དགེ་འདུན་རབ་གསལ།
———————-
ཁ་སང་ངེད་ཀྱིས་གྲོགས་པོ་ཞིག་ལ་དྲ་རྒྱའི་ཐོག་གི་བོད་སྐད་རླུང་འཕྲིན་ངོ་སྤྲོད་བྱས་སྐབས་སུ། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཐོག་སྐལ་ལྡན་བློ་གྲོས་ཀྱིས་རྒྱལ་བ་ཀརྨ་པ་མཆོག་ལ་བཅར་འདྲི་ཞུས་པ་མཐོང་བྱུང་། དེ་འཕྲལ་ང་ཚོས་ཉན་པ་ཡིན། གསར་འགྱུར་འདིའི་མགོ་འཛུགས་ཀྱི་སྐབས་སུ་སྐལ་ལྡན་བློ་གྲོས་ཀྱིས་ཀྱང་བཅར་འདྲིའི་སྐོར་ལ་བསམ་འཆར་ཡོད་ན་བཤད་རོགས་ཞེས་བཤད་འདུག་ལ། བསམ་ཚུལ་ཐུང་ཙམ་ཞུ་རྒྱུ་དེ་རང་ཉིད་བོད་མི་ཞིག་ཡིན་པའི་འགན་དུ་གྱུར་སོང་། གང་ཟག་སྒེར་ལ་དམིགས་པའི་བརྣབ་སེམས་དང་གནོད་སེམས། ལོག་ལྟ་གང་ཡང་འདིར་འདུས་མེད་པ་དེ་དགོངས་འཇགས་ཞུ།
༧རྒྱལ་བ་ཀརྨ་པ་འདི་པ་དགུང་ན་གཞོན་ཀྱང་མཁྱེན་རྒྱ་རྒྱས་ཤིང་། བཀའ་ལན་གནང་བ་རྣམས་རིགས་པ་དང་གནས་ལུགས་ཀྱིས་ཁེངས་སྟབས། སླར་ཡང་ཡིད་དབང་འཕྲོག་པར་གྱུར། ཁོང་གིས་བཅར་འདྲིའི་སྐབས་གསུངས་པའི་གནད་དོན་གཅིག་ནི། བོད་ཀྱི་གནད་དོན་འདི་ད་བར་དུ་༧རྒྱལ་བ་རིན་པོ་ཆེ་སྐུ་རྐྱང་ལ་བརྟེན་ཡོད་པའི་དགོངས་ཚུལ་ཡོད་པ་དང་། དེ་བཞིན་བོད་ཀྱི་འཐབ་རྩོད་འདི་མི་རིགས་གཅིག་གི་བསྟན་སྲིད་ཀྱི་གནད་དོན་ཡིན་སྟབས་བོད་མི་ཡོད་དོ་ཅོག་གིས་འགན་ལེན་དགོས་པ་རེད་ཅེས་བཀའ་སློབ་གནང་བ་དེ་རེད། བཀའ་སློབ་འདི་འདྲ་ནི་བོད་ཀྱི་ད་ལྟའི་གནས་སྟངས་ལ་ཤིན་ཏུ་མཁོ་བ་ཞིག་ཡིན་པ་ནི་གདོན་མི་ཟའོ།།
སྐལ་ལྡན་བློ་གྲོས་ཀྱིས་བཅར་འདྲི་འདི་རྒྱང་བསྒྲགས་མ་བྱས་སྔོན་དུ་ངོ་སྤྲོད་མདོར་བསྡུས་ཤིག་བྱས་སོང་། དེ་ནི་ཧ་ཅང་གོ་རིམ་མེད་པ་དང་འབྲེལ་མེད་དོན་གཞན་ཞིག་ཆགས་འདུག སྐལ་ལྡན་བློ་གྲོས་ལ་ “ཁྱོད་ཀྱིས་བཅར་འདྲི་འདི་དུས་ནམ་ཞིག་ལ་བྱས་པ་ཡིན་”ཞེས་དྲིས་པའི་ལན་དུ་ཁོང་གིས་བཅར་འདྲི་འདི་ཇི་ལྟར་བྱས་པའི་ལན་འདེབས་རིང་མོ་ཞིག་བྱས་པ་དང་མཉམ་དུ། ཤར་ནུབ་ཀྱི་ཆུ་ཚོད་བར་ཁྱད་དང་། དེ་བཞིན་ Interview ཞེས་དབྱིན་སྐད་ཀྱི་མིང་ཚིག་ཀྱང་བསྲེས་ནས་ལན་བཏབ་པ་དང་། དེ་ནས་འབྲེལ་མེད་དོན་གཞན་གྱི་བརྗོད་གཞི་རྒྱ་གར་གྱི་འོས་བསྡུ་སོགས་གླེང་བྱུང་། དུས་ཚོད་ཁ་སྐོང་གི་ཆེད་དུ་དོན་མེད་ཀྱི་གླེང་སློང་བྱས་པ་ཡིན་ན་ནི་དེར་ཟད་ལ། དེ་མིན་གྱི་དགོས་པ་གཞན་མ་མཐོང་ངོ་༎
བཅར་འདྲི་འདི་འདྲ་ལ་ནི་གསར་འགྱུར་ཉན་མཁན་ཚོས་དོ་སྣང་ཆེན་པོ་སྤྲོད་ངེས་ལ། དམིགས་བསལ་བོད་ནང་གི་ཉན་མཁན་ཚོས་རྒྱལ་བ་ཀརྨ་པ་གྲགས་ཅན་འདིས་ཉིན་རེའི་མཛད་རིམ་ཅི་ཡིན་དང་། སློབ་སྦྱོང་གང་འདྲ་གནང་གི་ཡོད་མེད། སྐད་ཡིག་གང་དང་གང་མཁྱེན་མིན། རྩོམ་ཡིག་ཡོད་མེད། དགེ་རྒན་སུ་དང་སུ་ཡིན། དེ་ནས་སྐུ་གཟུགས་བདེ་ཐང་གི་སྐོར་སོགས་རྒྱལ་བ་ཀརྨ་པ་སྐུ་དངོས་ཀྱི་གནས་ཚུལ་ལ་དོ་སྣང་ཧ་ཅང་ཆེན་པོ་ཞིག་བྱེད་པ་ནི་ཞུ་ག་ལ་དགོས།
བཅར་འདྲི་འདི་ལ་སྐལ་ལྡན་བློ་གྲོས་ཀྱིས་དྲི་བ་བཅུ་བཀོད་སོང་། དྲི་བ་དེ་དག་ནི་སྤྱི་སྒྲོམ་མེད་པར་༼ཡང་ན་གྲ་སྒྲིག་མེད་པར་༽གང་བྱུང་དུ་དྲིས་པའི་རྣམ་པ་ལྡན་འདུག དེ་དག་གི་རིམ་པ་དང་སྙིང་དོན་ནི་འདི་ལྟར། ༡༽ རྒྱ་གར་ལ་ཕེབས་ནས་འགྱུར་བ་ག་རེ་བྱུང་ཡོད། ༢༽༧རྒྱལ་བ་རིན་པོ་ཆེས་ཁྱོད་ལ་ཤུགས་རྐྱེན་ག་རེ་ཐེབས་ཡོད། ༣༽ མ་འོངས་པར་བསྟན་པ་འཛིན་ཕྱོགས་གསར་པ་ལ་དགོངས་བཞེས་ག་རེ་ཡོད། ༤༽གལ་སྲིད་བོད་ནས་གྲྭ་པ་མུ་མཐུད་མ་ཡོང་ན། རྒྱ་གར་དུ་གྲྭ་རྒྱུན་ཆད་ཉེན་ལ་ཇི་དགོངས། ༥༽བཙན་བྱོལ་ནང་ཐུགས་ཚིམ་པ་དང་ཐུགས་འགྱོད་པ་ག་རེ་བྱུང་། ༦༽ཆོས་ལུགས་དང་ཆོལ་ཁའི་རྙོག་ཁྲ་སེལ་ཐབས་ག་རེ་ཡོད། ༧༽ བཙན་བྱོལ་ལ་ཕེབས་པ་དེར་འགྱོད་གནང་གི་འདུག་གམ། ༨༽ཉིན་གཅིག་གི་མཛད་རིམ་ནང་གི་སྤྲོ་ཤོས་གང་ཡིན། ༩༽ཀརྨ་པའི་སྤྲུལ་སྐུ་ཡིན་པ་འདི་ཐུགས་འགན་རེད་དམ་གོ་སྐབས་ཤིག་རེད། ༡༠༽ བོད་ནང་གི་བོད་མི་ཚོར་གསུང་འཕྲིན་གང་ཡོད། ཅེས་པ་རྣམས་རེད།
གོང་གསལ་གྱི་དྲི་བ་དེ་དག་ལ་རོབ་ཙམ་བརྟགས་ན། གལ་སྲིད་གྲྭ་རྒྱུན་བོད་ནས་མ་ཡོང་ན་ལྟ་བུ་སོགས་ནི་ལྷ་དང་བླ་མ་ལ་ལུང་བསྟན་ཞུ་བ་འདྲ་བའི་དྲི་བ་ཁག་གཅིག་སླེབས་འདུག དྲི་བ་འདི་འདྲ་ཞུས་མ་ཆོག་པ་མིན་ཡང་། གསར་འགོད་པ་ཞིག་གི་ངོས་ནས་བསམ་ཚུལ་དང་གནས་ཚུལ་བསྲེས་མི་རུང་བ་དེ་རྩ་བའི་དམ་ཚིག་ཅིག་ཡིན་ལ། དམིགས་བསལ་གྱིས་གསར་འགོད་པ་རང་ཉིད་ཀྱི་བསམ་ཚུལ་སླེབས་མི་རུང་བ་ཞིག་རེད། བོད་ནས་གྲྭ་རྒྱུན་ཉུང་བར་གྱུར་པ་དང་བཙན་བྱོལ་ནས་འཚར་ལོང་བྱུང་རིགས་གྲྭ་བ་མི་བྱེད་པ་དེ་གསར་འགོད་པའི་མཐོང་ཚུལ་མིན་ན་ནི། དེའི་ཁུངས་གང་ཡིན། ལོ་རེ་ལས་ལོ་རེར་ཇེ་ཉུང་དུ་ཕྱིན་པའི་ལོ་རྒྱུས་གང་ན་ཡོད། ཡང་ཆོལ་ཁ་དང་ཆོས་ལུགས་ཀྱི་རྙོག་དྲ་དེ་སེལ་ཐབས་གང་དགོས་ཞེས་པའི་དྲི་བ་འདི་ཡང་འོས་འཚམས་ཤིག་ཡིན་མིན་ཆ་མ་འཚལ།
དྲི་བ་དང་པོ་དེ་འགྱུར་བ་ནས་མགོ་བཙུགས་པ་ནི་ཅུང་བདེ་པོ་མེད་པ་ཞིག་རེད། སྤྱིར་བཏང་གི་བཅར་འདྲི་ཞིག་ལ་ཆ་བཞག་ན་ཡང་། ཐོག་མར་འགྱུར་བའི་སྐོར་གསུངས་རོགས་ཞེས་བསྐུལ་ན། གཅིག་ནས་ལན་གསུངས་བདེ་མེད་པ་ཡོང་སྲིད་ལ། གཉིས་ནས་མགོ་མཇུག་མེད་པའི་བཅར་འདྲི་ཞིག་ཆགས་པར་འགྱུར། དྲི་བ་དང་པོའི་མཇུག་དེ་མ་ཐག་ཏུ་༧རྒྱལ་བ་རིན་པོ་ཆེས་ཁྱོད་ལ་ཤུགས་རྐྱེན་གང་ཐེབས་ཡོད་ཅེས་དྲིས་པ་འདི་ཡང་སྟབས་བདེ་པོའི་དྲི་བ་ཞིག་ཨེ་ཡིན། གསར་འགོད་པས་ཅི་ཞིག་ཤེས་འདོད་པ་ཡིན།
དེ་ལྟར་རྟོག་པ་མཐའ་བཟུང་གི་དྲི་བ་དང་གོ་རིམ་མེད་པའི་དྲི་བ། གྲ་སྒྲིག་མེད་པའི་དྲི་བ། གསར་འགོད་པས་ཉན་མཁན་ལ་ཤེས་འཇུག་རྒྱུར་དམིགས་པའི་དམིགས་ཡུལ་དང་ཡང་ན་ཁ་ཕྱོགས་མེད་པ། དེ་ལ་བརྟེན་ནས་གསར་འགྱུར་ཉན་ཟིན་པའི་རྗེས་སུ་ཡང་༧རྒྱལ་བ་ཀརྨ་པའི་མཛད་པ་༼རྒྱལ་བ་ཀརྨ་པས་རི་མོ་ལ་ཐུགས་མཉེས་པོ་གནང་གི་ཡོད་པ་དེ་གཅིག་པུ་ལས་གཞན་༽སེམས་ལ་འཛིན་རྒྱུ་དཀའ་བ་དེ་འདྲ་ཞིག་རེད། འདི་འདྲ་ནི་དངོས་གནས་སྐྱོ་པོ་རེད་བསམས་སོང་།
དེ་བཞིན་དྲི་བ་ལ་ཡང་ཅི་ཞིག་འདྲི་བ་མི་གསལ་བའི་དྲི་བ་ཡོད་པ་སྟེ། དཔེར་ན། གོང་གི་དྲི་བ་ལྔ་བ་དེ་ལ་འདི་ལྟར། “རིན་པོ་ཆེས་དུས་ཚོད་ཀྱིས་ལྕོགས་པ་ཡིན་ན་དྲི་བ་གཅིག་གཉིས་ཤིག་ཞུས་ཆོག་པ་བྱས། གནས་སྟངས་སྤྱིའི་ཐད་ལ་༧སྐྱབས་མགོན་རིན་པོ་ཆེས་དབུ་འཁྲིད་པའི་བཙན་བྱོལ་བོད་མི་ཚོ་རྒྱ་གར་དང་བལ་ཡུལ་ལ་སོགས་པ་ས་གནས་ཁག་ལ་ཕེབས་བྱས་ལོ་ལྔ་བཅུ་ཙམ་ཕེབས་གི་ཡོད་རེད། རིན་པོ་ཆེ་ ༩༩ དང་ ༢༠༠༠ ཐམ་པའི་ལོ་ལ་ཡ་རྒྱ་གར་ལ་ཚུར་ཆིབས་བསྒྱུར་མ་གནང་གོང་ལ། བཙན་བྱོལ་སྤྱི་ཚོགས་ཀྱི་གནས་སྟངས་དགོངས་པ་འཁོར་ཡ་དེ་དང་། ཨེ་ནས། བཙན་བྱོལ་ལ་ཕེབས་ཚར་པའི་རྗེས་ལ་ད་ཆ་ལོ་བཅུ་ཙམ་ཕེབས་གི་ཡོད་རེད། རིན་པོ་ཆེས་གཟིགས་ཚུལ་ཅིག་ག་རེ་བྱུང་ཡོད་ན། ད་རེས་ང་ས་ཆ་མང་པོ་ཞིག་ལ་བསྐོར་ར་བརྒྱབ་བྱས་ཕྱིན་པ་ཡིན། གནས་སྟངས་བཟང་ངན་ཅིག་མང་པོ་འདྲ་ཞིག་ཡོད་བསྡད་པའི་བཟོ་འདྲ་པོ་ཞིག་མཐོང་ཡོང་གི་འདུག སྤྱི་ཚོགས་ག་བ་ཡོད་ནའང་དེ་ཡོད་རེད། ལྷག་པར་དུ་སྐྱབས་བཅོལ་གནས་སྟངས་ཐོག་འདྲ་མི་འདྲ་ཞིག་ཡོང་གི་ཡོད་རེད། རིན་པོ་ཆེས་འདས་པའི་ལོ་ལྔ་བཅུའི་རིང་ལ་ཕྱི་མིག་ཅིག་གཟིགས། རིན་པོ་ཆེས་འདི་ལྟར་ཐུགས་ཞིབ་གནང་ཡོང་དུས་འཐུས་སྒོ་ཚང་ཤོས་ཤིག་ག་རེ་བྱུང་ཡོད་ན། ཡང་བྱེད་རྒྱུ་ལྷག་བསྡད་པ་ཡང་ན་འདི་འདྲ་ཞིག་ཡར་རྒྱས་བཏང་དགོས་གི་འདུག་དགོངས་ཡ་ རིན་པོ་ཆེས་ཤེས་ཡོན་ འཕྲོད་བསྟེན། མི་མང་གི་དབུལ་ཕོངས་སེལ་ཡག་ཟེར་བ་ལ་སོགས་པ་གནས་ཚུལ་མང་པོ་ཞིག་ལྷག་བསྡད་ཡག་སོགས་མང་པོ་ཞིག་བཤད་གི་འདུག རིན་པོ་ཆེས་དགོངས་ཚུལ་ག་རེ་ཡོད་ན།” ཟེར། ༧རྒྱལ་བ་ཀརྨ་པ་བཙན་བྱོལ་ལ་ཕེབས་པའི་རྗེས་ཀྱི་གནད་དོན་གླེང་གི་ཡོད་དམ། མ་ཕེབས་གོང་གི་གནད་དོན་གླེང་གི་ཡོད། བཙན་བྱོལ་བོད་མིའི་འཕྲོད་བསྟེན་སྐོར་གླེང་གི་ཡོད་དམ། ཤེས་ཡོན་སྐོར་གླེང་གི་ཡོད།
ཡང་ཞུས་མ་ཐག་པའི་དྲི་བ་འདི་ལ་མཚོན་ན། དྲི་བའི་ཚིག་མང་སྐྱོན་ཡོད་པར་འདོད། “བཙན་བྱོལ་ནང་གི་དབུལ་ཕོངས་ཀྱི་གནས་སྟངས་ཡར་རྒྱས་གཏོང་རྒྱུར་རིན་པོ་ཆེར་དགོངས་ཚུལ་གང་ཡོད།”ཅེས་པ་ལྟ་བུའི་དྲི་བ་མདོར་བསྡུས་ཤིག་ཅིའི་ཕྱིར་མི་འོང་བ་རེད། དྲི་བ་ཁག་ཅིག་ལ་རྒྱབ་ལྗོངས་ཀྱི་འགྲེལ་བརྗོད་མེད་ན་དྲི་བ་འདྲི་དཀའ་བ་དེ་འདྲ་ཡོད་སྲིད། ཡིན་ན་ཡང་གོང་གསལ་ནི་དེའི་གྲས་མིན་པ་མ་ཟད། གསར་འགོད་པས་ རང་ཉིད་ས་ཆ་གང་སར་ཕྱིན་པ་སོགས་རང་ཉིད་ངོམ་སོ་བྱེད་པའི་ཉམས་ཤིག་བཏོན་འདུག་སྙམ།
དེ་ནས་མཐའ་མ་དེ་ལ། ངའི་འཁྲིས་ཀྱི་གྲོགས་པོ་དེས་ང་ལ། ལྷ་སའི་མིས་བོད་ཀྱི་ཞེ་ས་འཕྲོ་བརླག་ལ་བཏང་ཡོད་ཅེས་བཤད་བྱུང་། ངས་གང་ཡིན་ནམ་ཞེས་དྲིས་སྐབས། ཁོང་གིས། “འདིར་ཡང་རིན་པོ་ཆེ་ལགས། ཞེས་ལབ་གི་འདུག ཁོང་ཚོས། ཁྱི་ལགས། ཞི་མི་ལགས། བུ་ལགས། བུ་མོ་ལགས་༷ཞེས་ཟེར་བ་རེད། ད་རིན་པོ་ཆེ་བླ་ན་མེད་པའི་ཞེ་སའི་ཚིག་སྦྱར་ཟིན་པའི་རྗེས་ལ་ལགས་ཞེས་སྦྱོར་དགོས་པ་འདུག་གས”ཅེས་གསུངས་བྱུང་། འདི་ཡང་ཞོར་དུ་ཞུས་ན་བསམས་བྱུང་།
གོང་གསལ་ནི་བཅར་འདྲི་འདི་ལ་ཉན་རྗེས་ཀྱི་བསམ་ཚུལ་རྣམས་ཐོལ་བྱུང་དུ་བཀོད་པ་ཡིན་ལ། བཅར་འདྲི་འདི་ལ་ཉན་བཞེད་ཡོད་ཚེ་གཤམ་གྱི་དྲ་ཐག་ན་འདུག
ཨེ་ཤ་ཡ་ཚང་གི་གསར་འགོད་པ་ཚོར་གསར་འགོད་པའི་ཆུ་ཚོད་ཡོད་མཁན་ཉུང་ཉུང་རེད། དཔེར་ན་གསར་འགོད་པ་ཀརྨ་རྒྱ་མཚོས་ཆུ་ཚོད་གཅིག་ལ་མི་གཉིས་ལ་བཅར་འདྲི་བྱས་པ་ཡིན་ན་སྐར་མ་སུམ་བཅུ་ལ་ཁོས་དྲི་བ་འདྲི་གི་རེད། དྲིས་ལན་འདེབས་མཁན་ལ་སྐར་མ་བཅོ་ལྔ་རེ་རེ་མ་གཏོགས་ཡོད་རྒྱུ་མ་རེད།
ཨེ་ཤ་ཡ་རང་དབང་རླུང་འཕྲིན་ལས་ཁུངས་ཀྱིས་སྐད་ཡིག་མང་པོའི་ནང་གསར་འགྱུར་སྤེལ་བཞིན་ཡོད། ངོ་ཚ་དགོས་པ་ཞིག་ལ་བོད་སྐད་རླུང་འཕྲིན་གྱི་སྤུས་ཚད་དེ་སྐྱོ་ཤོས་ཆགས་ཡོད། རྒྱ་སྐད་ཉོན་དང་། དབྱིན་སྐད་ཉོན་དང་། ཁོང་ཚོའི་ཆུ་ཚད་ལ་ལྟོས་དང་། བོད་སྐད་བཤད་མཁན་ཚོ་ངོ་ཚ་དགོས་པ་རེད།
གཙོ་བོ་འདི་ལས་ཁུངས་དེར་ལས་བྱེད་པ་ཚང་མ་ཁྱིམ་ཚང་ངོ་ཤེས་དང་། སྒེར་གྱི་ངོ་ཤེས་པ། དེ་བཞིན་ངན་པ་ལག་འབྲེལ་བརྒྱུད་ནས་བསྡུ་རུབ་གཙོ་བོ་བྱས་པ་ལས། ཤེས་ཡོན། ཉམས་མྱོང་། སྦྱོང་བརྡར། རིག་གནས། སློབ་གསོའི་རིམ་པ་སོགས་ལ་བལྟས་མེད།
དང་པོ་ལས་བྱེད་པ་ཚོའི་བོད་ཀྱི་སྐད་ཡིག་གི་ཆུ་ཚད་ལ་གཅིག་གཟིགས་དང་། ཁོང་ཚོ་བོད་ནང་གི་སློབ་འབྲིང་གི་བོད་ཡིག་རྒྱུག་ཚད་ཀྱང་ལོན་གྱི་མ་རེད། བོད་ཡིག་དག་པོ་ཞིག་འབྲི་ཐུབ་རྒྱུ་ཕར་ཞོག བོད་སྐད་བྱང་པོ་ཞིག་ཀྱང་ཤོད་ཐུབ་ཀྱི་མེད།
གཉིས་པ། བོད་སྐད་ཤོད་མཁན་གྱི་ལས་བྱེད་པ་ཚོར་གསར་འགྱུར་རིག་པའི་སློབ་སྦྱོང་གཅིག་ཀྱང་འཐོབ་མྱོང་མེད་སྟབས། ཁོང་ཚོས་གསར་འགྱུར་སྤེལ་བ་ལ་སུས་ཆ་འཇོག་བྱེད་ཀྱི་རེད་དམ། ཁྱེད་རང་བསམ་བློ་གཏོང་དང་། ཨ་རིའི་རླུང་འཕྲིན་ལས་ཁུངས་དཔེར་ན་སི་ཨན་ཨན་ལྟ་བུ་ལ། རང་གར་སྤྱི་ཚོགས་སྟེང་ནས། མི་ཞིག་སྐོང་ནས་ལས་བྱེད་པར་བསྐོ་གཞག་བྱས། ཁོང་ལ་གསར་འགྱུར་ཤོད་བཅུག་ན། སྤྱི་ཚོགས་ཐོག་གང་བཤད་ཀྱི་རེད་དམ། སུས་ཆ་འཇོག་བྱེད་ཀྱི་རེད།
གསུམ་པ། ཨེ་ཤ་ཡའི་གསར་འགྱུར་ལས་ཁུངས་ཀྱི་མིའི་སྤུས་ཚད་དེ་ཤིན་དུ་སྐྱོ་པོ་རེད། གཟིགས་དང་། ངེད་ཚོའི་སྤྱི་ཚོགས་ཐོག་ཕན་མི་ཐོག་པའི་མི་ཁ་ཤས་ཤིག་དེ་གར་སྤུན་ཉེ་དང་། ས་འོག་དར་ཐག་གི་ངན་སྦྲེལ་ལ་བརྟེན་ནས་ལས་ཀ་རག་ཡོད། དེ་གར་ལས་ཀ་བྱེད་མཁན་གྱི་མི་རྣམས་ནི་དང་པོ་ཕྲ་གདོག་མེ་ལས་ཆེ་བ་ཤ་སྟག་རེད། དེའི་སྟེང་ང་རྒྱལ་ཆེ་དྲག་ནས་འདྲི་བ་རིང་པོ་རིང་པོ་ཤ་སྟག་འདྲིས་ནས་རྒྱལ་བ་རིན་པོ་ཆེ་ཡང་འུ་ཐུག་དགོས་པ་བཟོས་སོང་། ཁོང་ཚོར་སྐྱོན་ཆ་ཤོད་ས་མེད། དཔེར་ན། སྐལ་ལྡན་ཟེར་མཁན་དེས་སྔོན་མ་རྒྱལ་བ་རིན་པོ་ཆེའི་མགྲོན་ཁང་ནང་ལ་སླེབས་ནས་བོད་ནང་གི་མི་དམངས་ཚོར་བཀའ་སློབ་གནང་རོགས་ཅེས་པའི་འདྲི་བ་ཐོག་ནས་བཅར་འདྲི་ཞུ་གི་ཡིན་ཟེར། དོན་དངོས་བཅར་འདྲིར་གཏོང་དུས། ཁོ་པའི་མཐོང་སྣང་དང་འཆར་སྣང་ཤ་སྟག་སྐར་མ་གསུམ་ཙམ་བཤད། ཁོ་པའི་སྐད་ཆའི་ནང་ནས་ཁོ་པ་འདོན་མ་ཐུབ་པར་ལུས། སྐད་ཡིག་དང་འཇིག་བརྟེན་གྱི་ཉམས་མྱོང་གྱིས་མ་ལྡང་སྟབས། སྐད་ཆའི་མགོ་འཇུག་འཁྲུགས། མཐའ་མ་འདྲི་བ་འཚམས་བཞག་སྐབས། རྒྱལ་བ་རིན་པོ་ཆེས། “འོ་ཁྱོད་ཀྱི་ཟེར་ཡས་དེ་རེད།”གསུངས་རྒྱུ་མ་གཏོགས་གསུང་ལན་སྐྱོན་ཡས་མེད་པ་བཟོས་སོང་།
དེར་བརྟེན་ངེད་ཚོས་ཐད་ཀར་རླུང་འཕྲིན་ལས་ཁུངས་ཀྱི་འཛིན་སྐྱོང་སྡེ་ཚན་ལ་ཡི་གེ་འབུལ་ནས། གསར་འགྱུར་གྱི་སྤུས་ཚད་མཐོ་རུ་གཏོང་དགོས་པའི་བསམ་འཆར་འདོན་ན་ཕན་གྱི་རེད། ཁོང་ཚོས་ངེད་ཚོའི་བཅའ་ཁྲལ་ལ་བརྟེན་ནས་ལྟོ་གོས་འབུད་བཞིན་ཡོད་སྟབས། ང་ཚོར་བསམ་འཆར་འདོན་པའི་ཐོག་ཐང་ནི་ཡོད།
རྒྱང་བསྒྲགས་ལས་ཁུངས་འདི་ལ་བོད་པ་གསར་འགོད་པ་ཆེད་ལས་མེད་པ་བདེན་ན་ཡང་རྒྱང་བསྒྲགས་འདིའི་ཕན་ཡོན་ནི་ཧ་ཅང་གིས་ཆེན་པོ་རེད། བོད་ནང་ལ་ཨེ་ཤར་ཡ་རྒྱང་བསྒྲགས་ལས་ཁུངས་དང་ཨ་རིའི་རྒྱང་བསྒྲགས་ལས་ཁུངས་གཉིས་ནི་རྒྱལ་སྤྱིའི་ཐོག་གི་གནས་ཚུལ་ཤེས་རྟོགས་བྱེད་སྤྱད་ཀྱི་སྒེའུ་ཁུངས་ལྟ་བུར་གྱུར་འདུག
དེང་སང་མི་ཤེས། སྔོན་མ་རྒྱང་བསྒྲགས་བྱེད་སྟངས་ལ་སྐྱོན་འགའ་རེ་ཡོད་པ་ཡང་བདེན་པ་རེད། ལྷག་པར་དུ་བཅར་འདྲི་བྱེད་སྐབས་དྲི་བ་མི་གསལ་བ་དང་དྲི་བ་རིང་བ། དྲི་བ་འདྲི་མཁན་རང་གིས་བཤད་འདོད་པ་ཞིག་དྲི་བ་དྲི་ཡུལ་ལ་བཤད་དུ་འཇུག་ཆེད་སྐོར་བཤད་རིང་པོ་རྒྱག་པ། སྐྱར་ཟློས་བྱེད་པ་བཅས་ནི་ངས་ཐེངས་འགར་དོ་སྣང་བྱུང་།
ངས་ཐེངས་ཤིག་ཨེ་ཤི་ཡའི་རང་དབང་རླུང་འཕྲིན་ཁང་གི་ཨ་མདོའི་ས་མིག་ཅིག་གི་སྟེང་དུ་ཡིག་རྒྱུགས་སྤྲད་པ་ཡིན་ཡང་རང་གི་ཤེས་ཡོན་གྱིས་ལྡེངས་མ་སོང་།
བསམ་ཚུལ་འདི་འདྲ་སྤེལ་ན། བཤད་ས་དེས་རྗེས་ཕྱོགས་དོ་སྣང་དང་གཟབ་ནན་བྱེད་ཀྱི་རེད་བསམ་གི།
ཕྱོགས་ཚང་མ་ཡར་རྒྱས་འགྲོ་རྒྱུར་རེ་བ་ཡོད་གི་སྙམ།
ཨ་ལགས་མཆོག་གིས་ཡིག་རྒྱུགས་ཀྱི་གནས་ཚུལ་དེ་ཚོ་ད་ལྟ་དྲན་སོས་ཀྱི་འདུག་གམ།
འབྲི་རྒྱུགས་དང་ངག་རྒྱུགས་གཉིས་ཀ་གཏོང་དགོས་ཀྱི་འདུག་གམ། འདི་གཉིས་ཀྱི་ནང་ནས་ཁྱེད་ཀྱིས་མ་ལྡངས་ས་གང་གི་ཕྱོགས་ནས་རེད།
གསལ་བོ་ཞིག་གསུངས་རོགས།
ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཨ་ལགས་དང་རིན་པོ་ཆེ་ཡིན་མ་ཡིན་མེད་བཟའ་ཟླ་དང་ནང་མི་སྤུན་མཆེད་མ་གཏོགས་ཚུད་མི་ཐུབ། རླུང་འཕྲིན་ཡག་པོ་ཡོད་ཀྱང་སྤྱོད་པ་མི་ཡག། ཚང་མས་རླུང་འཕྲིན་ཁང་གི་ལས་བྱེད་གོང་རིམ་ནས་བལྟས་ནས་ཤོག རླུང་འཕྲིན་ཁང་དེ་ཁྱིམ་ཚང་ཁ་ཤས་གྱིས་བཟུང་ཡོད། དཔེར་ན་གོང་གི་གསལ་བསྒྲགས་ལ་བལྟས་ནས་ཨ་མདོའི་སྡེ་ཚན་ལ་དཔེར་བླངས་ན། མང་ཆེ་བ་ཨ་ལགས་འཇིགས་མེད་དང་དཔལ་ལྡན་རྒྱལ་གཉིས་གྱི་ངན་ཇུས་རེབ་གོང་བས་བཟུང་ཡོད། དེའི་མ་ཚད་ཁྱིམ་ཚང་ནང་ཁུལ་ནས་འཛིན་ཐབས་ལ་ཧམ་པ་བྱེད་གྱི་ཡོད། དཔེར་ན་དཔལ་ལྡན་རྒྱལ་དང་དེབ་ཀློག་མཁན་ཚེ་རོང་དོནགྲུབ་གཉིས་སྤུན་མཆེད་རེད། ལྕགས་མོ་མཚོ་དང་སྟག་ལྷ་གཉིས་བཟའ་ཚང་རེད། རྡོ་རྗེ་མཚོ་དང་ཁྲིམས་རྩོད་པ་ཡིན་ཟེར་མཁན་བླ་མ་སྐྱབས་བླ་བཙོང་གཉིས་བཟའ་ཚང་རེད། ཤེས་ཐུབ་པ་དེ་རེད་མ་ཐུབ་པ་ག་ཚོད་ཡོད་ག་ཚོད་ཡོད་་་་་་་་་་་་་་་་་་་་
གསར་འགྱུར་བཤད་སྐབས་བཟའ་ཟླ་སྤུན་མཆེད་ལ་མིང་ཆེན་པོ་རེ་བཏགས་ནས་ངོ་སྤྲོད་དང་བཅར་འདྲི་བྱེད་སྐབས་ངོ་མི་གནོང་བ་ཡ་མཚན་རེད།
རབ་འབྱོར་ལགས་ཀྱིས་གསལ་བཤད་གནང་བར་ཐུགས་རྗེ་ཆེ། རླུང་འཕྲིན་ཁང་འདི་ཚོས་བོད་ནང་གི་བོད་མིར་གནས་ཚུལ་སྤྲད་པ་དེ་དག་ནི་དངོས་གནས་གདེང་འཇོག་བྱེད་འོས་པ་ཞིག་རེད་ལ། དེའི་སྐོར་ཉུང་ཙམ་ཞིག་ངེད་ཀྱིས་”ང་དང་བོད་ཀྱི་འཐབ་རྩོད་ཀྱི་འགྱུར་བ་”ཞེས་པའི་རྩོམ་ཞིག་ཏུ་བཀོད་ཡོད། སྐྱོན་གྱི་ཆ་ནས་བརྗོད་སྐབས་བཟང་གི་ཆ་དེ་ཡང་མཉམ་དུ་སླེབས་རྒྱུ་ནི་གལ་ཆེ་བར་འདོད།
དེ་ནས་ འདིར་ ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཆེད་ལས་པ་མི་འདུག་ཅེས་སྐྱོན་འཛུགས་བྱས་བྱུང་། ལས་རིགས་གཅིག་ལ་ལོ་ངོ་བཅུ་གྲངས་རིང་ལས་ཀ་བྱས་ཟིན་པའི་རྗེས་སུ་ཆེད་ལས་པའི་ལག་འཁྱེར་མེད་ནའང་ཆེད་ལས་པའི་ཉམས་མྱོང་ཏན་ཏན་ཡོད་པ་རེད་དྲན། འོན་ཀྱང་། ང་ཚོའི་གོམས་གཤིས་ཤིག་གིས་སྐད་ཆ་རིང་པོ་ཞིག་མ་བཤད་ན་དྲི་བ་གཏོང་མི་ཤེས་པ་ལྟ་བུའི་གོམས་གཤིས་ངན་པ་ཞིག་ཏན་ཏན་འདུག་དྲན།
ཀརྨ་པའི་སྐོར་ལ་ཡང་། གསར་འགོད་པས་དྲི་བ་དེའི་ལན་ཤེས་མིན་ལ་མ་ལྟོས་པར་དྲི་བ་དཔེར་ན། རིན་པོ་ཆེ་དགུང་ལོ་ག་ཚོད་ཡིན། བོད་ནས་ནམ་ཕེབས། ཉིན་རེར་གང་གནང་གི་ཡོད། སྐད་ཡིག་གང་སློབ་སྦྱོང་གནང་གི་ཡོད། དགེ་རྒན་སུ་ཡིན། སོགས་ལྟ་བུའི་དྲི་བ་ཕུལ་ཚེ་དྲི་བ་དེ་དག་ནི་ཉན་མཁན་ལ་དམིགས་པའི་དྲི་བ་ཞིག་རེད་ལ། དེས་”རྒྱལ་བ་ཀརྨ་པའི་སྐུ་ཚེའི་”སྐོར་གསལ་པོ་ཤེས་ཐུབ་རྒྱུ་རེད་སྙམ། དེ་མིན་རྟོག་པ་མཐའ་བཟུང་དང་མ་འོངས་སྔོན་དཔག་གི་དྲི་བ་དེ་ཚོ་ནི། སྐལ་ལྡན་བློ་གྲོས་ཀྱིས་ “མོ་ལུང་”ཞུས་པ་ཞིག་དང་ཁྱད་པར་མི་འདུག་དྲན།
གཟིགས་དང་། ཁོང་ཚོས་འདྲི་བ་ཆུང་ཆུང་ཞིག་ལ་ཚིག་སྐོར་དེ་འདྲ་རྒྱག་བཞིན་འདུག
ཨ་ནི། ཁ་སང་གསར་འགྱུར་གྱི་བརྒྱུད་ལམ་ཐོག ད་རེས་ཀྱི་སྐུ་ཚབ་དེ་ཕེབས་ཐེངས་ད་མཐའ་མ་དེ་ཆགས་སྲིད་པ་རེད་ཟེར་གྱི་འདུག ད་དུང་སྔོན་མ་སྐུ་ཚབ་ཐེངས་དྲུག་པའི་ཐོག་ལ་ཡིན་ནའི་རེད། ཡང་ཐེངས་བདུན་པའི་ཐོག་ལ་ཡིན་ནའི་རེད། གང་ལྟར་ཕར་ནས་ལན་གསལ་པོ་ཞིག་སྤྲད་མེད་དུས། ཕྱི་ལོག་ལ་སྡོད་མཁན་རྣམས་དང་། ལྷག་པར་བོད་པའི་ཐོག་རོགས་པ་བྱེད་མཁན་རྣམས་ཀྱིས་རྒྱ་ཕྱོགས་ཀྱི་གནང་སྟངས་དེར་དྭོགས་པ་ཞིག་མ་བཟའ་དཀའ་མེད་ཆགས་ཀྱི་ཡོད། དེ་འདྲས་སོང་ཙང་། ད་ད་རེས་རིན་པོ་ཆེ་མཆོག་དེ་གར་ཕེབས་ནས་རྒྱ་ཕྱོགས་ལ་ད་ཁྱེད་རྣམས་ཀྱི་ལན་གསལ་པོ་ཞིག་མ་རྒྱབ་ན་རྒྱལ་སྤྱིའི་ལྟ་ཚུལ་ལ་འགྱུར་བ་འགྲོ་སྲིད་པ་རེད་གསུངས་རྩིས་ཡོད་ན། དེ་མིན་ན། ད་རེས་ཕར་ཕེབས་ནས་གཞུང་ཕྱོགས་ཀྱི་ལན་གསལ་པོ་ཞིག་གནང་ནས་ཁོང་ཚོར་མཐའ་མའི་རྡ་ཚིག་ཞིག་སྤྲོད་རྒྱུ་ཡིན་ནམ། གང་ལྟར་ཕྱི་ནང་གང་ཡིན་ཡང་བོད་རྒྱའི་འབྲེལ་མ་འདི་ལ་འབྲས་བུ་མེད་པ་གཟིགས་མཁན་མང་པོ་ཡོད། ཁ་སང་ཨ་རིའི་མགྲིན་ཚབ་པས་ཀྱང་རྒྱ་ཕྱོགས་ལ་ཏ་ལའི་བླ་མ་དང་གྲོས་མོལ་མགྱོགས་མྱུར་བྱེད་དགོས་པའི་རེ་འདུན་གནང་ཡོད། དེར་བརྟེན་ད་རེས་བོད་ནང་གི་གནས་སྟངས་དང་། ཕྱིའི་གནོན་ཤུགས་ལ་བརྟེན་ནས་རྒྱ་ཕྱོགས་ཀྱིས་ལན་ཁ་གསལ་ཙམ་ཞིག་རག་རྒྱུའི་རེ་བ་སོགས་གནང་གི་མེད་དམ། དེ་མིན་ན། བོད་གཞུང་ཕྱོགས་ཀྱི་ལངས་ཕྱོགས་ལ་སྒྱུར་བ་གསར་པ་འདྲ་ཡོད་མིན་གཅིག་གསུངས་རོགས་གནང་།
ད་རླུང་འཕྲིན་ནང་གི་ལེ་ཚན་དག་ལ་རེ་བ་ཞིག་མེད་དུས་དྲ་རྒྱའི་ནང་གི་གསར་འགྱུར་དག་མཚམས་རེར་ཁྱོན་ནས་ཀློག་སར་མི་འགྲོ་གི། སྔ་ལོར་ཨ་རིའི་རླུང་འཕྲིན་གྱིས་ང་ཕོད་ཟེར་བའི་མི་ཞིག་ལ་བཅར་འདྲི་བྱས་སོང་། ངོ་སྤྲོད་གནང་སྐབས་མི་དེ་ནི་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་པ་རེད་ཟེར། བཅར་འདྲིར་ཉན་རྗེས་རླུང་འཕྲིན་ཁང་ཞིག་གི་འགན་འཛིན་ལ་འདི་ལྟ་བུའི་མི་ཞིག་སླེབས་ཡོད་དུས་ཨེ་ཤ་ཡ་རང་དབང་ཚང་ཚར་འདུག ད་དུང་ཁོས་རྒྱ་ནག་ཁྲིམས་ལུགས་ཀྱི་སྟེང་ནས་བོད་ཀྱི་ཐོགས་ལ་འཛིན་པའི་སྲིད་ཇུས་འདི་སྟེང་ནག་པོ་རེད་མ་གཏོགས་ཧུའུ་ཅིན་ཐོ་སྒེར་ངོས་ནས་ཁོ་བོ་མི་གཤིས་འཇམ་ཡིན་ཚུལ་སོགས་སྐྱག་དྲི་བྲོ་བའི་སྐད་ཆ་མང་པོ་ཞིག་བཤད་སོང་། དུས་དེ་ནས་ང་སྔོན་ཆད་བོད་ན་ཡོད་དུས་ཀྱི་རང་དབང་རླུང་འཕྲིན་ཁང་འདིའི་ཡིད་ཆེས་བརླགས་སོང་།
རེད། ང་ཕོད་ཀྱི་ཕྲུ་གུས་ཧུ་ཅིང་ཐའོ་ལ་བསྟོད་ར་མ་གཏོང་དཀའ་མེད་རེད། ཁོང་གི་ཨ་ཕའི་གླ་ཆ་དེ་ཧུ་ཅིང་ཐའོ་ཡིས་སྤྲོད་ཀྱི་ཡོད། དེ་ཟུར་བལྟས་ལེབ་མཐོང་རེད། ད་རླུང་འཕྲིན་འདིའི་ཁ་ནས་བདེན་པ་དང་དྲང་པོ་ཤོད་ས་འདུག་གས།
ཕ་རྒན་གྱི་རྒན་ཡོལ་གླ་ཕོགས་འགའ་ལ་བལྟོས་ནས་ཕྱི་ཕྱོགས་ནས་འདི་འདྲའི་སྐད་ཆ་བཤད་རྒྱུ་ནི་ངོ་མ་མི་རིགས་འདི་ལ་བབ་མེད་ཡ། ང་ཕོད་ཚང་གིས་བོད་ཟོས་ནས་བསྡད་པ་མ་གཏོགས་བོད་པས་འདི་བ་ཚང་ཟོས་རབས་འཐུང་རབས་མ་གོ། ད་དུང་ལོ་འདི་དག་གི་རིང་བོད་ནང་གི་ལྷ་སའི་གསར་ཤོག་སྟེང་ང་ཕོད་ཅིག་ཅིག་ཟེར་བའི་བུ་མེད་ཅིག་ལད་གར་ལ་འབུད་ཀྱིན་འདུག འདིའི་མིང་ངས་མི་དྲན་གི རྗེས་མ་ཤེས་འདོད་མཁན་ཡོད་ན་ཡང་བསྐྱར་འབྲི།
ད་དུང་བོད་པ་ཚང་གི་མི་མང་བོ་ཞིག་གིས་སྤྱི་དོན་ལས་སྒེར་དོན་ཤུགས་ཆེ་བའི་ནད་ཚ་འདི་དྲག་བསྐྱེད་བྱུང་མེད་སྟབས། དོན་དག་འདིའི་རིགས་མཚམས་ཆད་རྒྱུའི་ཐད་དུ་ངེད་ཅག་གིས་དཀའ་ལས་མང་བོ་ཞིག་རྒྱག་པར་རང་ངོས་ནས་མགོ་བཟུང་དེ་ཤུ་རེ་བྱེད་དགོས་པ་དེ་ཡིན་པ་མ་ཟད། དེ་འདྲ་བྱེད་མཁན་གྱི་མི་གང་ན་སུ་ཡོད་པ་དེ་དག་ཕྱོགས་རུས་དང་ཕྲག་དོག་མེད་པའི་སྒོ་ནས་འཐེར་འདོན་བྱེད་རྒྱུ་དེ་ནི་དངོས་ནས་གལ་ཆེན་ནང་གི་དོན་ཆེན་རེད་ལ། རྗེས་ཕྱོགས་མི་དེའི་རིགས་དོགས་གཟོན་ནན་པོ་བྱེད་དགོས་ཀྱི་ཡོད་པ་རེད།
ཨོ། ཤོག་ལྷེ་འགའ་འདོན་རྒྱུ་དང་བསྒྱུར་སྒྱུ་གཉིས་ཀ་འདུག གཟའ་འཁོར་འགའི་རྗེས་ནས་དཔལ་ལྡན་རྒྱལ་མཆོག་གིས་ཡིག་ལན་ཞིག་བསྐུར་ཏེ་ཁྱོད་ཀྱི་ཡིག་ཚད་ཡག་པོ་བྱུང་འདུག ཡིན་ན་ཡང་དགོས་དབང་ཞིག་གིས་ལས་ཀ་འདི་ཁྱོད་ལ་སྤྲོད་ཐབས་མ་སོང་ཞེས་བྲིས་འདུག རྗེས་སུ་སྟག་ལྷ་རྒྱལ་གྱིས་གསར་འགྱུར་བཤད་མགོ་བཙུགས་སོང་། འདང་ཞིག་བརྒྱབ་དུས་སྟག་ལྷ་རྒྱལ་ཁོང་སློབ་གྲྭ་ཆེན་མོ་ནས་ཐོན་པ་ཞིག་ཡིན་ལུགས་འདུག་པས་ང་ལྟ་བུ་ཅི་ཡང་མི་ཤེས་པ་ཞིག་གིས་དེ་རུ་འདུར་རྒྱུག་བྱེད་པ་ལས་ཁོང་ལྟ་བུ་ཞིག་གིས་ཕྱག་ལས་གནང་ན་དངོས་ཡོད་གནས་སྟངས་དང་མཐུན་པ་འདུག་བསམས་ནས་ཧ་ཅང་དགའ་བོ་བྱུང་།
དགེ་འདུན་རབ་གསལ་ལགས། ད་ནི་སྐུ་ཉིད་ཀྱིས་གསལ་འདེབས་བྱས་པ་དེར་ཐུགས་རྗེ་ཆེ་དང་། ང་རང་གི་ལྟ་ནོར་ཐེབས་པ་དེར་དགོངས་དག་ཞུ་རྒྱུ་ཡིན། རྗེས་ཕྱོགས་འདི་འདྲའི་ཐད་དུ་གང་ཐུབ་གཟབ་གཟབ་བྱེད་ཆོག
ང་ནི་ཁ་བརྡའི་ནང་ཐོག་དང་པོར་སླེབས་པའི་མགྲོན་པོ་ཞིག་ཡིན་པས། དྲ་གྲོགས་རྣམས་ཀྱི་བསམ་ཚུལ་ལ་བློ་གཟུ་པོས་བགྲོ་གླེང་བྱེད་རྒྱུའི་འདུན་པ་ཡོད། བཀྲ་ཤིས་བདེ་ལེགས།