དོ་རྒྱ་དགེ་སློང་གིས་ཟིན་བྲིས་སུ་བཏབ།
དུས་ དབང་སྐབས་ཀྱི་གསུང་ཟིན་ཁ་ཤས་ཞིག་འགོད་པར་བྱ། ༡ བདེན་བཞིའི་ངོ་བོ་དང་བྱ་བ།འབྲས་བུ་བཅས་ལ་བཟླས་པ་སྟེ། རྣམ་གྲངས་བཅུ་གཉིས་སྒོ་ནས་བདེན་བཞི་བསྟན་སྟངས་ཞིབ་ཕྲ་གསུངས། བདེན་བཞིའི་མདོ་ལས། བདེན་པ་བཞི་ལ་ལན་གསུམ་རེ་བཟླས་ནས་ཡང་བསྐྱར་གསུངས་པ། དགེ་སློང་དག ངས་གང་ནས་འཕགས་པའི་བདེན་པ་བཞི་བོ་འདི་རྣམས་ལ་དེ་ལྟར་ལན་གསུམ་དུ་བཟླས་ཏེ། རྣམ་པ་བཅུ་གཉིས་སུ་བསྐོར་བས་མིག་བསྐྱེད་ཅིང་། ཤེས་པ་དང་། རིག་པ་དང་། བློ་དང་། རྟོགས་པ་སྐྱེས་པ་དེ་ནས་ལྷ་དང་བཅས་པའི་འཇིག་རྟེན་བདུད་དང་བཅས་པ། ཚངས་པ་དང་བཅས། དགེ་སྦྱོང་དང་། བྲམ་ཟེར་བཅས་པའི་སྐྱེ་དགུ་དང་། ལྷ་དང་མིར་བཅས་པ་འདི་ལས་གྲོལ་བ་དང་། ངེས་པར་འབྱུང་པ་དང་། མི་ལྡན་པ་དང་། རབ་ཏུ་གྲོལ་བ་དང་། ཕྱིན་ཅི་ལོག་དང་བྲལ་བའི་སེམས་ཀྱིས་མང་དུ་གནས་པར་གྱུར་ཅིང་། དགེ་སློང་དག ངས་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ སོ་ཞེས་བྱ་བར་ཤེས་སོ། ཆོས་ཀྱི་རྣམ་གྲངས་དེ་བཀའ་སྩལ་བ་ན། ཚེ་དང་ལྡན་པ་ཀུན་ཤེས་ཀོའོ་ནྡི་ནྱ་དང་ལྷ་བརྒྱད་ཁྲི་ཆོས་རྣམས་ལ་ཆོས་མིག་རྡུལ་ མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། ཅེས་གསུངས།
༢ མྱུ་གུ་སྐད་ཅིག་གཉིས་པའི་སྐབས་སུ་མྱུ་གུ་སྐད་ཅིག་དང་པོ་འགག་པའི་མི་རྟག་པ་ ནི་དགག་ཕྱོགས་ནས་བློ་ངོར་ཤར་ལ། མྱུ་གུ་ད་ལྟ་བ་རང་གྲུབ་ཙམ་ནས་འཇིག་པའི་ངོ་བོར་སྐྱེས་པའི་མི་རྟག་པ་ནི་སྒྲུབ་ ཕྱོགས་ནས་ཤར་བར་གསུངས་སོ། ཀུན་མཁྱེན་འཇམ་བཞེད་ཀྱི་ཡིག་ཆ་ན། སྒྲ་མི་རྟག་པ་དགག་པ་ཡིན་པར་གསུངས་པ་དང་། ཡང་ཡིག་ཆ་གཞན་དག་ན་སྒྲུབ་པ་ཡིན་པར་གསུངས་པའི་དགོངས་དོན་དེ་འདྲ་ལོས་ཡིན་དྲན།
༣ སྒོམ་རིམ་པར་བའི་༼བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། གསང་བའི་བདག་པོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ནི་སྙིང་རྗེའི་རྩ་བ་ལས་བྱུང་བ་ ཡིན། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་ལས་བྱུང་པ་ཡིན། ཐབས་ཀྱིས་མཐར་ཕྱིན་པ་ཡིན་ནོ། ཞེས་འབྱུང་ངོ་། དེ་ལྟ་བས་ན་ཐམས་ཅད་མཁྱེན་ཉིད་ཐོབ་པར་འདོད་པས་སྙིང་རྗེ་དང་། བྱང་ཆུབ་སེམས་དང་ཐབས་གསུམ་པོ་འདི་དག་ལ་བསླབ་པར་བྱའོ།༽གསུངས་པའི་སྙིང་རྗེ་ལ་ རང་དོན་ལ་ཕྱོགས་ནས་ཐར་བ་དང་ཐམས་ཅད་མཁྱེན་པ་སྒྲུབ་སྟངས་དང་། ཁ་གཞན་ལ་ཕྱོགས་ནས་གཞན་དོན་སྒྲུབ་སྟངས་ཀྱི་སྙིང་རྗེ་གསུངས་པ་ལས་འཕྲོས་ནས་ རྒྱལ་སྲས་ལག་ལེན་སོ་བདུན་མའི་༼ཐོག་མེད་དུས་ནས་བདག་ལ་བརྩེ་བ་ཅན།། མ་རྣམས་སྡུག་ན་རང་བདེས་ཅི་ཞིག་བྱ།། དེ་ཕྱིར་མཐའ་ཡས་སེམས་ཅན་བསྒྲལ་བྱའི་ཕྱིར།། བྱང་ཆུབ་སེམས་བསྐྱེད་རྒྱལ་སྲས་ལག་ལེན་ཡིན།།༽སོགས་གསུངས་པའི་གཞུང་གི་སྤྱི་ ཁོག་བསྒྲིགས།
༤ རྒྱུད་བླ་མའི་༼སངས་རྒྱས་ཆོས་ཚོགས་ཁམས་དང་བྱང་ཆུབ་དང་།། ཡོན་ཏན་སངས་རྒྱས་འཕྲིན་ལས་ཐ་མ་སྟེ།། བསྟན་བཅོས་ཀུན་གྱི་ལུས་ནི་མདོར་བསྡུ་ན།། རྡོ་རྗེ་ཡི་ནི་གནས་བདུན་འདི་དག་གོ། ༽གསུངས་པའི་རྡོ་རྗེའི་གནས་བདུན་གྱི་གོ་རིམ་དེ་གང་ཟག་གཅིག་གི་བྱང་ཆུབ་ཏུ་ བགྲོད་པའི་ལམ་གྱི་རིམ་པར་བསྒྲིགས་ནས་རྒྱུ་འབྲས་ཀྱི་གོ་རིམ་ལྟ་བུར་བསྒྲིགས་ ནས་གསུངས།
༥ དུས་འཁོར་ལྟ་བུ་ཡི་དམ་གྱི་ལྷའི་ཞལ་ཕྱག་ཡོངས་སུ་རྫོགས་པ་རྟོག་བཅས་ཀྱི་ཤེས་ པའི་བསྒོམ་སྟངས་ལས་འཕྲོས་ནས་རྣམ་འགྲེལ་གྱི་ཆུ་དང་འོ་མ་ལྟར་འདྲེས་ནས་འཛིན་ ཚུལ་སྟེ། ཡུལ་དུས་རང་བཞིན་འདྲེས་ནས་འཛིན་ཚུལ་དང་། ཟླ་བ་དང་སྐར་མ་ལྟར་ཡུལ་དུས་རང་བཞིན་མ་འདྲེས་པར་འཛིན་ཚུལ་སོགས་ལ་དོག་སློང་ གནང་ནས་རྟོག་བཅས་རྟོག་མེད་གཉིས་ཀར་འཛིན་ཚུལ་དེ་གཉིས་ཡོད་མེད་སོགས་དོག་སློང་ དང་། དེའི་རྣམ་འགྲེལ་རྩ་བ་ཁས་ཤོག་ཟེར་ནས་དགེ་བཤེས་ཚོ་ཅུང་ཟད་བཙུར་སོང་།
༦ ཆུ་དང་འོ་མ་ལྟར་འདྲེས་ནས་འཛིན་ཚུལ་ལ་རྫོགས་རིམ་གྱི་ངོ་བོར་གྱུར་བའི་ཕྱག་ ཆེན་དང་། རྫོགས་ཆེན། བདེ་ཆེན་སོགས་ཀྱི་ཡུལ་ཅན་འཇོག་ཚུལ་སོགས་ཟབ་རྒྱས་ཀྱི་གདམ་པ་རིན་པོ་ཆེ་སྐལ་ ལྡན་གྱི་གདུལ་བྱ་རྣམས་ལ་གནང་།
༧ ས་སྐྱ་ལམ་འབྲས་ལས་མདོ་སྔགས་གཉིས་ལ་ལྟ་བའི་ཁྱད་པར་ཡོད་པར་གསུངས་པ་ནི་ཡུལ་ཅན་ ལྟ་བར་བཤད་པ་ཡིན་ལ། ས་སྐྱ་སྡོམ་གསུམ་ལས་མདོ་སྔགས་གཉིས་ལ་ཁྱད་པར་མེད་པར་གསུངས་པ་ནི་ཡུལ་གྱི་ལྟ་ བ་ལ་དགོངས་པ་ཡིན་གསུངས་ནས། ཡུལ་ཅན་གྱི་ངོས་ནས་བཤད་ན་ཀུན་མཁྱེན་འཇམ་བཞེད་ཀྱི་གྲུབ་རྩར་གསུངས་པ་ལྟར། ༼མདོ་སྔགས་གཉིས་ཀས་ཉོན་སྒྲིབ་ཀུན་གསལ་ནུས།། ཡུལ་མཆོག་བསྟན་ཀྱང་ཡུལ་ཅན་མཆོག་སྦས་བཞིན།། དྲི་གཙོ་བསྟན་ཀྱང་གཉེན་པོ་མཆོག་སྦས་ཕྱིར།། ཤེས་སྒྲིབ་ཆུང་ཕྲ་སྔགས་ལས་མདོས་མི་ནུས། །༽ གསུངས་པ་དང་ས་སྐྱ་ལམ་འབྲས་ཀྱི་དེ་གནད་གཅིག་པར་གསུངས། མཚམས་འདིར་རྫོགས་ཆེན་སྐོར་གྱི་བཞེད་པ་མང་པོ་ཞིག་གསུངས་སོང་མོད། ཆོས་སྐད་དེ་ཚོ་ཡིད་ལ་འཇུས་མ་ཐུབ།
༨ རྫོགས་རིམ་སྐབས་སུ་མྱུ་གུ་བདེན་སྟོང་བསྒོམ་པ་དང་། ལྷ་སྐུ་བདེན་སྟོང་བསྒོམ་པ་གཉིས་ལ་འཛིན་སྟངས་ངོས་ན་ཁྱད་པར་མེད་ན་ཡང་། སྟོང་གཞི་ཆོས་ཅན་ངོས་ན་ཁྱད་པར་ཡོད་པར་གསུངས། འདི་ནི་སྟོང་པ་དེ་གཉིས་བསྒོམ་པའི་དགེ་བའི་ངོ་བོ་འཕེལ་བར་ཁྱད་པར་ཡོད་གསུངས་ པ་ཡིན་ནམ་སྙམ།
༩ ཕ་རྒྱུད་མ་རྒྱུད་གཉིས་མེད་རྒྱུད་གསུམ་གྱི་འཇོག་ཚུལ་ལ་སྟག་ཚང་ལོ་ཙྪ་བས་སྒྱུ་ ལུས་དང་འོད་གསལ། དེ་གཉིས་ཀ་གཙོ་བོར་སྟོན་མི་སྟོན་གྱི་ཆ་ནས་རྒྱུད་གསུམ་རིམ་པ་བཞིན་དུ་འཇོག་ པར། གུང་ཐང་པ་སོགས་ཀྱིས་བདེན་ཁ་སྤྲད་འདུག་གསུངས། དུས་འཁོར་ཕ་རྒྱུད་མ་རྒྱུད་གང་དུ་འཇོག་མིན་ལ་སྟག་ཚང་པས་གཉིས་མེད་རྒྱུད་དུ་ བཤད་འདུག་མོད། ཁ་སྔོན་ཨ་རིའི་གསར་འགོད་པས་རྣམ་གྲྭའི་དགེ་རྒན་ཞིག་ལ་དྲི་བ་བཏང་སྐབས་༧ གོང་ས་མཆོག་ནས་མ་རྒྱུད་དུ་འདོད་གསུངས་སོང་སྙམ།
༡༠ དབུགས་དང་ཐིག་ལེའི་གྲངས་ནི་ཉིན་ཞག་གཅིག་གི་རིང་ལ་འདྲ་མཚུངས་སུ་ ༢༡༦༠༠ རེ་རེད་གསུངས། འདི་ནས་དུས་འཁོར་གྱི་སྦྱོར་བ་ཡན་ལག་དྲུག་གི་སྐོར་ཞིབ་རྒྱས་ཞིག་གསུངས་ནས་ སྟག་ཚང་བའི་ལོ་རྒྱུས་གསུངས་སོང་། སྟག་ཚང་བ་ནི་མཁས་གྲུབ་ནོར་བཟང་རྒྱ་མཚོས་དུས་འཁོར་ཞིབ་རྒྱས་གསན་སའི་བླ་མ་དེ་ ཡིན་ལ། ཁོང་གིས་དཔལ་གསང་པ་འདུས་པའི་རྫོགས་རིམ་ལ་གོ་བ་བསྐྱེད་ཁེག་པོ་འདུག་ལ། དུས་འཁོར་གྱི་རྫོགས་རིམ་སྐོར་ལས་སླ་བོའི་ཐོག་ནས་ངོ་འཕྲོད་འདུག་གསུངས།
༡༡ ས་སྐྱའི་ལམ་འབྲས་ལས་བཤད་པའི་ཚད་མ་བཞིའི་གོ་རིམ་ནི་གང་ཟག་གཅིག་གིས་ངེས་ཤེས་ སྐྱེས་རིམ་ནས་སྔ་མ་སྔ་མ་རྒྱུ་དང་ཕྱི་མ་ཕྱི་མ་འབྲས་བུའི་ཚུལ་དུ་ངེས་དགོས་པ་ ཡིན་གསུངས། མ་ཟད་ཉམས་མྱོང་ཚད་མ་ལས་འཕྲོས་ནས། རྟོག་པ་དང་ལྡན་པའི་གང་ཟག་གིས་ནད་པ་སོགས་ལ་སྔགས་བརྒྱབ་ནས་ཁ་ཡོད་ལག་ཡོད་ཀྱི་ ཕན་པ་དངོས་ཡོད་རེད། དེ་འདྲའི་ཉམས་མྱོང་ཚད་མ་རིགས་མང་པོ་ཞིག་ལ་ཚན་རིག་ཐོག་ནས་འགྲེལ་བཤད་རྒྱག་ ཐུབ་པ་མི་འདུག་གསུངས་སོང་། དེ་བཞིན་དུ་མི་ཞིག་གི་སེམས་པ་སྡུག་བསྔལ་སོགས་ཀྱིས་གཟིར་ནས་འཁྲུགས་པའི་སྐབས་ སུ་བྱང་ཆུབ་ཀྱི་སེམས་བསྒོམས་ན་ཕན་པ་ཡང་ཁ་ཡོད་ལག་ཡོད་རེད། དེ་འདྲའི་རིགས་ལ་ཡང་ཚན་རིགས་པས་འགྲེལ་བཤད་རྒྱག་ཁེག་པོ་རེད་གསུངས།
༡༢ དེ་ནས་དུས་འཁོར་གྱི་རྒྱུད་ལ་རྙོག་དྲ་ཞིག་ཡོད་པ་ནི། རྒྱ་གར་དུ་ཨ་བྷྱ་ཀ་ར་དང་། བོད་དུ་རེད་མདའ་བ་སོགས་ཀྱིས་རྒྱུད་རྣམ་དག་མ་ཡིན་པར་གསུངས་པའི་རྙོག་དྲ་ཞིག་ ཡོད་མོད། འོན་ཀྱང་ལོ་རྒྱུས་ངོས་ནས་བསམ་བློ་མ་བཏང་པར་བརྗོད་བྱ་བརྗོད་བྱེད་དང་། རྗེས་འཇུག་ཉམས་ལེན་པ་རྣམས་ལ་ཉམས་རྟོག་འཁྲུངས་པ་དེ་དག་ལ་བལྟས་ནས་དཔྱད་ན་ རྒྱུད་རྣམ་དག་ཡིན་པར་ངེས་པ་རྙེད་རྒྱུ་འདུག་གསུངས། འདི་ནི་སྟག་ཚང་པའི་དུས་འཁོར་སྤྱི་དོན་ན་འདོད་པ་རྣམས་རྒྱས་པར་བཀོད་ནས། ལེགས་པར་བཀག་ཡོད། ༼རྩོད་པ་དེ་དག་གི་ནང་ནས་དཔལ་རེད་མདའ་པའི་རྩོད་པ་རྣམས་ནི་དོགས་པའི་གནས་ཆེ་ ཞིང་། སྔོན་ཆད་ལན་ལེགས་པར་ཐེབས་པ་མ་བྱུང་མོད་ཀྱི། ཁོས་བོས་ཟུར་དུ་བཀོད་པའི་ཡིག་ཆུང་གིས་དོགས་པ་ལེགས་པར་དཔྱད་ནས་ལྷག་མ་མེད་པར་ ལན་བཏབ་སྟེ། ཕ་རོལ་པོ་མི་སྨྲ་བའི་བརྟུལ་ཞུགས་ལ་བཀོད་ཟིན།༽ ཞེས་གསུངས་པ་ལྟར། འདོད་པ་དེ་དག་འགོག་པའི་དགག་ཡིག་དང་། སྤྱི་དོན་རང་ན་ཡང་ལེགས་པར་བཀག་ཡོད་དོ།
༡༣ དགེ་ལུགས་པའི་ནང་དུ་དུས་འཁོར་གྱི་འཆད་ཉན་དང་ཉམས་ལེན་ཆ་ཚང་པ་གནང་མཁན། དར་རྒྱས་གནང་མཁན་རྒྱལ་བ་དགེ་འདུན་རྒྱ་མཚོ་ཡིན་ལ། ཁོང་ནི་དུས་འཁོར་ལ་ཉམས་མྱོང་དང་གྲུབ་པ་ཐོབ་པ་ཞིག་རེད། ཁོང་གི་གདམས་པ་ཆ་ཚང་པ་དུས་འཁོར་ལ་མཁས་པ་རྒྱ་མཚོ་རྣམ་གསུམ་ལས་མཁས་གྲུབ་ནོར་ བཟང་རྒྱ་མཚོ་ལས་བརྒྱུད་པ་ཡིན། ཁོང་ལ་སྟག་ཚང་ལོ་ཙྰ་བ་ལས་བརྒྱུད་པ་ཡིན་གསུངས། སྟག་ཚང་ལོ་ཙྰ་བ་ནི་དུས་འཁོར་གྱི་བསྐྱེད་རྫོགས་གཉིས་གར་གཞུང་བཤད་ཙམ་མ་ཡིན་ པར། ཚིག་སྤྱིའི་གོ་བ་ཆགས་པ་ཙམ་མ་ཡིན་པར། ངོ་ནས་བསྐྱེད་རྫོགས་ཀྱི་ཉམས་མྱོང་ཐོན་པ་ཞིག་ཡིན་པར་རྒྱལ་དབང་ལྔ་བ་དང་། རྒྱལ་བ་དགེ་འདུན་རྒྱ་མཚོ་གཉིས་ཁས་གདེངས་འཇོག་གནང་གི་འདུག་གསུངས།
༡༤ བསྐྱེད་རིམ་བསྒོམ་པའི་སྔོན་ལ་བྱང་རྒོད་སོགས་ཀྱི་སེམས་ཉོག་ཉོག་པོར་ཡོད་ན། ནྰ་རོ་ཆོས་དྲུག་ནང་གི་རླུང་རོ་དགུ་སྤྲུགས་སོགས་བསྒོམས་ན་བཟང་གསུངས་ནས། རླུང་རོ་དགུ་སྤྲུགས་བྱེད་སྟངས་ཀྱི་ཡོ་ག་ཁོང་གིས་གནང་པ་འདི་ལྟར། ཕྱག་གཉིས་མཆན་འོག་ནས་ཐད་ཀར་མདུན་ལ་ཤུགས་ཀྱིས་མཉམ་དུ་འཕངས་ནས། དེ་ནས་ལག་གཉིས་གཡས་ཕྱོགས་སུ་ཤུགས་ཀྱིས་གཡོ། དེ་ནས་ཕྱག་གཡས་པ་རང་ཆ་བཞག་ནས་གཡོན་མའི་སྲིན་མཛུབ་གྱིས་སྣ་སྒོ་གཡས་མ་བཅད་ནས་ གཡོན་མ་ནས་འཐེན་ཞིང་གཡས་མ་ནས་གཏོང་པ་གསུམ། དེ་བཞིན་དུ་གཡོན་ཕྱོགས་ལ་གསུམ། དེ་བཞིན་དུ་ཕྱག་གཉིས་ཀ་མདུན་ཕྱོགས་སུ་རྐྱང་ནས་སྣ་བུག་གཉིས་ཀ་ནས་དབུགས་འཐེན་ པ་དང་གཏོང་བ་གསུམ་གནང་ནས། དུས་དབང་ལ་ཉན་མཁན་ཚང་མར་དེ་ལྟར་བྱེད་བཅུགས་སོང་།
༡༥ མཁས་དབང་རྣམས་ཀྱིས་དུས་འཁོར་འཆད་སྐབས། ཁམས་ལེའུ་དང་། ནང་ལེའུ། དབང་ལེའུ། སྒྲུབ་ལེའུ། ཡེ་ཤེས་ཀྱི་ལེའུ་བཅས་ལེའུ་ལྔ་བྱས་ནས་གསུངས་པ་ཡང་། ཉམས་ལེན་པས་ཉམས་ལེན་ལ་འཇུག་པའི་རིམ་པ་ཡིན་པར་གསུངས། དེ་ཡང་ཐོག་མར་འཇིག་རྟེན་ཁམས་ཀྱི་རིམ་པའམ། ཕྱི་སྣོད་ཀྱི་འཇིག་རྟེན་ཁམས་ཆགས་རིམ་ནས་བཟུང་གནས་རིམ་དང་འཇིག་རིམ་རྣམས་ཤེས་ པར་བྱས། དེ་ནས་ནང་ལེའུ་ནས་ནང་གི་རྩ་རླུང་ཐིག་ལེའུ་ངོས་འཛིན་དང་། རྩ་འཁོར་རྣམས་དང་། རླུང་གི་སྟོབས་ཀྱིས་ཐིག་ལེའུ་བགྲོད་རིམ་གྱིས་དགའ་བ་བཅུ་དྲུག་སོགས་ལུགས་ འབྱུང་ལུགས་ལྡོག་གི་ངོས་འཛིན། དེ་ནས་དབང་ལེའུ་ནས་བླ་མ་ལས་བྱིས་པ་ལྟར་ཁྲིད་པའི་དབང་བདུན་དང་གོང་མ་གོང་ཆེན་ གྱི་དབང་སོགས་ཀྱི་གདམ་པ་ཞུས་པ། དེ་ནས་སྒྲུབ་ལེའུ་ནས་ཇི་ལྟར་རྣལ་འབྱོར་བ་སོ་སོས་སྒྲུབ་པ་ཉམས་ལེན་བྱེད་ཚུལ་ ངོས་འཛིན། དེ་ནས་ཡེ་ཤེས་ལེའུ་ནས་དེ་ལྟར་སྒྲུབ་པ་ལས་འབྲས་བུ་ཡེ་ཤེས་ཆོས་ཀྱི་སྐུ་ཅི་ ལྟར་མངོན་དུ་བྱེད་ཚུལ་བཅས་ལེའུ་ལྔའི་གོ་རིམ་གསུངས་ནས། ཡང་ན་ལེའུ་དང་པོའི་ནང་དུ་ཕྱིའི་དུས་ཀྱི་འཁོར་ལོ་དང་། ལེའུ་གཉིས་པའི་སྐབས་སུ་ནང་དུས་ཀྱི་འཁོར་ལོ། ལེའུ་ཕྱི་མ་གསུམ་གྱི་སྐབས་སུ་གསང་པ་དུས་ཀྱི་འཁོར་ལོའམ། གཞན་དུས་ཀྱི་འཁོར་ལོ་བསྟན་པར་གསུངས། འོན་ཀྱང་རྣམ་བཅུའི་དབང་ལྡན་གྱི་མཚོན་དོན་མང་པོ་ཞིག་ཡོད་ན་ཡང་དེ་ནི་དུས་ འཁོར་གྱི་བརྗོད་བྱ་གལ་ཆེན་རིགས་མ་རེད་གསུངས།
༡༦ རྒྱུད་སྡེ་བཞིའི་འཇོག་ཚུལ་ནི་རྒྱུད་སམྦྷུ་ཊ་ལས། རྒོད་དང་བལྟ་དང་ལག་བཅངས་དང་།། གཉིས་གཉིས་འཁྱུད་དང་རྣམ་པ་བཞི།། སྲིན་བུའི་ཚུལ་གྱིས་རྒྱུད་བཞིར་གནས།། ཞེས་གསུངས་པ་ལྟར་འདོད་ཆགས་ལམ་དུ་བྱེད་ཚུལ་གྱིས་སྒོ་ནས་རྒྱུད་བཞིར་བཞག་པ་ དང་། ཤིང་ལས་སྐྱེས་པའི་སྲིན་བུས་ཤིང་ཟོས་ནས་ལྷག་མ་མེད་པར་བྱེད་པ་བཞིན་དུ། རྒྱུ་དུས་ཀྱི་ཀུན་སློང་འདོད་ཆགས་ལ་རྟེན་ནས་སྐྱེས་པའི་བདེ་བ་རང་དུས་ནས་ཆོས་ ཐམས་ཅད་དེ་ཁོ་ན་ཉིད་ངེས་པའི་བློ་དང་གྲུབ་སྡེ་དབྱེར་མེད་དུ་སྐྱེས་པས། འདོད་ཆགས་ཀྱི་རྩ་བ་མ་རིག་པ་གཅོད་པའི་དོན་ནོ་གསུངས།
༡༧ འོན་ཀྱང་གསང་སྔགས་ཉམས་སུ་ལེན་དུས་གསང་སྔགས་ལ་ཐོ་ཅོ་མི་བྱེད་པར་གསང་ཞིང་སྦས་ པའི་ཚུལ་གྱིས་ཉམས་སུ་ལེན་ན་ད་བཟོད་མཆོག་གི་དངོས་གྲུབ་གང་མགྱོགས་ཀྱིས་ཐོབ་པ་ ཡིན་གསུངས།
༡༨ དུས་ཀྱི་འཁོར་ལོ་ཞེས་པའི་དུས་ནི་བདེ་བ་ཆེན་པོ་དང་། འཁོར་ལོ་ནི་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་ཡིན་གསུངས། འོན་ཀྱང་འདི་ནི་གཞན་དུས་ཀྱི་འཁོར་ལོའམ། གསང་པ་དུས་ཀྱི་འཁོར་ལོའི་དབང་དུ་བྱས་པ་ཡིན་ནམ་སྙམ་སྟེ། གཞན་དུ་ན་དུས་ལ་མཁས་གྲུབ་རྗེས། ཕྱི་ཡི་དུས་བྲལ་ནང་གི་དུས་བཅོམ་དུས་གཞན་དུས་མེད་དུས་ཀྱི་གཟུགས་ལྡན་དབང་ པོའི་གཞུ་ལྡན་ཨུདྤལ་སྔོན་པོས་མཁའ་ལ་གར་གྱི་རི་མོ་བཞིན།། ཞེས་གསུངས་པ་ལྟར་དུས་གཅིག་བུ་ལ་རྣམ་གྲངས་དུ་མ་ཞིག་གསུངས་པ་དང་། གཞན་ཡང་ཕྱི་ནང་གཞན་གསུམ་གྱི་དུས་ཀྱི་འཁོར་ལོ་ཡོད་པས་སོ།
༡༩ ཕྱག་རྒྱ་ལ་ཡེ་ཤེས་ཀྱི་ཕྱག་རྒྱ་དང་ལས་ཀྱི་ཕྱག་རྒྱ་སོགས་གསུངས་ནས། ལས་ཀྱི་ཕྱག་རྒྱ་བརྟེན་པའི་སྐབས་སུ་ཁམས་འཛགས་མེད་དུ་སྡོམ་དགོས་གསུངས། དུས་ འཁོར་གྱི་བདེ་སྟོང་སྦྱོར་ཚུལ་ཡང་སྟག་ཚང་པའི་དུས་འཁོར་སྤྱི་དོན་ལས༼རྗེ་བཙུན་ ཙོང་ཁ་བ་ཆེན་པོས་སྔགས་རིམ་ལས། གསང་སྔགས་གཞན་གྱི་བདེ་སྟོང་དང་དུས་འཁོར་གྱི་བདེ་སྟོང་མི་གཅིག་སྟེ། གཞན་གྱིས་ནི་ཡུལ་ཅན་བདེ་པ་ཆེན་པོས་ཡུལ་སྟོང་ཉིད་རྟོགས་པའི་ཐུགས་ཙམ་ལ་བདེ་ སྟོང་ཞེས་ཟེར་ལ། དུས་འཁོར་བའི་བདེ་བ་ནི་ཐུགས་མི་འགྱུར་བའི་བདེ་པ་ཆེན་པོ་དང་། སྟོང་པ་ནི་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་གཉིས་ཚོགས་ལ་བདེ་སྟོང་དུ་བཤད་པའི་ ཕྱིར་རོ། ཞེས་ལན་མང་གསུངས་པ་དོན་འདི་ལེགས་པར་དགོངས་པའི་ལེགས་བཤད་ཡིན་པའི་ཕྱིར་རོ།༽ ཞེས་བསྔགས་བརྗོད་མཛད་པ་ལྟར་ཡིན་གསུངས།
༢༠ རྩ་འཁོར་བཀོད་པའི་སྐབས་སུ། སྤྱི་བོ་བདེ་ཆེན་འཁོར་ལོ་ལ་རྩ་འཁོར་བཅུ་དྲུག མགྲོན་པ་ལོངས་སྤྱོད་འཁོར་ལོ་ལ་རྩ་འཁོར་སོ་གཉིས། སྙིང་ཀ་ཆོས་ཀྱི་འཁོར་ལོ་ལ་རྩ་འཁོར་བརྒྱད། ལྟེ་བ་སྤྲུལ་བའི་འཁོར་ལོ་ལ་རྩ་འཁོར་དྲུག་ཅུ་རེ་བཞི། གསང་གནས་བདེ་སྐྱོང་འཁོར་ལོ་ལ་རྩ་འཁོར་སུམ་ཅུ་སོ་གཉིས། བཅས་བཀོད་དགོས་གསུངས། དུས་འཁོར་ལུགས་ཀྱི་རྩ་འཁོར་བཀོད་སྟངས་ཡིན་ནམ་སྙམ།
༢༡ རྒྱུད་ སྡེ་བཞིའི་མིང་འདོགས་ཚུལ་ལ། འདོད་ཆགས་ལམ་དུ་བྱེད་པའི་ཐབས་སྟོང་པ་དང་། ལྷ་ཡི་རྣལ་འབྱོར་གཉིས་མངོན་དུ་བྱེད་པ་ལ། རྣལ་འབྱོར་བས་ཁྲུས་བྱེད་པ་སོགས་ཕྱིའི་བྱ་བ་མང་པོ་ལ་ལྟོས་དགོས་པ་བྱ་རྒྱུད་ དང་། ཁྲུས་བྱེད་པ་སོགས་ཕྱིའི་བྱ་བ་མང་པོ་ལ་ལྟོས་མི་དགོས་པར་ཕྱིའི་བྱ་བ་དང་ནང་གི་ ཏིང་ངེ་འཛིནགཉིས་ཆ་མཉམ་དུ་སྤྱོད་པ་སྤྱོད་རྒྱུད། ཕྱིའི་བྱ་བ་ལ་ཅུང་ཟད་ལྟོས་ཤིང་། ནང་གི་རྣལ་འབྱོར་ལ་གཙོ་བོར་ལྟོས་པ་རྣལ་འབྱོར་རྒྱུད། རྣལ་འབྱོར་དེ་ལས་གོང་ན་རིམ་པ་གཞན་མེད་པས་རྣལ་འབྱོར་བླ་མེད་རྒྱུད་ཅེས་བྱའོ་ གསུངས་སོ། ཞེས་པ་འདི་ནི་དོ་རྒྱ་དགེ་སློང་གིས་ཟིན་བྲིས་སུ་བཏབ།།
དོ་ཟླ་དགེ་སློང་དོ་ཟླ་མེད་པ་འདིས། །
དུས་དབང་སྐབས་སུ་དུས་ཚོད་དམ་འཛིན་གྱིས། །
གོང་ན་མེད་པའི་གོང་སའི་གསུང་བཤད་དག །
ཁ་ཟིན་སྣ་ཟིན་ཟིན་ཐོར་བཏབ་པ་བཟང་། །
དོ་རྒྱ་དགེ་སློང་་་་
དོ་རྒྱའི་དགེ་སློང་འདིའི་ཡོན་ཏན་ལ་ཡིད་སྨོན་དང་བརྩི་བཀུར་ཞིག་རང་བཞིན་གྱིས་རྒྱུད་ལ་སྐྱེས་ཡོང་གིན་འདུག
སྐལ་ལྡན་བློ་གྲོས་ཟེར་བའི་མི་ངན་བདུད་རང་རེད།
དུས་འཁོར་བའི་བདེ་བ་ནི་ཐུགས་མི་འགྱུར་བའི་བདེ་པ་ཆེན་པོ་དང་། སྟོང་པ་ནི་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་གཉིས་ཚོགས་ལ་བདེ་སྟོང་དུ་བཤད་པའི་ ཕྱིར་རོ། ཞེས་། འདིར་ཡང་སྟོང་གཟུགས་དོན་ནམ་གཟུགས་ཞེས་པའི་གཟུགས་དེ་གང་ལ་འཇོག་གམ། དགེ་སློང་ལགས།
ཀརྡོ་ལགས། དོ་རྒྱ་དགེ་སློང་ཅུང་ཟད་མཉམ་བཞག་ལ་གནས་འདུག་པས། སྐུ་ཉིད་ཀྱི་ལན་ལ་སྟག་ཚང་ལོ་ཙྪ་བས་ལན་འདི་ལྟར་གནང་སོང་།
རེད་མདའ་བ་སོགས་ཀྱིས་དུས་འཁོར་ལ་སྐྱོན་མང་པོ་ཞིག་བརྗོད་པའི་གཙོ་བོ་བཅུ་གཉིས་ཙམ་ལས། གཅིག་ནི་དུས་འཁོར་གྱི་རྒྱུད་སྐྱོན་ཅན་ཡིན་ཏེ། སྟོང་ཉིད་གཟུགས་ཅན་དུ་བཤད་པའི་ཕྱིར་ཟེར་བ་དེ་རེད། འོན་ཀྱང་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་ནི་སྟོང་ཉིད་གཟུགས་ཅན་ཡིན་ཅེས་པའི་དོན་གཏན་ནས་མ་ཡིན་པར། རྣམ་པ་ཀུན་ཏུ་སྟོང་པ་ཉིད་ཀྱི་གཟུགས་ཞེས་གསུངས་ཀྱི་སྟོང་པ་ཉིད་གཟུགས་ཡིན་ནོ་ཞེས་གང་དུ་ཡང་མ་གསུངས་སོ། སྟོང་པ་ཉིད་ཀྱི་གཟུགས་ཞེས་པ་ནི། ཡུལ་སྟོང་ཉིད་ཟབ་མོ་རྡོ་རྗེའི་རྣལ་འབྱོར་གྱིས་བསྒོམས་པའི་གནས་སྐབས་གསུམ་དུ་མཚན་མ་དམན་འབྲིང་མཆོག་གསུམ་འབྱུང་པས་སྟོང་པ་ཉིད་ཀྱི་ཡུལ་ཅན་གྱི་གཟུགས་སྣང་ལ་གཟུགས་སུ་བྱེད་ལ། དེ་ཡང་རྣལ་འབྱོར་དེ་དང་། དེའི་གཟུགས་རྣམ་རྣམས་ལ་གཟུགས་ཀྱི་སྣང་བ་འབྱུང་ཞིང་། དེ་ཡང་བེམ་པོ་རྡུལ་ཕྲན་གྱི་ཆོས་ལས་འདས་པའི་གཟུགས་སུ་ཡང་ཡང་གསུངས་པས་གཟུགས་སུ་གཏན་བཟུང་དུ་མི་རུང་ངོ་། ཡང་གསང་སྔགས་འབྲས་བུ་དང་མཐུན་པར་བསྒོམ་ཞེས་ཀུན་ཀྱི་ཁ་ཏོན་དུ་བྱས་ནས་ལམ་གྱི་སྙིང་པོ་སྟོང་པ་ཉིད་སློབ་ལམ་དུ་སྒོམ་ལུགས་ཕར་ཕྱིན་སློབ་ལམ་ལྟར་བསྒོམ་པ་འདི་ལས་མི་མཁས་པ་སུ་འབྱུང་། དེས་ན་སྔགས་ཀྱི་ལམ་དང་འབྲས་བུའི་མཉམ་བཞག་ཐམས་ཅད་སྣང་བཅས་སུ་ཁོ་བོ་འདོད་ལ། དེ་ཡང་གཟུང་འཛིན་དང་བྲལ་བའི་གཟུགས་སྣང་དུ་ཡང་ཡང་དུ་གསུངས་པས་གཟུང་འཛིན་ཅན་གྱི་སྣང་བཅས་ནི་ནམ་ཡང་མ་ཡིན་ནོ། འོ་ན་སྟོང་ཉིད་མ་ཡིན་དགག་ཏུ་འདོད་པའི་གྲུབ་མཐའ་འདོད་ཞེ་ན་མ་ཡིན་ཏེ། བློ་དེའི་འཛིན་སྟངས་མེད་དགག་གམ་སྤྲོས་བྲལ་གྱི་རྣམ་པ་ཅན་ཡིན་ཡང་། དམིགས་པའི་སྣང་ཡུལ་སྟོང་གཟུགས་ཁྱད་པར་ཅན་དུ་འདོད་དེ། དཔེར་ན་སངས་རྒྱས་ཀྱི་མཉམ་བཞག་བཞིན་ནོ།།
འཛམ་གླིང་རྒྱས་བཤད་ལས།
དུས་འཁོར་ནས་བཤད་པའི་ཀླ་ཀློ་ནི་མུ་སཱལ་མཱན་ཡིན། མཚན་གཞི་ནི། པར་སིག་པ། དུརུཤྐ་པ་དང་ཐོ་དཀར་བ། རྒྱ་གར་ན་ཡོད་པའི་མོོ་གལ་དང་པ་ཐཱན། ས་ཡེེ་ཏ། སེ་ཤ་སོགས་དང་། རྒྱ་ནག་ལ་ཡོད་པའི་ཧོས་ཧུས་སོགས་སོ།། མདོ་སྡེ་ནས་བཤད་པའི་ཀླ་ཀློ་ནི་། དགེ་མི་དགེ། རུང་མི་རུང་། ཆོས་དང་ཆོས་མིན་གྱི་དབྱེ་བ་མི་འབྱེད་པ་ཞིག་ལ་ངོས་འཛིན་པ་ཡིན། མཚན་གཞི་ནི། བོད་ཡུལ་གྱི་ཉེ་སར་ཡོད་པའི་གློ་བ་ཁ་ཁྲ་སོགས་དང་ཕ་མ་སོགས་ཀྱི་དྲིན་ལན་གཞལ་བར་རློམ་སྟེ་གསོད་པ་དང་། ནང་ཕན་ཚུན་བསད་དེ་ཟ་བ་སོགས་ཀྱང་ཡིན། རིག་བྱེད་ནས་བཤད་པའི་ཀླ་ཀློ་ནི་རྒྱ་ནག་པ་དང་བོད། ཧོར་སོག མུ་སཱལ་མན་སོགས་ཀྱང་ཀླ་ཀློ་ཡིན་ཟེར།
༼རྒྱུད་སྡེ་བཞི་འཇོག་ཚུལ༽མཁས་པ་ཁ་ཅིག་གིས། དུས་འཁོར་གྱི་ཞལ་བཞི་ལས་རྒྱུད་སྡེ་བཞི་གསུངས་པར་བཤད་པ་དང་། ཡང་གྲུབ་ཆེན་ནག་པོ་སྤྱོད་པས་གསང་བའི་དེ་ན་ཉིད་གསལ་བར། དུས་ནི་རྣམ་བཞིའི་དབྱེ་བ་ལས།།རྒྱུད་ནི་རྣམ་པ་བཞིར་འགྱུར་ཏེ།། ཞེས་དུས་བཞི་དང་སྦྱར་ནས་གསུངས་པ་དང་། ཡང་སློབ་དཔོན་ཨ་ལང་ཀ་་ཀ་ལ་ཤས་རྡོ་རྗེའི་ཕྲེང་བའི་འགྲེལ་བར། མི་རིགས་བཞིའི་སྒོ་ནས་རྒྱུད་སྡེ་བཞིར་འཇོག་པར་བཞེད་དེ། བྲམ་ཟེའི་རིགས་ལ་བྱ་རྒྱུད་དང་། རྗེའི་རིགས་ལ་སྤྱོད་རྒྱུད། རྒྱལ་རིགས་ལ་རྣལ་འབྱོར་རྒྱུད། དམངས་རིགས་སམ་གདོལ་བའི་རིགས་ལ་བླ་མེད་ཀྱི་རྒྱུད་གསུངས་པའི་སྒོ་ནས་རྒྱུད་སྡེ་བཞིར་འཇོག་པར་ཡང་བཞེད། ཡང་རྒྱལ་བ་ཀློང་ཆེན་པས་ལྷའི་སྐྱེད་ཆོག་མི་འདྲ་བ་བཞིའི་སྒོ་ནས་འཇོག་པའམ་གྲུབ་མཐའ་བཞི་དང་སྒོ་བསྟུན་པའི་སྒོ་ནས་འཇོག་པར་གསུངས། རྗེ་ཙོང་ཁ་བས་རྡོ་རྗེ་ཐེག་པ་ལ་འཇུག་པའི་གདུལ་བྱའི་གཙོ་བོ་ལ་རིགས་བཞིར་འཇོག་པའི་རྒྱུ་མཚན་གྱིས་རྒྱུད་སྡེ་བཞི་འཇོག་པར་གསུངས་པའི་ཁུངས་ནི། སམ་བྷུ་ཊ་ལས། རྒོད་དང་ལྟ་དང་ལག་བཅངས་དང་།།གཉིས་གཉིས་འཁྱུད་དང་རྣམ་པ་བཞི།།སྲིན་བུའི་ཚུལ་གྱི་རྒྱུད་བཞིར་གནས།།ཞེས་པ་ལྟར་འདོད་ཡོན་གྱི་ཆགས་པ་ལམ་དུ་བྱེད་ཚུལ་ཆ་ནས་ཡིན་པ་དཔེར་ན། ཤིང་ལས་སྐྱེས་བའི་སྲིན་བུ་ཤིང་ལས་སྐྱེས་ཀྱང་། ཤིང་རྩ་བ་ནས་ཟད་པར་བྱེད་པ་ལྟར་རོ།།
དོ་རྒྱ་དགེ་བཤེས་ཀྱི་ཟིན་ཐོར་བཀོད་པ་ནི་ཤིན་ཏུ་ལེགས། དུས་དབང་ལ་ཕྱིན་པའི་དགོས་དོན་གཙོ་བོ་ནི་མ་འོངས་པ་ན་བེམ་པོའི་ཁམས་ཡོངས་སུ་ཟད་པའི་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་མངོན་འགྱུར་ཡོང་བར་བག་ཆགས་ཅི་ཐེབས་རེ་གཞག་ན་དགའ།
དཔྱོད་ལྡན་དག་ཕེབས་ནས་ཀློག་པ་དང་བསམ་ཚུལ་ཕུལ་བ། དེ་བཞིན་དུ་བསྔགས་བརྗོད་གནང་པ་ཚང་མ་ལ་ཐུགས་རྗེ་ཆེ་ཞུ།
དོ་རྒྱ་དགེ་སློང་ཁྱེད་ནི་ཉན་ཐོས་བཟང་པོ་ཞིག་དང་། བཀའ་བསྡུ་པ་བསོད་ནམས་ཅན་ཞིག་ཀྱང་རེད། གང་ལྟར་ཁྱེད་རང་གི་རྩོམ་འདིས་བློ་སྐྱེད་ཆེན་པོ་བྱུང་།
གཞོན་ནུ་ཟླ་མེད་ཀྱིས་ལན་ལ་སྟག་ཚང་ལོ་ཙྪ་བའི་ལན་འདིར་བཞག་པར་ཐུགས་རྗེ་བླ་མེད་དུ་ཆེ་བ་དང་།
མིག་བརྒྱད་པས། དུས་དབང་ལ་ཕྱིན་པའི་དགོས་དོན་གཙོ་བོ་ནི་མ་འོངས་པ་ན་བེམ་པོའི་ཁམས་ཡོངས་སུ་ཟད་པའི་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་མངོན་འགྱུར་ཡོང་བར་བག་ཆགས་ཅི་ཐེབས་རེ་གཞག་ན་དགའ། ཞེས་པ་འདི་ལ་ཡང་དྭོགས་པ་མང་པོ་ཤར་མྱོང་བས། སྔ་མས། བཟུང་རྣམ་ལྷར་བསྒོམས་དགོས་པས་རྒྱུ་དུས་སམ་ལམ་ལ་སྦྱར་བ་དང་། ཕྱི་མས་འབྲས་དུས་སྦྱར་བ་ལྟར་མཐོང་བ་སོགས་ཀྱིས་བློ་བསྐྱེད་བྱུང་སོང་བས་ཐུགས་རྗེ་ཆེ། ཡང་ན། རྒྱ་སྐད་དུ་རང་དུ་ཚིག་གང་བཞུགས་ཡོད་དམ། ལོ་ཙྰ་བས་བསྒྱུར་སྟངས་ཀྱིས་ཁྱད་པར་ཅིག་སོང་བ་མིན་ནམ། གང་ལྟར་ཡང་དགེའོ། །དགེའོོ། དགེའོོོ། །
སྟོང་གཟུགས་ཕྱག་རྒྱ་ཆེན་པོ་ལ་ཅུང་ཟད་དཔྱད་ན། རྣམ་འབྱོར་བའི་རྟོགས་རིམ་གྱིས་འཇོག་དགོས་སམ་སྙམ་སྟེ།
༡༽ དེ་ཡང་རང་ཉིད་ལྟ་བུ་ལ་མཚོན་ནས་བཤད་ན། ཐོག་མར་སྒོམ་པ་པོ་རང་ཉིད་རྟོགས་པ་ནི། ཐ་སྙད་བདེན་པ་ཐབས་སུ་གྱུར་བ་དང་། ། གསུངས་པ་དེ་ཡིན་ལ། གོམས་པ་དང་པོ་ཡིན་ནོ།།
༢༽ དེ་ཉིད་བདེན་གྲུབ་ཚུགས་ཐུབ་དུ་གྲུབ་པར་ཤར་པ་ངོས་བཟུང་པའམ། ཤར་སུ་བཅུགས་ནས་བློ་ལ་ང་ཕོབ་ཕོབ་པ་ལྟ་བུར་ཤར་བ་ནི། དགག་བྱ་བདེན་གྲུབ་ཟེར་བ་དེ་ཡིན། དགག་བྱ་ངོས་འཛིན་པ་ནི་ཤིན་ཏུ་གལ་ཆེ་སྟེ་གསུངས་པའང་དེ་ཡིན། གོམས་པ་གཉིས་པ་ཡིན་ནོ།།
༣༽ ང་ཕོབ་ཕོབ་པ་ལྟ་བུ་དེ་ཉིད་གཅིག་དུ་བྲལ་གྱི་རིགས་པས་དཔྱད་ནས་བདེན་པར་མ་གྲུབ་པའི་སྟོང་པར་རྟོགས་པ་ནི། དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ།། གསུངས་པ་དེ་ཡིན་ཞིང་། སྟོང་ཉིད་མེད་དགག་གི་རྣམ་ཅན་ཡང་དེ་ཡིན། མདོ་ལས་མ་མཐོང་པ་ནི་མཐོང་བ་དམ་པའོ་ཞེས་དང་། ལྕང་སྐྱས་ཕ་རྒན་བཙལ་ནས་ནི་མ་རྙེད་པ་དེ།། མ་རྒན་ཁོ་རང་ནི་ཡིན་པར་འདུག་གོ། ཟེར་བ་ཡང་དེ་ཡིན། འདི་ནི་རིམ་པ་གསུམ་པ་ཡིན་ནོ།
༤༽ དེ་ནས་སྒོམ་པ་པོ་རང་ཉིད་ལ་སྟོང་སངས་ཀྱི་རྣམ་པར་ཤར་ནཐོག་མར་སྐྲག་སྣང་འབྱུང་ཞིང་། དེ་ནས་སྟོང་སངས་ཀྱི་རྣམ་པའི་བློ་ཡི་རྩི་མ་ཡལ་བའི་སྟེང་ནས་ཕྱིར་ཐ་སྙད་དུ་ཡོད་པར་ངོ་འཕྲོད་པ་ནི། ཐ་སྙད་ཕྲ་མོ་རྟོགས་པའི་བློ་འམ། མ་ཡིན་དགག་གི་རྣམ་པ་ཅན་ནམ། སྟོང་ཉིད་རྟོགས་པའི་བློ་མ་ཡིན་དགག་གི་རྣམ་པ་ཅན་དེ་ཡིན་ཟེར་ན་འགྲིག་པར་སྙམ། འདི་ནི་རིམ་པ་བཞི་བའོ།།
༥༽ དེ་ཉིད་ཡང་ཡང་བསྒོམ་པ་ནི་མདོ་ལུགས་ཀྱི་ལམ་དུས་གྱི་སྟོང་ཉིད་སྒོམ་རིམ་ཡིན། འོན་ཀྱང་འབྲས་དུས་ཀྱི་སྒོམ་སྟངས་ནི་མི་འདྲ་སྟེ། ཇི་ལྟ་བ་རྟོགས་པའི་རྣམ་མཁྱེན་གཅིག་གི་འཛིན་སྟངས་ངོས་ན་སྒོམ་པ་པོ་བདག་དུ་མ་གྲུབ་པ་ཤར་བའི་ངོས་ནས་སྒོམ་པ་པོ་ཁོ་རང་གི་གཟུང་རྣམ་ཡང་ཆུ་ནང་དུ་ཤར་བའི་ཟླ་འོད་བཞིན་དུ་ཤར་པ་ཡིན་ནོ། འདི་ནི་འབྲས་དུས་ཀྱི་སྟོང་པ་སྒོམ་སྟངས་ཡིན་ལ་དུས་འཁོར་ནས་བཤད་པའི་སློབ་ལམ་གྱི་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་སྒོམ་སྟངས་ཡང་ཡིན་ནོ། གཞུང་ལས་གསང་སྔགས་འབྲས་བུ་དང་མཐུན་པར་བསྒོམ་ཟེར་བའི་དོན་ཡང་འདི་ཡིན་ནམ་སྙམ།
རིམ་པ་འདི་ནི་སྤྱན་རས་གཟིགས་དབང་རིན་ཆེན་ཚངས་དབྱངས་རྒྱ་མཚོས་མགུར་དུ་བཞེངས་པ། ཤར་ཕྱོགས་རི་བོའི་རྩེ་ནས།། དཀར་གསལ་ཟླ་བ་ཤར་བྱུང་།། མ་སྐྱེས་ཨ་མའི་ཞལ་རས།། ཡིད་ལ་འཁོར་འཁོར་བྱས་བྱུང་།། ཅེས་གསུངས་སོ།། ཚིག་རྐང་དང་པོས་སྟོང་གཞི་ཆོས་ཅན་གྱི་ཐ་སྙད་བདེན་པ་བསྟན། ཚིག་རྐང་གཉིས་པས་དགག་བྱ་འགོག་བྱེད་ཀྱི་རིགས་པ་བསྟན། ཚིག་རྐང་གསུམ་པ་དང་བཞི་བས་སྟོང་ཉིད་ལ་ཨ་མའི་མིང་གིས་བོས་ནས་དེ་རྟོགས་པ་དང་ཡང་ཡང་བསྒོམས་དགོས་པར་བཤད།། དོ་རྒྱ་དགེ་སློང་གིས་དེ་སྐད་དུ་ཀརྡོ་སོགས་ལ་ལན་དུ་འདེབས་སོ།།
གཞོན་ནུ་བདག་མེད་ལགས་ཀྱི་སྟོང་ཉིད་ཀྱི་ངོ་སྤྲོད་ཚུལ་འདི་གོ་བདེ་ལ། གོ་རིམ་ལྡན་ཞིང་བློ་ལ་འཛིན་བདེ་བ་ཞིག་འདུག ཐུགས་རྗེ་ཆེ། སྟོང་ཉིད་ཉམས་ལེན་གྱི་ཁྲིད་ཡིག་གོ་བདེ་བ་འདྲ་ངོ་སྤྲོད་གནང་རྒྱུ་ཨེ་ཡོད།
ཚེ་དང་ལྡན་པ་ཚངས་དབྱངས་ལགས། ངས་རྫོགས་ཆེན་ཨ་རོའི་མན་ངག་འདི་ལྟར།
༡༽ སྣང་བ་སེམས་སུ་ཐག་བཅད།
༢༽ སེམས་ཉིད་སྟོང་པར་ཐག་བཅད།
༣༽ སྟོང་པ་གཉིས་མེད་ཟུང་འཇུག་ཏུ་ཐག་བཅད།
༤༽ གཉིས་མེད་རང་གྲོལ་བདེ་བ་ཆེན་པོར་ཐག་བཅད།