ཀླུ་སྨྱོན།
གཟིགས་པ་ལྔ་ཡི་པུར་རྩེ་ལས།།
བྲིས་པའི་སྙན་ངག་རྡོག་གཅིག་སྟེ།།
སྒྱུ་འཕྲུལ་མ་ཡི་རོལ་མོ་ལས།།
ས་གསུམ་མ་བུའི་བརྩེ་བས་གཏམས།།
ཟླ་དགུ་ཞག་བཅུའི་དཀའ་སྡུག་གིས།།
ལུས་སེམས་ལྕི་བའི་ཡུམ་ཆེན་མའི།།
རྣ་བར་རྒྱལ་སྲས་གཞོན་ནུ་ཡི།།
ངུ་ངག་དེ་ལས་སྙན་ཞིག་གང་།།
ཡིན་ཡང་སྙིང་དུ་སྡུག་པ་ཡི།།
ལྷ་བུ་དེ་ཉིད་མཐོ་རིས་ལས།།
བབས་པའི་འོད་ཀྱི་ཐེམ་སྐས་དེར།།
མ་ཡུམ་གང་དེ་གཤེགས་ལ་རིངས།།
ཞིམ་མངར་ནུ་ཞོའི་བདུད་རྩི་དང་།།
དྲིན་ཅན་ཨ་མའི་བརྩེ་བ་གཉིས།།
ཤིན་ཏུ་མཁོ་བའི་དུས་འདིར་ཡང་།།
མི་རྟག་སྒྱུ་མའི་ཟློས་གར་བྲེལ།།
འཇའ་ཚོན་སྣ་ལྔའི་ཐེམ་སྐས་ཤིག།
ལྷ་ཡི་ཡུལ་ནས་གནས་འདིར་བརྐྱངས།།
ཕྱི་མིག་གདུང་བའི་ཤུགས་རིང་ཅན།།
ལུམ་བའི་ཚལ་དུ་བྲིས་པ་བཞིན།།
ཉི་ཟླ་གཉིས་ཀྱི་སོ་མཚམས་ནས།།
ཡང་སྐྱར་ཕྱི་མིག་གཟིགས་པ་ན།།
ཧི་མ་ལ་ཡའི་བྱང་རྒྱུད་ནས།།
བྱིས་པ་ཞིག་གི་ངུ་སྐད་གྲག།
དེ་ལྟར་མ་ཡུམ་སྒྱུ་འཕྲུལ་མ།།
ལྷ་ཡི་ཡུལ་དུ་ཐག་ཉེ་དུས།།
ས་ཡི་གོ་ལ་རྒྱང་རིང་དུ།།
སྐར་མ་ཆུང་ཆུང་ཞིག་ཏུ་གྱུར།།
མ་ཡུམ་མཛེས་པའི་འཛུམ་མདངས་ཅན།།
སྦྲང་རྩིའི་ནུ་འབུར་ལྡེམ་པ་མོས།།
རིང་དུ་བསྐྱུར་བའི་བུས་པ་དེའི།།
སྐྱིད་སྡུག་དེ་རིང་སུ་ལ་བཅོལ།།
ཡབ་ནི་བུ་ལ་བརྩེ་མོད་ཀྱང་།།
རྒྱལ་སྲིད་བྱ་བས་རབ་བྲེལ་བས།།
སྲུ་མོ་སྐྱེ་རྒུའི་བདག་མོ་ཞེས།།
མིང་དོན་མཚུངས་པའི་མ་མར་བཅོལ།།
སྲུ་མོའི་བརྩེ་བ་ལྷད་མེད་པས།།
བསྐྱངས་པའི་ལོ་ཟླ་གློག་བཞིན་མྱུར།།
སྒྱུ་རྩལ་འགྲན་དང་བཙུན་མོ་བཞེས།།
དཀའ་སྤྱད་རབ་ཏུ་བྱུང་སོགས་མཛད།།
ལོ་ངོ་དྲུག་གི་དཀའ་ཐུབ་ཀྱིས།།
དྲང་སྲོང་ཆེན་པོ་ཨོ་བརྒྱལ་དུས།།
ཡུམ་ཆེན་ཐག་རིང་ལྷ་ཡུལ་ནས།།
བརྩེ་བས་མ་བཟོད་བུ་དྲུང་ལྷགས།།
ཀྱེ་ཀྱེ་བདག་གི་བུ་གཅིག་ཁྱེད།།
རྒྱལ་སྲིད་དོར་ནས་འདི་འདྲ་ཡི།།
དཀའ་བ་སྤྱད་པ་སུ་ཡི་ཆེད།།
མ་ངས་འདི་ཙམ་མི་བཟོད་དོ།།
དྲང་སྲོང་དཀའ་ཐུབ་ཆེན་པོ་དེའི།།
ས་རྡུལ་ཆགས་པའི་ཞལ་སྒོ་ལས།།
འདི་ནི་མཁའ་ཁྱབ་འགྲོ་བའི་སླད།།
འཆི་མེད་གོ་འཕང་སྒྲུབ་པ་འོ།།
རྡོ་རྗེ་གདན་གྱི་ས་གཞིའི་སྤོར།།
བྱང་ཆུབ་ཤིང་གི་བསིལ་གྲིབ་འོག།
ཕྱི་ནང་གསང་བའི་བདུད་བཏུལ་ཏེ།།
བླ་མེད་བདུད་རྩིའི་གོ་འཕང་བརྙེས།།
རིགས་བཞིའི་གདུལ་བྱ་བུང་བའི་ཚོགས།།
ཐེག་གསུམ་པད་མའི་སྐྱེད་ཚལ་དུ།།
དོན་གཉིས་དགའ་སྟོན་ལ་སྦྱོར་དུས།།
སྐད་ཅིག་རང་གི་ཡུམ་ཆེན་དྲན།།
སྐྱེ་བ་འདི་དང་སྐྱེ་བ་གཞན།།
གྲངས་མེད་དྲིན་གྱིས་བསྐྱངས་པ་ཡི།།
མ་ཡུམ་སྒྱུ་འཕྲུལ་ལྷ་མོ་དེར།།
བདུད་རྩིའི་བགོ་བཤའ་འགྱེད་པར་དགོངས།།
སེ་གོལ་གཏོག་པའི་ཡུན་ཙམ་ལ།།
ལྷ་ཡི་ཡུལ་དུ་ཕེབས་པ་ན།།
མ་ཡུམ་ལྷ་ཚོགས་རྡུལ་སྙེད་ཀྱིས།།
མཆོད་པ་རྒྱ་མཚོས་མཆོད་ཅིང་བསུ།།
མདོ་སྔགས་ཆོས་ཚུལ་ཟབ་མོ་ཡིས།།
བརྩེ་ལྡན་ཡུམ་ཆེན་ལ་སོགས་པའི།།
མཐོ་རིས་གདུལ་བྱ་བགྲང་ཡས་པ།།
རྣམ་གྲོལ་གོ་འཕང་ལ་སྦྱར་རོ།།
དེ་ནས་ས་སྟེང་འགྲོ་བའི་ཕྱིར།།
རིན་ཆེན་དུ་མའི་ཐེམ་སྐས་ལས།།
སྲིད་ན་ཆེ་བའི་དྲེགས་ལྡན་དག།
ཞབས་ཞུར་འབྲངས་ཏེ་མི་ཡུལ་གཤེགས།།
ཆོས་ཀྱི་སྤྱན་བརྙེས་མ་ཡུམ་དེས།།
དགྱེས་པའི་འཛུམ་འོད་རབ་བཀྱེས་ཏེ།།
རང་གི་བུ་ཡི་ཞབས་ཟུང་ལ།།
ཤིས་པའི་མེ་ཏོག་ལན་བརྒྱར་འཐོར།།
དུས་ཡུན་རིང་པོར་སྟོན་པ་ཡི།།
གཟུགས་སྐུའི་མཆོད་སྡོང་མ་མཐོང་བའི།།
ས་སྐྱོང་དུ་མས་གདུང་ཡུས་དང་།།
མཆོད་པའི་རྫས་དག་ལྷན་ཅིག་བཤམས།།
དེ་ཚེ་སྟོང་བའི་མཁའ་དབྱིངས་སུ།།
འཇའ་ཚོན་མེ་ཏོག་ཆར་དུ་འབེབ།།
ལྷ་མི་དག་གིས་ཕན་ཚུན་ལ།།
ཤིས་པ་བརྗོད་པའི་གཏམ་དག་གླེང་།།
འཇིག་རྟེན་གསུམ་གྱི་མགོན་པོ་དེས།།
མ་ཡུམ་དང་བཅས་ལྷ་ཚོགས་ལ།།
མི་རིང་མཇལ་བའི་ཐུགས་སྨོན་གྱི།།
ཏིང་འཛིན་སྒོ་བརྒྱ་ཅིག་ཅར་ཕྱེས།།
དགེ་ལེགས་འབུམ་གྱི་བྱིན་ཆགས་པའི།།
ཞབས་ཟུང་ས་གཞིར་བཀོད་པ་ན།།
ཕྱི་ནང་སྐྱེ་བོ་འབུམ་ཕྲག་གི།
ཡིད་ལ་ངལ་གསོའི་ཆུ་གཏེར་འཁྱིལ།།
དེ་ལྟར་བདག་གི་སྟོན་པ་དེར།།
སྔོན་ཚེ་མཇལ་བའི་བག་ཆགས་ལས།།
གང་ཉིད་ལྷ་ལས་བབས་པའི་གཏམ།།
དབྱངས་ཅན་པི་ཝང་རྒྱུད་དུ་སྦྲེངས།།
སྤྱི་ལོ་༢༠༡༡ལོའི་སྤྱི་༷ཟླ་བཅུ་པའི་ཚེས་བཅུ་བདུན་དང་བོད་ཟླ་དགུ་བའི་ཚེས་ཉེར་གཉིས་སྟོན་པ་ལྷ་ལས་བབས་པའི་དུས་ཆེན་ཉིན་ཨ་རིའི་ནུབ་བྱང་གི་མཚོ་རྒྱུད་ཅིག་ཏུ་སྦྱར།།
འཇིགས་རུང་སྲིད་པ་མུན་པའི་ཐང་ཆེན་དུ།།
གཟིགས་པ་རྣམ་ལྔའི་འོད་སྣང་ཕྱོགས་བཅུར་འགྱེད།།
ཚངས་དང་རྒྱ་བྱིན་ལྷའི་བུ་གྲངས་མེད་པས།།
སྟོན་པ་ལྷ་ལས་བབས་པའི་དུས་ཆེན་བསུ།།
ཀླུ་སྨྱོན་ནི་སྨྱོན་པ་ཨེ་ཡིན་མི་ཤེས་ཏེ་྄ཀླུ་བ་དངོས་ནས་ཡིན་ས་རེད། སྤྱིར་ཨ་མདོ་བ་རིག་པ་རྒོད་ཟེར་བ་དེ་འདི་འདྲ་ཡིན་ན་བདེན་ཤས་ཆེ། ངས་ཁོང་དང་པོར་བལ་ཡུལ་དུ་མཇལ་སྐབས་སྙན་ངག་པ་ཞིག་ཡིན་པ་ཧ་གོ་མ་སོང་། འོན་ཀྱང་རིག་གནས་ལ་དོ་སྣང་ཡོད་མཁན་ཞིག་ཡིན་པ་གསལ་བོར་མཐོང་སོང་། ཉེ་ཆར་དྲ་ལམ་གྱི་རྩོམ་ཡིག་ཁ་ཤས་ནང་དུ་ཁོང་གི་བརྙན་པར་མཐོང་མ་ཐག་ཏུ་རིག་མྱོང་མྱོང་ཞིག་འདུག དེ་ནས་སྔར་གྱི་འདྲ་པར་རྣམས་མདུན་ཅོག་སྟེང་དུ་བཞག་ཏེ་ཞིབ་ཏུ་བལྟས་པས་ལོ་འཁོར་བཅུའི་སྔོན་ལ་ཁོང་དང་མཉམ་དུ་བལ་ཡུལ་ནས་བླངས་པའི་བརྙན་པར་ཞིག་མཐོང་བས་གཞི་ནས་ངོ་ཤེས་སོང་། ཀླུ་སྨྱོན་ལགས། ཡང་བསྐྱར་དྲ་ཐོག་ནས་མཇལ་བར་སྤྲོ་བ་བརྟས་ཐོག མུ་མཐུད་དུ་སྙན་རྩོམ་དང་དཔྱད་རྩོམ་རིགས་ཅི་ལྕོགས་ཀྱིས་སྤེལ་བར་མཁྱེན་མཁྱེན།
སྟོན་པ་ལྷ་ལས་བབས་པའི་སྙན་ངག་ཧ་ཅང་ལེགས་པོ་ཞིག་བྲིས་འདུག ཐུགས་རྗེ་ཆེ་ཞུ།
མཉམ་མེད་ཟས་གཙང་དམ་པ་ཏོག་དཀར་པོའི།
མཛད་རྣམ་ངོ་མཚར་སྟོང་གི་གླུ་དབྱངས་འདི།
འཇམ་དབྱངས་ཕྱག་གམ་མཚོ་བྱུང་མགྲིན་པ་ལས།
བརྐུས་སམ་འོན་ཏེ་བདག་ཡིད་འཕྱང་མོ་ཉུག
སྟོན་པ་ཐུབ་པའི་དབང་བོ་ཉིད་ལྷ་ཡུལ་ལ་སྐས་ཐོག་ནས་ཕེབས་ཚུལ་འདི་འདྲ་བའི་བྲིས་ཐང་དགོད་སྤྱད།
ཧཧཧ དངོས་ནས་བཀྱག་བཀྱག་མིན་ན་ག་རེ་རེད།
ཡང་ན་མཐོང་ཆུང་ཡིན་ནམ། སྟོན་པའི་གསང་གསུམ་གྱི་མཐའ་ཡས་རྫུ་འཕྲུལ་གྱི་ཡོན་ཏན་དག་མ་མཁྱེན་པ་རེད་པས། སྐས་ཐོག་ནས་ཕེབས་དགོས་ན་རིང་ཚད་དང་ཉིན་གྲངས་ག་ཚད་ཅིག་དགོས་གི་ཡོད་དམ།
བསྟོད་མི་ཤེས་པ་ཚོས་བསྟོད་པ་ལས། སྨད་ཤེས་པ་ཞིག་གིས་སྨད་ན་དགའ་།
པུར་རྩེ་དེ་པིར་མིན་ནམ།
ལུམ་བའི་ཚལ་དེ་ལུམྦིའི་ཚལ་ཡིན་ནམ།
སེ་གོལ་གཏོག་པའི་ཡུན་ཙམ་་ནི་གཏོགས་པའི་ཡུད་ཙམ་ལོས་ཡིན།
བག་ཆགས་སད་པའི་བག་ཡོད་གཏམ།
སྔོན་གནས་རྗེས་སུ་དྲན་ནམ་ཅི།
འདུལ་བ་ལུང་སྡེ་བཞི་དང་འཕགས་པ་རྒྱ་ཆེ་རོལ་བའི་མདོ་སོགས་ལས་རྗེ་བཙུན་བྱམས་པ་མགོན་པོ་རང་གི་རྒྱལ་ཚབ་ཏུ་བསྐོས་ནས་སྟོན་པ་ཉིད་ཀྱི་སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་བསམ་གྱིས་མི་ཁྱབ་པས་དགའ་ལྡན་ནས་མི་ཡུལ་དུ་ལྷ་རྣམས་ཀྱིས་ཕུལ་བའི་སྐས་ཀྱི་གདང་བུ་ལ་སོར་བཞི་ཙམ་མ་རེག་པར་བྱོན་པ་གདུལ་བྱ་འདུལ་བའི་ཐབས་དང་མི་རྣམས་དགའ་བ་དང་བསོད་ནམས་གསོག་པའི་ཕྱིར་ཡིན་པར་གསུངས་འདུག །ལྷ་དང་མི་གྲངས་མེད་པས་སྟོན་པ་ཚུལ་དེ་ལྟ་བུས་བྱོན་པ་མཐོང་བ་དང་ཡུམ་ལྷ་མོ་སྒྱུ་འཕྲུལ་མས་གླང་པོ་ཆེ་ཐལ་དཀར་དྲུག་ལྡན་གྱི་རྣམ་པར་བྱོན་ནས་རང་གི་ལུས་ལ་ཐིམ་པ་རྨིས་བ་སོགས་དང་། ས་རྣམ་པ་དྲུག་གཡོ་བ་དང་འཇའ་དང་འོད་སྣ་ཚོགས་འཆར་བ་དང་ལྷ་རྣམས་ཀྱིས་རོལ་མོ་སྣ་ཚོགས་གྲོལ་བ་དང་། བཀྲ་ཤིས་བའི་ལྟས་སྣ་ཚོགས་འཆར་བ་དང་འཇིག་རྟེན་གྱི་མི་རྣམས་གཅིག་གིས་གཅིག་ལ་འཚེ་བ་མེད་པར་བྱམས་པ་ལ་གནས་བར་གྱུར་བ་སོགས་བཀྲ་ཤིས་དགེ་མཚན་ཟད་མི་ཤེས་བ་དང་བཅས་ཡུམ་གྱི་ལྷུམས་སུ་ཞུགས་པར་མཛད་དོ།།
སེམས་ཅན་དོན་དུ་བདག་གིས་སྔོན།།
དཀའ་བ་གང་ཞིག་སྤྱད་གྱུར་དང་།།
བདག་གི་བདེ་བ་བཏང་བ་ཡིས།།
ཡུན་རིང་བསྟན་པ་འབར་གྱུར་ཅིག།
ངས་སྔོན་ནད་པའི་ཆེད་དག་ཏུ།།
རང་གི་འཚོ་བ་ཡོངས་བཏང་བས།།
སེམས་ཅན་ཕོངས་བ་བསྐྱབ་པའི་ཕྱིར།།
ཡུན་རིང་བསྟན་པ་འབར་གྱུར་ཅིག།
བུ་དང་བུ་མོ་ཆུང་མ་དང་།།
ནོད་དང་གླང་ཆེན་ཤིང་རྟ་དང་།།
རིན་ཆེན་བྱང་ཆུབ་ཕྱིར་བཏང་བས།།
ཡུན་རིང་བསྟན་པ་འབར་གྱུར་ཅིག།
ནོར་བཅོས།
སྟོན་པ་ཉིད་ཀྱི་ཞལ་ནས།
སེམས་ཅན་དོན་དུ་བདག་གིས་སྔོན།།
དཀའ་བ་གང་ཞིག་སྤྱད་གྱུར་དང་།།
བདག་གི་བདེ་བ་བཏང་བ་ཡིས།།
བསྟན་པ་ཡུན་རིང་འབར་གྱུར་ཅིག།
ངས་སྔོན་ནད་པའི་ཆེད་དག་ཏུ།།
རང་གི་འཚོ་བ་ཡོངས་བཏང་བས།།
སེམས་ཅན་ཕོངས་བ་བསྐྱབ་པའི་ཕྱིར།།
བསྟན་པ་ཡུན་རིང་འབར་གྱུར་ཅིག།
བུ་དང་བུ་མོ་ཆུང་མ་དང་།།
ནོར་དང་གླང་ཆེན་ཤིང་རྟ་དང་།།
རིན་ཆེན་བྱང་ཆུབ་ཕྱིར་བཏང་བས།།
བསྟན་པ་ཡུན་རིང་འབར་གྱུར་ཅིག།
ལྷ་བབས་དུས་ཆེན་ལབརྩིས་ཏེ།
ཕྱག་དང་མཆོད་པ་རྒྱ་ཆེར་འབུལ།
སྙན་རྩོམ་ངག་གིས་བསྔགས་བསྟོད་མཛད།
བདག་གིས་ཀུན་ལ་ཡི་རང་ངོ་།། ༡ །།
རྒྱ་གར་རི་བོ་འབིགས་བྱེད་ན།
སན་ཅི་ཞེས་པའི་རི་སྒང་ན།
སྤྱི་ལོའི་གསུམ་བརྒྱ་ལས་ལྷག་པའི།
སྔོན་དུ་བཞེངས་པའི་མཆོད་རྟེན་བཞུགས།། ༢ །།
རྒྱལ་པོ་མྱ་ངན་མེད་མེད་ཀྱི་དུས།
བཞེངས་པར་བཤད་པ་དེ་ཉིད་ཀྱི།
ཕྱོགས་བཞིར་སྒོ་མོ་ཆེན་པོ་བཞིའི།
རྡོ་བརྐོས་སྟོན་པའི་མཛད་པ་མཇལ།། ༣ །།
སངས་རྒྱས་སྐུ་འདྲ་མ་མཆིས་ཤིང་།
སྐུ་འདྲའི་ཚབ་ཏུ་བྱང་ཆུབ་ལྗོན།
མཛད་པ་དེ་དང་དེ་ན་བསྐྲུན།
སངས་རྒྱས་སྐུ་གསུང་ཐུགས་ལ་འདུད།། ༤ །།
རྒྱ་སྒོ་གཅིག་གི་རྡོ་བརྐོས་ན།
ལྷ་བབས་མཛད་པ་གསལ་བར་བཀོད།
སྐས་ཀྱི་སྟེང་ན་བྱང་ཆུབ་ཤིང་།
བཞུགས་པར་ཚངས་དང་དབང་པོས་མཆོད།། ༥ །།
སྟོན་པ་མྱ་ངན་འདས་ཀྱི་རྗེས།
ལོ་ངོ་བརྒྱ་རབས་བཞི་ལྔ་རིང་།
འདྲ་སྐུ་བཞེངས་པའི་ལུགས་མི་མངའ
རང་རེས་འདི་ལ་བརྟག་དཔྱད་དགོས།། ༦ །།
ད་ལྟར་ནང་པ་ཡིན་ནོ་ཅོག
ཚང་མས་སྐུ་འདྲར་ཕྱག་མཆོད་བྱེད།
ལྷག་པར་རྡོ་གདན་སྐུ་འདྲ་ལ།
སངས་རྒྱས་དངོས་སུ་མཇལ་བར་སེམས།། ༨ །།
སིང་ག་ལ་ཡི་ཁ་རྒྱུན་ལ།
སངས་རྒྱས་མི་ཡི་གཟུགས་བརྙན་ལ།
འགོད་པ་ཚུལ་བཟང་མ་ཡིན་པས།
བཤད་པའི་ཚུལ་ཞིག་ཡོད་དམ་སྙམ།། ༧ །།
ཟློས་གར་གློག་བརྙན་ཁྲབ་པ་ན།
མི་ཞིག་སངས་རྒྱས་ཡིན་ཚུལ་དུ།
འཐོན་པར་གནས་བརྟན་སྡེ་པས་བཀག
སོར་མོའི་འཕྲེང་བའི་གློག་བརྙན་བཞིན།། ༨ །།
ཤེར་ཕྱིན་རྡོ་རྗེ་གཅོད་པ་ལས།
གང་དག་ང་ལ་གཟུགས་སུ་མཐོང་།
གང་དག་ང་ལ་སྒྲར་ཤེས་པ།
ལོག་པའི་ལམ་དུ་བཞུགས་པ་སྟེ།
སྐྱེ་བོ་དེ་དག་ང་མི་མཐོང་།།
ཞེས་གསུངས་ལྟ་བུའི་ཚུལ་ཞིག་ཏུ་མི་འདུག་གམ།
གང་ཚེ་རྐང་གཉིས་གཙོ་བོ་ཁྱེད་བལྟམས་ཚེ།།
ས་ཆེན་འདི་ལ་གོམ་པ་བདུན་བོར་ནས།།
ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས།།
དེ་ཚེ་མཁས་པ་ཁྱེད་ལ་ཕྱག་འཚལ་ལོ།།
ཞིང་ཁམས་གཞན་དུ་བདེ་བར་ཡོད་ཀྱང་། །
འཛམ་གླིང་འདི་ལ་བརྩེ་བས་མ་བཟོད། །
གླང་ཆེན་དཀར་པོ་ཞིག་ལ་ཞོན་ནས། །
བྱོན་པར་གྲགས་པ་ཁྱེད་ལ་ཕྱག་འཚལ་ལོ། །
སྲིད་པའི་འབྱོར་བ་མཛོད་དུ་མཆིས་ཤིང་། །
མཛེས་པའི་བུ་མོས་མཐའ་ནས་བསྐོར་ཡང་། །
མ་ཆགས་གཞན་དོན་འབའ་ཞིག་བསམ་ནས། །
ལོ་མང་དཀའ་བར་མཛད་ལ་ཕྱག་འཚལ་ལོ། །
མདོ་དབུས་ཁམས་གསུམ་འདི་ཡང་། །
ད་དུང་དུ་ཡང་སྔར་བཞིན་འཚོ་བར། །
ཁྱེད་ཀྱི་གསུང་གི་བྱིན་རླབས་ཡིན་པའི། །
ངེས་ཤེས་ཕྲ་མོ་སེམས་ལ་འཇགས་ཡོད། །
དེ་རིང་མི་ཡི་གཟུགས་ཅན་ཞིག་གིས། །
ལག་པའི་ཐལ་མོ་བྲང་ཁར་སྦྱར་ཏེ། །
མི་ཡི་རིགས་ཀྱི་ཕུལ་བྱུང་ཁྱོད་ལ། །
ཕ་སྐད་གསོན་པོས་བསྟོད་པར་བྱས་ཡོད། །
རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་གསུམ་ན་ལྷམ་མེ་བ། །མགོན་པོ་མཆོག་གྱུར་ཁྱེད་ལ་ཕྱག་འཚལ་ལོ།།
ཕུན་ཚོགས་དགེ་ལེགས་བྱེ་བས་སྐྲུན་པའི་སྐུ།།
མཐའ་ཡས་འགྲོ་བའི་རེ་བ་སྐོང་བའི་གསུང་།།
མ་ལུས་ཤེས་བྱ་ཇི་བཞིན་གཟིགས་པའི་ཐུགས།།
ཤཱཀྱའི་གཙོ་བོ་དེ་ལ་ཕྱག་འཚལ་ལོ།།
མཁྱེན་ཡངས་དྲཱ་གྲོགས་ཀླུ་སྨྱོན་ལགས་ཀྱི་སྙན་དབང་དེུད
འཇིག་རྟེན་བྱེད་པོས་གདོད་ནས་མ་བཀོད་ལ།།
མཐོ་རིས་དགའ་ཚལ་ས་ལ་ལྷུང་མིན་ཞིང་།།
འཇོག་པོའི་ཕོ་བྲང་གླིང་འདིར་འཕོས་མིན་པའི།།
མཛེས་སྡུག་ཨ་རིའི་དག་པའི་ཞིང་ཁམས་སུ།།
གངས་ཅན་བོད་ཀྱི་ཕུག་ལུགས་ལུགས་རྙིང་སོགས།།།
ལོ་ཐོ་སྣ་ཚོགས་གཞུང་དང་མི་མཐུན་པའི།
ཟླ་གཅིག་ཧེ་བག་ཤོར་བའི་གཟའ་སྐར་ཞིག།
ཇི་ལྟར་འཆར་བའི་ཚུལ་དེ་གསུངས་འཚལ་ལོ།།།
ན་མོ། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད།།
གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་།།
འགྲོ་བ་ཀུན་གྱི་སྐད་རྣམས་ཇི་ཙམ་པ།།
ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟན་ཏོ།།
ཞེས་གསུངས་པ་ལྟར་དུ་ཟིན་བྲིས་སུ་བཏབ་པའི་སངས་རྒྱས་ཀྱི་གསུང་རབ་ཆ་ཚང་ཞིག་
ཡོད་དམ་མེད།
གལ་ཏེ་དེ་ལྟར་ཡོད་ན་ད་ཆ་སྔར་སྟོན་པ་ཞལ་བཞུགས་པའི་གནས་སྐབས་བཞིན་
ད་ཆའི་སངས་རྒྱས་༸གོང་ས་ཐམས་ཅད་མཁྱེན་པ་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་
མཆོག་གང་ཉིད་ཀྱི་གསུང་སྒྱུར་བ་རྣམ་པ་དང་སྔར་གྱི་ལོ་ཙཱ་བ་རིམ་བྱོན་རྣམས་
དགོས་སམ་མི་དགོས་ཞེས་བཀའ་འདྲི་ཞུ་རྒྱུ་ཡིན་ལ། སྔར་གྱི་ཕྱི་གླིང་བའི་ཚན་རིག་པ་རྣམས་ལའང་སེམས་དང་སྐྱེ་བ་སྔ་ཕྱིའི་རྣམ་བཞག་གི་དཔྱད་གཞིའི་གཞུང་རྣམ་དག་རང་སྐྱ་འཕེར་བ་ཞིག་
རང་སྐད་ཐོག་སྟོན་རྒྱུ་མེད་པ་གང་ཡིན་ནམ།།
ནོར་བཅོས།
འགྲོ་བ་ཀུན་གྱི་སྒྲ་རྣམས་ཇི་ཙམ་པར།། ཞེས་བཅོས་པར་ཞུ།།
ཁ་ཕྱོགས་འཛིན་ཚུལ་འདི་ལ་ངེས་པ་མི་འདུག་སྟེ།།རི་དང་ལྷ་གནས་ཙམ་ཡང་མེད་པར་གསེར་གྱི་སྐེ་འཛག་ནས།།
ཉམས་དགར་ཕེབས་པའི་ཚུལ་འདིར་རྨོངས་པའི་ལུགས།།རིང་དུ་སྤངས་ན་དེང་རབས་གཞོན་ནུ་ཡིན།།
ཧ་ཧ་ཀུན་ལ་མ་གྲགས་ཁྱོད་ལ་གྲགས།།ཁྱོད་དང་ཁྱོད་ཀྱི་རྗེས་འབྲང་མི་ལ་གྲགས།།
མ་བརྟག་ཉམས་དགའི་བཤད་ཚུལ་དྲོད་མོ་འདིས།།འཇིག་རྟེན་དུ་མའི་མགོ་བོ་རྨོངས་སུ་བཅུག
གང་ཡང་མེད་ལ་ཅི་ཡང་མི་འདུག་པའི།།རྟོགས་བཏགས་གཏམ་གྱི་སྦྱོར་བ་རྒྱ་ཆེན་འདིས།།
མཐོ་དམན་ཀུན་ལ་རྨོངས་པའི་གབ་ཚིག་ཅིག།འཇིག་རྟེན་འདི་ལ་ཕན་པའི་སྲོལ་ལ་བཞག།
སྟོང་བ་རྟེན་འབྱུང་གཏམ་གྱི་ང་རོ་ཡིས། །
སྨྲ་ངན་རི་སྐྱེས་མཐའ་དག་ཟིལ་གནོན་པ། །
དོན་ཀུན་གྲུབ་པ་ཤྰཀྱ་སངྒེ་ཡིས། །
རྣམ་ཀུན་དགེ་ལེགས་སྣང་བ་དམ་པས་སྐྱོངས། །
མཁྱེན་ཡངས་དྲཱ་གྲོགས་འདྲེ་མགོ་རྡོ་མཚན་ཅན་ལགས།
ཤཱཀྱ་སངྒེ་ཞེས་པ་འབྲི་སྟངས་དེ་འདྲ་མ་རེད་ཤཱཀྱ་སེངྒེ།ཞེས་འགྲེང་པོ་སའི་ཐོག་ཏུ་
གཅིག་དང་ངའི་སྟེང་དུ་གཅིག་བཅས་འགྲེང་པོ་གཉིས་འབྲི་བ་ནི་ལེགས་སྦྱར་གྱི་ཡིག་
གཟུགས་ཇི་བཞིན་བརྩེགས་ནས་བོད་ཀྱི་ཡི་གེའི་གཟུགས་སུ་ཕབ་སྟེ་འབྲི་སྲོལ་ཞིག་
དང་།
དེ་མིན་ཤཱཀྱ་སེང་གེ་ཞེས་མ་བརྩེགས་པར་འབྲི་སྲོལ་ཞིག་བཅས་འབྲི་སྲོལ་གཉིས་ཡོད་པ་དགོངས་འཇགས་འཚལ།
ཚན་རྩལ་རིགས་པ་དར་བའི་དུས་འདིར་ཡང་།།
མཚན་སྙན་དགུང་ནས་གོང་དུ་མངོན་འཕགས་པའི།།
དེང་དུས་ཚན་རིགས་སྨྲ་དབང་གཙུག་རྒྱན་མཆོག།
ཤཱཀྱ་སེངྒེར་སྒོ་གསུམ་རྟག་ཏུ་འདུད།།
ཅེས་པས་མཚམས་བརྒྱན་ཏེ་ཕུལ།
མཁྱེན་ཡངས་དྲཱ་ནང་གི་གྲོགས་མོ་ཕོ་ལུས་མོ་མིང་ཅན་སྒྲོ་མ་ཚེ་རིང་ལགས།
གསེར་གྱི་སྐེ་འཛག་ཅེས་པའི་དག་ཆ་ནོར་འཁྲུལ་རེད།། གསེར་གྱི་སྐས་འཛེགས་ཞེས་འབྲི་དགོས་རེད། གཞན་ཡང་ལྷ་ཡུལ་ནས་མར་འཕེབ་ན་རི་དང་ལྷ་གནས་འབྲི་དགོས་པའི་ངེས་པ་གང་ཡང་མེད་དེ་མི་ཡུལ་འཛམ་བུ་གླིང་གི་རྒྱལ་ཁབ་འགའ་ཞིག་ཏུའང་རི་མེད་པའི་གླིང་
ཕྲན་དང་ཡངས་པའི་རྩ་ཐང་དང་། བྱེ་ཐང་། གཡང་ཐང་སོགས་ཡོད་པའི་ཕྱིར་རོ།།
དངོས་སྟོབས་རིག་པའི་དབང་ཕྱུག་དཔལ་ཆོས་ཀྱི་གྲགས་པའི་ཞལ་སྔ་ནས།
མ་མཐོང་ཕྱིར་ན་མེད་པ་མིན་།ཞེས་དང་།
དེང་རབས་ཀྱི་རིག་པའི་དཔའ་བོ་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་
གིས།
ཡོད་པའི་རྩ་བ་བཙལ་བས་མེད་དམ་སྙམ།།
མེད་པའི་རྩེ་མོ་མཐོང་བས་ཡོད་དམ་སྙམ།།
ལག་པ་ཁབ་དང་འཕྲད་པས་ཡོད་དམ་སྙམ།།
སྣང་བ་འཁྲུལ་བ་སྲིད་པས་མིན་ནམ་སྙམ།།
ཞེས་གསུངས་པ་ལྟར་རོ།
མཁྱེན་ཡངས་དྲཱ་ནང་གི་གྲོགས་མོ་སྒྲོལ་མ་ཚེ་རིང་མཚན་ཅན་ལགས།
གསེར་གྱི་སྐེ་འཛག་མ་རེད།། གསེར་གྱི་སྐས་འཛེགས་ཞེས་འབྲི་དགོས་རེད།།
གཞན་ཡང་ལྷ་ཡུལ་ནས་འཕེབ་ན་རི་དང་ལྷ་སོགས་འབྲི་དགོས་པའི་ངེས་པ་མེད། གང་ཡིན་ཟེར་ན་མི་ཡུལ་དུ་ཡང་རི་མེད་པའི་ཐང་སྟོང་དང་། རྒྱ་མཚོ་ཆེན་པོ་། མི་མེད་པའི་ལུང་སྟོངས་ཤིན་ཏུ་མང་བའི་ཕྱིར་ཏེ། དངོས་སྟོབས་རིགས་པའི་དབང་ཕྱུག་དཔལ་ཆོས་ཀྱི་གྲགས་པ་མཆོག་གི་ཞལ་
སྔ་ནས། མ་མཐོང་ཕྱིར་ན་མེད་པ་མིན་ཞེས་གསུངས་པའི་ཕྱིར་དང་།།
གཞན་ཡང་དེང་རབས་ཀྱི་མཁས་པའི་དབང་པོ་དགེ་ཆོས་ཞབས་ཀྱིས།།
ཡོད་པའི་རྩ་བ་བཙལ་བས་མེད་དམ་སྙམ།།
མེད་པའི་རྩེ་མོ་མཐོང་བས་ཡོད་དམ་སྙམ།།
ལག་པ་ཁབ་དང་འཕྲད་པས་ཡིན་ནམ་སྙམ།།
སྣང་བ་འཁྲུལ་བར་སྲིད་པས་མིན་ནམ་སྙམ།
ཞེས་སོགས་གསུངས་པའི་ཕྱིར་རོ།།
མཁྱེན་ཡངས་དྲཱ་གྲོགས་རིག་པའི་མེ་ལྕེ་ལགས།།
ཀླུ་སྨྱོན་སྨྱོན་པ་ཡིན་མིན་མི་ཤེས་ཀྱང་ཀླུ་བ་ནི་ཡིན་ངེས་རེད་ཅེས་པའི་ཀླུ་བ་དེ་གང་གི་ཁོངས་སུ་གཏོགས་པའི་ཀླུ་བ་ཡིན་ནམ། རྒྱུ་མཚན་གསལ་པོ་ཞིག་འགོད་རོགས་གནང།།
སྣྲོན་ངག་ཁྲི་ལགས། ཚན་རྩལ་རིགས་པ་དང་ཚན་རིགས་ཞེས་པའི་དག་ཆ་འདི་རེད་དམ། དེ་ཙམ་ཡང་མི་ཤེས་པའི་ཡིག་ནོར་གྱི་རྐྱལ་བ་ཞིག་གིས་གཞན་ལ་དག་བཅོས་བྱེད་པ་ནི་རང་གཟུགས་གཅེར་བུར་བསྟན་པ་མ་ཡིན་ནམ། {གཞན་ལ་བལྟ་བའི་མིག་ཡོད་ན། ། རང་ལ་བལྟ་བའི་མེ་ལོང་དགོས། །}ཞེས་པ་འདི་ཁྱོད་དང་ཁྱོད་ལྟ་བུ་ལ་དམིགས་ནས་གསུངས་པ་ལོས་ཡིན།
ཨ་ཁུ་ཀླུ་སྨྱོན་འདི་བཙན་བྱོལ་ནང་གི་རྩོམ་པ་པོ་ཅུང་རྒན་གྲས་ཡིན་པས། རྩོམ་པ་པོ་རྒན་གྲས་འདི་ཚོར་རང་བཞིན་གྱིས་བཅུད་ཅིག་ཡོད་ཁུ། གཞན་རྩོམ་གྲོགས་འགས་སྙན་ངག་གི་སེམས་ཁམས་ནི་མི་བུ་རང་ཉིད་ཀྱི་ལོ་ཚོད་ཀྱིས་བསྡུས་འགྲོ་གི་འདུག་ཟེར། འདི་ལ་ཡང་ཏན་ཏན་བདེན་ཤས་ལོས་ཆེ། ཡིན་ཡང་བཙན་བྱོལ་དུ་སྙན་རྩོམ་འབྲི་མཁན་གྱི་ལོ་ན་རྒན་ཤོས་ནི་བཀའ་བློན་ཁྲི་ཟུར་ནོར་གླིང་གི་སྐུ་ངོ་སྐལ་བཟང་ཡེ་ཤེས་ལགས་ཡིན་རྒྱུ་རེད། འདི་ལྟར་རྒན་རབས་པ་ཚོས་རྗེས་འཛིན་དང་རྒྱུན་སྐྱོང་གནང་ཐུབ་ན་སྙན་ངག་གི་བསྟན་པ་དངོས་གནས་དར་གནས་ཐུབ་ཀི་རེད་བསམ་གི ཁྱོད་ཀྱིས་ཀྱང་དེ་བཞིན་སྐྱོངས་འཚལ་ལོ།
སྣང་གསལ་མཆོད་པའི་དྲ་བ་ལས།། འཕོས་པ་སྤྲིན་དཀར་རོལ་མའི་གཙུག། མཐོ་རིས་ལ་ནི་སྐྱེས་ཀྱི་སྟེགས།། རྣམ་གྲངས་དགའ་བ་སྟོང་གིས་འབྱེད།།