ནང་བསྟན་ཚད་མ་རིག་པའི་དཀའ་གནད་དང་རིགས་ལམ་མང་པོ་ཞིག་གཞི་རྩར་བཞག་ནས་གཞུང་འདི་བརྩམས་ཚུལ་ཡོད་པས་རེད། བོད་བརྒྱུད་ནང་བསྟན་སློབ་གཉེར་བྱེད་མཁན་རྣམས་ཆོས་རྒྱུད་དང་གྲྭ་ས་གང་ཡིན་ལ་མ་ལྟོས་པར་ཚད་མ་རིག་པ་སློབ་གཉེར་བྱེད་སྐབས་གཞུང་འདི་སློབ་ཚན་དུ་བཞག་ནས་སློབ་ཁྲིད་བྱེད་པ་དང་། ཟུར་ལྟ་བྱེད་པ། དཔྱད་གཞིར་འཇོག་པ་སོགས་མི་བྱེད་མཁན་ཕལ་ཆེར་མེད། གཞུང་འདི་ལ་བརྟེན་ནས་ངའི་མི་ཚེ་འདིའི་སློབ་སྦྱོང་གི་བརྒྱུད་རིམ་ཐུང་ངུ་འདིའི་ཁྲོད་དུ་ཡང་ནང་བསྟན་ཚད་མ་རིག་པ་སྤྱིའི་དོན་ལ་གོ་བ་ཕྲན་བུ་ཞིག་སྐྱེས་པར་ཕན་ཐོགས་ཆེན་པོ་བྱུང་སོང་།
དེ་བཞིན་དུ་ངས་དགའ་མོས་ཧ་ཅང་ཆེན་པོ་བྱ་སའི་གཞུང་གཞན་ནི་ཁོང་གིས་མཛད་པའི་དཔལ་གསང་བ་འདུས་པའི་བསྐྱེད་རིམ་གྱི་རྣམ་བཤད་དངོས་གྲུབ་ཀྱི་རྒྱ་མཚོ་ཞེས་པ་དེ་རེད། ངའི་ལག་ལ་དཔེ་ཆ་དེ་ཐོབ་པའི་ཉིན་མོ་ནས་ད་བར་དུ་ང་རང་གར་འགྲོ་གར་སྡོད་ཀྱི་སར་དཔེ་ཆ་དེ་མཉམ་འཁྱེར་བྱས་ཡོད། སྡོད་གནས་གཏན་འཁེལ་མེད་པའི་མི་ང་ལྟ་བུར་མཚོན་ན་དེ་ལྟ་བུར་གར་འགྲོ་གར་སྡོད་ཀྱི་སར་ཁྱེར་བའི་དཔེ་ཆ་ཁ་ཤས་ཤིག་ལས་མེད། ངས་གསང་འདུས་བསྐྱེད་རིམ་གྱི་རྣམ་བཤད་འདི་མ་མཇལ་གོང་དུ་ཡང་ཆོས་རྒྱུད་རིས་མེད་ཀྱི་མཁས་པ་མང་པོས་མཛད་པའི་རིམ་པ་གཉིས་ཀྱི་རྣམ་བཤད་མང་པོར་མཇལ་མྱོང་། ཡིན་ན་ཡང་མཁས་གྲུབ་དགེ་ལེགས་དཔལ་བས་མཛད་པའི་གསང་འདུས་བསྐྱེད་རིམ་རྣམ་བཤད་འདི་མཇལ་ཕྱིན་ནས་བསྐྱེད་རིམ་གྱི་བསྟན་དོན་ཙམ་མ་ཡིན་པར་རྒྱ་ཆེ་བའི་ནང་བསྟན་གསང་སྔགས་རིག་པ་སྤྱིའི་དོན་ལ་གོ་བ་སྔར་ལས་ལྷག་ཙམ་སྐྱེས་བྱུང་། དེ་ཡང་ངས་གཞུང་འདི་ལྟ་ཀློག་མང་ཙམ་བྱས་ཕྱིན་ནས་སྔར་རང་གིས་ཀློག་མྱོང་བའི་གྲུབ་མཐའ་རིས་མེད་ཀྱི་མཁས་པ་ཚོས་མཛད་པའི་རིམ་པ་གཉིས་ཀྱི་རྣམ་བཤད་རྣམས་བསྐྱར་དུ་ཀློག་སྐབས་བླ་མ་རྙིང་པ་ལ་དད་པ་གསར་བ་ཞེས་པའི་དཔེ་བཞིན་སྔར་ལས་ལྷག་པའི་གོ་བ་རྒྱ་ཆེ་ཙམ་ལེན་ཐུབ་པ་ཞིག་བྱུང་། དེ་བཞིན་སྔགས་ཆོག་ཅིག་བཀླགས་ན་ཡང་ཆོ་གའི་ཡན་ལག་རེ་རེ་བཞིན་འདིའི་འཕྲོ་ལ་འདི་ཡོང་དགོས་པའི་རྒྱུ་མཚན་འདི་ཡིན་སྙམ་པ་ལྟ་བུའི་བསམ་བློ་རེ་གཏོང་ཤེས་པ་ཞིག་བྱུང་།
དེ་ཡང་མཁས་གྲུབ་རིན་པོ་ཆེ་དགེ་ལེགས་དཔལ་བ་ནི་ལ་སྟོད་བྱང་གི་སའི་ཆར་རབ་བྱུང་དྲུག་པའི་ཤིང་གླང་༼༡༣༨༥༽ལོར་འཁྲུངས། སྐུ་ན་གཞོན་པའི་དུས་ནས་རྗེ་བཙུན་རེད་འདའ་བ་གཞོན་ནུ་བློ་གྲོས་སོགས་བླ་མར་བསྟེན་ནས་ནང་བསྟན་མཚན་ཉིད་རིག་པའི་གཞུང་ལུགས་མང་པོར་སློབ་གཉེར་མཐར་ཕྱིན་མཛད། དགུང་ལོ་ཉེར་གསུམ་པར་རྗེ་བཙུན་ཙོང་ཁ་པ་ཆེན་པོ་མཇལ་ཞིང་དེ་ནས་རྗེ་ཙོང་ཁ་པ་ཆེན་པོ་སྐུ་མ་གཤེགས་ཀྱི་བར་དུ་ཞབས་པད་བསྟེན་ནས་མདོ་སྔགས་ཀྱི་གཞུང་ལུགས་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་གསན། དགུང་ལོ་ཞེ་བདུན་ལ་ཕེབས་སྐབས་དགའ་ལྡན་གསེར་ཁྲིར་ཕེབས། རྗེ་བཙུན་ཙོང་ཁ་པ་ཆེན་སྐུ་གཤེགས་པའི་རྗེས་སུ་ཡང་དག་པའི་སྣང་བར་ལན་ལྔར་ཞལ་གཟིགས། ཁོང་ལ་གསུང་རྩོམ་པོད་ཆེན་བཅུ་གསུམ་ཙམ་བཞུགས། ཁོང་གི་རྣམ་ཐར་སྐོར་ནི་སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དང་། པཎ་ཆེན་བདེ་ལེགས་ཉི་མ། བྲག་གཡབ་བློ་བཟང་བསྟན་པ། དགེ་བཤེས་བློ་བཟང་སྙན་གྲགས་སོགས་ཀྱིས་རྣམ་ཐར་རྒྱས་བསྡུས་མང་དུ་མཛད་ཡོད།
མི་གོ་ལོག་ལྟ་ཅན་ལ་གསང་།།ལུས་ཅན་དོན་མི་གཏོང་ལ་སྔགས།།ཞེས་པའི་དོན་ཞིབ་ཏུ་སོམས་ཤིག་ཀྱེེ།
སྤོབས་མཐའི་དགོངས་ཚུལ་ལ་མངོན་པར་བསྟོད་དོ།། དེ་ག་རང་རེད།
སྤོབས་པ་ལགས། རྩོམ་ཡིག་འདི་ནི་ཁ་ཕྱོགས་དགའ་ཟིག་རེད། མཁས་གྲུབ་རིན་པོ་ཆེའི་གསུང་དག་ནི་དངོས་གནས་ངོ་མཚར་ཞིང་ཧ་ལས་པ། ཡིན་འགུགས་པ་ཤ་སྟག་ཡིན། ང་ལ་མཚོན་ནའང་ཁོང་གི་གསུང་དག་གོ་ཐུབ་མིན་ལ་མ་ལྟོས་པར་ཀློག་འདོད་ཆེན་པོ་ཡོད། དཔེར་ན། སྡེ་བདུན་རྒྱན་ཡིད་ཀྱི་མུན་སེལ་ནི་ངས་ཁ་དོག་དཀར་དམར་སྦྱངས་སྐབས་ནས་ཡང་ཡང་བཀླགས་ཏེ་གཞུང་དོན་མི་གོ་ནའང་། བར་སྐབས་ཀྱི་ཚིག་བཅས་དག་བློ་ལ་ཤུར་ཤུར་འགྲོ་ཞིང་ཆོས་གྲོགས་ཚོར་སྣང་ཆུང་གཏོང་ཕྱིར་སྐྱོར་བཞིན་ཡོད། ལྷག་པར་སྐབས་ཤིག་ལ་དགེ་རྒན་རིན་པོ་ཆེས་ཁྱོད་ཀྱིས་སྡེ་བདུན་ལ་ལྟ་བཞིན་པ་ཡག་པོ་རེད། ནང་དོན་མི་གོ་ནའང་ཡང་ཡང་ཀློག་དང་ནམ་ཞིག་གོ་གི་རེད། བག་ཆགས་ཀྱང་ཆེན་པོ་འཇོག་གི་རེད་ཅེས་གསུངས་མྱོང་ཞིང་། དེ་ནས་བཟུང་ལྷག་པར་མཁས་གྲུབ་རིན་པོ་ཆེའི་གསུངས་དག་ཀློག་འདོད་ཆེ་བར་གྱུར་བ་དང་། དཔེར་ན། ” སྤྱི་ཁྱབ་ནམ་མཁའི་དཀྱིལ་འཁོར་དང་། །སྒེར་ཁྱབ་རྩིག་པའི་བུ་ག་གཉིས། །མཚུངས་པར་རློམས་པ་མཁས་ཡིན་ན། །འདི་ན་མི་མཁས་སུ་ཞིག་ཡོད། །”ཅེས་སོགས་སྙན་པ་ལ་ཚད་མེད་ཀྱང་དོན་གཟུ་བ་དང་། ཞེ་ས་མ་བྱས་ན་ལབ་ཀྱི་སྣང་ཚུལ་ཆེ་བ་སོགས་ནི་བདག་ཆེས་དགའ་བའི་རྐྱེན་ཞིག་ལ་གྱུར་བ་རེད། ད་དུང་”ཁོ་བོས་སྟོང་གདགས་པར་བྱའོ་”སོགས་རང་སྣང་དང་བདེན་ཐུབ་ཀྱིས་གསུངས་པའི་ཚུལ་དག་ནི་དངོས་གནས་ངོ་མཚར་བ་ཤ་སྟག་ཡིན། སྡེ་བདུན་རྒྱན་དང་། སྟོང་ཐུན། རྟོགས་སྣང་། ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་སོགས་ཁྱོད་ཀྱི་བཤད་པ་བཞིན་དམིགས་བསལ་གྱི་ཁྱད་ཆོས་ཅན་ཤ་སྟག་ཡིན་ལ། ཡིན་ནའང་། བློ་ཆུང་བདག་ལ་སྔགས་ཕྱོགས་ལ་མཇལ་བའི་སྐལ་བ་ལྡན་མེད།
ད་དུང་བཤད་ན། རྗེ་རིན་པོ་ཆེ་ཡིས་ཀྱང་ཀུན་སྤྱོད་ཀྱིས་བཏུལ་བ་མ་གཏོགས་མཁྱེན་རབ་ཀྱི་རྩལ་འགྲན་ན་དཀའ་ཚོད་ཡོད་པར་གསུངས་པའི་ལོ་རྒྱུས་ཀྱང་ཡོད་ལ། རྗེ་རིན་པོ་ཆེའི་ཐུགས་ཀྱི་སྲས་གཅིག་བུའང་ཁོང་ཡིན་པ་སོགས་གསུང་དང་བསྡུར་ནས་གླེང་ཐུབ་ན་དགེ་མཚན་ཆེན་པོ་འདུག
སེམས་ལ་ཁྲོད་པའི་དཔེ་ཆ་ངོ་སྤྲོད་པར་མཐོང་བས་དགའ་ཡོད། ཁྱད་པར་དཔལ་གསང་བ་འདུས་པའི་བསྐྱེད་རིམ་གྱི་རྣམ་བཤད་དངོས་གྲུབ་ཀྱི་རྒྱ་མཚོ་འདི་གསང་སྔགས་སྤྱི་འགྲེལ་བླ་ན་མེད་པ་ཅིག་འདུག སྤོབས་པ་མཐའ་ཡས་ལ་ཡི་རང་ཡོད།
གངས་ཅན་རིགས་སྨྲ་ཡོངས་ཀྱི་གཙུག་རྒྱན་ཕ་བཟང་གི་བུ་རྒོད་མཁས་གྲུབ་དགེ་ལེགས་དཔལ་བཟང་པོས་མཛད་པའི་ཡིག་རིགས་དྲུག་ཅུ་རྩ་བཞིའི་རྣམ་གྲངས་བཞུགས་སོ།།
ཡིག་རིགས་དྲུག་ཅུ་རྩ་བཞི་སྟེ།།ཚངས་པ་དང་ནི་ཁ་རོ་ཏི།།པདྨའི་སྙིང་པོ་ཨཾ་ག་དང་།།སང་ག་དང་ནི་མ་ག་དྷཾ།།
བཀྲ་ཤིས་དང་ནི་སོར་མོ་དང་།།ཤ་ཀ་ནི་དང་ཡ་བ་ནི།།བག་ལེ་བ་དང་བ་རུ་ཤ།།འགྲོ་ལྡིང་བ་དང་ཀི་ར་ཏ།།
ལྷོ་ཕྱོགས་པ་དང་དྲག་ཤུལ་ཅན།།གྲངས་ཡིག་དང་ནི་སྤྱིའི་གཙུག།རྗེས་སུ་མཐུན་དང་འབྲུ་ཤ་དང་།།ཁ་ཤ་དང་ནི་རྒྱ་ཡིག་དང་།།སུ་ན་དང་ནི་ཧུ་ན་དང་།།འབྲིང་རྒྱས་འབྲི་དང་རྒྱལ་དང་ནི།།ལྷ་དང་ཀླུ་དང་གནོད་སྦྱིན་དང་།།དྲི་ཟ་མིའམ་ཅི་ཡིག་དང་།།ལྟ་འཕྱེ་ལྷ་མིན་ནམ་མཁའ་ལྡིང་།།རི་དྭགས་འཁོར་ལོ་བའི་ཡི་གེ།།ཁ་སྐད་ཤེས་པའི་ཡི་གེ་དང་།།ས་བླ་དང་ནི་བར་སྣང་དང་།།བ་ལང་སྤྱོད་དང་སྒྲ་མི་ཉན།།ལུས་འཕགས་གླིང་གི་ཡི་གེ་དང་།།གདེག་དང་བཞག་དང་བསྣན་པ་དང་། །རྒྱ་མཚོ་རྡོ་རྗེ་སྤྲིང་ཡིག་ལན།།རྣམ་རྡོར་རིངས་མེད་བསྟན་བཅོས་སྐོར།།རྩིས་བསྐོར་གདེག་དང་བཞག་པ་བསྐོར།།རྐང་ཤིས་ཚིག་འཚམས་ཡི་གེ་དང་།།དེ་བཞིན་བར་གྱི་ཡི་གེ་དང་།།བླ་ཐབས་དང་ནི་སྒྲ་ཀུན་སྡུད།།རིགས་མཐུན་རྣམ་འདྲེན་དཀའ་ཐུབ་སྤྱད།།ལྷང་ངེ་བ་དང་ས་ལྟ་བ།།དེ་བཞིན་མཁའ་ལྟའི་ཡི་གེ་དང་།།སྨིན་གྱི་རྒྱུ་མཐུན་ཡི་གེ་དང་།།སྙིང་པོ་ཀུན་སྡུད་ཡི་གེ་དང་།།འབྱུང་བའི་སྒྲ་སྡུད་ཡི་གེ་སྟེ།།རྣམ་པ་དྲུག་ཅུ་རྩ་བཞི་བོ།།སྟོན་པས་ཀུན་གྱི་གཤེས་ལ་གསུངས།།ཡིག་རིགས་དྲུག་ཅུ་རྩ་བཞི་སྡོམ།།མ་ག་ཏའི་ལན་ཙ་དང་།།རྒྱ་མཚོ་མཐའ་མཐའ་དེང་ན་ག་ར།།ཟ་ཧོར་ཨུ་ཊི་ཡ་ནའི་ཡུལ།།ཁ་ཆེ་དང་ནི་དྷ་རི་དང་།།པྲི་ལང་ཀུ་དང་བྷ་ཡུ་སོགས།།འཕགས་པའི་ཡུལ་གྱི་ཡི་གེ་དང་།།རྒྱ་ནག་ཡུ་གུར་ཧོར་ཡིག་དང་།།གངས་རིའི་ཁྲོད་འདིར་གྲགས་པ་སོགས།།ཡི་གེའི་འདུ་ཤེས་མཐར་ཕྱིན་པ།།བློ་གསལ་འཇམ་དབྱངས་གྲགས་པ་ཡི།།འདི་བཞིན་འདྲི་བའི་འཕྲུལ་ཡིག་མཁན།།ཡོད་ན་ཤེས་བྱའི་མེ་ལོང་ལ།།རྣམ་དཔྱོད་གཟུགས་བརྙན་གསལ་བར་གྱིས།།
མདོ་སྔགས་བསྟན་པའི་བདག་པོ་མཁས་གྲུབ་རྗེ། །
རིས་མེད་བསྟན་འཛིན་བསྟན་པ་དར་རྒྱས་ཤོག །
མཁས་གྲུབ་རིན་པོ་ཆེ་དགེ་ལེགས་དཔལ་བཟང་པོའི་དམ་བཅའ་བཅུ།
༡༽ གང་ཚེ་གཞན་གྱི་སེམས་ངེས་པར་བསྲུང་དགོས་པ་དང་། ཆེས་ངོ་མཚར་བ་ལ་སོགས་པའི་ཆོས་ལྡན་གྱི་དམིགས་བསལ་རེ་རེ་ཙམ་མ་གཏོགས་པའི་སྐབས་གང་དུ་ཡང་དམག་དང་ཆོམ་རྐུན་རྒྱལ་བོའི་གཏམ་ལ་སོགས་པ་འདུ་འཛིའི་གཏམ་གྱི་སྦྱོར་བ་ཅུང་ཟད་ཀྱང་མི་བགྱི་པ་ནི་དམ་བཅའ་དང་པོའོ།།
༢༽ ཀུན་སློང་སྐྱོན་ཆགས་པའམ། ལུང་དུ་མ་བསྟན་པ་རྣམ་པར་མ་བརྟགས་པའི་སེམས་ཀྱིས་བསླང་པ་ཡང་རུང་སྟེ། དེ་ཉིད་ཀྱི་ཉེས་པ་སེལ་བའི་ཆོས་ལྡན་གྱི་ཆེད་དུ་ཕན་པར་འདོད་པ་འབའ་ཞིག་གིས་བརྗོད་རིགས་པའི་ཚིག་གིས་བརྗོད་པ་མ་གཏོགས་པ། རང་ལས་རྒྱུད་ཐ་དད་པའི་གང་ཟག་དམིགས་ཀྱིས་བསལ་པའི་མིང་གིས་སྨོས་ཏེ། དེའི་སྒོ་གསུམ་གྱི་སྐྱོན་ཕྲ་མོ་ཙམ་ཡང་ཚིག་ཏུ་བརྗོད་པ་མི་བགྱི་པ་ནི་དམ་བཅའ་གཉིས་པའོ།།
༣༽ གལ་ཏེ་རང་ལ་སེམས་རྒྱུད་ཅུང་ཟད་ཡང་འཁྲུག་པའི་ཉས་པ་མི་འདྲེན་ཞིང་། གཞན་ལ་ཐབས་དེས་ངེར་པར་ཕན་ཞིང་ཡིད་ཆེས་པའི་སྐབས་མ་གཏོགས་པ་རང་ལས་རྒྱུད་ཐ་དད་པའི་སེམས་ཅན་དང་། དེ་ལས་གཞན་སེམས་ཅན་མ་ཡིན་པ་ཡུལ་དུ་བྱས་པའང་རུང་སྟེ། རྩུབ་མོའི་ཚིག་ཅུང་ཟད་ཙམ་ཡང་སྨྲ་བར་མི་བགྱིད་པ་ནི་དམ་བཅའ་གསུམ་པའོ།།
༤༽ གང་གི་ཚེ་ཆོས་ལྡན་གྱི་བྱ་བའི་ཆེད་དུ་དྲན་ཤེས་ཉེ་པར་བཞག་སྟེ་ངེས་པར་བརྟག་དགོས་པའི་གནས་ལ་སེམས་པ་མ་གཏོགས་པ། གཉེན་བཤེས་དང་རྙེད་བཀུར་འདུ་འཛི་ཆགས་སྡང་སོགས་ཀྱི་གནས་ལ་ཅུང་ཟད་ཀྱང་ཉོན་མོངས་པ་དང་འདྲེས་པའི་སེམས་ཀྱིས་བརྟག་པར་མི་བགྱི་པ་ནི་དམ་བཅའ་བཞི་བའོ།།
༥༽ གང་གི་ཚེ་ནད་དང་ལམ་ལ་སོགས་པ་ཧ་ཅང་དུབ་པའི་སྐབས་མ་གཏོགས་པར་དགེ་བའི་སྦྱོར་བའི་སྐབས་གང་གི་ཚེ་ཡང་། ཉལ་བ་དང་། འཁྲེས་པ་དང་། དྲེ་མོའི་གཏམ་དང་། བཟའ་བཏུང་ཧ་ཅང་བསྟན་པ་སོགས་ཀྱིས་ཆོས་ལྡན་གྱི་དགོས་པ་མེད་ཅིང་ལེ་ལོ་སྐྱེ་བ་མཐོང་བཞིན་དུ་འཕྲོ་མི་གཅོད་ཅིང་། དང་དུ་ལེན་པ་ཅུང་ཟད་ཀྱང་མི་བྱ་བ་ནི་དམ་བཅའ་ལྔ་བའོ།།
༦༽ བདག་ལ་རྫས་དེ་བདོག་ཅིང་དེ་གང་ཟག་དེ་ཉིད་ལ་བྱིན་ན་བདག་གི་དགེ་བའི་བྱ་བ་ཉམས་པའི་རྐྱེན་དང་། འཕེལ་བའི་གེགས་སུ་འགྱུར་བའམ། ཡུལ་དེ་ལ་གནོད་པར་འགྱུར་བར་ངེས་པའམ་ཆོས་ལྡན་གཉན་དང་ཡུལ་གཞན་ལ་བསྔོས་ཟིན་པ་མ་གཏོགས་གང་ཡང་རུང་པས་ཡོ་བྱད་བཟང་ངན་ཅི་འདྲ་ཞིག་སློང་ཡང་སེར་སྣའི་བློས་མི་སྟེར་བ་སྤངས་ཏེ། དེ་མ་ཐག་ཏུ་དགའ་བའི་སེམས་ཀྱིས་བྱིན་ནས་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་ནི་དམ་བཅའ་དྲུག་པའོ།།
གང་གི་ཚེ་བདག་གམ་གཉེན་བཤེས་ལོངས་སྤྱོད་འཁོར་གཡོག་སོགས་གང་ཡང་རུང་བ་ལ་སུ་ཡང་རུང་བས་ཅི་ཡང་རུང་བའི་གནོད་པ་དང་། མི་སྙན་པ་བརྗོད་པ་དང་། མཚང་འབྲུ་བ་དང་། སྲོག་གཅོད་པའི་བར་དུ་བྱེད་པ་ཐམས་ཅད་ལ་དང་པོ་ཁོང་འཁྲུག་པ་དང་། རྗེས་སུ་འཁོན་དུ་འཛིན་པ། ལུས་ངག་གི་རྣམ་པར་འགྱུར་བ་ཕྲ་མོ་ཡན་ཆད་འབད་པས་འགོག་ཅིང་། ཅུང་ཟད་ཀྱང་དང་དུ་མི་ལེན་པ་ལ་ཅི་ནས་ཀྱང་དེ་ཉིད་ལ་ལན་དུ་དངོས་བརྒྱུད་གང་ཡང་རུང་པའི་སྒོ་ནས་ཕན་གདགས་པའི་བློ་བསྐྱེད་ཅིང་སྨོན་ལམ་གདབ་པ་ནི་དམ་བཅའ་བདུན་པའོ།།
༨༽ བདག་ཉིད་ཀྱི་དབང་ཁྲིད་ལུང་མན་ངག་བསྟན་པ། མདོ་རྒྱུད་སོགས་བཤད་པ། བདུན་ཚིགས་རབ་གནས་སྦྱིན་སྲེག་རྣམས་ཀྱི་ཡོན་དང་། ཆོས་ལ་དམིགས་ཏེ་གཞན་གྱིས་བྱིན་པ། འཕྲལ་དུ་ལོངས་སྤྱོད་ལ་ཉེ་བའི་སྟ་གོན་བྱས་པ། བཙེམས་ཤིང་དྲུབས་པའི་ཆོས་གོས་དང་། གཡོས་སུ་བྱས་སམ་དེ་ཉིད་ཀྱི་ཚེ་གཡོས་སུ་བྱེད་པར་ཆས་པ་ལྟ་བུའི་ཟས་གོས་མ་གཏོགས་པ། ཡོ་བྱད་ཆེ་ཆུང་གང་བྱུང་ཡང་། བདག་ཉིད་ཀྱིས་ཅུང་ཟད་ཀྱང་བདག་གིར་མི་འཛིན་ཅིང་། བསོད་ནམས་གསོག་པའི་ཐབས་འབའ་ཞིག་ལ་གཏོང་པ་དང་། ཆོས་ཀྱི་སྦྱིན་པ་ཚིག་བཞི་པ་གཅིག་ཡན་ཆད་ཀྱང་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པར་བྱ་བ་ནི་དམ་བཅས་བརྒྱད་པའོ།།
༩༽ བསྟན་པ་འབའ་ཞིག་ལ་བསམས་པའི་བློས་གསུང་རབ་ཀྱི་དོན་ལ་ལོག་པར་རྟོག་པ་འགོག་པའི་ཡན་ལག་མ་གཏོགས་པར། བཤེས་གཉེན་སུ་ལ་ཡང་མི་བསྔགས་པ་ཅུང་ཟད་ཀྱང་མི་སྨྲ་ཞིང་། ཡོན་ཏན་སྒྲོག་པ་ལྷུར་ལེན་པ་དང་། གང་ཟག་མཆོག་དམན་སུ་ལའང་། ཕུན་སུམ་ཚོགས་པའི་རྣམ་པ་ཆེ་ཆུང་ཅི་འདུག་པ་དང་། ཡོན་ཏན་གྱི་ཁྱད་པར་ཆོས་དང་མཐུན་པ་ཅི་འདུག པ་མཐོང་ངམ་ཐོས་པ་ན་ཡིད་ལ་ཟུག་རྔུ་ཅུང་ཟད་མི་སྐྱེད་ཅིང་དེ་མ་ཐག་ཏུ་སྙིང་ནས་དགའ་་བའི་བློ་སྦྱོང་པ་ནི་དམ་བཅའ་དགུ་བའོ།།
༡༠༽ ནད་དང་ཆོམ་རྐུན་སོགས་དྲག་པོས་གཙེས་པས་གཞན་དབང་དུ་གྱུར་པས་སྒྲུབ་པར་མི་ནུས་པའི་སྐབས་བྱུང་ན་མ་གཏོགས་པར། ཇི་སྲིད་འཚོའི་བར་དུ་ཉིན་ཞག་རེའི་ནང་དུ་དགེ་སྦྱོར་བཅུ་བོ་ཆག་མེད་དུ་བགྱི་བ་སྟེ། དེ་ཡང་འདི་ལྟར་སེམས་བསྐྱེད་ཆོ་ག་ཉུང་དུས་ཐུན་དྲུག་ཏུ་ལེན་ཅིང་། ཁྱད་པར་སྔ་དྲོ་སྨོན་སེསམ་དང་། བྱང་སེམས་ཀྱི་སྡོམ་པ་རང་གིས་བླངས་པའི་ཆོ་ག་རྒྱུས་པ། བྱང་ཆུབ་ཀྱི་སེམས་གཉིས་སྦྱོང་པའི་དམིགས་རྣམ་དངོས་གཞི་ཐུན་བཞི་འམ་གསུམ་དུ་ལེན་པར་བསྒོམས་ནས་སྤྱོད་ལམ་ཐམས་ཅད་དེ་ཉིད་ཀྱི་རྩིས་ཟིན་པའི་དྲན་ཤེས་རྒྱ་ཡན་དུ་མ་ཤོར་བར་ནར་མར་བསྟེན་པ་ལ་འབད་པ། འཁོར་བའི་སྣང་ཤས་ཟིལ་གྱིས་གནོན་པའི་གཉེན་པོར། སྐྱེས་བུ་ཆུང་འབྲིང་གི་དམིགས་རྣམ་གཙོ་བོ་གང་སྐབས་དང་འཚམས་པར་ཐུན་གསུམ་མམ་བཞིར་བསྒོམས་ནས་སྔ་མ་ལྟར་དྲན་ཤེས་བསྟེན་པ། སྔགས་བླ་མེད་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཡོངས་སུ་རྫོགས་པ་ཐུན་བཞིའི་རྣལ་འབྱོར་རྣམས་སོ།།
དམ་བཅའ་བཅུ་ལ་་་རྗེས་སུ་ཡིད་རངས་ཞུ། རྩོམ་འབྲི་སྟངས་འདི་འདྲ་ནི་་་་བོད་ལུགས་ཀྱི་བསོད་ནམས་མ་ཉམས་པ་་་ཞིག་རེད་འདུག་བ།
དམ་བཅའ་བཅུ་ལ་སྙིང་ནས་གུས་ཤིང་དམ་པ་དེ་ཉིས་ཀྱིས་ཐུགས་རྗེས་འཛིན་པར་གསོལ་བ་འདེབས་སོ། །
སྤོབས་པ་མཐའ་ཡས་མཆོག་དང་མཁས་པ་རྣམས་ཀྱིས་མཁས་རྗེས་གསུངས་པའི་རང་རེ་ལ་ཉེར་མཁོ་འགའ་ཞིག་བཀོད་པ་ཁུངས་ཀྱི་དཔེ་ཆའི་མིང་དང་། ཤོག་གྲངས་བཅས་འགོད་དགོས་པ་དིང་སང་གི་མཁས་པའི་ལུགས། ལྷག་པར་དུ་སོ་སོ་རང་གི་ལུང་སྐད་དམ་ལུང་པའི་ཚིག་གཙོ་ཆེར་བཟུང་སྟེ། མཁས་གྲུབ་ཀྱི་གསུང་ཚིག་ལ་བ་སྒྱུར་བཅོས་གཏོང་བ་ནི། མཁས་གྲུབ་ཀྱི་གསུང་ལ་ལྷད་་བཅུག་པར་མངོན།
བདག་གིས་གཞོན་པའི་སྐབས་སུ་བཀྲ་ཤིས་ལྷུན་པོའི་ཆོས་སྤྱོད་ན་ཡོད་པ།
༡ དཔལ་ལྡན་ས་གསུམ་མ། རྗེ་རིན་པོ་ཆེ་ཙོག་ཁ་པ་ལ་བསྟོད་པ།
༢ ་རྣམ་དག་གངས་རི་མ། གོང་དང་འདྲ།
༣ དཔལ་ལྡན་ཡོན་ཏན་མ། རྒྱལ་ཚབ་རྗེ་ལ་བསྟོད་པ།
༤ ཕུན་ཚོགས་དགེ་ལིགས་མ། དགེ་འདུན་གྲུབ།་ཀྱིས་མཁས་གྲུབ་རྗེ་ལ་བསྟོད་པ་རྣམས་བློར་བཟུང་། ཡུན་རིང་པོར་སྦྱོར་སྦྱངས་བྱས་ཀྱང་། ད་ལྟ་དྲན་ཡུལ་ན་ཆེར་མི་སྣང་། བོད་དུ་ངའི་དགེ་རྒན་གཟིམ་ཤག་ཏུ་རྒྱུད་སྡེ་སྤྱི་རྣམ་མགོ་ན་བསྟན་པ་སྤྱིའི་ལོ་རྒྱུས་དེ་བཀླགས་ནས། ཉན་ཐོས་སྡེ་གཉིས་ལྟ་བའི་སྒོ་ནས་སངས་རྒྱས་པར་མི་གཞག་ཀྱང་སྤྱོད་པའི་སྒོ་ནས་སངས་རྒྱས་པར་གཞག་ཅེས་གསུངས་པ་ཞིག་དྲན་ནོ།།
ཙོག་ཁ་པ་ཞེས་པ་ ཙོང་ཁ་པ། ཞེད་དང་། དགེ་འདུན་གྲུབ།་ཀྱིས་ དགེ་འདུན་གྲུབ་ཀྱིས་ཞེས་བཅོས་སོ།
མཁས་གྲུབ་རྗེའི་གསུང་མང་པོ་ཞིག་ལ་མཇལ་མྱོང་ཡང་རང་ཉིད་ཀྱི་དགའ་ཕྱོགས་ལྟར་ཁོང་གིས་བརྩམས་པའི་དཔལ་ལྡན་ཡོན་ཚོགས་ཞེས་པའི་སྙན་ངག་དེ་ལས་ཡིད་དབང་འཕྲོག་པ་ཞིག་མ་བྱུང་། བོད་ན་ཡོད་དུས་དེ་བློ་ལ་ཤར་ཤར་འགྲོ་ཡང་ད་ནི་མང་ཤོས་ཤིག་བརྗེད་ཚར་འདུག ཁྱོད་ནི་དབྱངས་ཅན་མགྲིན་པར་ཆགས། །ལེགས་བཤད་བདུད་རྩི་ཞལ་ལ་ཆགས། །ཕ་རོལ་རྒོལ་བ་མ་ལུས་ཀྱི། །།ཁ་ལ་སྨྲ་བཅད་རྒྱ་ཡང་བྱིན། །དང་། མཁས་པ་གསེར་རིའི་ཕྲེང་བ་ནི། །གཟི་བརྗིད་རབ་རྒྱས་ཉི་མ་ཡི། །དྲུང་ན་མར་མེའི་རྩེ་མོ་ཙམ། །མཚུངས་པའི་གནས་ལ་ཁྱོད་ཀྱིས་བཀོད། ལྟ་བུ་རེ་ལས་མི་དྲན་གི
སྙན་ངག་ལ་ཐུགས་མཉེས་པ་རྣམས་ལ་སྡེ་བདུན་ཡིད་ཀྱི་མུན་སེལ་གྱི་མཆོད་བརྗོད་ཚིགས་བཅད་ཁ་ཤས་འགོད།
བདུད་རྩིའི་འོད་ཅན་ཅོད་པན་གྱིས་མཛེས་རལ་བའི་ཁུར་འཆང་མགུལ་ནག་སྤྱི་བོས་ཞབས་ཀྱི་པདྨོར་བུང་བ་བཞིན།། གང་སྐུ་རིན་ཆེན་རི་བོའི་དཔལ་འཕྲོག་གཟི་བརྗིད་ཕུང་པོའི་ཁུར་གྱིས་ངལ་བས་རྒྱ་མཚོའི་གོས་ཅན་འདར་བར་སེམས།། འཕྲིན་ལས་ཉིན་བྱེད་འཆར་ཀའི་ཟེར་གྱིས་བདུད་ཀྱི་སྡེ་དཔོན་སྒྲོ་ལྡན་སྤངས་ནས་ཡིད་ལ་མུན་པའི་བརྟུལ་ཞུགས་བླངས།། ཞལ་གྱི་ཆུ་གཏེར་ཡན་ལག་དྲུག་ཅུའི་རྐང་འཐུང་གིས་མཛེས་ཐུབ་དབང་གསུང་གིས་འཇིག་རྟེན་རྒུད་པ་འཕྲོག་གྱུར་ཅིག།
གང་ཞིག་མཐའ་ཡས་འགྲོ་བའི་དོན་སླད་ཕན་བདེའི་ཁུར་ཆེན་གཙུག་ན་ཟླ་བའི་གཙུག་རྒྱན་ཇི་བཞིན་ཐུགས་རྗེའི་གཙུག་གི་གཙུག་ཏོར་རྒྱན་དུ་ལེགས་པར་བླངས།། ཡོན་ཏན་མེ་ཏོག་དད་པའི་སྙིམ་པས་ཅུང་ཟད་བསྟེན་ན་ཚ་ཟེར་བྱེད་པའི་འོད་ཟེར་ཇི་བཞིན་བློ་གྲོས་ཟེར་གྱིས་རྨོངས་པའི་མུན་སེལ་འོད་ཟེར་འགྱེད།། འགྲོ་བའི་ཡིད་ཀྱི་ཀུ་མུད་མཚོ་ལ་ཞི་བའི་ཟླ་འོད་ཀུན་མཁྱེན་ཡེ་ཤེས་ཀུན་ལ་ཇི་བཞིན་ཀུན་ཏུ་འཇུག་པ་ཀུན་ནས་སྟེར་བའི་དཔལ་ཡོན་ཅན།། རབ་དམར་སེན་མོའི་འདབ་ཕྲེང་གཡོ་བའི་འཇམ་པའི་དབྱངས་ཀྱི་ཞབས་ཀྱི་པདྨོ་པདྨོའི་གཉེན་གྱིས་པདྨོ་ཇི་བཞིན་བདག་བློ་པདྨའི་དཔལ་གྱུར་ཅིག།
ཡང་རྣམ་འགྲེལ་ཊྲྰིཀ་ཆེན་གྱི་མཆོད་བརྗོད་ཚིགས་བཅད་འགའ།
གང་ཞིག་རྐང་དྲུག་ལྡན་པའི་ཕྲེང་པ་འཕུར་ལྡིང་སྒྲ་སྙན་སྒྲོགས་པ་ཡི།། རྐང་པས་བསྣུན་པའི་འདར་བ་དང་ལྡན་བཅུ་ཕྲག་འདབ་མའི་ཟེའུ་འབྲུ་དཀར།། ཡིད་སྲུབས་ཟོལ་སྐྱེས་སྤུ་ལོང་གོས་ཅན་ཅོད་པན་མེ་ཏོག་འཛིན་པ་འདིས།། བདག་གིས་རྒྱལ་བའི་ཞབས་ལ་མཆོད་པས་འཇིག་རྟེན་འདི་དག་ཞི་གྱུར་ཅིག།
མཚམས་སྤྲིན་ལ་ཆགས་མཚོ་སྐྱེས་གཞོན་ནུས་ཕྱོགས་ཀུན་བརྒྱན་ཕྱིར་ཉི་མས་མུན་སེལ་དང་།། ཡོངས་རྫོགས་རྒྱུ་སྐར་བདག་པོའི་དཔལ་ལས་རབ་རྒྱས་ཨུདྤལ་མཁའ་ལ་གར་གྱི་རི་མོ་བཞིན།། གང་ཞིག་ཆུ་ཡི་འོད་ཟེར་གོས་ཅན་ལི་ཁྲིའི་རྡུལ་བརྩེགས་མིག་སྨན་ཐོར་ཅོག་བཅིངས་པ་ཡིས།། དཔལ་ལྡན་ཐུབ་པ་རྣམས་ཀྱི་ཡིད་ནི་ཅི་ཡང་ཆགས་བྱེད་ཞབས་སེན་འོད་དེས་སྐྱོངས་གྱུར་ཅིག།
འཇིགས་མེད་ཕྱོགས་རྣམས་ཀུན་ལས་རྣམ་རྒྱལ་ས་འདི་གྲགས་པའི་གོམ་པ་གཅིག་གིས་ཁྱབ་པར་བྲིས།། ལེགས་བཤད་མཐའ་དག་རོ་འཛིན་གཟུགས་ཀྱིས་གང་གི་ཁ་ལ་རྣམ་པར་བཀོད་པའི་རྩེ་མོ་ནི།། ཅུང་ཟད་བསྐྱོད་པས་སྲིད་གསུམ་འདི་དག་མེ་ཏོག་མདའ་ཅན་སྙིང་དང་ལྷན་ཅིག་འདར་བར་བྱེད།། ལོག་པར་སྨྲ་བ་ཀུན་གྱི་ལྕེ་ཡང་གཡོ་མེད་ཏིང་འཛིན་དག་ལ་འགོད་དེ་རྒྱལ་གྱུར་ཅིག།
དྲི་མེད་དག་པའི་ཆུ་ཤེལ་ངོས་ལ་སྣ་ཚོགས་སྤྲོས་པའི་ཚོན་རིས་འཛིན་པ་མིན་པ་ཉིད།། གང་གི་དཔལ་ལས་རྒྱ་མཚོའི་གོས་ཅན་རིགས་ཚུལ་ཀུ་མུད་བཞད་པའི་རྩེ་དགས་རོལ་བ་ན།། ཨནྡ་རྙིལ་གྱི་མེ་ལོང་ངོས་ལ་གཟུགས་བརྙན་འཕོས་པའི་རྒྱུ་སྐར་འོད་ཀྱི་ཐིག་ལེ་བཞིན།། སྟོབས་ལྡན་ལམ་འདུག་གནས་བཟང་ལས་བརྒལ་འོད་དཀར་རྒྱ་ཆེན་བཤེས་གཉེན་བདེ་འབྱུང་ཅོད་པན་རྒྱལ།།
གང་འདིར་ལེགས་བཤད་ནོར་བུའི་དོ་ཤལ་རབ་དཀར་འོད་ཀྱིས་ཕྱོགས་ཀྱི་དབྱེར་འཇིག་སྟོན་པ་དང་།། རིགས་པའི་རྒྱ་མཚོའི་རླབས་ཕྲེང་ཆལ་ཆིལ་ཤེས་བྱའི་ནོར་འཛིན་ཡུད་ཀྱིས་གང་བར་བྱེད་པ་དང་།། བདག་བློའི་ཟླ་འོད་གསུང་རབ་ནམ་མཁའི་མཛེས་མ་དག་ལ་གོས་བཟང་སྦྱིན་པའི་དགའ་སྟོན་དཔལ།། འདི་དག་འགྲན་བཞིན་འཇིག་རྟེན་འདི་ན་ཡ་མ་ལུས་དེ་ཉིད་ཉེ་བར་འོངས་པ་འདྲ།།
རྒྱ་ཆེན་ཐོས་པའི་ཁུར་གྱིས་རབ་ངལ་རིགས་པའི་འཁུན་སྒྲས་ཕྱོགས་རྣམས་རྒོད་བྱེད་རྣམ་དཔྱོད་ཆུ་འཛིན་ལྟོ་བ་ལས་འོངས་ལེགས་བཤད་ཆུ་རྒྱུན་པད་མོས་སྦྲང་རྩི་སྐྱུག་པ་བཞིན།། དགེ་ལེགས་དབང་ཆེན་གསར་གྱི་གཞི་ལས་རིན་ཆེན་འབྱུང་གནས་ཆུ་གཏེར་འཁྲུལ་འཁོར་ཆེས་ཆེར་གཡོས་པའི་དགའ་སྟོན་དཔལ་འདི་ཨེ་མ་མཚར་ཞེས་སྔོན་མེད་ཆུ་རྒྱུན་དོ་ཤལ་ལ།། བློ་གསལ་རྨ་བྱ་དགའ་བའི་གར་གྱིས་མདོངས་རྣམས་རབ་བརྐྱངས་མཇུག་སྒྲོ་རྒྱས་པའི་རྩེ་དགའ་སྟོན་ཅིང་མགྲིན་པའི་གླུ་དབྱངས་རྒྱུད་མངས་སྒྲ་ཡིས་ཕུག་དག་གང་བར་བྱེད་པ་ན།། ཆོས་ཀུན་རང་གི་ངང་ཚུལ་སྒྲོགས་པའི་ང་རོ་རབ་འཕྲུལ་ངོ་མཚར་གཏམ་འདི་རབ་འབར་གྲངས་མེད་དུང་དང་ལྡན་པའི་རྒྱ་མཚོའི་འདུས་རླབས་སྒྲོག་པར་བྱེད་པ་མ་ཡིན་ནམ།།
དེ་ལྟ་མོད་ཀྱི་ཐུན་མཚམས་སྨུག་རྩིས་མཁུར་ཚོས་དམར་བའི་སྔོ་བསངས་མཛེས་སྡུག་ལང་ཚོའི་དཔལ།། རབ་དཀར་ཆུ་འཛིན་གཞོན་ནུའི་ཕུང་པོ་མུ་ཏིག་ཆུ་རྒྱུན་ཟིམ་བུ་གཡོ་བས་རོལ་པ་དང་།། ཆུ་སྐྱར་ཕྲུ་གུ་དགའ་བས་རྩེ་བའི་ལང་ལིང་དང་འགྲོགས་དབྱར་དུས་རྔ་སྒྲ་སྒྲོགས་པ་གང་།། དེ་འདྲས་གཉིས་སྐྱེས་ཡིད་ལ་ཇི་བཞིན་དགའ་བའི་དཔལ་བསྐྱེད་གཏམ་འདི་གྲགས་པའི་གདུང་འཚོབ་ཡིན།།
མཆན་འདིར་དྲངས་པ་ཐམས་ཅད་སྐུ་འབུམ་དཔར་མ་ཡིན། སྐུ་འབུམ་དཔར་མ་ན་གསུངས་འབུམ་པོད་བཅུ་དྲུག་བཞུགས། དེ་ཡང་དུས་འཁོར་སྐོར་ལ་པོད་དྲུག་ཡོད་པ་ལས། པོད་གསུམ་ཁོང་གི་གསུངས་དང་། པོད་གསུམ་ཁོང་གི་སློབ་བུ་གསུམ་གྱི་དུས་འཁོར་སྐོར་རེད།
རྒན་འཇམ་དཔལ་ལགས།
ཁྱེད་ཀྱི་མཆན་གྱི་ནང་དུ་འབྲི་ནོར་བྱུང་བ་ཁག་ཟུར་འདོན་གྱིས་བཅོས་འདུག
ཡང་་་མ་བཅོས་པ་ཡིན་ནམ། ཡང་ན་ཡི་གེ་འབྲི་ཚུལ་གཞན་ཞིག་གང་ཡིན།
ཕུན་ཚོགས་དགེ་ལིགས་མ། ཞེས་བྲིས་འདུག དེ་འབྲི་ནོར་ཡིན་ནམ། ཡང་ན་ལ་དྭགས་པའི་ཁ་སྐད་སོགས་གང་ཡིན་གསལ་ཁ་ཞིག་གཏོད་རོགས། གང་ཡིན་ཟེར་ན་ཁྱེད་ནི་ཁ་བརྡ་ལས་སོགས་དྲྭ་རྒྱའི་ཞུས་དག་པ་ཞིག་ལ་ངོས་བཟུང་གི་ཡོད་ཙང་དེས་ན་བཀའ་འདྲི་འདི་ཞུས་པ་ཡིན།
དྲྭ་གྲོགས་སྤོབས་པ་མཐའ་ཡས་ལགས།
ཁྱེད་ཀྱིས་མཁས་གྲུབ་རིན་པོ་ཆེ་ལ་ཐུན་མོང་མ་ཡིན་པའི་ཡོན་ཏན་ལྔ་ཙམ་མངའ་ཚུལ་ཞིག་གསུངས་སོང།
དེ་རེ་རེ་ནས་གཞན་དང་ཐུན་མོང་པ་མ་ཡིན་པའི་ཚུལ་འགྲེལ་བཤད་ཅིག་གནང་ན་འོང་ངམ།
ཉན་འདོད་ཤིན་ཏུ་ནས་ཆེ།
༡༽ཁོང་གིས་ནང་བསྟན་མཚན་ཉིད་རིག་པའི་གཞུང་ཆེན་མོ་དག་གི་དཀའ་གནད་ཀྱི་ལུང་གི་དགོངས་པ་འགྲེལ་སྟངས།
༢༽རིག་པའི་རྣོ་སོ་འདོན་སྟངས།
༣༽དགག་སྒྲུབ་ཀྱི་རྣམ་བཞག་བྱེད་སྟངས་དེས་ནང་བསྟན་མཚན་ཉིད་རིག་པའི་གཞུང་ལུགས་ལ་གསལ་ཁ་འདོན་པ་དང་།
༤༽གཞན་གྱི་འདོད་པ་མང་པོར་དོག་སློང་བྱེད་པ།
༥༽དེ་བཞིན་དུ་རང་ལུགས་མ་ནོར་བ་ངོས་འཛིན་བྱེད་ཕྱོགས་བཅས་ཐུན་མོང་མ་ཡིན་པའི་མཛད་རྗེས་བླ་ན་མཐོ་བ་ཞིག་བཞག་ཡོད།
གཞོན་ནུ་ཟླ་མེད་ལེགས། དམ་བཅའ་བཅུ་བོ་གཞུང་གང་ན་གསུངས་ཡོད་ནི་རེད་དམ།
བན་དེ་བ་ལེགས། བདག་གིས་ནོར་བ་མ་མཐོང་བར་ལུས་པ་ཁྱེད་ཀྱིས་གཟིགས་ནས་ལོན་སྐྱེལ་མཛད་པར་བཀའ་དྲིན་ཆེ། ནོར་ནས་མ་མཐོང་བར་ལུས་པ། ད་དུང་ཡང་། ཞེས་འབྲི་དགོས་པ་ལས་ཞེད་ཅེས་ཤོར་བ་ལ་དགོངས་དག དེ་ཡང་འདི་ལྟ་སྟེ།
ཕུན་ཚོགས་དགེ་ལེགས་ཀུན་གྱི་འབྱུང་གནས་མཆོག
མཁས་པའི་དཔལ་གྱུར་ས་གསུམ་སྐྱེ་དགུའི་གཉེན།
བཟང་པོའི་མཛད་པ་ཕྱོགས་བཅུར་རྒྱས་མཛད་པ།
མཁས་གྲུབ་ཆོས་རྗེའི་ཞབས་ལ་གསོལ་བ་འདེབས།། རྒྱ་གར་བཀྲས་ལྷུན་ཆོས་སྤྱོད་ ༢༠༠༩ སྤར་ ཤོག་ ༡༥༩ན།
ཉན་ཐོས་སྡེ་གཉིས་ལྟ་བའི་སྒོ་ནས་སངས་རྒྱས་པར་མི་གཞག་ཀྱང་སྤྱོད་པའི་སྒོ་ནས་སངས་རྒྱས་པར་གཞག་ཅེས་གསུངས་པ་ཞིག་དྲན་ནོ།། ཞེས་པ་འདི་ལ་ཡང་སྐྱར་མཁས་གྲུབ་རྗེའི་གསུང་ཇི་ལྟ་བ་མ་འབྲི་ན། འགའ་ཞིག་གིས་དེ་ལྟར་འདོད་ཚེ། ནོར་བ་ཆེ་བས། སླར་སྟབས་ལེགས་ཀྱིས་བདག་ལ་རྒྱུད་སྡེའི་རྣམ་དཔེ་ཆ་དབུས་སྤར་རམ་གཙང་སྤར་ཆ་མ་ངེས། ཤོག་གྲངས་༢༤ རྒྱབ་ན། འདི་ལྟར་གསུངས་ཏེ། སྤྱིར་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་མི་ལེན་གྱིས། སངས་རྒྱས་པའི་ལྟ་བ་ཁས་ལེན་མི་ལེན་དུ་འཇོག་པ་ལས། ཉན་ཐོས་སྡེ་པ་བཅོ་བརྒྱད་ཀྱི་མང་པོས་བཀུར་པ་དང་། གནས་མ་བུ་པ་དང་། བླ་མ་པ་དང་། ཆོས་སྦས་པ་དང་། བཟང་པོའི་ལམ་པ་རྣམས། བརྗོད་དུ་མེད་པའི་གང་ཟག་གི་བདག་ཁས་ལེན་པས་སངས་རྒྱས་པའི་ལྟ་བ་ཁས་ལེན་པར་མི་འཇོག་ཀྱང་། སྐྱབས་གནས་དང་ཚུལ་ཁྲིམས་སོགས་ཀྱི་སྒོ་ནས་སངས་རྒྱས་པར་འཇོག་གོ །ཞེས་གསུངས་སོ།།
ཤོག་ནོར་བཅོས། ༡༨༧
མཁས་པ་དུ་མའི་ཞལ་སྔ་ནས་ཐོས་པ་ལྟར་ན་རྗེ་ཙོང་ཁ་བ་ནི་སྙན་ངག་དཔེ་རྒྱན་ལ་ཐུགས་མཉེས་པོ་དང་མཁས་གྲུབ་རྗེ་ནི་སྙན་ངག་གཟུགས་རྒྱན་དང་དེའི་ནང་ནས་ཀྱང་བསྡུས་བརྗོད་ཀྱི་རྒྱན་ལ་ཐུགས་མོས་ཡོད་ཚུལ་གསུང་མཁན་འདུག ཁོང་གི་དངོས་སློབ་ཞང་ཞུང་པ་ཆོས་དབང་གྲགས་པས་མཛད་པས་རཱ་མ་ནའི་རྟོགས་བརྗོད་ནི་བོད་གངས་ཅན་གྱི་གནའ་དེང་གི་མཁས་པ་དུ་མས་བོད་རང་གི་སྐད་དུ་བྲིས་པའི་སྙན་ངག་ཕུལ་དུ་བྱུང་བ་ཞིག་དང་གཙུགས་ཆེན་དུ་ངོས་འཛིན་པ་ཞིག་རེད། སྟོན་པའི་རྗེས་འཇུག་རྣམས་ཉམས་ལེན་ཙམ་མིན་པར། འཆད་རྩོད་རྩོམ་གསུམ་གྱི་བྱ་བ་གང་ནུས་པ་ཞིག་དགོས་རྒྱུ་དེ་ནི་ཁོང་རྣམ་པའི་ཐུགས་འདུན་ངོ་མ་དེ་ཡིན་པར་ཐེ་ཚོམ་མ་དགོས། རིགས་ལམ་ལ་སྦྱང་བ་ནི་ཆེས་གལ་ཆེ་བ་དང་། གྲུབ་མཐའ་ཁག་གི་བསྟན་པའི་བདག་པོ་རྣམས་ཀྱི་ནང་ནས་དབུ་ཕར་འདུལ་མཛོད་རྣམ་འགྲེལ་དང་བཅས་པའི་གཞུང་ལ་ཐོས་བསམ་བྱེད་པ་དགོས་མེད་དུ་གཟིགས་མཁན་གཅིག་ཀྱང་མེད་ཁར། ཐབས་སྣ་ཚོགས་ཀྱི་སྒོ་ནས་འཆད་ཉན་སྤེལ་བ་དང་། དགོངས་འགྲེལ་བརྩམས་པ་སོགས་བརྗོད་ཀྱིས་མི་ལང་ངོ་། །རྗེ་རིན་པོ་ཆེ་དབུས་ལ་མ་བྱོན་གོང་གི་དབུས་ཀྱི་གདན་ས་ཆེན་པོ་དྲུག་ནི། བདེ་གསང་གུང་གསུམ། དགའ་སྐྱོར་ཟུལ་གསུམ་ལ་ནི་འཆད་རྩོད་ཆེས་འཕེལ་བ་ཞིག་ལ་གྲགས་པས་ཁྱབ་ཅིང་། དེའི་ནང་ནས་བདེ་བ་ཅན་ཏེ་ར་སྟོད་དང་གསང་ཕུ། སྐྱོར་མོ་ལུང་གསུམ་ནི་བཀའ་གདམས་པའི་ཁོངས་གཏོགས་དང་། གུང་ཐང་ནི་ཚལ་བ་བཀའ་བརྒྱུད། དགའ་གདོང་དང་ཟུལ་ཕུ་ནི་གང་གི་ཁོངས་ཡིན་གསལ་ཁ་མེད། བདེ་བ་ཅན་ཏེ་ར་སྟོད་དུ་རྗེ་རིན་པོ་ཆེས་རྣམ་འགྲེལ་གསན་བསམ་མཛད། གསང་ཕུར་རྗེ་རིན་པོ་ཆེས་མཛོད་དང་ཕར་ཕྱིན་གསན་བསམ་མཛད། དགའ་བ་གདོང་དུ་རྗེ་རིན་པོ་ཆེས་བླ་མ་དབུ་མ་བ་དཔའ་པོ་རྡོ་རྗེ་དང་དང་མཇལ་ནས་དབུ་མའི་ལྟ་བའི་སྒྲོ་འདོགས་བཅད། ཆ་པ་ཆོས་ཀྱི་སེངྒ་ནི་བོད་ཀྱི་རྩོད་གྲྭའི་ལོ་རྒྱུས་ཐོག་མཛད་རྗེས་རླབས་པོ་ཆེ་འཇོག་གནང་མཛད་མཁན་ཞིག་ཡིན་ཏེ། ཁོང་གིས། འགྲོ་དྲུག་སེམས་ཅན་ཉལ་ནས་ཤི།།ང་ཆ་པ་ཆོས་སེང་ལངས་ནས་ཤི།།ཞེས་པ་ལྟར་ཁོང་གིས་རྟགས་གསལ་རྩོད་སྐབས་ཡར་བཞེངས་བཞེངས་པ་ལ་སྐུ་མྱ་ངན་ལས་འདས་པར་གྲགས། དེས་ན་ཡར་བཞེངས་ནས་རྩོད་པའི་སྲོལ་འདི་ཆ་པ་ཆོས་སེང་གིས་གསར་གཏོད་མཛད་པར་བཞེད། གཙང་གི་ཕྱོགས་སུ་དཔལ་ལྡན་ས་སྐྱ་བའི་གདན་ས་རྣམས་སུ་འཆད་རྩོད་ཀྱང་དར་སོ་ཆེན་པོ་བྱུང་བ་དང་། རོང་སྟོན་དང་མཁས་གྲུབ་རྗེ་གཉིས་རྒྱལ་རྩེའི་དཔལ་ཆོས་སུ་གཞུང་ཆེན་གྱི་རྩོད་འགྲན་མཛད་པའི་ལོ་རྒྱུས་ཡོངས་གྲགས་ལྟར་རེད། རི་བོ་དགེ་ལུགས་པའི་རྩོད་གྲྭ་དང་པོ་དགའ་ལྡན་དུ་ཚུགས། དེ་དུས་དགའ་ལྡན་དུ་རྩོད་གྲྭ་བ་རྣམས་འཛིན་སྐྱོར་རྩོད་གསུམ་དར་སོ་ཆེ་བ་ཡོད་པ་ནས། རྗེའི་བཞུགས་ཤག་ཉེ་འགྲམ་དུ་གྲྭ་ཆུང་སྐད་བཟང་བ་ཞིག་གིས་སྐྱོར་སྦྱང་ལ་རྗེ་རིན་པོ་ཆེས་ཡང་ཡང་སྙན་གྱིས་གསན་པས། ཀྵེ་ཏྲ་པ་ལས་བཙུན་ཆུང་དེས་བླ་མ་ལ་ཐུགས་སུན་བཟོ་བ་མིན་ནམ་སྙམ་ནས་བཙུན་ཆུང་དེ་བཀུམས། ཉིན་དེ་ནས་དཔེ་ཆ་སྐྱོར་བ་གསན་རྒྱུ་མེད་པས། འདི་ཀྵེ་ཏྲ་པ་ལས་བྱས་པ་མཁྱེན་ནས་ཐོད་སྐམ་ལྔ་ག་འཕྲོགས་ཏེ་ཕུར་ཕུད་མཛད། དེ་རྗེས་ཀྵེ་ཏྲ་པ་ལས་འདྲེ་ལྦ་བ་དགུ་བརྩེགས་བཏུལ་བས་ཐོད་སྐམ་གཅིག་རང་འཇགས་ཀྵེ་ཏྲ་པ་ལར་ཕྱིར་སྤྲོད་མཛད་པའི་ཤོད་སྲོལ་ཡོད། དེ་བཞིན་དུ་རྗེ་ཉིད་ཀྱིས་ལུང་བསྟན་པ་ལྟར་ཆོས་རྗེ་རྣམ་པ་གཉིས་དང་རྗེ་དགེ་འདུན་གྲུབ་པ་རྣམས་གདན་ས་ཕྱག་འདེབས་པར་མངགས་ཏེ། སེ་འབྲས་དགའ་གསུམ་དང་བཀྲ་ཤིས་ལྷུན་པོ་སྟེ་གདན་ས་ཆེན་པོ་བཞི་ཆགས་བཏབ། དེ་ཡང་ཤེས་དགོས་པ་ཞིག་ལ། རྗེ་བདག་ཉིད་ཆེན་པོས་དགའ་ལྡན་དགོན་པ་བཏབ་པ་ནས་བཟུང་ད་བར་དགེ་ལུགས་པའི་དགོན་པ་བཏབ་ཚད་ཀྱི་དམིགས་ཡུལ་ནི། མཆོད་མཇལ་ཙམ་མིན་པར། གྲྭ་བཙུན་ལ་ཐོས་བསམ་སློབ་གཉེར་དང་ཉམས་ལེན་གྱི་མཐུན་རྐྱེན་སྦྱར་བ་ཡིན་པ་ཤེས་དགོས། རྩོད་གྲྭ་ཞེས་པ་འདི་ཆོས་ལུགས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཐབས་མཆོག་ཏུ་གྱུར་བ་དང་། དགེ་ལུགས་པའི་གདན་ས་བཞི་འམ་དྲུག་ཏུ་གྲགས་པ་དེ་དག་དང་དགོན་སྡེ་ཆེ་ཁག་རྩོད་གྲྭ་ཡོད་པ་རྣམས་སུ་ཉིན་མཚན་བློས་བཏང་ནས། སློབ་གཉེར་ལ་གཞོལ་བ་ཇི་སྙེད་ཅིག་བྱོན་པ་དེ་དག་ནི། སྤྱིར་བཏང་གི་ཤེས་ལྡན་མི་སྣ་ཙམ་མིན་པར་དེ་དག་ལ་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་དང་། འཆད་རྩོད་རྩོམ་གསུམ་གྱི་ཡོན་ཏན། ཞི་དུལ་བག་ཡོད་ཚུལ་ཁྲིམས་ལ་གནས་པའི་ཡོན་ཏན་དུ་མ་ཞིག་ལྡན། དགའ་ལྡན་ཁྲི་རབས་རིམ་བྱོན་དང་དགོན་སྡེ་ཁག་གི་མཁན་རབས་རིམ་བྱོན། བྱ་བཏང་རི་ཁྲོད་འགྲིམས་པའི་རྟོགས་ལྡན་མང་པོའི་རྣམ་ཐར་ལས་རྟོགས་པར་འགྱུར། ཇི་སྐད་དུ། ནགས་ཀྱི་བུང་བ་མཚོ་ཡི་པདྨར་དགའ།།སྦལ་བ་ལྷན་གཅིག་གནས་པ་དེ་ལྟར་མིན།།ཞེས་པ་ལྟར། ཁམས་དང་མོས་པ་ཐ་དད་པའི་སེམས་ཅན་སོ་སོའི་ལྟ་སྟངས་ནི་གཅིག་ཏུ་འོང་དཀའ་བ་རེད། དེ་དག་དཔྱད་གཞིའི་ཡིག་ཆ་དུ་མ་ནས་བཤད་པ་ལྟར་ཕྱོགས་བསྡུས་ཙམ་ཞིག་བཀོད་པ་ཡིན་པས་འདིས་ཁྱབ་པ་མེད།།
དགོངས་དག གོང་གི༼་ཕུར་ཕུད་མཛད།༽ཅེས་པ་ཡིག་ནོར། ཕྱིར་ཕུད་མཛད། ཅེས་བཅོས་རོགས།
དྲི་བ། གཞོན་ནུ་ཟླ་མེད་ལེགས། དམ་བཅའ་བཅུ་བོ་གཞུང་གང་ན་གསུངས་ཡོད་ནི་རེད་དམ། ལན། མཁན་གྲུབ་རིན་པོ་ཆེའི་དམ་བཅའ་བཅུ་ནི་སྐུ་འབུམ་དཔར་མའི་གསུང་འབུམ་ཁྲོད༼ཀ༽དུམ་པའི་ནང་བཞུགས། དེ་ཡང་དབུ་ནས་རྣམ་ཐར་གསུམ་གྱི་འཕྲོར་དམ་བཅའ་བཅུ་བཀོད་ཡོད། དེ་ནི་མཆོད་བརྗོད་དང་མཇུག་རྩོམ་བཅས་ཁྱོན་བསྡོམས་ཤོག་བུ་གཉིས་མ་གཏོགས་མེད།
སངས་རྒྱས་ཞལ་བཞུགས་དུས་ཀྱི་སྐབས་གོང་གི་ཡིག་རིགས་དྲུག་ཅུ་རྩ་བཞི་ལ་བསླབ་སྲོལ་ཞིག་འདུལ་བ་ལུང་སྡེ་བཞི་དང་མདོ་སོགས་དུ་མ་ན་ཡོད་པ་ཞིག་རེད། དེའ་ནང་ན་རྒྱ་ཡིག་ཡོད་པ་རྒྱ་ནག་གི་ཡི་གེ་ཡིན་ནམ་སྙམ། དེ་མིན་ལྷ་ཀླུ་གནོད་སྦྱིན་གསུམ་གྱི་ཡི་གེ །སྒྲ་མི་ཉན་པ་དང་བ་ལང་སྤྱོད་སོགས་ཀྱི་ཡི་གེ་སོགས་མང་པོ་ཞིག་བསླབ་སྲོལ་ཡོད་པ་འདྲ། མགོ་རྙོག་ཆེ་བ་ཞིག་ལ་མགོན་པོ་ཀླུ་སྒྲུབ་སྒྲ་མི་ཉན་པ་ལ་ཕེབས་པར་བཤད་པ་དང་། དེ་ལྟར་ཡིན་ན་སྒྲ་མི་ཉན་པ་གླིང་འདིའི་ཁོངས་ན་བཞག་དཀའ་སྟེ། གླིང་ཁ་ཁ་ཡིན་པའི་ཕྱིར་རོ།། བཙན་པོ་རྒྱས་བཤད་ལས་གླིང་འདིའི་ཁོངས་ན་ཡོད་པའང་བཤད་འདུག་པས་མཛོད་ལས་ཉི་ཟླ་འཆར་ནུབ་ཀྱི་དབང་དུ་བྱས་ནས་གླིང་བཞི་བཤད་པ་དེ་དང་མཐུན།
ལགས་སོ། ཁ་བྲོ་དགེ་བཤེས་སང་།
༼ཇ༽ དུམ་པ་ལ། དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱ་ཆེར་བཤད་པ་དེ་ཁོ་ན་ཉིད་སྣང་པ་ལས་ཁམས་ལེའུ་མདོར་བསྡུས་བརྒྱད་པ་ཡན་ཆད་བཀའ་བཅུ་བ་དགེ་ལེགས་དཔལ་བཟང་པོས་སྦྱར་བ།
༼ཉ༽དུམ་པ་ལ། དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱ་ཆེར་བཤད་པ་དེ་ཁོ་ན་ཉིད་སྣང་པ་ལས་ཁམས་ལེའུ་མདོར་བསྡུས་དགུ་བ་མན་ཆད་བཀའ་བཅུ་བ་དགེ་ལེགས་དཔལ་བཟང་པོས་མཛད། འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱ་ཆེར་བཤད་པ་དེ་ཁོ་ན་ཉིད་སྣང་པ་ལས་ནང་ལེའུ་འགྲེལ་བཤད་བཀའ་བཅུ་བ་དགེ་ལེགས་དཔལ་བཟང་པོས་སྦྱར་བ། དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱ་ཆེར་བཤད་པ་དེ་ཁོ་ན་ཉིད་སྣང་པ་ལས་དབང་ལེའུ་སྟོད་ཆ་མདོར་བསྡུས་གསུམ་པ་ཡན་བཀའ་བཅུ་བ་དགེ་ལེགས་དཔལ་བཟང་པོས་སྦྱར་བའོ།།
༼ཏ༽དུམ་པ་ལ། དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱ་ཆེར་བཤད་པ་དེ་ཁོ་ན་ཉིད་སྣང་པ་ལས་དབང་ལེའུའི་སྟོད་ཆ་མདོར་བསྡུ་གསུམ་པ་མན་ཆད་བཀའ་བཅུ་བ་དགེ་ལེགས་དཔལ་བཟང་པོས་སྦྱར། དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱ་ཆེར་བཤད་པ་དེ་ཁོ་ན་ཉིད་སྣང་པའི་རྗེས་སུ་འཇུག་པ་ལས་དབང་ལེའུའི་དུམ་བུ་དྲུག་པ་ཞང་ཞུང་པ་ཆོས་དབང་གྲགས་པས་མཛད། དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱ་ཆེར་བཤད་པ་དེ་ཁོ་ན་ཉིད་སྣང་པའི་རྗེས་སུ་འཇུག་པ་ལས་སྒྲུབ་ལེའུ་ཞང་ཞུང་པ་ཆོས་དབང་གྲགས་པས་མཛད། དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱ་ཆེར་བཤད་པ་དེ་ཁོ་ན་ཉིད་སྣང་པའི་རྗེས་སུ་དཔག་པ་ལས་ཡེ་ཤེས་ལེའུ་མདོར་བསྡུས་ཆེན་པོའི་བཤད་པ་གཉིས་པ་ཡན་ཆད་ཞང་ཞུང་པ་ཆོས་དབང་གྲགས་པས་མཛད་དོ།།
༼ཐ༽ དུམ་པ་ལ། དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱ་ཆེར་བཤད་པ་དེ་ཁོ་ན་ཉིད་སྣང་པའི་རྗེས་སུ་དཔག་པ་ལས་ཡེ་ཤེས་ལེའུ་མདོར་བསྡུས་གསུམ་པ་མན་ཆད་ཞང་ཞུང་པ་ཆོས་དབང་གྲགས་པས་མཛད། དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱ་ཆེར་བཤད་པ་དེ་ཁོ་ན་ཉིད་སྣང་པ་ལས་དབང་ལེའུ་སྨད་ཆ་ཆོས་སྐྱོང་བཟང་པོས་མཛད། དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱ་ཆེར་བཤད་པ་དེ་ཁོ་ན་ཉིད་སྣང་པ་ལས་སྒྲུབ་ལེའུ་ཆོས་སྐྱོང་བཟང་པོས་མཛད།
༼ད༽ དུམ་པ་ལ། དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱ་ཆེར་བཤད་པ་དེ་ཁོ་ན་ཉིད་སྣང་པ་ལས་ཡེ་ཤེས་ལེའུ་བློ་གྲོས་ཆོས་སྐྱོང་བཟང་པོས་མཛད། དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་ཆོག་མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་སྦྱར།
༼ན༽དུམ་པ་ལ། དཀྱིལ་འཁོར་འཁོར་ལོ་སྒྲུབ་ཐབས་པད་དཀར་ཞལ་ལུང་མཁས་གྲུབ་དགེ་ལེགས་དཔལ་བཟང་པོས་སྦྱར། དཀྱིལ་འཁོར་གྱི་ལྷ་ཚོགས་སྒྲུབ་པའི་ཆོ་ག་ཀུན་ཏུ་བཟང་པོའི་མཆོད་སྤྲིན་མཁས་གྲུབ་དགེ་ལེགས་དཔལ་བཟང་པོས་མཛད། དཔལ་དུས་ཀྱི་འཁོར་ལོའི་ཐིག་རྩ་མཁས་གྲུབ་དགེ་ལེགས་དཔལ་བཟང་པོས་མཛད། དཔལ་དུས་ཀྱི་འཁོར་ལོའི་ཉེ་བར་མཁོ་བའི་ཟུར་འདེབས་མཁས་གྲུབ་དགེ་ལེགས་དཔལ་བཟང་གི་གསུང་པ་བཞིན་བློ་གྲོས་ཆོས་སྐྱོང་བཟང་པོས་སྦྱར། དུས་འཁོར་གྱི་སྒྲུབ་ཐབས་པདྨ་དཀར་པོའི་ཞལ་ལུང་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་མཛད། འགྲེལ་ཆེན་དྲི་མེད་འོད་ཀྱི་ནང་ལེའུ་དཀའ་གནས་ཟིན་བྲིས་བཀའ་བཅུ་བ་དགེ་ལེགས་དཔལ་བཟང་གིས་མཛད། དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་དཀའ་གནས་བརྗེད་བྱང་རྗེ་རིན་པོ་ཆེས་གསུང་བཞིན་བཀའ་བཅུ་བ་དགེ་ལེགས་དཔལ་བཟང་པོས་བརྗེད་བྱང་དུ་མཛད་པའོ།
(དེ་ལྟར་དཔལ་དུས་ཀྱི་འཁོར་ལོའི་ཆོས་སྐོར་ལ་རྭ་འགྲོ་གཉིས་ལས་བརྒྱུད་པ་རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོ་ལས་གསན་ནས་མཁས་གྲུབ་རྗེ་ཡབ་སྲས་ཀྱིས་བྲིས་པ་རྣམས་སོ། འོན་ཀྱང་དེང་སང་དུས་འཁོར་གྱི་བཤད་པ་ཁོ་བོའི་ཕྱོགས་ཁོ་ན་ལ་ཡོད་ཀྱི། གཞན་ལ་མེད་དོ་ཅེས་ཅི་མི་སྙམ་པར་སྒྲོག་པ་དག་ལ་ཕྱོགས་ཙམ་ཞིག་བསྟན་པ་ཡིན་ནོ།)
བོད་དུ་སྡོད་སྐབས་སྦས་པའི་རྣལ་འབྱོར་བ་དགེ་བའི་བཤེས་གཉེན་ཆེན་པོ་་དཀའ་ཆེན་བློ་བཟང་བསམ་བཏན་མཆོག་གི་དྲུང་ནས་སྡེ་བདུན་ཡིད་ཀྱི་མུལ་སེལ་དང་། ཊིཀ་ཆེན་རིགས་པའི་རྒྱ་མཚོའི་་བཀའ་ཁྲིད་ཞུས་ཤིང་སྐབས་དེ་དུས་ཊིཀ་ཆེན་བློ་འཛིན་བྱ་འདོད་ཀྱི་འདུན་པ་ལྡོག་མེད་ཀྱིས་ཤོག་བུ་བརྒྱ་ལྷག་ཙམ་བློ་འཛིན་བྱས་ཀྱང་ད་ཆ་ཆོམ་རྐུན་ཇག་པས་བཅོམ། ཆོས་སྤྱོད་རབ་གསལ་ནང་གི་མཁས་གྲུབ་རྗེའི་བསྟོད་པ་དེ་ཉིན་ལྟར་འདོན་གྱི་ཡོད་ཀྱང་ད་ཆ་ཚིག་འགོ་ཡང་དྲན་གྱི་མི་འདུག གོང་གསལ་གྱི་གཞུང་དེ་གཉིས་གོ་བདེ་ལ་ཚིག་མནོ་བ་རིགས་པའི་བརྡ་ཤ་དཔྱོད་པར་དམིགས་བསལ་གྱི་གོ་བ་མི་འདྲ་བ་ཞིག་སྐྱེ་གི་ཡོད།
བཀུར་བར་འོས་པའི་རྒན་བློ་འཇམ་ལགས།
ཁྱེད་ཀྱིས་ང་ཡི་དྲིས་པར་བཀའ་ལན་གནང་བར་ཐུགས་རྗེ་ཆེ།
ཡང་བསྐྱར་དྲི་བ་ཞིག་ཞུ་དགོས་བྱུང་ཐུགས་དགོངས་འགལ་མེད་པར་མངའ་བར་འཚལ།
༼ཉན་ཐོས་སྡེ་གཉིས་ལྟ་བའི་སྒོ་ནས་སངས་རྒྱས་པར་མི་གཞག་ཀྱང་སྤྱོད་པའི་སྒོ་ནས་སངས་རྒྱས་པར་གཞག་ཅེས་གསུངས་པ་ཞིག་དྲན་ནོ།།༽
ཁྱེད་ཀྱིས་དེ་ལྟར་གསུངས་པ་ཞིག་གོ་གསུངས། དེ་འདྲ་རང་ཨེ་ཡིན་ནམ། ནང་པ་སངས་རྒྱས་པའི་ཐུན་མོང་གི་ལྟ་བ་ནི་བདག་མེད་པའི་ལྟ་བ་དེ་ཡིན་དགོས། དེ་ལྟར་ན། ཉན་ཐོས་སྡེ་པས་ཀྱང་དེ་ལྟར་འདོད་དགོས། ་རྒྱུ་མཚན་ནི་ནང་པ་ཡིན་པར་ལྟ་བ་བཀར་བཏགས་ཕྱག་རྒྱ་བཞི་འདོད་དགོས། དེས་ན། ཆོས་རྣམས་ཐམས་ཅད་བདག་མེད་པར་ལྟ་བ་ནི། ལྟ་བ་བཀར་བཏགས་ཕྱག་རྒྱ་བཞི་ཡི་ནང་ཚན་ཞིག་ཡིན་པས། ལྟ་བ་བཀར་བཏགས་ཕྱག་རྒྱ་བཞི་ཁས་བླངས་ཟིན་དུས་བདག་མེད་པར་ལྟ་བ་དེ་ལྷག་ས་མིན་འདུག་བསམ།
དྲི་བ་གཉིས་པར། ལྟ་བའི་སྒོ་ནས་མི་གཞག་ཀྱང། སྤྱོད་པའི་སྒོ་ནས་སངས་རྒྱས་པར་གཞག་ཅེས། བ་བཞག་དེ་ཡི་དོད་དུ་ག་གཞག་ཅེས་སྔོན་འཇུག་ག་གཞག་བྲིས་གནང་བ་འདི་གང་འདྲ་ཞིག་ཡིན་ནམ།
ཐུགས་དགོངས་པ་མི་འཚལ་བར་ཞུ།
བན་དེ་བ་ལེགས། ཁྱེད་ཀྱིས་གསུངས་པ་དེ་བདེན་པར་འདུག འདི་ལ་ལན་བྲིས། གོང་དུ་གཟིགས་གྲོགས། འཇོག་ བཞག་ གཞག་ ཞོག་ འདས་པ་ཙམ་མ་ཡིན་པར་ད་དུང་ཡང་། དེ་ལྟར་གཞག་པར་བྱ་བ་ཡིན་སྙམ་ནས་དེ་ལྟར་བྲིས་པ་ལགས། ཁྱེད་ཀྱི་དྲི་བ་ལ་དགའ་བསུ། རང་རེའི་བློ་བསྐྱེད་ལ་ཕན་ནོ།།
སྙན་ངག་མེ་ལོང་མས་བོད་པའི་རྩོམ་ཡིག་ལ་བཙན་འཛུལ་བྱས་པ་ནས་བཟུང་བོད་པའི་རྩོམ་ཡིག་གི་ནང་དོན་ལ་འགྱུར་བ་ཆེན་པོ་སོང་ཡོད། མེ་ལོང་མ་འདིསྔོན་རྒྱ་གར་གྱི་སྤྲང་པོ་དབྱུག་པ་ཅན་ཟེར་བས་ཟ་རྒྱུའི་ཆེད་དུ་རྒྱལ་པོའི་སྲས་རྣམས་སེམས་པ་འགུག་པའི་ཆེད་དུ་བྲིས་ཤིང་། འདོད་པའི་བསྟན་བཅོས་དང་ཕྱོགས་འདྲ་བ། འཁྲིག་ཚིག་དམར་རྗེན་དུ་སྨྲ་བ་་ཞེས་འདུལ་བ་ལས་དགེ་འདུན་ལྷག་མའི་ལྟུང་བར་གསུང་པ་་་་་ཚིག་འདི་འདྲ་སྨྲས་ན་དགེ་སློང་གི་སྡོམ་པ་ལྷག་མ་ཙམ་མ་གཏོགས་མི་ལྷག་པར་གསུངས་པའི་ཚིག་དེ་འདྲ་རྐྱང་རྐྱང་རེད། ལྷག་དོན་རབ་ཏུ་བྱུང་་བ་རྣམས་མེ་ལོང་མ་བཀླག་གིནབཀླག་གིན་མཇེ་མགོ་ཡར་ལ་ལངས་ཡོང་བའི་གཞུང་ལུགས་ཤིག་རེད།
གཞུང་འདི་དཔལ་ལྡན་ས་སྐྱའི་སྐབས་སུ་བསྒྱུར། ཕྱིས་སུ་བོད་ཀྱི་འདུལ་འཛིན་རྣམས་ཀྱིས་འཆན་ཉན་དར་སྤེལ་བྱས་ཏེ་འཁྲིག་ཚིག་རྗེ་སྨྲའི་གཞུང་ལུགས་འདིས་བོད་ཀྱི་རབ་བྱུང་གི་ཆོས་སྡེ་རྣམས་ལ་ཁྱབ། བོད་ཀྱི་སྔར་ཡོད་རྩོམ་རིགས་ཀྱི་ཁྱད་པར་ཅན་ཁྱད་དུ་བསད་དེ་མེ་ལོང་མའི་རྗེས་སུ་འབྲང་སྟེ་རྩོམ་ཡིག་འབྲི་ཁུལ་བྱས་ཡོད།
གོང་གསལ་གཞོན་ནུ་ཟླ་མེད་ཟེར་བས་དྲངས་པའི་ལུང་དེ་ཚོ་ཡང་གོ་རྒྱུ་མེད་པའི་མེ་ལོང་མའི་རྗེས་འབྲང་གི་ཚིག་དེ་འདྲ་རེད་འདུག
སྐྱབས་བཅོལ་པ་ལེགས།
སྣན་དངགས་མེ་ལོང་མ་དེ་ཉིད་བོད་དུ་སྙན་དངགས་རྩོམ་པ་ལ་མེད་དུ་མི་རུང་བ་ཞིག་ཏུ་ངོས་འཛིན། སྙན་གཞུང་དེ་འདོད་ཚིག་གིས་གང་བ་ཡོད་ཀྱང་། རྩོམ་པ་པོ་དེ་་ཁྱེད་ཀྱིས་གསུངས་པ་ལྟར་སློང་བ་པོ་འཇིག་རྟེན་བློས་བཏངས་པའི་ཕྱི་རོལ་པའི་གྲྭ་པ་ཞིག་ཡིན་པར་བཤད། སྤྱི་ལོ་བརྒྱ་རབས་དྲུག་པར་བྱུང་། གཞོན་ནུ་དྲུག་གི་སྤྱོད་པ་ཞེས་པ་བོད་དུ་འགྱུར་མེད་པ་ཞིག་ཀྱང་ལེགས་སྦྱར་དུ་ཡོད་འདུག བོད་ཀྱི་མཁས་པ་མང་པོས་ཀྱང་། མེ་ལོང་མ་ནས་བཤད་པའི་དཔེ་རྒྱན་སོགས་དཔེར་བཟུང་སྟེ་། སྙན་དངགས་ཀྱི་བསྟན་བཅོས་མང་དུ་བརྩམས། མཁས་གྲུབ་རྗེའི་སྙན་རྩོམ་དག་ཀྱང་དབྱུག་པ་ཅན་གྱི་སྙན་བཤད་ཀྱིས་ཤུགས་ཐེབས་ཀྱིས་བྲིས་ཀྱང་། འབྲི་བ་པོ་རང་ཉིད་འདོད་པའི་ཡུལ་དུ་ལྷུང་མེད་པར་བོད་ཀྱི་མཁས་པ་མང་པོས་སྤྱི་གཙུག་ཏུ་བཀུར། ཁོང་གིས་བརྩམས་པ་ཚིགས་བཅད་མང་པོ་བོད་ཤེས་རིག་ལ་ཕན་འདོད་ཀྱིས་དྲ་རྒྱ་འདིར་བཀོད་པ་ལ་གོ་རྒྱུ་མེད་པ་ག་ལ་་ཡིན། ལར་རང་གི་བློར་མ་བབས་ན། གཞན་གྱིས་གཅེས་ཤིང་མཆོག་ཏུ་འཛིན་པའི་དངོས་པ་ཡང་ལོག་པར་འཛིན་པ་མང་ངོ་།།
༧ གོང་ས་མཆོག་གིས་སེ་ར་ཐེག་ཆེན་གླིང་དུ་དབུ་མའི་སྟོང་ཐུན་གྱི་བཤད་པ་ཟབ་རྒྱས་གནང་། གོང་དུ་རྒན་བློ་བཟང་འཇམ་དཔལ་ལགས་ཀྱིས་གསུང་པ་སྟོན་ཐུན་ནས་ཉན་ཐོས་སྡེ་བའི་ནང་གི་གནས་མ་བུ་བ་སོགས་ལྟ་བའི་སྒོ་ནས་ཕྱི་རོལ་བར་འཇོག་པའི་ཁུངས་དེ། དབུ་མ་འཇུག་པར། ཁ་ཅིག་དེ་ཉིད་གཞན་ཉིད་རྟག་མི་རྟག། ལ་སོགས་བརྗོད་མེད་གང་ཟག་རྫས་ཡོད་འདོད།། གསུངས་པ་ལ་ཁུངས་གཏུགས་ནས་གནས་མ་བུ་བ་སོགས་ཀྱིས་ཁྱད་ཆོས་ལྔ་ལྡན་གྱི་བདག་འདོད་པས་ལྟ་བའི་སྒོ་ནས་ཕྱི་རོལ་བར་བཞག་པ་འདྲ་འདུག འདི་ནི་དགེ་ལུགས་པའི་ནང་དུའམ་རྩོད་པ་ཆེན་པོ་ཞིག་ཡིན་ས་རེད། ཀུན་མཁྱེན་འཇམ་བཞེད་ཀྱིས། གསུམ་ལྡན་བདག་མེད་ཀུན་མཚུངས་དེ་བཞན་མིན།། ཅེས་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞིའི་ནང་གི་ཁྱད་ཆོས་གསུམ་ལྡན་གྱི་བདག་མི་འདོད་པས་ལྟ་བས་སྒོ་ནས་ཀྱང་ཕྱི་རོལ་བ་མིན་པས་གསུངས་འདུག མདོར་ན་གནས་མ་བུ་བ་སོགས་ཀྱིས་འདོད་པའི་ཁྱད་ཆོས་ལྔ་ལྡན་གྱི་བདག་དང་། ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞིའི་ནང་གི་ཁྱད་ཆོས་གསུམ་ལྡན་གྱི་བདག་གཉིས་ཁྱད་པར་ཆེན་པོ་ཡོད་ན་ཡང་། སྔ་མ་ལ་ཕྱི་མའི་དོན་ཚང་ཡོད་མེད་ཀྱི་སྟེང་ནས་རྩོད་པ་འདྲ་འདུག
གནས་མ་བུ་ཕྱི་རོལ་པར་འཇོག་མཁན་རྣམས་ཀྱི་གྲུབ་མཐའི་གཏིང་མ་དཔོག་པའི་བཤད་ཡམ་ཙམ་རེད།
གཞོན་ནུ་ཟླ་མེད་མཆོག
གཤམ་གསལ་གྱི་ཚིག་རྣམས་ཀྱི་མིང་མཐའ་དག་བོད་སྤྱི་སྐད་དང་མི་མཐུན་པ་ལྟ་བུར་སྣང་བས། ཁྱེད་ཀྱི་ལུང་སྐད་ཆོས་སྐད་གཏོར་བར་རྐང་བཙུགས་ནས་བཀོད་པ་ཡིན་ནམ། རྩ་བ་མ་དཔེ་རང་ན་དེ་ལྟར་ཡོད་པ་ཡིན། ཡང་སྐྱར་དུ་མ་དཔེ་དེ་ལ་ལེགས་པ་གཟིགས་ཏེ། ལན་ཞིག་སྩལ་དགོས་སོ།
རྒྱལ་བོའི་གཏམ་ མི་བགྱི་པ་ནི་ བསླང་པ་ཡང་ དམིགས་ཀྱིས་བསལ་པའི ་ཉེ་པར་བཞག་སྟེ བཞི་བའོ།། ལྔ་བའོ།། གང་ཡང་རུང་པས་ ་གཏོང་པ་ ཡོན་ཏན་སྒྲོག་པ་ ་བློ་སྦྱོང་པ་ནི་ ་བཅུ་བོ་ ལེན་པར་བསྒོམས་ནས་ ཐ་མ་འདི་ཉིད་ལེགས་པར་བསྒོམས་ནས་ཞེས་ཡིན་ནམ་སྙམ་མོ།།
གནས་མ་བུ་ནང་པ་མ་ཡིན་པའི་རྒྱུ་མཚན་ལ་བདག་རྟག་གཅིག་རང་དབང་ཅན་དུ་ཁས་བླངས་པས་སོ། ཞེས་ན་ང་ལ་སོགས་པའི་ནང་པའི་གྲུབ་མཐའ་ལ་མ་བཞུགས་ཚང་མ་ནང་པ་མ་ཡིན་ཐལ་བས་ངས་ཀྱང་དེ་ལྟར་འདོད་མི་ཐུབ་ལགས།
མཁྱེན་ཡངས་རྒན་སྤོབས་པ་མཐའ་ཡས་མཆོག་གཙོས་པའི་དྲ་ལམ་གྱི་མཁྱེན་སྤྱན་རབ་ཏུ་ཡངས་པའི་དྲ་གྲོགས་རྣམས་ལ་བཀའ་འདྲི་ཞུ་རྒྱུ་ཞིག་ལ།
སྤོབས་པ་ལགས་ཁྱེད་རང་གི་རྩོམ་དེ་ལ་དམིགས་བསལ་འབྲེལ་བ་མེད་ཀྱང་།
གོང་དུ་མིག་བརྒྱད་པའི་མཆན་བུའི་ནང་༼སྟོན་པའི་རྗེས་འཇུག་རྣམས་ཉམས་ལེན་ཙམ་མིན་པར། འཆད་རྩོད་རྩོམ་གསུམ་གྱི་བྱ་བ་གང་ནུས་པ་ཞིག་དགོས་རྒྱུ་དེ་ནི་ཁོང་རྣམ་པའི་ཐུགས་འདུན་ངོ་མ་དེ་ཡིན་པར་ཐེ་ཚོམ་མ་དགོས།༽ཞེས་པའི་
ཀུན་གྱི་ངག་ལམ་ན་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་ཞེས་རླུང་ལྟར་གྲག་ནའང་།
དོན་ངོ་མ་ཕྱི་ནང་ཐུན་མོང་ལ་འཆད་རྩོད་རྩོམ་གསུམ་གྱི་ངོ་བོའམ་མཚན་ཉིད་དབྱེ་བ་ས་མཚམས་ སྒྲ་བཤད་གང་འདྲ་ཞིག་ལ་ངེས་འཛིན་གནང་དགོས་པ་ཉིད་ནས་ཞལ་ལེན་གསལ་བོ་ཞིག་གཞན་དྲ་གྲོགས་རྣམ་པས་ཀྱང་གང་ལ་གང་འཚམས་ཀྱི་ལན་རེ་གནང་རྒྱུ་བཀའ་དྲིན་ཆེེ་ཞེས་བློ་བཟང་ནས།།
གཞོན་ནུ་ཟླ་མེད་མཆོག་ལ་ལན་གསལ་ཞིག་ཞུས་ཀྱང་། ད་བར་དུ་མ་འབྱོར། དིང་སང་སྤར་རྒྱབ་པའི་དཔེ་ཆ་མང་པོ་ན། དིང་སང་གིས་རང་གི་ལུང་སྐད་ཀྱི་ཤན་ཞུགས་ཏེ། རྗེས་འཇུག་ང་དང་། འ་དང་། ར་དང་། ལ་དང་། དབྱངས་ཀྱི་མཐའ་ཅན་གང་ཡིན་ལ་རྐང་བཙུགས་ཏེ། སྔར་གྱི་དཔེ་ཆ་ན་ཡོད་པའི་ཚིག་གི་མིང་མཐའ་ལ་བསྒྱུར་བཅོས་བྱས་ཏེ། མིང་མཐའི་པ་དང་བདག་སྒྲ་བཅས་ལ་སྔར་སྤར་པ་དང་། མི་མཐུན་པར་མཐོང་སྟེ། དཔེར་ན་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མའི་གྲུབ་མཐའ་གཙང་བཀྲ་ཤིས་ལྷུན་པོའི་སྤར་མ་དང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གི་སྤར་མ་ སྤྱི་ལོ་༡༩༨༢ འདི་གཉིས་ཀྱི་དཔེ་དག་ན་ཚིག་རྣམས་ཀྱི་མིང་མཐའ་མི་འདྲ་བ་དག་བསྡུར་་པ་འདི་ལྟ་སྟེ།
བཀྲ་ལྷུན་ ཀན་སུ་
འདབ་བརྒྱ་པ་ ༢བ འདབ་བརྒྱ་བ་ ༢
སྙིང་པོ་ ༣བ སྙིང་བོ་ ༢
ནང་པ་ ༤ན ནང་བ་ ༤
རལ་པ་ ༤བ རལ་བ་ ༦
སེར་སྐྱ་པ་ ༥ན སེར་སྐྱ་བ་ ༦
དེ་འདྲ་བའི་སྒྱུར་བཅོས་ཁྱེད་བོད་སྐད་དང་རིག་གཞུང་སྲུང་བར་མཛད་པོ་དག་གིས་འདི་འདྲ་བ་རུང་བ་ཡིན་ནམ། མ་ཡིན་ཞེས་དཔྱད་པར་འཚལ། ལ་དྭགས་སུ་མེ་ལོང་ཞེས་པའི་དུས་དེབ་ཅིག་ལ་དྭགས་ཕལ་སྐད་དུ་བྲིས་པ་ཆོས་སྐད་ལ་གནོད་པར་འདུག་ཅེས་སྐྱོན་བརྗོད་ཀྱིས་ལོ་མང་སྔོན་དུ་དེ་ཉིད་འཐོན་པ་མེད་པ་ཆགས་འདུག དེ་བཞིན་འབྲུག་པས་ལ་ཞེས་པར་ལུ་ཞེས་སོགས་འབྲུག་གི་ལུང་སྐད་ཀྱིས་ཆོས་སྐད་དེ་མེད་པར་ཆགས་པར་རྣལ་འབྱོར་པ་རྫ་བཀྲ་ཤིས་ཚེ་རིང་སོགས་ཀྱིས་མ་འོངས་པ་ཚར་ན་ལོང་བྱུང་བའི་འབྲུག་པ་དག་གིས་ཆོས་སྐད་མི་གོ་བ་ལ་ཐུགས་ཕམ་པ་ལྟ་བུར་བྲིས་པ་དེ་བཀླགས་པ་དྲན་ནོ།།
ན་ཞེས་མདུན་ཤོག་དང་བ་ཞེས་རྒྱབ་ཤོག་ལ་འབྲི་སྲོལ་འདི་མཁྱེན་ངེས་ལགས།
བློ་བཟང་ལགས། ཁྱོད་ཀྱིས་ཕྱི་ནང་ཁྱད་པར་་མ་ཤེས་ན་དགྱེས་རྡོར་གྱིས་ནང་པ་འདི་འདྲ་བཤད་འདུག
http://www.amahoweb.org/?p=3750
བོད་ཀྱི་རིག་གཞུང་ལ་ཞེན་པ་དཀར་པོ་ནམ་ཡང་ལྷོད་པ་མེད་པ། རྒན་ལ་དྭགས་བློ་བཟང་འཇམ་དཔལ་ལགས་ཀྱིས་སྔ་ཕྱི་བར་གསུམ་དུ་བོད་ཀྱི་བརྡ་དག་སྐོར་ལ་ཕྱག་ལས་གནང་དང་གནང་བཞིན་པ་ནི་རྗེས་སུ་ཡི་རངས་དང་བཅས། ཐལ་མོ་སྙིང་གར་སྦྱར་ནས་ཐུགས་རྗེ་ལེགས་གསོལ་ཞུ་འོས།
དགོངས་དག་ངས་སྐུ་ཉིད་ཀྱིས་གང་ཞིག་ལ་སྐྱོན་རྒྱག་གི་ཡོད་མེད་མ་ཤེས་པར་ལན་རྒྱག་མ་ཤེས་པར་བསྡད་ཡོད། ད་བལྟ་དུས་གོང་གི་དམ་བཅའ་བཅུ་བཀོད་པའི་སྐབས་ཀྱི་ཡིག་ནོར་ལ་སྐྱོན་རྒྱག་གི་ཡོད་ས་རེད། དམ་བཅའ་བཅུ་བཀོད་པ་སྐུ་འབུམ་སྤར་མ་གཞིར་བཞག་ནས་བཀོད་པ་ཡིན་ཞེས་ཞུས་ཡོད་པ་དེ་ག་རང་ཡིན། སྐུ་ཉིད་ཀྱི་དྲི་བ་ཁག་སྤར་མ་ན་ཅི་ཡོད་དང་བདག་གིས་ནོར་བ་འོག་ཏུ་འགོད་པར་བྱ།
སྐུ་འབུམ་སྤར་མ། བདག་གི་ནོར་བ།
རྒྱལ་བོའི་གཏམ
མི་བགྱི་བ་ནི མི་བགྱི་པ་ནི
བསླང་བ་ཡང་ བསླང་པ་ཡང་
དམིགས་ཀྱིས་བསལ་བའི་ དམིགས་ཀྱིས་བསལ་པའི
ཉེ་བར་བཞག་སྟེ། ཉེ་པར་བཞག་སྟེ
བཞི་བའོ།།
ལྔ་བའོ།།
གང་ཡང་རུང་བས གང་ཡང་རུང་པས་
གཏོང་བ གཏོང་པ
ཡོན་ཏན་སྒྲོག་པ་
བློ་སྦྱོང་བ་ནི བློ་སྦྱོང་པ་ནི་
བཅུ་བོ་ལེན་པར་བསྒོམས་ནས་ བཅུ་བོ་ལེགས་པར་བསྒོམས་ནས་ཟེར་དགོས་སོ།
དེ་ནས་ཞུ་དགོས་པ་ཞིག་ལ་གོང་གི་དམ་བཅའ་བཅུའི་མཆོད་བརྗོད་དང་མཇུག་རྩོམ་འདིར་བཀོད་མེད་པ་ཐུགས་འཇགས་མཛོད།
དྲ་ཐོག་འདིར། རྒན་ལ་དྭགས་པ་བློ་བཟང་འཇམ་དཔལ་དང་། གཞོན་ནུ་ཟླ་མེད། གླུ་སྨྱོན་སོགས་ཁ་ཤས་ལ་དམིགས་བསལ་གྱི་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་ཡོད་པ་ནི། སོ་སོའི་རིག་གཞུང་དང་སྔོན་བྱོན་མཁས་པའི་གསུང་ལ་གང་ཐུབ་ཀྱིས་འདྲིས་གོམས་ཆེ་བ་དང་། དེ་ལ་བློ་འཇུག་པ་དང་། དཔྱད་ཀློག་དང་ཞིབ་བསྡུར་ཡོད་པ་ལ་བསྔགས་བརྗོད་ཞུ་འོས་སོ། །དེ་མིན་ལ་ལ་ནི། སྔོན་བྱོན་མཁས་པའི་གསུང་ལ་དེ་ཙམ་དོ་སྣང་མེད་པར་རང་སྣང་རྒྱ་ཡན་དུ་འགྲོ་མཁན་རིགས་དང་། ཆོས་ཚན་གཉིས་ཀའི་མཐའ་ལས་བརྒལ་ཏེ་བཙོག་གཏམ་དང་ཉོག་གཏམ་རིགས་རྐྱང་རྐྱང་ལ་མགོ་འཁོར་ནས་སྡོད་པ་རང་རེད།
བོན་ལགས་ལ་ཞུ་རྒྱུ།ངའི་དྲི་བ་ཕྱི་ནང་གི་ཁྱད་པར་མིན།འཆད་རྩོད་རྩོམ་གསུམ་ཡིན་པས་དེ་ལ་ཞལ་ལན་གསལ་པོ་རེ་གནང་རྒྱུ་ཐུགས་རྗེ་ཆེ།
རྒན་སྤོབས་པ་ལགས་ངའི་དྲི་བ་དེ་ལ་ཞལ་ལན་ཞིག་མེད་སོང་བ་ཡིན་ནམ།ཡོད་ན་ལན་ཞིག་ཐུགས་རྗེ་ཆེ།།
བློ་བཟང་ལགས། སྤྱིར་འཆད་རྩོད་རྩོམ་གསུམ་ལ་མཁས་པའི་བྱ་བ་གསུམ་ཟེར། ཕྱི་ནང་ཐུན་མོང་ལ་ཡོད་ཆོག་པ་ཞིག་དང་རྗེ་ཡབ་སྲས་ལྟ་བུའི་མཁས་པ་རྣམས་ནི་འཆད་རྩོད་རྩོམ་གསུམ་ལ་འགྲན་ཟླ་བྲལ་བ་དང་ལ་ལ་ནི་འཆད་པ་ལ་མཁས་ཀྱང་རྩོད་ལ་མི་མཁས་པ། ལ་ལ་ནི་རྩོད་པ་ལ་མཁས་ཀྱང་རྩོམ་ལ་མི་མཁས་པ་སོགས་ཕྱོགས་རེའི་མཁས་པ་ཡང་ཡོད་ཆོག་པ་དང་། མཁས་པ་ཟེར་ན། ས་སྐྱ་པཎ་ཆེན་གྱིས། མཁས་འཇུག་ལས། མཁས་གང་ཤེས་བྱ་དེ་ཁོ་ན།།ཇི་བཞིན་རྟོགས་པ་ཡིན་པར་འདོད།།ཤེས་བྱ་ཐམས་ཅད་ཅི་མ་ལོག་པར་རྟོགས་པ་ལ་མཁས་པ་ཟེར། ཤེས་བྱའི་གནས་བྱེ་བྲག་པ་ཞིག་ལ་མཁས་པ་ཡིན་ན་མཁས་པ་ཡིན་པས་མ་ཁྱབ། དཔེར་ན། སྨན་པ་མཁས་པ། རྩིས་ལ་མཁས་པ། སྒྲ་ལ་མཁས་པ་སོགས་དུ་མ་ཡོད་པའི་ཕྱིར། རྩོད་འཆད་ངག་ལ་མ་ངེས་བ།།མི་འཁྲུལ་སྲིད་ཕྱིར་རྩོམ་པ་ཡིན།།ཞེས་རྩོམ་པ་གལ་ཆེ་བར་གསུངས་ཡོད།
བློ་བཟང་ལགས།
ངས་ཁར་སང་ཁྱེད་ཀྱིས་ཅི་ཞིག་འདྲི་བཞིན་ཡོད་པ་གསལ་པོ་ཤེས་ཐུབ་མ་སོང་། འཆད་རྩོད་རྩོམ་གསུམ་ཞེས་པ་དེ་ནང་པའི་མཚན་ཉིད་རིག་པའི་མཁས་པ་ཚོས་བསྟན་པ་ལ་བྱ་བ་བྱེད་སྟངས་ཤིག་རེད། འཆད་རྩོད་རྩོམ་གསུམ་གྱི་སྐོར་རྒྱས་ཤིང་གསལ་བར་ཤེས་འདོད་ན་ས་སྐྱ་པཎ་ཌི་ཏའི་མཁས་འཇུག་ལ་གཟིགས་ཐུབ་ན་རྒྱས་པར་གསུངས་འདུག སཎ་མཁས་འཇུག་ཟེར་བའི་གཞུང་དེའི་ནང་དུ་འཆད་པ་དང་། རྩོད་པ་བྱེད་སྟངས། རྩོམ་སྟངས་སོགས་མང་པོ་གསུངས་འདུག་ལགས།
རྒན་སྤབས་པ་མཐའ་ཡས་དང་མིག་བརྒྱད་པ་ཟུང་གིས་ཞལ་ལན་སྟབས་བདེ་རེ་གནང་བར་གུས་པས་ཐུགས་རྗེ་ཆེ་ཞུ་དང་ཆབས་ཅིག་ཡང་སྙིང་འཆད་རྩོད་རྩོམ་གསུམ་ལ་ངོ་བོའམ་མཚན་ཉིད་དབྱེ་བ་ས་མཚམས་ སྒྲ་བཤད་ཙམ་སྒོ་ནས་ལན་གནད་བསྡུས་རེ་གནང་ཐུབ་ཚེ་བཀའ་དྲིན་ཆེ་ཞུ།།
གོང་དུ་མཁས་བླུན་ལྷན་འཛོམས་གྱི་བགྲོ་གླེང་དེ་དག་ལས་༸མཁས་གྲུབ་ཐམས་ཅད་མཁྱེན་པའི་གསུང་རབ་སྤྱི་དང་།བྱེ་བྲག་ཀུན་ལ་དད་གསུམ་གྱི་སྤུ་ལོང་ལྷག་ཏུ་གཡོས།ཁོ་བོ་ནི་༸མཁས་གྲུབ་སྨྲ་བའི་ཉི་མ་གང་གི་ལྟ་
སྤྱོད་ཟུང་དང་རྩོམ་གཤིས་ལ་ཤིན་ཏུ་མོས་ཤིང་ཡི་རངས་པ་ཙམ་ལས་གསུང་འབུམ་ཆ་ཚང་ཞལ་མཇལ་ཞུ་མ་ཐུབ་པས་ངོ་ནོངས་ཏེ་ད་བར་་ལུས།ཁོ་བོས་མཇལ་བའི་གསུང་འབུམ་གྱི་ཁྲོད་ནས་ཁྱབ་ཆེ་ཤོས་སམ་ནུས་པ་ཆེ་ཤོས་ནི།འདི་ལྟ་སྟེ།རབ་བྱུང་ཁྱིམ་པའི་བརྟུལ་ཞགས་ཅན།།
བསྟན་པ་འཇིག་པའི་སྔ་རྟས་ཡིན།།ཞེས་དང་གཞན་ཡང་།རོང་སྐྱེས་ཤཀྱ་ལ།འོན་ཀྱང་རོང་སྐྱེས་ཤཀྱ་ཡིས།
བསྟན་ལ་སྡང་བའི་ཡིད་ལྡན་ཞིང་།།དཔལ་ལྡན་ཟླ་བའི་འོད་དཀར་ལ།།བརླག་འཚོལ་བྱེད་པའི་མུན་ཅན་དེ།།
ཁོ་བོའི་རིགས་ཚུལ་རྡོ་རྗེ་ཡིས།།ཡང་དག་ཉིད་དུ་འཇོམས་པར་བྱེད།།ཅེས་སོགས་དང་།ཚུལ་ཁྲིམས་གཡག་རྔ་བཞིན་དུ་སྲུངས།།ཞེས་པ་སོགས་ནི་དེང་དུས་སྙིགས་མ་ལྔ་བསྡོའི་སྐབས་འདིར་གདམས་ངག་མཆོག་ཏུ་གྱུར་བར་ངེས་པ་རྙེད་དོ།།
གོང་གི་བརྟུལ་ཞགས་ཞེས་པ་བརྟུལ་ཞུགས་སམ་ཡང་ན་རྟགས་འཆང་བ་ཞེས་བཅོས་གནང་ནའང་འགྲིགས་
པས་དེ་དེ་བཞིན་དུ་དགོངས་མངའ་མཁྱེན།
མདོར་ན་འཆད་པ་ཀླུ་ཡི་་དབང་པོ་རྩོད་པ་ཆོས་ཀྱི་གྲགས་པའི་དཔལ།།
རྩོམ་པ་ཞི་བ་ལྷ་དང་མཚུངས་ཤིང་དུལ་བ་ཙན་དྲ་གོ་མི་དངོས།།
སྡེ་སྣོད་གསུམ་པོ་འཆད་རྩོད་རྩོམ་ལ་ཆགས་དོགས་ཀུན་བྲལ་སྨྲ་སེང་ཁྱེད།།
དེང་མིས་བསྟན་དང་འདོད་ཡོན་བརྗེ་དུས་ལྕགས་རྒྱུག་ཆེན་པོ་གང་ན་བཞུགས།།
མཁས་ཤིང་མཛངས་པའི་བློ་གྲོས་སྟོབས་ཀྱིས་༦འཆད།།
༡གྲུབ་མཐའི་ལྕགས་རི་བཙན་ཕྱིར་རྒོལ་ངན་༧རྩོད།།
༢དགེ་ལྡན་ཕུལ་བྱུང་རིང་ལུགས་བསྟན་སྲུང་མཆོག།
༣ལེགས་བཤད་འབྲུག་སྒྲ་སྡིར་བའི་རྨད་བྱུང་༨རྩོམ།།
༤དཔལ་ལྡན་བླ་མའི་བཤད་སྒྲུབ་འཁོར་ལོར་ཡི།།
༥བཟང་༼གསུམ་༽མཛད་བརྒྱས་་ས་གསུམ་སྣང་མིན་ནམ།།
སྡེ་སྲིད་སངས་རྒྱམ་གྱིས་མཁས་གྲུབ་རྗེའི་རྣམ་ཐར་སོགས་ལ་ཅུང་མི་འདོད་པའི་རྣམ་འགྱུར་འཛིན་པ་བདེན་ནམ།