དབྱངས་ཅན་འབངས།
མཁྱེན་ལྡན་ངག་དབང་བརྩོན་འགྲུས་ལགས་ཀྱི་མི་ཚེ་དང་སྙན་ངག་ལ་ལྟ་ཚུལ་བཀླགས་རྗེས་འདི་འདྲ་ཞིག་བྲིས་ཤོར། དེ་ལ་ཐོག་མར་འདི་ལྟར་བརྗོད་པར་འདོད་དེ། སྤྱིར་ན་སྔོན་གྱི་སྙན་རྩོམ་ཐམས་ཅད་བསྟོད་ཚིག་མིན་པ་ནི་མཐོང་ཐོས་ཀྱི་རྒྱ་ཁྱོན་འབྲིང་ཡན་ཆད་མཆིས་པ་རྣམས་ལ་གྲགས་ཤིང་གྲུབ་པའི་ཕྱིར་ན་འདིར་ལོག་རྟོག་དེ་དག་སེལ་བའི་ངལ་བ་བསྟེན་རྒྱུ་མིན། དེས་ན་འདིར་དང་པོར་རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་གསུང་རྩོམ་སྤྱིའི་སྐོར་རགས་ཙམ་གླེང་ན། རྗེ་བླ་མའི་གསུང་རྩོམ་རྣམས་རིགས་བསྡུ་ན། གཞུང་འགྲེལ། དཔྱད་རྩོམ། སྙན་རྩོམ་བཅས་སུ་བསྡུས་པར་སེམས། དེ་ལ་དང་པོའི་དབང་དུ་བྱས་ན། གསང་འདུས་རྒྱུད་འགྲེལ་ཆེན་མོ། བདེ་མཆོག་རྒྱུད་འགྲེལ་སྦས་དོན་ཀུན་གསལ། རྩ་འཇུག་རྣམ་བཤད་ཆེན་མོ། ལེགས་བཤད་གསེར་ཕྲེང་སོགས་དང་། གཉིས་པའི་དབང་དུ་བྱས་ན། རིམ་ལྔ་གསལ་སྒྲོན། དྲང་ངེས་ལེགས་བཤད་སྙིང་པོ། ལྷག་མཐོང་ཆེ་ཆུང་སོགས་ནི ཉེ་རབས་མཁས་པས་བརྩམས་པའི་གཞུང་། འདིར་མི་དང་སྲོག་ཆགས་དེ་འདྲ་འདུག ཁོང་ཚོ་ཉིན་གུང་ཟས་ཀྱི་རྗེས་གཉིད་ཉལ་ཟེར་བ་སོགས་ཀྱི་བརྗོད་བྱ་ལས་བརྩམས་པ་དག་གིས་གཞར་ཡང་བསྒྲུན་དུ་མེད་པའི་ལེགས་བཤད་ཀྱི་ཆུ་གཏེར་ཆེན་པོ་འབའ་ཞིག་སྟེ། མུན་ནག་མདའ་འཕེན་ལྟ་བུ་མིན་པར་གནད་དུ་ཁེལ་བ། རྒན་མོའི་ཟས་ལྟར་མ་སོང་བར་དཀའ་ས་རྩལ་དུ་གཏོན་པ། གཡག་ཞར་གྱི་རྩྭ་ལྟ་བུ་མིན་པར་ཕྱོངས་ཡོངས་ནས་བཤད་པ། བྱ་རོག་ཚང་འཆའ་བ་ལྟ་བུ་མིན་པར་དོན་ཚན་རྣམས་མ་འཁྲུགས་པར་གོ་རིམ་ངེས་པ་ཅན། ལོང་བ་མཁར་བ་ལ་བརྟེན་པ་ལྟ་བུ་མིན་པར་གང་འཆད་རྒྱུའི་དོན་དེ་ལ་གདེང་དྲོད་ཚད་དུ་ཕྱིན་པ། གེ་སར་གྱི་སྒྲུང་ལྟ་བུ་མིན་པར་གཞུང་སྤྱི་དང་དོན་ཚན་སོ་སོར་དོན་གྱི་སྙིང་པོའི་བསྡོམས་ཚིག་ཡོད་པ། ཚིག་གི་ཟེར་མདའ་འཕེན་པ་ཙམ་མིན་པར་ལོག་རྟོག་རྩ་ད་ནས་འབྱིན་པའི་རིགས་པ་སྟོབས་དང་ལྡན་པ། རྒན་པོའི་ངག་འགྲོས་བསྐྱར་བ་ཙམ་མིན་པར་རང་གི་བཞེད་པ་འབུར་དུ་དོད་པ་བཅས། མདོར་ན་རང་གི་བློ་གྲོས་ཀྱི་རྐྱལ་རྩལ་ཇི་ཙམ་ཆེ་རུ་འགྲོ་བ་དེའི་ཚོད་ཀྱིས་འདི་དག་གི་གོ་དོན་གཏིང་ཇེ་ཟབ་དང་མཐའ་ཇེ་རྒྱས་སུ་འགྲོ་བ་ལས། དེང་སང་གི་ཆ་བསྡུ་ཡ་བསྡུ་བྱས་པའི་དཔྱད་རྩོམ་ཉག་ཉོག་དེ་དག་དང་གཏན་མི་འདྲ་བའི་ཁྱད་ཆོས་ཤིག་ཡུན་རིང་སློབ་གཉེར་བགྱིས་ན་ད་གཟོད་ཤེས་པར་འགྱུར་གྱི། དཔེ་ཆ་དང་ཡུན་དུ་མི་འགྲོགས་པར་ལོ་ཤས་ཟླ་ཤས་ནས་དཔེ་ཆ་དེར་ནང་དོན་སྙིང་པོ་མེད་པ་དང་ཡང་ན་དེ་ཙམ་མོ་ཞེས་སྤྱི་བརྟོལ་བསྐྱེད་ནས་སྨྲ་བ་དག་ནི་རང་གི་བློའི་འཇུག་པ་ཁབ་མིག་ལྟར་ཕྲ་བར་གསལ་འདོན་བྱས་པ་ཙམ་དུ་ཟད་དོ།།
རྗེ་བདག་ཉིད་ཆེན་པོའི་སྙན་རྩོམ་ཐད་ནས་བཤད་ན། བཅད་ལྷུག་སྤེལ་མའི་རང་བཞིན་ཅན་གྱི་རྟོགས་བརྗོད་ཁག་དང་བསྟོད་ཆེན་བཞིས་མཚོན་སྙན་རྩོམ་ཁྱོན་ཆེ་གསུང་ཐོར་བུ་སོགས་སུ་བཞུགས། སྤྱིར་ན་རྗེ་བླ་མའི་སྙན་རྩོམ་དག་ནི་ལྷོ་ཕྱོགས་བཻདརྦྷའི་རྩོམ་ལུགས་ལྟར་འབོལ་ལ་འཇམ་པ་གོ་བདེ་བ། ཚིག་གི་རོ་ཉམས་ཆེས་ཕུན་སུམ་ཚོགས་པ། སྡེབ་སྦྱོར་ཤིན་ཏུ་ལེགས་པས་ངག་ལ་མྱུར་དུ་བྱང་བ་ཞིག་མཆིས། འོན་ཀྱང་ཆོས་རྒྱལ་ནང་སྒྲུབ་ཀྱི་བསྟོད་པ་སོགས་འགའ་ཞིག་དྲག་ཤུལ་གྱི་ཉམས་རྩེ་མོར་སོན་པ་དག་ཀྱང་ཡོད་པ་སྟེ། ང་ལྟ་བུས་ཁྱད་ཆོས་མཐའ་དག་པ་བརྗོད་པར་ག་ལ་ནུས། དེ་ལྟར་སྤྱིར་བསྟན་པ་བརྗོད་ནས་སྐབས་སུ་བབ་པའི་ཞུ་བྱ་ནི། ཁྱེད་ཀྱིས་སྙན་ངག་རྣམ་དག་ཏུ་ངེས་པ་མ་རྙེད་པའི་མཚན་གཞིར། “བེ་རི་དགེ་བཤེས་ཀྱིས་བྲིས་པའི་ << མེན་ཇི་ཏྲི་ལའི་སྙན་ངག >> ལྟ་བུ་ཚིག་གི་མཛེས་རིས་ངོ་མཚར་ཡང་དོན་གྱི་གཏད་སོ་ཅི་ཡང་མེད་པ་མ་ཟད། འཇིག་རྟེན་ལས་འདས་པའི་བློས་བསླངས་འབའ་ཞིག་གིས་བཞེངས་བསྐྲུན་བྱས་པས་འཇིག་རྟེན་པ་དག་གིས་མྱོང་རོལ་བྱ་སའི་གཞི་ཅི་ཡང་མེད་པ་འདི་དག་ཡིན་ལ། དེ་བས་རྗེ་བླ་མས་མཛད་པའི་ << འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོ། >> སོགས་སྔོན་གྱི་རྟོགས་བརྗོད་དང་བསྟོད་པ་གང་མང་ཞིག་ཀྱང་འདི་དང་ཆ་འདྲ་བས། རང་ཉིད་ཀྱི་དད་འདུན་ཆེ་བ་རྒྱུ་མཚན་གྱིས་སྒྲོ་བཀུར་ཡུལ་ལས་འདས་པ་རྐྱང་རེ་བྱས་ནས་སྐྱོར་བཞིན་འདུག་ཀྱང་། བདག་ལ་ནི་ད་དུང་ཡང་སྙན་ངག་རྣམ་དག་ཅིག་གི་མཚན་གཞིར་འཇོག་རུང་བའི་ངེས་པ་མི་རྙེད་དོ།།” ཞེས་རྗེ་བཙུན་ཙོང་ཁ་པའི་སྙན་རྩོམ་ལ་ངེས་པ་མ་རྙེད་པའི་ཟོལ་གྱིས་སྙན་ངག་གི་རོ་མཆོག་མེད་ཅེས་དོན་གྱིས་སྨྲས་ནས། ཡང་། “སྙན་ངག་ཟེར་བ་གཙོ་བོ་རྗོད་བྱེད་ཀྱི་ཆ་ནས་བཞག་ཀྱང་ཚོར་བའི་གཤིས་དང་འབྲེལ་མིན་ནི་བརྗོད་བྱ་ལ་རག་ལས་པའི་གནད་ཀྱིས། དགེ་ཆོས་ཀྱི་སྙན་ངག་རྣམས་ནི་གོ་སླ་ཞིང་གནད་ལ་ཁེལ་བ་དང། བརྗོད་སྙིང་ཟབ་པ་སོགས་ཁྱད་དུ་འཕགས་པའི་ཉམས་དང་ལྡན་ལ། དེ་ཡང་མེ་ལོང་མའི་རྒྱན་གྱི་འགྲོས་དང་ལྡན་ཞིང་ཀར་ཀོར་མེད་པར་བརྗོད་བྱ་མཐར་གྱིས་སྟོན་པ” ཞེས་སྙན་ངག་རྣམ་དག་གོ་དོན་དང་དེ་དགེ་ཆོས་ཀྱི་སྙན་ངག་ལ་ཚང་ཚུལ་བཤད་དོ།། འདིར་རྗེ་བླ་མའི་སྙན་རྩོམ་ཚིགས་བཅད་འགའ་ཞིག་དྲངས་ནས་མཁས་དབང་དགེ་ཆོས་པའི་སྙན་རྩོམ་དང་མཚུངས་བསྡུར་བྱ་རྒྱུ་ཡིན།
རྗེ་བླ་མའི་དྲང་ངེས་རྣམ་འབྱེད་ཀྱི་མཇུག་བྱང་དུ།
ཏིང་འཛིན་ཤེས་རབ་ཚུལ་ཁྲིམས་ཡོངས་དག་པའི།།
དགའ་སྟོན་ཆེན་པོས་ཡིད་རབ་ཚིམ་གྱུར་ནས།།
རེས་འགའ་རྒྱལ་ལ་དང་བའི་དགའ་བ་རྒྱས།།
སྐབས་འགར་ཤིང་རྟ་ཆེན་པོའི་སྐུ་དྲིན་དྲན།།
གཞན་ཚེ་མཁས་པའི་བཤེས་ལ་གུས་པ་དང་།།
ཉམ་ཆུང་འགྲོ་ལ་སྙིང་ནས་བརྩེ་བ་དང་།།
བསྟན་པ་རིན་ཆེན་རིང་དུ་གནས་འདོད་པ།།
འདི་དག་ཕན་ཚུན་འགྲན་བཞིན་འཕེལ་བར་འགྱུར།།
དེ་ཚེ་རིང་ནས་ཉམས་པའི་རྟོགས་དཀའི་གནས།།
གང་གིས་བཙལ་བས་རྙེད་པའི་རིགས་པའི་ལམ།།
དེ་ཡི་རྣམ་འཕྲུལ་ཀྱེ་མའོ་ངོ་མཚར་ཞེས།།
གཅིག་པུར་གནས་ཀྱང་དགའ་བའི་ཅ་ཅོ་འཆོར།།
ཞེས་གསུངས་པ་འདི་བསྟོད་ཚིག་ཀྱང་མིན་ལ། རྗེ་བླ་མའི་སྐབས་དེའི་དགའ་སྤྲོས་རྒྱས་པའི་སྙིང་སྟོབས་ཀྱི་ཚོར་བའི་ཟབ་ཁྱད་གསལ་བར་མཚོན་པ། བརྗོད་བྱ་གཏིང་ཟབ་པའི་མཐར་ཐུག་ཀྱང་ངག་ཏུ་འབྱོར་བདེ་ལ་ནང་དོན་གོ་སླ་བ། རང་བཞིན་བརྗོད་པའི་རྒྱན་གྱི་མཐར་ཐུག་ཏུ་གྲུབ་པ་སྟེ། ཉིད་ཀྱིས་བཤད་པའི་གོ་དོན་ཡང་ག་རེ་ཚང་གི་མིན་འདུག ཅེས་པ་ནི་མཚོན་པ་ཙམ་མོ།།
མཁས་དབང་དགེ་ཆོས་པའི་སྙན་རྩོམ་ཐོར་བུའི་ནང་།
ཐོག་མ་མེད་ནས་རྟག་ཏུ་འགྲོགས་པ་ཡི།།
མི་འགྱུར་སེམས་ཀྱི་གཤིས་ཀྱང་མི་མཐོང་ན།།
བཙན་ཐབས་སྒོམ་གྱིས་གསར་དུ་རྙེད་པ་ཡི།།
ཡ་མཚན་གྲུབ་པའི་གཟིགས་མོ་ཅི་ལ་མཐོང་།།
རང་སེམས་སྨྱོན་པས་རང་ངོ་མ་ཟིན་པས།།
ཆོས་སྲིད་གནམ་ས་གཉིས་ཀྱི་རྒྱ་ཁྱོན་ཚད།།
རྟག་ཏུ་གཞལ་བའི་འཁྲུལ་སྣང་རིམ་པ་འདིར།།
གཏན་གྱི་སྐྱབས་གནས་བྱེད་པའི་སྙིང་ཁམས་ཅན།།
ཡུན་རིང་འགྲོགས་ན་ཚེ་འདིའི་བྱ་གཞག་ལ།།
མི་སྐྱོ་བྱ་བ་གཅིག་ཀྱང་ཡོད་མ་ཡིན།།
སྐྱོ་བའི་སེམས་གསོ་དམ་པའི་ལྷ་ཆོས་ཏེ།།
སེམས་ཀྱི་ཁོང་དུ་ལན་ཅིག་འོང་བར་ངེས།།
ཞེས་གསུངས་པ་འདི་ལ་མཚོན་ན་ནང་དོན་ལ་སྨྲ་བ་པོའི་ཚོར་བ་ཟབ་པ་སྨོས་མ་དགོས་ཀྱང་། བརྗོད་བྱའི་ཆ་ནས་བཤད་ན་སྤྱིར་བཏང་ཙམ་ཡིན་པ་གཟིགས་ན་ཤེས་པར་འགྱུར་ལ། མཁས་པ་གཉིས་ཀའི་དྲང་ཚུགས་ཀྱི་གཤིས་ཀ་ལ་སུས་ཀྱང་སྐྱོན་གདགས་སུ་མེད་པས། གོང་དུ་དྲངས་པའི་རྩོམ་གྱི་ནང་དོན་རྣམས་མཛད་པ་པོ་སོ་སོའི་ཐུགས་རྒྱུད་ལ་ཇི་ལྟར་སིམ་པའི་ཚུལ་ཡང་བརྟགས་ན་ཤེས་སླའོ།།
ཡང་རྗེ་བླ་མའི་རྣམ་རྒྱལ་མའི་བསྟོད་པར།
ཡིད་འཕྲོག་འོད་ཟེར་སྟོང་གི་དྲ་བ་ཅན།།
ཕུལ་བྱུང་ཆུ་ཞེང་གབ་པ་ཁྱོད་ཀྱི་སྐུ།།
འོ་མའི་ཆུ་གཏེར་དབུས་ན་གངས་རི་བཞིན།།
པད་ཟླའི་སྟེང་ན་མཛེས་ལ་ཕྱག་འཚལ་ལོ།།
ཆུ་ཤེལ་བཙོ་མའི་གསེར་དང་ཨིན་དྲ་རྙིལ།།
ཡོངས་སུ་དག་པའི་འོད་ལྟར་རང་གསལ་བའི།།
དབུས་དང་གཡས་གཡོན་ཞལ་བཟང་རྒྱས་པ་ནི།།
སྒེག་དང་ཞི་དང་ཁྲོ་ལ་ཕྱག་འཚལ་ལོ།།
གདུགས་མཛེས་ཏོག་ལ་ཨིན་དྲ་ནཱི་ལ་བཞིན།།
རབ་རྒྱས་དབུ་ལ་རལ་པའི་ཐོར་ཅོག་ཅན།།
དྲི་བྲལ་མཁའ་ལ་འཁྱོག་པའི་འཇའ་ཚོན་ལྟར།།
མཐོན་མཐིང་སྤྱན་མཆོག་སྨིན་མ་རོང་པོས་མཛེས།། ཞེས་དང་།
སྐར་འཕྲེང་བཀྲ་བའི་མདངས་ལྟར་རང་གསལ་བའི།།
དོ་ཤལ་མཆོག་གི་མགྲིན་པར་རབ་ཏུ་འཁྱུད།།
འོ་མའི་རྒྱུན་འཛིན་ནུ་འབུར་ཟུང་གཅིག་གིས།།
རབ་ཡངས་ལ་ངང་པས་དཔེ་མཚོར་བཞིན།།
ཞེས་དཔེ་སྣ་ཚོགས་ལ་སྦྱར་བའི་རྣམ་རྒྱལ་མའི་སྐུའི་ཆ་སོ་སོ་ལ་བསྟོད་པ་མཛད་པ་འདི་དག་ནི། རྒྱན་གྱི་ཁུར་གྱིས་ནོན་པའི་རྒན་མོ་ལྟ་བུ་མིན་པར་ལུས་ཕྲ་གཞོན་ནུའི་རང་བཞིན་གྱི་ལུས་བཟང་པོ་ལ་མཛེས་བྱེད་གདུ་བུ་སོགས་རན་པར་སྤྲས་པ་ལྟར་ཆེས་ཕུལ་དུ་བྱུང་བའི་དཔེ་རྒྱན་དག་སྟེ། དཔེ་རྒྱན་གྱི་མཚན་གཞི་ལ་འདི་འདྲ་བ་ཞིག་རྙེད་དཀའའོ།།
དགེ་ཆོས་ཀྱི་སྒྲོལ་མའི་བསྟོད་པར།
དུས་གསུམ་རྒྱལ་བ་ཀུན་གྱི་འཕྲིན་ལས་གཟུགས།།
ཐར་འདོད་སྐྱེ་རྒུ་ཡོངས་ཀྱི་དཔུང་དང་གཉེན།།
ཉམས་ཐག་འགྲོ་བ་ཀུན་ལ་བརྩེ་བའི་མ།།
རྗེ་བཙུན་སྒྲོལ་མའི་ཞབས་ལ་གསོལ་བ་འདེབས།།
གཡུ་མདོག་ལང་ཚོ་དར་བ་མཛེས་པའི་སྐུ།།
སྲིད་ཞིའི་གདུང་བ་ཀུན་སེལ་སྙན་པའི་གསུང་།།
སྒྲིབ་གཉིས་གྲིབ་མ་རྣམ་དག་སྙིང་རྗེའི་ཐུགས།།
རྗེ་བཙུན་སྒྲོལ་མའི་ཞབས་ལ་གསོལ་བ་འདེབས།།
རྒྱུས་མེད་ཡུལ་དུ་ལམ་སྟོན་ས་མཁན་མཛད།།
འཇིགས་པའི་འཕྲང་དུ་སྐྱོབ་པའི་སྐྱལ མ་གནང་།།
དབུལ་ཞིང་ཕོངས་ཚེ་མཁོ་བའི་ལོངས་སྤྱོད་སྩལ།།
རྗེ་བཙུན་སྒྲོལ་མའི་ཞབས་ལ་གསོལ་བ་འདེབས།།
ཞེས་གནང་བ་འདི་ཡང་ཉམས་འགྱུར་ཕུན་སུམ་ཚོགས་པའི་སྙན་ཚིག་སྤུས་དག་ཅིག་ལོས་ཡིན་ཏེ། འོན་ཀྱང་དེེང་སང་གི་མཁས་པར་གྲགས་པ་ཕལ་ཆེ་བས་དེ་ཙམ་རྩོམ་མི་ནུས་པ་ཁྱོན་ནས་མིན། དེ་དང་དེ་ལ་སོགས་པའི་ཁྱད་པར་ཆེས་མང་སྟེ་རེ་ཞིག་དུས་ཚོད་ཀྱི་རྐྱེན་པས་འདི་ཙམ་གྱིས་ཆོག་པ་བྱས་སོ།།
ཡང་རྗེ་བླ་མའི་བསྟོད་སྤྲིན་རྒྱ་མཚོར།
དངོས་འཛིན་ཆང་གིས་རབ་ཏུ་མྱོས་པས་བླང་དོར་འབྱེད་པའི་བློ་གྲོས་ཉམས།།
ཉོན་མོངས་གདུག་པའི་སྣ་ཡི་ལག་པས་དགེ་བའི་ལྗོན་པ་ཀུན་ཏུ་འཇོམས།།
སྲེད་པའི་ཞགས་པས་ཡིད་ནི་དྲངས་པས་རྙེད་བཀུར་གླང་མོའི་ཕྱིར་འབྲང་བ།།
བག་མེད་ནགས་ཁྲོད་ཀུན་ཏུ་རྒྱུ་བའི་གདུལ་དཀའི་ཡིད་ཀྱི་གླང་པོ་ཆེ།།
ཞེས་གསུངས་པ་འདི་ནི་བསྟོད་ཚིག་མིན་ལ། གཟུགས་ཅན་གྱི་རྒྱན་གྱིས་སྤྲས་པའི་ཉམས་འགྱུར་རོ་མཆོག་ལྡན་པའི་ཚིག་རྒྱན་གྱི་ལོ་ཆང་རྙེད་དཀའ་བ་ཞིག་ལགས་མོད། འཐུང་མཁན་ཕལ་ཆེ་བ་དེང་དུས་ཨ་གསར་གྱི་ཨ་རག་དཀར་པོ་མ་གཏོགས་མ་འཕྲོད་པའི་སྐབས་སུ་འཁེལ་བས་རྒུན་ཆང་མངར་མོ་འདི་འཐུང་མཁན་མེད་པར་ལྷག་ཉེན་ཆེ་བས་ཕངས་སེམས་ཅིས་མི་སྐྱེ། ལྷག་པར་དུ་ཁྱེད་ཀྱིས་འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོ་དང་བེ་རི་དགེ་བཤེས་ཀྱིས་དུས་ཚོད་མ་འཁྱོལ་ནས་བྲིས་པའི་མན་ཇི་ཏྲི་ལའི་སྙན་ངག་གདན་གྲལ་གཅིག་ལ་འཇོག་པ་ནི། ནམ་མ་འཁྱོལ་ནས་བྲིས་ཟེར་བ་དངོས་བདེན་དུ་འདུག དེ་མིན་ན་ཚིག་དང་དོན ཇི་ཙམ་སྙན་ཞིང་ཟབ་ཀྱང་བློ་མ་ཚིམས་པ་ནི་ཕལ་ཆེར་དེང་རབས་སྨྲ་བའི་མིག་ཤེལ་སྔོན་པོ་དེ་གྱོན་ཡོད་ཚོད་འདུག་པས་དེ་ལན་ཅིག་བཞག་ནས་གནའ་དེང་ཀུན་ལ་འཚམས་པའི་ཚོན་མེད་མིག་ཤེལ་དེ་ཐེངས་གཅིག་གྱོན་དང་དོན་གྱི་ཡིན་ལུགས་ཇི་བཞིན་མ་འདྲེས་པར་མཐོང་བར་འགྱུར་རོ།། དེས་ན་སྙན་ཚིག་གི་ཆེ་བ་བརྗོད་པའི་སྐབས་སུ་རྗེ་ཙོང་ཁ་པའི་སྙན་ཚིག་ལ་ཡི་མ་རངས་པའི་རྣམ་འགྱུར་མངོན་པ་ནི། ཚིག་རྒྱན་གྱི་ཐད་ལ་ད་ལྟ་བྱིས་པ་ལོ་བརྒྱད་ཡིན་པའི་ངང་ཚུལ་གསལ་བར་བྱས་པར་བརྩི་དགོས་པར་འགྱུར་མོད། ཁྱེད་རང་གི་ཚིག་ལྷུག་རྩོམ་འགྲོས་ལ་ངས་ཡི་རངས་ཏོག་ཙམ་ཤོར་ཐལ། སྒྲ་རིག་བསྟན་པ་ཕྱོགས་ཀུན་དར་གྱུར་ཅིག། །།
དེ་དེ་བཞིན་ནོ་ཞུས་པ་ལས་ཅང་མེད། ད་དུང་རྗེ་ཙོང་ཁ་པས་མཛད་པའི་དབྱངས་ངེས་པའི་སྒྲ་རྒྱན་ལྟ་བུ་བོད་ཀྱི་རྩོམ་རིག་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་དེ་སྔ་བྱུང་མ་མྱོང་བ་ཞིག་རེད། རྗེ་ཙོང་ཁ་པའི་དཔེ་རྒྱན་དང་མཁས་གྲུབ་རྗེའི་གཟུགས་རྒྱན། དགེ་ཆོས་ཀྱི་མགུར་རྩོམ་ལྟ་བུ་བོད་གངས་ཅན་གྱི་སྙན་ངག་རྩེ་ཕུད་གྲས་ཡིན་པ་ནི་བཤད་མ་དགོས་པ་རེད།
ཨ་ཙི་ཙོང་ཁ་པ། ཁྱེད་ཡང་ཡང་དྲན་པས།
ལུས་སེམས་གཉིས་གདུང་བྱུང་།
རྒྱང་རིང་གི་བུ་ཆུང་།
དགེ་ལུགས་པའི་སློབ་དཔོན་རྒྱལ་བ་ཙོང་ཁ་པས་མཛད་པའི་དབྱངས་ཅན་མའི་བསྟོད་པ། ཆུ་འཛིན་དཀར་པོའི་བློ་གྲོས་དྲྭ་བ་ཅན། །ཞེས་པ་དེ་མཁྱེན་མཁན་ཡོད་ན་དྲྭ་ངོས་སུ་བཤམ་རོགས་མཁྱེན། དེ་ཤིན་ཏུ་སྙན་མོ་ཞིག་འདུག་ལགས།
རྒྱན་གྱི་ཁུར་གྱིས་ནོན་པའི་རྒན་མོའི་ལུས་རྒྱས་ལ་ནུ་མ་འབུར་བ་ཡོད་ནའང་མི་འགྲིག་པ་མེད། ལུས་ཕྲ་གཞོན་ནུའི་རང་བཞིན་གྱི་ལུས་བཟང་པོ་ལ་མཛེས་བྱེད་གདུ་བུ་སོགས་རན་པར་སྤྲས་ན་ཡང་སེམས་པ་ང་རྒྱལ་གྱིས་ཁེངས་ནས་ཁྱེད་ལ་ཡ་ཙམ་ཡང་མ་བྱས་ན། ཁྱོད་ལ་འགྲིག་པ་འདུག་གམ། ཀུ་རེ་ཚུལ་དུ་བྱས།
༸རྗེ་རིན་པོ་ཆེས།
དབུ་མ་འཇུག་པའི་རྣམ་བཤད་དགོངས་རབ་གསལ་གྱི་མཆོད་བརྗོད་ལས།
ཟབ་ཅིང་རྒྱ་ཆེའི་ལེགས་བཤད་ཀུན་གྱི་གཏེར། །
འཇིག་རྟེན་ཀུན་གྱི་མ་འདྲིས་མཛའ་བཤེས་ཏེ། །
ས་གསུམ་འགྲོ་ལ་ལམ་བཟང་མཚོན་པའི་མིག །
ཐུབ་དབང་སྨྲ་བའི་ཉི་མས་རྟག་ཏུ་སྐྱོངས། །
རབ་འབྱམས་རྒྱལ་བའི་འཁོར་དུ་ཟབ་མོའི་གནས། །
ཡང་དག་ཕུལ་གྱི་གཏམ་གྱི་སེང་གེའི་སྒྲ། །
ཀུན་ནས་སྒྲོག་ལ་མཚུངས་པ་མ་མཆིས་པའི། །
འཇམ་དབྱངས་བླ་མས་རྟག་ཏུ་བྱིན་གྱིས་རློབས། །
ལེགས་སོ།
བོད་བླ་མའི་རྩོམ་ཆོས་ཕྱི་མའི་ཆ་གང་ཞིག་ཡིན་ཡངརྩོམ་ཆོས་དེ་ག་རང་ལ་གཟིགས་ཚེ་ཤིན་ཏུ་ནས་བརྗོད་བྱ་དང་རྗོད་བྱེད་གཉིས་ཀའི་ཆ་ལ་བསམ་ཡུལ་ལས་འདས་པའི་ཁྱད་ཆོས་ལྡན་པ་མཐོང་སྲིད་པ་ནི་ཕལ་ཆེར་གཅིག་མཚུངས་རེད། འོན་ཀྱང་རྩོམ་ཆོས་སྔ་མའི་ཆ་འགའ་མཐོང་ཚེ་རྩོམ་ཆོས་ཕྱི་མའི་ཆ་རྣམས་ཕལ་ཆེར་སྔ་མ་ལས་བསྡུས་པ་དང་། ཡང་ན་བཅོས་པ་དང་། བརྒྱུར་བ། བཏུས་པ་སོགས་ཅི་རིགས་སུ་འདུས་པ་ནི་གཅིག་གྱུར་རེད།རྗེ་བླ་མའི་གསུང་རྩོམ་ལེགས་བཤད་གསེར་ཕྲེང་སོགས་ཀྱང་བརྒྱུར་རྩོམ་གྱི་ཁོངས་སུ་གཏོག་པའི་ལོ་རྒྱུས་སྙན་པོ་འགའ་ཡོད་རབས་ཐོས་
མེ་ཏོག་དཀར་པོ་ལགས། འདི་རྩིས་བཞེས་གནང་རོགས།
ཆུ་འཛིན་དཀར་པོ་གློག་ཕྲེང་དྲ་བ་ཅན།།
མཁའ་ཡི་མཛེས་བྱེད་འདྲ་བའི་ཡིད་འཕྲོག་མ།།
དྲི་ཟའི་ན་ཆུང་དབུས་ན་འཇོ་སྒེག་མཁན།།
རིང་ནས་བརྩེ་བའི་ལྷ་མོ་ད་ཚུར་བྱོན།།
པདྨའི་བཞིན་ལ་གཡོ་ལྡན་བུང་བའི་མིག།
མཐོན་མཐིང་རལ་པའི་རྩེ་ན་འོད་དཀར་ཅན།།
རོལ་སྒེག་གར་གྱིས་འགྱིང་བའི་དབྱངས་ཅན་མ།།
ད་དུང་བདག་ལ་ངག་གི་དབང་ཕྱུག་སྩོལ།།
རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།
མིག་གིས་བལྟ་བས་མི་ངོམས་ཡིད་འཕྲོག་མ།།
མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག །
ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།
སྟོན་ཟླ་རྒྱས་པའི་དཔལ་ལས་ལྷག་པར་མཛེས།།
ཚངས་དབྱངས་སྙན་པའི་གདངས་ཀྱང་ཟིལ་གྱིས་གནོན།།
ཟབ་ཡངས་རྒྱ་མཚོའི་འཇིངས་ལྟར་དཔག་དཀའ་བ།།
དབྱངས་ཅན་ལྷ་མོའི་སྐུ་གསུང་ཐུགས་ལ་འདུད།།
བློ་ལ་ཡོད་པ་དེ་བྲིས་པ་ཡིན། མཛད་བྱང་སོགས་བྲིས་ཐུབ་མ་སོང་། དགོངས་དག
དབྱངས་ཅན་འབངས། སྙིང་ཐག་པ་ནས་ཐུགས་རྗེ་ཆེ།
མཛད་བྱང་མེད་ཀྱང་རུང་། གོང་གི་དེ་བསྟོད་ཚིག་ཆ་ཚང་བ་རེད་དམ། ད་དུང་ཉིད་ཀྱིས་མ་དྲན་ནས་ལྷག་ཡོད།
འདི་ལ་ཞུ་དག་ཅིག་གནང་མཛོད།
མཐོན་མཐིང་རལ་པའི་འོད་དཀར་རྩེ་ན་འོད་དཀར་ཅན།།
ནོར་བཅོས།
པདྨའི་བཞིན་ལ་གཡོ་ལྡན་བུང་བའི་མིག།
མཐོན་མཐིང་རལ་པའི་རྩེ་ན་འོད་དཀར་ཅན།།
རོལ་རྩེད་་་་་་ཞེས་སོགས་ཟུང་རྒྱན་ཡིན།
འོག་གི་ཀླད་ཀོར་རྣམས་ཡིག་ཕྲེང་གི་གཡས་ཟུར་ལ་ཕུང་འདུག་ཀྱང་།
ངའི་འབྲི་ས་ཟིན་བྲིས་གློག་ཀླད་ལ་སོང་བྱ་ཐབས་བྲལ།
དབྱངས་ཅན་འབངས་ཀྱིས་ཞིབ་ཏུ་གཟིགས། གོང་གི་ཚིགས་བཅད་དེའི་ནང་དུ་གཏགས་ནོར་རམ་ཡིག་ནོར་ཧ་ཅང་མང་གི དེར་མ་ཟད་དོན་ནོར་ཡང་ཡོད་པས་བསྐྱར་གཟིགས་གནོངས།
འོ་འོ། ད་ཆ་ཚང་སོང་། སླར་ཡང་བཀའ་དྲིན་ཆེ་ཞུའོ། ཚེ་རིང་། ལོ་བརྒྱ།
འདི་ལ་ཤླཽཀ་བཞི་མ་གཏོགས་མེད།
རྗེའི་གསུང་དབྱངས་ཅན་མའི་བསྟོད་པ་རྒྱས་པ་ཞིག་ཀྱང་གསུང་ཐོར་བུའི་ནང་ཡོད། སྔ་མ་བྲིས་དེབ་ཅིག་ནང་བཤུས་ཡོད་ཀྱང་དེབ་ད་ལྟ་བརྙེས་ཀྱི་མིན་འདུག ད་ལྟ་དྲན་པ་ནི།
རབ་བརྗིད་ཏི་སེ་གང་གིས་ལྷ་ཡི་ལམ།།
རབ་མཛེས་ཐོར་ཅོག་བྱས་ནས་ཟུར་མིག་གིས།།
རབ་སྙན་རགྱུད་མངས་སྒྲོག་ལ་བལྟ་བྱས་ན།།
རབ་དཀར་ལྷ་མོ་ཁྱོད་དང་མཚུངས་པར་འགྱུར།།
ཞེས་པ་ཞིག་ཡོད་པ་དེ། འབྲུག་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མས་སྙན་སགྲེལ་དབྱངས་ཅན་ངག་གི་རོལ་མཚོར། ཕུལ་བྱུང་གི་དཔེའི་དཔེར་བརྗོད་དུ་བླངས་ཡོད་པ་ཞིག་ད་ལྟ་དྲན།
ཨ་དགེ་ལགས་ཀྱིས་ནོར་བཅོས་གནང་རོགས། ད་དུང་ཚང་མས་རྩོམ་དངོས་གཞིའི་ཐོག་བགྲོ་གླེང་མང་ཙམ་གནང་རོགས།
ཡིད་འཕྲོག་པདྨ་དཀར་པོ་འཛུམ་པའི་ཞལ། །
ལེགས་གསུང་འོད་ཟེར་སྟོང་གི་དྲྭ་བ་ཅན། །
སྙིང་གི་མུན་སེལ་བློ་གྲོས་མཆོག་སྩོལ་བའི། །
དབྱངས་ཅན་ངག་གི་དཔལ་མོས་དགེ་ལེགས་སྩོལ། །འདི་ཡང་སྙན་འགྲེལ་ཞིག་གི་མཆོད་བརྗོད་ན་སྣང་།
ཉིད་ཀྱི་རྩོམ་དངོས་གཞི་ནི་རང་གི་བསམ་ཚུལ་གང་ཡོད་གསལ་པོར་བྲིས་འདུག་ལ། བརྗོད་བྱ་ནི་ནམ་ཡང་རང་རང་གི་ཀུན་རྟོག་དང་བསྟུན་ནས་ཡོད་སྟབས་འགྲིག་དང་མ་འགྲིག་གི་གནས་སྟངས་ཡོད་ངེས་པ་སྤྱིར་བཏང་ལ། རྗོད་བྱེད་དང་རྗོད་ཐབས་ཡིད་འཕྲོག་པ་ཞིག་འདུག་ཅེས་ཞུའོ།།
དབྱངས་ཅན་འབངས་ལགས། ཁྱེད་ཀྱི་དཔྱད་རྩོམ་འདི་ཡང་ཆ་ཚང་བཀླགས་ཡོད། ཁ་སང་ངས་ཀྱང་ངག་དབང་བརྩོན་འགྲུས་ལགས་ཀྱི་རྩོམ་ཡིག་དེ་ཐེངས་གཅིག་བཀླགས་པ་ཡིན། དེ་རིང་ཡང་བསྐྱར་ཐེངས་གཅིག་བཀླགས་པ་ཡིན། ཁྱོད་ཀྱིས་དེ་ནས་ད་དུང་ཡི་གེ་ཐིག་ཕྲེང་གཅིག་མ་མཐོང་བ་འདྲ་སྟེ། རྩོམ་ཡིག་དེའི་དུམ་ཚན་བཞི་པར་”ཡིན་ནའང་སྙན་རྩོམ་འདི་དག་གི་བརྗོད་སྙིང་ཐ་མལ་བའི་སྣང་ངོ་ལས་འདས་ཀྱང་རྣལ་འབྱོར་བ་རང་ཉིད་ཀྱི་དག་སྣང་དང་བསྟུན་ན། མེ་འབར་འབར་དང་ཆུ་ཁོལ་ཁོལ་གྱི་མྱོང་བ་དམིགས་བསལ་བ་རེ་ཐོན་གྱིན་ཡོད་དོ་ཞེས་བཤད་ན་མ་གཏོགས་བདག་ལ་ནི་ཅི་ཙམ་བཀླགས་ཀྱང་ཁྲ་ཁྲ་ཟང་ཟིང་ལྟ་བུ་ཞིག་ལས་སྐྱི་ལྤགས་གཡོ་བའི་སྣང་བ་ཙམ་ཡང་སྟེར་བར་མི་བྱེད་དོ”ཞེས་ཀྱང་བཀོད་འདུག་པ་འདིར་ལྟས་ན། ཁོང་གིས་འགྲོ་བ་མི་དང་ཚུལ་མཐོང་སྐྱེ་བོ་ཁོང་དང་ཁོང་ལྟ་བུའི་སྣང་བ་གཞིར་བཟུང་ནས་བཤད་པ་ཙམ་ལས། ཁྱེད་དང་ཁྱེད་ལྟ་བུ་དད་པ་དག་སྣང་ཅན་དག་གིས་རྗེ་བླ་མ་སོགས་ཀྱི་རྩོམ་ཡིག་འདི་དག་གི་འགྲེལ་ལུགས་དང་བསྔགས་ལུགས་འདི་ཙམ་ཞིག་མ་ཤེས་པ་ཡིན་གཟོ་མི་འདུག་སྙམ། ད་དུང་མེ་ལོང་ཁྱེད་ཀྱིས་མེ་ལོང་མ་ཚད་དུ་བཟུང་བ་དང་བོད་ཙམ་གྱི་ལུང་བར་ལྟས་ནས་རྗེ་བླ་མར་བསྔགས་པ་ནི། ཧ་ཅང་སེམས་ཆུང་ཞིག་ཡིན་སྣང་འཆར་གྱིན་འདུག
འོ་རེད། ཁྱོད་ཀྱིས་དྲ་བྱང་འདིར་གཟིགས་དང་རྫ་སྲས་བདེ་ཆེན་ལགས་ཀྱིས་མེ་ལོང་མ་ཅི་ཞིག་ཡིན་མིན་གྱི་སྐོར་ལ་ཟིན་རྩོམ་ཡག་པོ་ཞིག་མུ་འགོད་བྱེད་ཀྱིན་འདུག རྩོམ་ཡིག་འདིས་ཕལ་ཆེར་ཁྱེད་ཀྱིས་མེ་ལོང་མ་ཚད་མཐོར་སོན་པའི་རྒྱུ་མཚན་གྱིས་རྗེ་བླ་མར་བསྔགས་པ་སེམས་ཆུང་ཡིན་ཚུལ་ཤེས་སྲིད་པ་ཞིག་རེད་འདུག་ལ། དེ་དུས་གཞི་ནས་ཁྱེད་ཀྱི་དད་པ་དག་སྣང་གི་མིག་ཤེལ་སེར་བོ་དེ་ཡང་འབུད་སྲིད་པ་ཞིག་རེད་འདུག་སྙམ།
ཟིན་རྩོམ་དང་པོ། http://www.tibettimes.net/blogs.php?id=110&post_id=22455
ཟིན་རྩོམ་གཉིས་པ། http://www.tibettimes.net/blogs.php?id=110&post_id=22489
ཤུལ་ལུང་བ་ལ་བཀའ་དྲིན་ཆེ་ཞུ། ང་ཡང་དག་སྣང་ཙམ་ལ་ཤི་འཐམས་རོ་འཐམས་བྱེདམཁན་ཞིག་མིན། ངས་བཤད་འདོད་པ་ནི། རྙིང་པ་ཐམས་ཅད་གད་སྙིགས་མིན་པས་ཚང་མ་གཡུག་དགོས་ཡས་མེད། དེ་འི་ནང་ང་ཚོས་སྲུང་དགོས་པའི་རིག་དངོས་མང་དག་ཅིག་ཡོད། ཅེས་པ་ཡིན། ད་ལྟ་བྲེལ་བ་འདུག མཚན་མོ་མཇལ་ཡོང་།
བདག་སྙན་ངག་མི་ཤེས་ན་འང། དོག་སྣང་སྐྱེ་བྱུང་གྲ་གྲོགས་ཚོ་ཐུགས་རྗེ་ཆེ། རྗེས་མ་སྙན་ངག་ལ་ཆེ་ཙམ་དོག་སྣང་བྱེད་གི་ཡིན།
རྗེ་ཙོང་ཁ་བ་ཆེན་པོ་ནི་དབུ་ཕར་གྱི་གཞུང་ལ་ཐོས་བསམ་རྩེར་སོན་ཞིག་ཡིན་པར་གྲགས་པ་ལས། བོད་རིག་པའི་གནས་ཀུན་ལ་མཁས་པ་ཞིག་ཡིན་པར་དེ་སྔོན་མ་གྲགས་མོད། འོན་ཀྱང་ད་ནི་བོད་ཀྱི་གངས་ལྗོངས་ཀྱི་ལེགས་ཆ་ཡོད་དོ་ཆོག་ཁོང་ལ་ཚང་ཡོད་པ་འདྲ། འོན་ཀྱང་ས་རྙིང་བཀའ་གསུམ་གྱི་མཁས་གྲུབ་ཚད་ལྡན་ཕལ་ཆེར་བས་ཁོང་ལ་དགག་པ་གནང་བ་དེ་ལའང་ལྟ་བའི་གནད་གསང་ཞིག་ཡོད་ངེས་མིན་ནམ།
གང་ལྟར་ཡང་དགེ་ཆོས་ཀྱིས།
ལ་རེའི་རྒྱབ་ན་མི་མཐུན་ཆོས་ལུགས་རེ།།
དེ་ཡི་རྗེས་འབྲངས་མཁས་བླུན་སྟོང་ཕྲག་རེ།།
རེ་རེའི་ཁོག་ན་མི་མཐུན་ཚད་མ་རེ།།།
དེ་ཡི་རྒྱབ་སྐྱོར་རྡོ་རྗེའི་བཀའ་ལུང་རེེ།།
ཞེས་པ་ལྟ་བུ་ཞིག་ཡོད་སྣང་འཆར། འོན་ཀྱང་ཡིད་ངོར་ཇི་བཞིན་པར་མ་འཆར་བའི་དགོངས་དག་ཞུ།།
དགག་པ་བརྒྱབ་པ་ཙམ་ལ་ཧ་ལས་ཡ་གང་ཡང་ཡོད་མ་རེད། སེམས་ཙམ་པས་མགོན་པོ་ཀླུ་སྒྲུབ་དང་དབུ་མ་བས་ཐོགས་མེད་ལ་དགག་པ་བརྒྱབ་པ་དང་གཅིག་པ་རེད། དགག་པ་ཟུག་མ་ཟུག་ལ་བལྟ་དགོས། ངས་ནི་ད་དགག་པ་བརྒྱབ་པ་དེ་དག་རྗེ་བླ་མ་ལ་གཏན་ནས་མི་ཟུག་པར་མ་ཟད། དགག་པ་དེ་དག་རང་མགོ་ལ་སླར་ལོག་པའི་ཚོར་སྣང་བྱུང་།
རེད་རེད། དགག་པ་རྒྱག་མཁན་ཚང་མ་ལྐུགས་པ་ཁྱུ་གཅིག་རེད་པ། ཧ་ཧ་ཧ་ཧ་བ་
གངས་ཅན་མཁས་པ་མ་ལུས་པའི། །
གཙུག་གི་ནོར་བུ་རིན་ཆེན་ཁྲིར། །
ཞབས་ཟུང་འཁོར་ལོས་བསྒྱུར་བ་ཡིས། །
ཁྱོད་ལས་གཞན་པ་རྙེད་མ་གྱུར། །
འདྲེ་ཤིན་ཏུ་བདེན། དེ་འདྲ་དེ་དགེ་ལུགས་པའི་ངོར་ཚད་མ་ཡིན་པ་ངས་ཀྱང་འདོད།
འཇམ་དབྱངས་རྣམ་གསུམ།
བོད་ཀྱི་ཆོས་འབྱུང་ལོ་རྒྱུས་ནང་། །
བུ་སྟོན་ཀློང་ཆེན་རབ་འབྱམས་དང་། །
ཙོང་ཁའི་བླ་མ་གསུམ་པོ་ལ། །
འཇམ་དབྱངས་རྣམ་གསུམ་མ་གྲགས་སམ། །
རྣམ་གསུམ་རྟག་ཏུ་རྒྱལ་འགྱུར་ཅིག །
མཁས་རློམ་ཅན་གྱི་སྐྱེ་བོ་འགས། །
ཚིག་གི་མདའ་རེ་འཕེན་ཁུར་ཀྱང་། །
ཁྱོད་ཀྱི་ལུང་རིགས་དཔྱད་གསུམ་གྱི། །
རྡོ་རྗེའི་བྲག་ལ་གནོད་མ་ཡིན། །
ངས་བལྟས་ན། དགེ་ལྡན་པའི་བསྟན་པའི་ཤིང་རྟ་ཤར་ཙོང་ཁ་པ་གྲགས་པ་དེ། མཁས་མི་མཁས་ལ་རྩོད་པ་མེད། གཙོ་བོ་ཁོང་གི་ཀུན་རྫོབ་བདེན་པ་འཇོག་སྟངས་ལ་མཁས་པ་འགས་སྐྱོན་བརྗོད་བྱས་འདུག། གོ་ཤག་སྟག་གསུམ་ཞེས་གཙོ་བོ་ས་སྐྱའི་ནང་གི་མཁས་པའི་ཡང་རྩེར་གསོན་པ་དེ་ཚོས་རྗེ་ཙོང་ཁ་པ་འགག་ཡོད་པ་དང་། དེ་རྗེས་འབྲུག་པ་པད་མ་དཀར་པོ་དང་ཕྱིས་སུ་འཇུ་མི་ཕམ་དང་དགེ་ཆོས་སོགས་ཀྱིས་དགག་པ་མཛད་འདུག
རྙོག་འདྲ་གཙོ་བོ་གཅིག་ནི། རྗེ་ཙོང་ཁ་པ་སྐུ་ཞིང་ལ་གཤེགས་རྗེས་དགག་པ་དེ་དག་ཐོན་པ་དང་། ཁོང་ལ་ལན་འདེབས་པའི་བསྐལ་བ་བྱུང་མེད་སྟབས། ངའི་སེམས་ལ་སྐབས་རེ། རྗེ་ཙོང་ཁ་པས་གོང་གི་དགག་པ་དེ་དག་གཟིགས་ཚེ་ལན་ཇི་ལྟར་འདེབས་ཡོང་སྙམ་པའི་འདྲི་བ་སྣ་ཚོགས་ཤར།
ཁོང་གི་སློབ་མ་རྣམས་ཀྱིས་གོང་གི་ཕ་རོལ་པོའི་དགག་པ་ཇི་སྙེད་རྣམས་ལ་དགག་ལན་ཇི་བཞིན་བཏབ་ཡོད་རུང་། གནད་ལ་སྨིན་པ་དང་ཡོངས་གྲགས་ཀྱིས་འདོད་པ་འཚིམ་པའི་དགག་ལན་ཞིག་ཡོད་པ་མི་དྲན་རུང་། རྡོ་སྦིས་ཤེས་རབ་རྒྱ་མཚོས་དགེ་ཆོས་ལ་དགག་བཞག་མཛད་པ་འདི་ཅུང་གནད་ལ་བསྣུན་པ་ཞིག་འདུག
དགེ་ཆོས་མཆོག་གིས་ཐ་སྙད་ཚད་མར་འཇོག་པ་ལ་བློ་མི་བདེ་ཟེར་བའི་རྩོད་པ་དེར་ལན་གཅིག་ནི་བདེན་པ་བཞི་བདེན་པ་བཞི་ཡིན་པ་ག་ལ་རུང་། དེ་ཐ་སྙད་ཚད་མར་མ་གྲུབ་པའི་ཕྱིར། དེས་ན། དགེ་ཆོས་ཁྱེད་ཀྱི་བློ་ལ་བདེན་པ་བཞི་མེད་སྟབས། དེའི་རྒྱུ་ཡང་མེད་སྟབས། འཁོར་བ་ཡང་མེད། འཁོར་བ་མེད་ན་དེ་ལས་འགྲོལ་དགོས་མེད་སོགས་གསུངས་ནས་དགེ་ཆོས་བཀག་པ་འདིར་སྐབས་དེ་དུས་ཀྱི་བློ་གཟུ་བོར་གནས་པའི་ས་སྐྱའི་མཁས་པ་འགས་དགེ་ཆོས་ཀྱི་ཀླུ་རྒྱན་དེ་གྲགས་པའི་དབང་གིས་ཡིན་པ་ལས་ཚད་གྲུབ་དབང་གིས་མིན་གསུངས་པ་ས་སྐྱའི་མཁས་པ་འགའ་ལས་ཐོས་མྱོང་།
ཤིན་དུ་ཕངས་དགོས་པ་ཞིག་ལ། སྐབས་དེ་དུས་ཆང་དང་ཐ་མག་ལ་སོགས་ཀྱི་གཞན་དབང་འོག་ལ་ཤོར་བའི་དགེ་ཆོས་ཀྱི་གཟུགས་དང་རྣམ་དཔྱོད་ནི། ནུབ་ཁའི་ཉི་མ་བཞིན། རང་འཚོ་ཟིན་པར་དཀའ་བས་ན། གཞུང་ཆེན་ལ་དཔྱད་པ་བྱེད་པའི་རྣམ་དཔྱོད་དང་འཇོན་ཐང་དེ་ཙམ་ལྷག་མེད་པས། དགེ་ཆོས་ཀྱི་སྐུ་ཚེ་སྨད་ལ་ཁོང་ལ་དགག་སྒྲུབ་མཛད་མཁན་དེ་དག་ལ་ལན་ལྡོག་པའི་ནུས་པ་མ་མཆིས་ལ་སྐུ་ཚེའི་འཕེན་པ་ཡང་དེ་ལྟར་རྫོགས།
སྐྱབས་སུ་མཆི། དགེ་ཆོས་ཁོང་གི་ཀླུ་སྒྲུབ་དགོངས་རྒྱན་ལ་གཅིག་གཟིགས་དང་། སྔ་མོའི་མཁས་པ་ང་ཡིན་ཟེར་མཁན་ཚོའི་གླེགས་བམ་ཐུག་ལོག་གེ་བ་ཚོ་བྱིས་པ་དྲིད་པའི་ཐབས་ཙམ་ལས་གཞན་ཅང་ཅང་དུ་སྣང་ངོ་།།
ཡོད་སྲིད་དམ།
ཐ་སྙད་ཚད་གྲུབ་བློ་མི་བདེ། །
གསུང་མཁན་དགེ་ཆོས་ཨ་ཡིན་ནམ། །
རྟེན་འབྲེལ་བསྟོད་པ་ཁར་འདོན་ནས། །
འཆི་མཁན་དགེ་ཆོས་ཡོད་སྲིད་དམ། །
ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ་རུང་།།
ཐ་སྙད་རྟེན་འབྱུང་ཆོས་ལ་ཡིད་ཆེས་ཡོད་ཕྱིར།།
རྟེན་འབྲེལ་བསྟོད་པ་ངག་ནས་ལྷུར་པོར་སྐྱོར་བཞིན།།
འཆི་སེམས་མཐའ་མར་གཞོལ་བའི་དགེ་ཆོས་ལོས་སྲིེད།།
རྨི་ལམ་སྣ་ཚོགས་གཟུགས་ལ་ཡིད་ཆེས་མེད་རུང་།།
ཇི་སྲིེད་སད་པའི་སྣང་བར་མ་ཕྱོགས་བར་དུ།།
བདེ་སྡུག་ཡིད་ཀྱི་སྣང་བ་བསླུ་བ་མེད་ཅེས།།
སྨི་ལམ་ཁུ་བ་འབྱིན་པའི་ལོ་རྒྱུས་གསུངས་ཡོད།།
དགེ་ཆོས་ཐ་སྙད་ཆོས་ལ་ཡིད་ཆེས་དེ།།
དོན་དཔྱོད་རིགས་པས་དགག་དགོས་གསུངས་པ་ཡིན་གྱི།།
ཐ་སྙད་ཚད་མས་མ་གྲུབ་གསུངས་པ་མིན་པས།།
འཁོར་དང་མྱང་འདས་མེད་པའི་སྐྱོན་དེ་མི་འཇུག།
དགེ་ལྡན་ཐ་སྙད་ཚད་གྲུབ་འཇོག་པའི་མཐར་ཐུག།
དོན་དཔྱད་རིགས་པས་དགག་མི་ནུས་པར་གསུངས་འདི།།
ས་སྙིང་བཀའ་བརྒྱུད་མཁས་པས་དགག་བྱར་བྱས་ཀྱི།།
ཐ་སྙད་ཚད་མས་དབང་དུ་སུས་ཀྱང་འདོད་དགོས།།
དེས་ན་རིགས་པ་་གཅིག་གིས་གྲུབ་པའི་དོན་དེ།།
རིགས་པ་གཞན་གྱིས་འགོགས་པར་ནུས་དང་མི་ནུས།།
ས་དགེ་བཀའ་རྙིང་མཁས་པའི་རྩོད་གཞི་ཡིན་ཕྱིར།།
དེ་དོན་ཐུགས་ལ་ཞོགས་དང་ཁྱད་པར་མཁྱེན་ངེས།།
དགེ་ཆོས་ཐ་སྙད་ཆོས་ལ་ཡིད་མི་ཆེས་ཏེ།།
ཐ་སྙད་ཚད་གྲུབ་ཡིན་ངེས་ཏེ། །
བདེ་སྟོང་ཚད་མས་གྲུབ་པ་བཞིན། །
བདེན་གཉིས་ཚད་མས་གྲུབ་པས་ན། །
འཁོར་འདས་ཚད་མས་གྲུབ་པ་འོ། །
འཁོར་དང་མྱང་ངན་འདས་པ་དེ།།
དོན་དཔྱོད་རིགས་པས་ཁེགས་གྱུར་ཀྱང་།།
ཐ་སྙད་རིགས་པས་གྲུབ་པས་ན།།
དེ་གཉིས་ཚད་གྲུབ་ཅེས་མ་ཡིན།།
དེས་ན་ཚད་གྲུབ་ཡིན་མིན་ཅེས།།
རྩོད་པའི་རྩ་བ་བཅད་པ་ན།།
དོན་དཔྱོད་རིགས་པས་འགོག་པ་དང་།།
མི་འགོག་པ་ལས་གཞན་ཞིག་མེད།།
མ་སད་དེ་སྲིད་དེ་ལ་གསུམ་པོ་ཡོད།།
སད་པར་འགྱུར་ན་གསུམ་ཆར་ཡོད་ལྟར།།
གཏི་མུག་གཉིད་སད་ལས་ཀྱང་དེ་བཞིན་ནོ།།
ཅེས་པའི་དོན་འདི་བོད་མཁས་པའི་གསུང་སྲོལ་དང་མ་བསྲེས་པར་རང་འགྲེལ་དང་། འགྲེལ་ཆེན་ན་ཇི་ལྟར་གསལ་བ་བཞིན་ཐུགས་ལ་ངེས་པར་བྱ་བ་ནི་གནད་དམ་པ་སྟེ། གཞན་དུ་མཁས་པ་སོ་སོར་སྒྲུབ་བྱེད་རེ་རེ་དང་། རིགས་པའི་ལམ་བུ་རེ་རེ་ཡོད་པས་ན། ཁ་ལ་སྨྲ་བཅད་རྒྱ་ཡང་བྱིན། །ཞེས་པ་ལྟ་བུ་ཞིག་ནི་ཡོངས་རྒྱུ་མེད་དོ།།
ད་འགྲོ་རྒྱུ་ཡིན། ལས་དཀའ་ཞིག་ཐོན་སོང་། བདེ་ཞིང་སྐྱིད་པར་བཞུགས།།
བདེན་པ་བཞི་ཆོས་ཅན། བདེན་པ་བཞི་ཡིན་པ་ག་ལ་རུང་སྟེ་བདེན་བཞི་མིན་པའམ་མེད་པར་ཐལ། དེ་ཐ་སྙད་ཚད་མར་མ་གྲུབ་པའི་ཕྱིར། ཟེར་ན་ཁྱབ་ལོག་འཐུག་གེ་བ་དེ་ཁྱེར་རྒྱུགས་ཟེར་རྒྱུ་ཡིན།
དེ་དག་ཆོས་ཅན། མེད་པར་ཐལ། ཐ་སྙད་ཚད་མས་མ་གྲུབ་པའི་ཕྱིར། ཟེར་ན་མ་ཁྱབ།
ཐ་སྙད་དུ་ཡོད་ཕྱིན། ཐ་སྙད་པའི་ཚད་མས་མ་གྲུབ་པ་ཅིག་སུས་འཇོག་ནུས་སམ། མཁྱེན་ནོ། མཁྱེན་ནོོ། རྗེ་རིན་པོ་ཆེ་མཁྱེན་ནོོོ། ཨེ་མ་ཧོ། ཧ་ཧ། ཧོ་ཧོ། །
ངས་འཇོག་ནུས། ཀ་གཉེར་པ་ཁྱོད་རང་ཆོས་ཅན། དེར་ཐལ། དོན་དཔྱོད་ རིགས་པས་དཔྱད་དུས་མ་གྲུབ་པ་གང་ཞིག ཁྱོད་རང་གི་རིག་མའི་ཚད་མའི་ངོར་བསླུ་མེད་བསྙོན་མེད་དུ་གྲུབ་པའི་ཕྱིར།
ཚང་མ་ལ་སྐུ་ཁམས་བཟང་།
གྲོགས་པོ་ཚོས་རྟགས་བསལ་ཚ་པོ་ཞེ་དྲག་གཏོང་རེས་བྱས་སོང་།
ད་ཚིག་སྦྱོར་སྐོར་ལ་ཏོག་ཙམ་བཤད་རེས་བྱོས་དང་།
འགའ་ཞིག་གིས་རྙིང་པ་ཚང་མ་ཆོ་མེད་ལུགས་ཤོད་མཁན་འདུག་པས།
གྲོགས་་པོ་ཚོས་དེ་འདྲ་ཡིན་མིན་ལ་རྩོད་ལན་སྣུམ་པ་ཁ་ཤས་གནང་དང་།
རྙིང་པ་ཐམས་ཅད་ཅི་ལ་སྤངས། །
གསར་པ་ཐམས་ཅད་ཅི་ལ་བླངས། །
ཧྲིལ་གྱིས་དོར་དང་ཧྲིལ་གྱིས་བླངས། །
མཁས་པའི་ལུགས་མིན་དགེ་ཆོས་བཤད། །
ཡག་པོ་བཤད་སོང་། འོ་ན་རྩོམ་རྙིང་དག་ལ་བྲོ་བ་མེད་རབས་ཤོད་མཁན་་མང་བས་དེ་གང་འདྲ་ཡིན་ནམ།
རྣམ་རྟོག་ལ་མཐའ་མེད་པའི་ཕྱིར་དང་། ཁམས་དབང་མོས་པ་ཐ་དད་དུ་སྣང་བའི་ཕྱིར་རོ།།
རྩོམ་རྙིང་དག་ལ་ཞེས་དབྱུག་པ་འཕྲེད་སྐོར་མ་བྱེད། རྩོམ་རྙིང་རེ་ཟུང་གིས་ཉིན་མཚན་གཉིས་གསུམ་ཙམ་ལ། བསམ་གཞིག་གི་ནང་དུ་འཁྲིད་ཀྱི་རེད། དེ་ཚོར་བྲོ་བ་ཞིག་ཡོད་པའི་རྟགས་རེད། ཡིན་ནའང་རྩོམ་ཡིག་འདིའི་སྔ་རྒོལ་དུ་བཞགས་པའི་མེ་ཚེ་དང་སྙན་ངག་ལ་བལྟ་ཚུལ་ཞེས་པར་བཤད་པ་བཞིན། རྩོམ་རྙིང་ཁ་ཤས་ལ་བྲོ་བ་གཏན་ནས་མེད་དོན་ནི། ཀློག་པ་པོ་ང་དང་ང་ཚོ་ལྟ་བུར་ཚུར་མཐོང་གི་རྣམ་རྟོག་ཙམ་ལས་འཕགས་རྒྱུ་ཀྱི་དག་སྣང་ཏིལ་འབྲུ་ཙམ་ཡང་མེད་པ་གང་ཞིག་གི་ངོར་ལྟོས་ན། རྗེ་བླ་མ་སོགས་ཀྱིས་བརྩམས་པའི་<>དང་། བེ་རི་དགེ་བཤེས་ཀྱིས་བརྩམས་པའི་<>སོགས་པ་སོགས་པར་འཇིག་རྟེན་ཚུར་མཐོང་ལས་འདས་པ་ཏག་ཏག་གིས། བློས་བསླངས་དང་འཁྲུལ་བཤད་ཅི་ཙམ་བྱས་ཀྱང་བརྗོད་སྙིང་དེ་དག་རང་ཉིད་ཀྱི་མྱོང་གྲུབ་ཐུབ་ཀྱིན་མེད་པས་རེད་བསམ་བཞིན་འདུག རྩོམ་རྙིང་འདི་དག་གི་རིགས་ལ་མ་མཐའི་བྲོ་བ་མྱོང་སྟངས་ཤིག་ཡོད་ན། དེ་ནི་དག་པ་དང་དག་སྣང་གི་མངོན་ཞེན་ལོ་དང་ཟླ་བ་གཏུད་དེ་གོམ་པར་བྱས་ན། ད་གཟོད་གཞི་ནས་རྨོངས་དད་དམ་ཡིད་ཆེས་དེ་ལྟ་བུ་ཞིག་གིས་འཁྲུལ་སེམས་དེ་འདྲ་ཞིག་སྐྱེ་མི་སྲིད་པ་མིན་པ་འདི་ཙམ་རེད། དེ་མིན་རྩོམ་རྙིང་འདི་དག་གི་རིགས་དངོས་གནས་བྲོ་བ་མི་མྱོང་བ་ཁོག་ཐག་རེད་ཅེས་ཞུ་བར་འདོད་དོ།
གྲུབ་ཆེན་ཚང་མ་འདིར་འཛོམས་འདུག །ཨ་ལ་ལ། ཨེ་མ་ཧོ། མཆོད་དོ།
ཨ་ཧོ།
ཆོས་དབྱིངས་མི་འགྱུར་ནམ་མཁའ་འདྲ༜
མ་འགག་སྤྲུལ་པའི་རོལ་པའི་གར༜
གང་འདུལ་གདུལ་བྱའི་ངོར་སྣང་བ༜ ད་མངལ་གྲིབ་ཀྱིས་བརྗེད་འགྲོ་འདུག
གཞན་ལེགས་བཤད་འདི་ཅིག་ཅིག་གི་སྤྲུལ་སྐུའི་ལུང་བསྟན་ཡོད།
ཤུལ་ལུང་བ་སླར་ཡང་ཕེབས་ནས་ཁ་ཡ་གནང་བར་དགའ། ཁྱེད་ཀྱིས་བསྟན་པའི་དྲྭ་བྱང་དེ་གཉིས་བསྔོགས་པ་ཡིན། རྫ་སྲས་པས་བཤད་དོན་སྙིང་པོ་ནི། མེ་ལོང་མ་ནི་སྙན་ངག་གི་གཞུང་ལུགས་མིན་པ་དང་། ང་ཚོ་བོད་ཀྱི་རྩོམ་རིག་འཕེལ་རྒྱས་ཀྱི་བཀག་རྡོ་ཡིན། ཞེས་པ་དེར་བསྡུས་འདུག
ང་ཚོས། སྙན་ཚིག་བཅད་ལྷུག་གང་སྤེལ་ན་ཡང་མེ་ལོང་མར་རྣམ་པ་ཀུན་ཏུ་བསྟུན་གྱིན་མེད་པ་ནི་གནའ་དེང་གི་མཁས་པ་མང་པོའི་རྩོམ་ལ་ཉམས་ཞིབ་རགས་པ་ཞིག་བྱས་ན་ཡང་ཤེས་རྒྱུ་ཞིག་རེད། ངས་ “རྗེ་བླ་མའི་རྩོམ་གྱི་ཆེ་བ་མདོ་ཙམ་གླེང་བ།” བྲིས་ཐལ་བར་དེད་མཁན་ཟིན་བྲིས་པ་ཁོང་ཡང་མེ་ལོང་མར་གདུང་ཞེན་ཡོད་པ་ཞིག་ཡིན་པ་ནི། ཁོང་གིས་དགེ་ཆོས་པར་བསྔགས་པ་བརྗོད་སྐབས། “དགེ་ཆོས་ཀྱི་སྙན་ངག་རྣམས་ནི་གོ་སླ་ཞིང་གནད་ལ་ཁེལ་བ་དང། བརྗོད་སྙིང་ཟབ་པ་སོགས་ཁྱད་དུ་འཕགས་པའི་ཉམས་དང་ལྡན་ལ། དེ་ཡང་མེ་ལོང་མའི་རྒྱན་གྱི་འགྲོས་དང་ལྡན་ཞིང་།” ཞེས་པ་འདིས་ཤེས་ནུས་ཤིང་། ཨ་བྱམས་ཀྱི་ཟིན་བྲིས་ཚང་མ་བཀླགས་པ་ཡིན། རང་གི་མཆན་ལ་འགན་འཁུར་བའི་མཆན་འདེབས་པ་ཞིག་འདུག མེ་ལོང་མས་སྙན་ཚིག་ཡོངས་ལ་སྡོམ་བརྒྱབ་མི་ཐུབ་པ་ནི། སྙན་རྩོམ་གྱི་རིགས་ལམ་ཆགས་པ་སུས་ཀྱང་ཤེས་ཐུབ་པ་ཞིག་རེད།
འོན་ཀྱང་དེ་ཙམ་རྒྱུ་མཚན་དུ་བཀོད་ནས། མེ་ལོང་མ་་་་་སྨད། ཁྱོད་དང་པོ་བོད་ལ་གནའ་མར་ཡོང་དུས་ལང་ཚོ་དར་ལ་བབ་ཀྱང་ད་ཆ་རྒས་འཁོགས་ཆགས་ཏེ་ང་ཚོའི་སྤྱི་ཚོགས་ནང་དུས་ཚོད་ཡོལ་ཟིན་པས་ཕར་རྒྱུག ཟེར་ཡང་། དེའི་ཚབ་ཏུ་དམན་ཤར་གཞོན་ནུ་མ་ཞིག་བཀུག་ཐུབ་ན་དེར་ཟད། དེ་མིན་ན་གཏན་ཆགས་ཀྱི་གནའ་མ་ཡག་པོ་ཞིག་མ་རག་བར་དུ་རྒན་མོ་དེ་ཁྱིམ་ཐབ་ཏུ་བསྟེན་ན་ལེགས་ཀྱི། ཁ་བྱང་གསལ་པོ་མེད་པའི་ཤངས་བཙོང་མ་མང་པོ་དང་འགྲོགས་ན་རང་ཉིད་འཕུང་ཉེན་ཡོད་དོ།། རྫ་སྲས་པ་ཡང་མི་བུ་གྲུང་པོ་ཞིག་སྟེ། “རྒྱ་གར་ལྷོ་ཕྱོགས་ཀྱི་བྲམ་ཟེའི་རྒན་མོ་ལོ་ལོན་ཞིག་གངས་རིའི་རྩོམ་སྟེགས་ཀྱི་ཁབ་ཏུ་བསུས་ཏེ།” ཞེས་གཟུགས་རྒྱན་དང་། “ལྡོག་ཕྱོགས་ཀྱི་དྲན་སྟངས་མང་དག་ཅིག་སེམས་ནས་སེམས་སུ་དཀན་གཟར་གྱི་རྦབ་ཆུ་ལྟར་འཕྱོ་ཞིང་། རི་གཟར་གྱི་རྦབ་རྡོ་བཞིན་འགྲིལ་ཡོང་གི་འདུག” ཅེས་དཔེ་རྒྱན་སོགས་དང་གཞན་ཡང་མང་སྟེ། ཁོང་གི་རྩོམ་ཐུང་གཉིས་ཀྱི་ནང་ཁྱིམ་ཐབ་རྒན་མོས་མཚན་མོ་བསླབས་པའི་སློབ་གསོ་མང་པོ་བད་སྤྱད་ནས་ལྐོག་ཏུ་དྲིན་ཅན་གྱི་རྒན་མོ་དེ་ལ་འཁང་ར་འདི་འདྲ་བྱེད་བཞིན་འདུག་པ་ངོ་མ་ཡ་མཚར། ཞེས་ཞུས་ན་་་་་་་་་་་་་་་
གྲོགས་དབྱངས་ཅན་འབངས་ལགས། ཁྱེད་ཀྱིས་གོ་བ་འཁྲུག་མི་རུང་། མེ་ལོང་མ་དང་མཐུན་པའི་རྒྱུ་མཚན་གྱིས་རྗེ་བླ་མ་ལ་བསྟོན་ན་མི་འགྲིག་པའི་ཁུངས་ལྟ་བུར་རྫ་སྲས་ལགས་ཀྱི་རྩོམ་དེ་ངོ་སྤྲོད་ཙམ་བྱས་པ་ལས། ངག་དབང་བཙོན་འགྲུས་ཀྱིས་མེ་ལོང་མ་ཚད་མར་འཛིན་གྱིན་མི་འདུག་ཅེས་ཞུས་མེད།
ད་དུང་ཁྱེད་ཀྱིས་རྫ་སྲས་ཀྱིས་མེ་ལོང་མ་དགག་ཀྱིན་མེ་ལོང་མ་སྤྱོད་ཀྱིན་འདུག་པའི་རྒྱུ་མཚན་དུ། དཔེ་རྒྱན་དང་གཟུགས་རྒྱན་སོགས་སྤྱད་འདུག་ཚུལ་དྲངས་པ་ནི། རྩོམ་བྱུང་ལོ་རྒྱུས་ལ་ཅུང་ཟད་ཕྱིར་ནུད་ཀྱིས་ལྟ་ཐུབ་ན་ངོ་ཚ་བ་ཞིག་ཡིན་སྲིད་དེ། བོད་དུ་མེ་ལོང་མ་གཏན་ནས་མ་དར་བའི་དུས་དང་། ཡང་ན་མེ་ལོང་མ་འཇིག་རྟེན་དུ་མ་བྱུང་གོང་ནས་དཔེ་རྒྱན་དང་གཟུགས་རྒྱན་སོགས་ཀྱི་འགྲོ་སྟངས་ནི་ཡོད་ཡོད་པ་རེད། དེ་དག་གི་ཁུང་རེ་རེ་བཞིན་དྲངས་ན་སླར་ཡང་ཁྱེད་ཀྱི་སྐུ་ངོ་ཚ་སྲིད་པ་ཞིག་རེད། ཨ་ལ་རྩེད་མོ་ཞུས་པ་ཡིན། རྫས་སྲས་ལགས་ཀྱིས་མེ་ལོང་མ་སྤྱོད་ཀྱིན་ཡོད་རྒྱུ་རེད་ལ། དགག་ཀྱིན་ཡང་ཡོད་རྒྱུ་རེད། ཡིན་ནའང་ཁོང་གིས་རྙིང་པ་ཐམས་ཅད་འདོར་དགོས་པའི་རྒྱུ་མཚན་གསུངས་འདུག་པ་མཐོང་མ་སོང་ལ། དེ་བཞིན་ངག་དབང་བརྩོན་འགྲུས་ལགས་ཀྱིས་ཀྱང་གོ་སླ་ཞིང་གནད་ལ་ཁེལ་བ། ནང་དོན་ཟབ་པ་སོགས་ཀྱི་ཡོན་ཏན་དང་ལྡན་པ་གང་ཞིག་མེ་ལོང་མའི་རྒྱན་དང་ཡང་མཐུན་པའི་རྒྱུ་མཚན་གྱིས་དགེ་ཆོས་ལ་བསྟོད་པ་འཐེན་པ་དང་འགུ་བར་གྱུར་པ་ཙམ་ལས། མེ་ལོང་མ་དང་མཐུན་པའི་རྒྱུ་མཚན་ཙམ་བཀོད་པ་ཞིག་ཡིན་སྣང་འཆར་གྱིན་མི་འདུག
གང་ལྟར་ངས་ཁྱོད་ཀྱི་ཟིན་རྩོམ་འདི་བཀླགས་དོན་དང་། ཟིན་མཆན་དུ་ཡང་ཡང་ཡོང་དོན་ནི། ངས་ཡག་སྣང་ཤར་བའི་ངག་དབང་བརྩོན་འགྲུས་ལགས་ཀྱི <> ཞེས་པ་དེར་ཁ་ཐུག་འབྲེལ་བ་འདུག་པས་ཡིན་ལ། ཁྱེད་རྫ་སྲས་བདེ་ཆེན་ལགས་ཀྱི་ཟིན་རྩོམ་དེར་ངོ་འཇུག་རུ་བཅུད་དོན་ནི། ངས་ཡག་སྣང་ཤར་བའི་རྩོམ་ཡིག་དེས་ཀྱང་ཁྱེད་ལ་གོ་རྟོགས་གསར་བ་ཞིག་སྤྲོད་ངེས་སུ་འདུག་སྙམ་པས་ཡིན།
ཡ་ཡ་་་ ད་མང་པོ་མི་བཤད། གཞན་དུ་ན་ང་ལ་མེ་ལོང་མ་འདིས་བོད་ཀྱི་སྙན་ངག་གི་ཚད་ཤིང་ཡོང་མིན་དང་། ང་ཚོས་མེ་ལོང་མ་འདི་སྙན་ངག་ཡིན་མིན་གྱིས་ཚད་ཤིང་གཅིག་ཏུ་ཁུར་ཡོང་གིན་འདུག་པར་ཉོབ་བྱེད་ཅིག་ཡིན་ཚུལ་སོགས་མང་པོ་ཞིག་འདོད་འདུག་ཀྱང་། མང་བར་གྱུར་ན་མི་མཛེས་པས་མང་བའི་ཚོད་ཀྱིས་ཉུང་བར་བྱེད་རྒྱུ་ཡིན།
དོན་དཔྱོད་རིགས་པ་དང་། རིག་མའི་ཚད་མའི་སྐོར་མང་ཙམ་འགྲེལ་དང་། དེ་ནས་ག་ལེར་ལྟ་ཆོག
བློ་རྩལ་མ་རྒྱས་ནའཁྲུལ་སྣང་འདྲ་མིན་སྐྱེས་པ་ཆོས་ཉིད་ཡིན་པ་འདྲ་འདུག བྱིས་པ་ཚོའི་རྩེད་མོ་ལ་གཡེང་བ་བྱེད་པ་ལས། དོན་དམ་དང་ཐ་སྙད་དཔྱོད་པའི་སྐོར་ལ་བགྲོ་གླེང་བྱོས་དང་། བལྟད་མོ་འདུག
ཀརྡོ་དང་གཞོན་ནུ་ཟླ་མེད་གཉིས་ལགས། སྤྱིར་སྙན་ངག་དང་ཡང་དགོས་རྗེ་བླ་མ་སོགས་ཀྱི་རྩོམ་ཡིག་ལ་སྙན་ངག་གི་རིན་ཐང་དང་སྒྱུ་རྩལ་ཡོད་མེད་གླེང་ས་ན། དོན་དཔྱོད་དང་ཚད་མ། ཐ་སྙད་དང་དོམ་གྱི་སྐད་ཆ་ཁུར་ཤོག་ཟེར་ནས་ཉོག་བཤད་མ་བྱེད་རོགས། འདི་རིགས་ལ་གྲྭ་སའི་ཆོས་སྐད་དུ་”རྟ་ཁྲེད་ཤོག་ཟེར་ས་ལ་བོང་གུ་ཁྲིད་མ་ཡོང་”ཞེས་པའི་བཤད་སྲོལ་ཞིག་ཡོད་རབས་འདུག ད་དུང་དཔེ་གཞན་ཞིག་ཞུ་ཆོས་ལུགས་ག་གེ་མོའི་སྤྱི་མཐུས་ཤིག་གིས། གཞུང་དངུལ་གཏོང་ཕྱོགས་ཀྱི་གྲོས་འཆར་ལ་ཇོ་ནང་ས་སྐྱ་ཡིན་མིན་གྱི་རྩོད་པ་བྱེད་ཀྱིན་འདུག་ཟེར་དང་ཡང་འདྲ་བོ་རེད། གལ་སྲིད་ཁྱོད་ཅག་གིས་འདིར་སྐོར་ལ་རྩོད་འདོད་ན། རྩོད་གཞི་གནད་དོན་གཞན་ཞིག་ལ་བྲིས་པའི་དཔྱང་ཡིག་ཅིག་འདིར་ཁོད་ནས་རྩོད་དང་། ངས་ལྟས་མོ་ལྟ་ཆོག་ཞུ། མ་གཞི་འདི་ནི་ཁྱེད་གཉིས་ཁོ་ནའི་སྐྱོན་ཞིག་ཡིན་མི་སྲིད། ཟིན་བྲིས་སྣེ་མཆན་འགོད་མཁན་མང་པོ་ཞིག་གིས་འོག་གི་མཆན་ཙམ་ལས་གོང་གི་ཟིན་རྩོམ་དང་ཡེ་ནས་འབྲེལ་བ་མེད་པའམ། ཡང་ན་མིག་ཙམ་གྱིས་ཀྱང་མི་ལྟ་བར་སྤེལ་མཁན་འདུག་པ་ནི། ཟིན་རྩོམ་འབྲི་བ་པོ་དགའ་བོ་ཞིག་ཡིན་ན། དགའ་མོ་ཞིག་གིས་ཡ་མེད་བྱས་པ་ལས་ཀྱང་སྡུག་བསྔལ་ཆེ་རྒྱུ་རེད། གང་ལྟར་མཆན་འགོད་པར་གཏན་གཏན་གཟབ་དགོས་རེད་ལོ།
ཤུལ་ལུང་པ་ལགས།
དགོངས་དག ཁྱོད་བདེན་ཀྱང་། རྗེའི་པོ་ཏི་༡༨ལ་དག་སྣང་སྦྱོང་མཁན་ཅིག་ཡིན་ཙང་། གོང་གི་ཁག་ཅིག་གིས། ངའི་ཁ་དང་ལག་པ་རང་སར་མཉམ་པར་བཞག་བཅུགས་མ་སོང་བས། ད་དུང་སླར་ཡང་ཚར་ཅིག་དགོངས་ཐུགས་བདེན་ཞུའོ། །
རྗེའི་སྙན་དངགས་འདི་ཚར་ཅིག་ཙམ་ཀློགས་དང་།
ཀླུ་སྒྲུབ་གཞུང་ལུགས་ཀུན་དའི་ཚལ། །
དྲི་མེད་མཁྱེན་པའི་དཀྱིལ་འཁོར་རྒྱས། །
གསུང་རབ་མཁའ་ལ་ཐོགས་མེད་རྒྱུ། །
མཐར་འཛིན་སྙིང་གི་མུན་པ་སེལ། །
ལོག་སྨྲའི་རྒྱུ་སྐར་ཟིལ་གནོན་པ། །
དཔལ་ལྡན་ཟླ་བའི་ལེགས་བཤད་ཀྱི། །
འོད་དཀར་འཕྲེང་བས་གསལ་བྱས་པ། །
བླ་མའི་དྲིན་གྱིས་མཐོང་བའི་ཚེ། །
བདག་གི་ཡིད་ཀྱིས་ངལ་གསོ་ཐོབ། །
གོང་དུ་མཆན་པོ་འགས་གསུངས་པ་བཞིན་ང་ཚོའི་མཆན་འདི་མ་རྩོམ་དང་འབྲེལ་བ་ཟབ་ཏུ་གཏོང་དགོས་པ་ན། འདིར་སྙན་ངག་སྐོར་ལ་ཞུ་རྒྱུ་ནི།
སྔོན་གྱི་མཁས་པ་རྣམས་ཀྱི་ཐོས་རྒྱ་ནི་ཧི་མ་ལ་ཡ་བཞིན་མཐོ་ལ་རྒྱ་ཡན་པ། དེང་གི་རྩོམ་པ་པོ་དང་སྙན་ངག་མཁན་གྱི་ཐོས་རྒྱ་ནི་ཁ་བརྡའི་མཆན་གྱི་རིང་ཚད་ཙམ་རེད། དེས་སྙན་ངག་དང་རྩོམ་གྱི་སྤྲུས་ཚད་དེ་དབྱེ་བར་བྱེད།
སྔོན་གྱི་མཁས་པ་རྣམས་ཀྱི་དཔྱད་པ་དང་རིགས་པའི་ཀློང་ནི་ཡར་ཀླུང་གཙང་པོ་བཞིན་ཆད་པ་མེད་པ་ལ་གཏིང་རིང་བ། དེང་གི་སྙན་ངག་མཁན་གྱི་དཔྱད་པ་དང་རིགས་པའི་ཀློང་ནི་ནམ་མཁའི་གློག་དང་འདྲ་བར་སྐད་ཅིག་མ་ལྟ་བུ།
སྔོན་གྱི་མཁས་པ་རྣམས་ཀྱི་ཀུན་སློང་ནི་སེམས་ཅན་ཐམས་ཅད་ལ་ཕན་པའི་ཀུན་སློང་ཞིག་གིས་རྩོམ་པ་ལ། དེང་གི་མཁས་པ་རྣམས་ཀྱི་ཀུན་སློང་ནི། སྒོར་མོ་དང་མིང་གྲགས་ཁོ་ན།
ད་ཁོང་གཉིས་ཀྱི་རྩོམ་གྱི་རིན་ཐང་བསྡུར་དང་ཅུང་དོན་དང་ལྡན་པའི་དཔྱད་པ་ཡོང་སྲིད།
༸རྗེ་ཡིས་རྟོགས་བརྗོད་མདུན་ལེགས་མ་ལས།
འཇིག་རྟེན་མཐོ་རིས་བྱང་གྲོལ་ལྟ་བའི་མིག །
སྲིད་ལ་འཁྱམས་པས་དུབ་པའི་ངལ་གསོའི་གནས། །
བདེ་ལེགས་རྩ་བ་དྲིན་ཆེན་བླ་མ་དང་། །
རྗེ་བཙུན་མཁྱེན་པའི་གཏེར་གྱི་ཞབས་ལ་འདུད། །
ཡང་༸ཁོང་གིས་ལམ་རིམ་ཉམས་མགུར་ལས།
ཕུན་ཚོགས་དགེ་ལེགས་བྱེ་བའི་བསྐྲུན་པའི་སྐུ། །
མཐའ་ཡས་འགྲོ་བའི་རེ་བ་སྐོང་བའི་གསུང་། །
མ་ལུས་ཤེས་བྱ་ཇི་བཞིན་གཟིགས་པའི་ཐུགས། །
ཤྰཀྱའི་གཙོ་བོ་དེ་ལ་མགོས་ཕྱག་འཚལ། །
༸རྗེ་དང་དགེ་ཆོས་ཀྱི་སྙན་དངགས།
༸རྗེ་ཡི་སྙན་དངགས་འཕགས་པའི་སྙན་ངག་རེད། །
དགེ་ཆོས་སྙན་ཚིག་སོ་སྐྱེས་སྙན་དངགས་རེད། །
གཉིས་ཀ་ཨ་མདོ་མཁས་པའི་སྙན་དངགས་རེད། །
ཁམས་དབུས་སྙན་དངགས་མཁས་པ་ག་ཚོད་ཡོད། །
འདི་ཡང་ཀུ་རེ་ཚུལ་དུ་བྲིས་པའོ། །
གཟུར་གནས་བློ་ལྡན་དག་གི་ངོར། །
རྗེ་བཙུན་བློ་བཟང་གྲགས་པའི་ཞབས། །
ཚད་མེད་སྐྱེ་བོར་གཟིགས་ན་ཡང་། །
ཕྱོགས་ལྷུང་ཅན་ལ་དེ་ལྟར་མིན། །
འདྲེ་ཡི་ངོར་གྱི་གཟུར་གནས་དེ། །
མི་ཡི་ངོར་ལ་མ་གཟུར་རོ། །
འདྲེ་ཡི་ངོར་གྱི་ཕྱོགས་ལྷུང་དེ། །
མི་ཡི་ངོར་ལ་ཚད་མར་སྲིད། །
གྲོགས་ཤུལ་ལུང་བ་དང་ཟུར་གནས། ཀརྡོ་ལགས་སོགས་བྱོན་པ་ལེགས། དགོངས་དག ངས་ཁྱེད་རྣམ་པའི་མཆན་ལ་ལམ་སེང་བལྟ་རྒྱུ་རག་མ་སོང་། ལས་བྲེལ་གསེང་དབར་ནས་ད་ལྟ་བལྟས་པ་ཡིན། གྲོགས་ཤུལ་ལུང་བས་ངས་སྒུག་པའི་སྐད་ཆ་དེ་རང་བཤད་འདུག དེ་གང་་རེད་ཅེ་ན། “ད་དུང་ཁྱེད་ཀྱིས་རྫ་སྲས་ཀྱིས་མེ་ལོང་མ་དགག་ཀྱིན་མེ་ལོང་མ་སྤྱོད་ཀྱིན་འདུག་པའི་རྒྱུ་མཚན་དུ། དཔེ་རྒྱན་དང་གཟུགས་རྒྱན་སོགས་སྤྱད་འདུག་ཚུལ་དྲངས་པ་ནི། རྩོམ་བྱུང་ལོ་རྒྱུས་ལ་ཅུང་ཟད་ཕྱིར་ནུད་ཀྱིས་ལྟ་ཐུབ་ན་ངོ་ཚ་བ་ཞིག་ཡིན་སྲིད་དེ། བོད་དུ་མེ་ལོང་མ་གཏན་ནས་མ་དར་བའི་དུས་དང་། ཡང་ན་མེ་ལོང་མ་འཇིག་རྟེན་དུ་མ་བྱུང་གོང་ནས་དཔེ་རྒྱན་དང་གཟུགས་རྒྱན་སོགས་ཀྱི་འགྲོ་སྟངས་ནི་ཡོད་ཡོད་པ་རེད།” ཅེས་པ་འདི་རེད། འདིས་ཤུགས་ཀྱི་བསྟན་དོན་སྙིང་པོ་ནི། མེ་ལོང་མ་དང་མཐུན་ཀྱང་མེ་ལོང་མས་དེ་ལ་ཤན་ཞུགས་པའི་ངེས་པ་མེད། ཅེས་པའི་དོན་དུ་བབས་འདུག་སྙམ།
ང་ལྟ་བུ་ཡིན་ན་གང་ཡང་ཤེས་མཁན་ཞིག་མིན་ཀྱང་། མཚམས་རེ་སྙན་རྩོམ་ཚིག་བཅད་ལྷུག་རེ་འབྲི་བའི་སྐབས་སུ་མེ་ལོང་མ་དང་མཐུན་གྱིན་ཨེ་འདུག་བལྟ་ཡི་མེད། ཁྱེད་རང་ཡང་དེ་ག་ཡིན་རྒྱུ་རེད།
བོད་ལ་གྲོང་གསེབ་ཁུལ་དུ་ཤགས་འགྱེད་པ་ན།
ཤ་བ་རྭ་ཅོ་རིང་ཡང་།།
གནམ་གྱི་སྐས་འཛེགས་མི་ཡོང་།།
རི་བོང་ལག་པ་ཐུང་ཡང་།།
ལ་མོ་འདྲ་འདྲ་རྒྱབ་ཡོད།།
ཅེས་པ་ལྟ་བུས་མཚོན་མེ་ལོང་མ་ལ་རྒྱུས་ཡོད་ལྟ་ཕར་ཞོག མིང་ཙམ་ཡང་གོ་མྱོང་མེད་པ་དག་གིས་ཀྱང་རྙིང་པ་བསྐྱར་བ་དང་གསར་པ་རྩོམ་པ་བཅས་མདོར་ན་བསྡུས་བརྗོད་ཀྱི་རྒྱན་མང་དག་ཅིག་སྤྱད་དང་སྤྱོད་བཞིན་ཡོད། སྙིང་པོ་བསྒྲིལ་ན་མེ་ལོང་མ་བོད་དུ་བསྒྱུར་བ་དེས་བོད་ཀྱི་སྙན་རྩོམ་ལ་ཤན་ཤུགས་ངེས་ཅན་ཞིག་ཐེབས་པ་སྨོས་མེད་ཀྱང་། དེས་བོད་ཀྱི་སྙན་རྩོམ་དར་རྒྱས་ཀྱི་བཀག་རྡོ་བྱས་མེད། ཅེས་ཞུ་འདོདདོ།།
ལྷག་པར་དུ་ཡང་མེ་ཏོག་རྙིད་པའི་ངོར། །
རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་ཞབས། །
སོ་སྐྱེས་ཕལ་བ་ཙམ་ཞིག་མཐོང་བ་ཡི། །
ལོག་པའི་བློ་ལ་སྙིང་རྗེ་སུ་མི་སྐྱེ། །
ལྷས་བྱིན་རྒད་པོའི་རྗེས་འགྲོ་ཅན། །
ཅོལ་ཆུང་མེ་དཀར་ཚོགས་དག་གིས། །
སོ་མེད་རིག་པ་བརྒྱ་འཕངས་ཀྱང་། །
ཁྱོད་ཀྱི་ལུགས་ལ་གནོད་མ་ཡིན། །
ཁྱད་པར་དེང་སང་ཕྱོགས་གཅིག་ལ་གནས་ནས། །
དེ་ཡི་ཚད་མ་ཀུན་ལ་ཚད་མ་དང་། །
དེ་ཡི་བཟང་པོ་ཀུན་ལ་བཟང་དགོས་པའི། །
རིགས་པའི་ལམ་ལས་རིང་དུ་བརྒལ་གྱུར་ཀྱང་། །
ཨུ་ཚུགས་མངོན་རློམ་དབང་ཡོད་གང་རུང་གིས། །
ཀུན་གྱི་མགོ་ལ་མི་འདོད་ཁྲལ་འགེལ་འདི། །
ཀྱེ་མ་མི་ཚེ་ཀ་བ་བུམ་པ་རྩོད་པ་ཡི། །
ཀྱེ་ཧུད་འབྲས་བུ་སྨིན་པ་གོར་མ་ཆགས། །
ང་ཡི་ཨ་ཕ་ང་ལ་བཟང་ན་ཡང་། །
གྲོང་པ་ཀུན་ལ་བཟང་བཙལ་ཐང་མེད། །
ཁྱད་པར་དེང་སང་ཕྱོགས་གཅིག་ལ་གནས་ནས། །
དེ་ཡི་ཚད་མ་ཀུན་ལ་ཚད་མ་དང་། །
དེ་ཡི་བཟང་པོ་ཀུན་ལ་བཟང་དགོས་པའི། །
རིགས་པའི་ལམ་ལས་རིང་དུ་བརྒལ་གྱུར་ཀྱང་། །
ཨུ་ཚུགས་མངོན་རློམ་དབང་ཡོད་གང་རུང་གིས། །
ཀུན་གྱི་མགོ་ལ་མི་འདོད་ཁྲལ་འགེལ་འདི། །
ཀྱེ་མ་མི་ཚེ་ཀ་བ་བུམ་པ་རྩོད་པ་ཡི། །
ཀྱེ་ཧུད་འབྲས་བུ་སྨིན་པ་གོར་མ་ཆགས། །
ང་ཡི་ཨ་ཕ་ང་ལ་བཟང་ན་ཡང་། །
གྲོང་པ་ཀུན་ལ་བཟང་བ་ལ་ཐང་མེད། །
ངའི་བླ་མ་ལ་ཁྱོད་ཀྱིས་དད་པ་བྱེད་གི་མིན་འདུག་ཟེར་ནས་ངུས་པ་འདི་ལས་ཤ་ཚ་བ་དང་ཡ་ང་བ་གང་ན་ཡོད།
མེ་དཀར་ལགས། རྩེད་མོའི་ཚུལ་དུ་ངས་ཁྱེད་ཀྱི་ཚིགས་བཅད་དེ་ཚིག་འགྱུར་བྱས་ཡོད། རིགས་པ་འཐེན་ཙམ་བྱས་ཡོད།
ཁྱད་པར་དེང་སང་ཕྱོགས་གཅིག་ལ་གནས་ནས། །
དེ་ཡི་ལོག་རྟོགས་ཀུན་གྱིས་ཁས་ལེན་དང་། །
དེ་ཡི་ངན་པ་ཀུན་ལ་ངན་དགོས་པའི། །
རིགས་པའི་ལམ་ལས་རིང་དུ་བརྒལ་གྱུར་ཀྱང་། །
ཨུ་ཚུགས་ལྐུགས་རྟགས་དབང་ཡོད་གང་རུང་གིས། །
ཀུན་གྱི་མགོ་ལ་མི་འདོད་ཁྲལ་འགེལ་འདི། །
ཀྱེ་མ་མི་ཚེ་འཐེན་འཁྱེར་ལངས་ཤོར་བའི།
ཀྱེ་ཧུད་འབྲས་བུ་སྨིན་པ་གོར་མ་ཆགས། །
བོད་ཀྱི་མཁས་དབང་ཁྱེད་ལ་མི་ཐད་རུང་།
གྲོང་པ་ཀུན་ལ་ངན་པ་ལ་ཐང་མེད། །
ངའི་བློ་ལ་ནམ་ཡིན་རུང་། མཁས་པ་ཞིག་ལ་དཔྱད་པ་བྱེད་པའི་ཚེ། ཁོང་གི་དགོངས་པ་དང་བློ་རྩལ་ལ་གཙོ་བོར་ལྟོས་པ་ལས། གང་ཟག་དང་ཆོས་ལུགས། ཆོལ་ཁ་དེ་བཞིན་ཡུལ་ལུང་སོགས་ལ་འབྲེལ་ཐོགས་མེད་ན་དཔྱད་པ་རྣལ་མ་ཞིག་ཡོང་ཐུབ་སྙམས།
ང་རང་ཆོས་ལུགས་ཀྱི་གྲུབ་མཐའི་ཚོགས་པར་ཞུགས་མ་མྱོང་བའི་མི་ཞིག་གིས་བལྟས་ན། གཙོ་བོ་ཁོང་རྣམས་ཀྱི་བློ་རྩལ་དང་རིགས་པ། མཁྱེན་རྒྱ་དེ་བཞིན་རྟོགས་པའི་ཡོན་ཏན་གཙོ་བོར་འཛིན་དགོས་པའི་ངེས་པ་ཡང་ཡང་སྐྱེས། དཔེར་ན། ང་ཚོས་སྔོན་བྱོན་མཁས་པ་རྣམས་ཆོས་ལུགས་དང་གྲུབ་མཐའ་ལ་བལྟོས་ནས་དབྱེ་བ་མ་འཛིན་པར། ཁོང་རྣམས་ཀྱི་མཁྱེན་རྒྱ་དང་རྟོགས་པའི་ཡོན་ཏན་ལ་བལྟོས་ནས་དབྱེ་བ་འབྱེད་ན། ས་སྐྱ་པན་ཊི་ཏ། རྒྱལ་བ་ཀློང་ཆེན་པ། རྗེ་རིན་པོ་ཆེ། ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། དེ་བཞིན་རྒྱལ་བ་ལྔ་པ་སོགས་ཤོག་ཁག་གཅིག་ལ་གཏོགས་པར་བྱེད།
གོང་གི་བླ་མ་དེ་དག་ལ་ཐུན་མོང་གྱི་ཡོན་ཏན་འགའ་ཤས་ཟུར་དུ་འཕྱུང་སྟེ། དང་པོ། ཁོང་རྣམས་ཚང་མས་གྲུབ་མཐའ་མི་འདྲ་བའི་བླ་མ་བསྟེན་པ་ཤ་སྟག གཉིས་པ། ཁོང་རྣམས་ཀྱི་རྟོགས་པའི་ཡོན་ཏན་དེ་ཆོས་ལུགས་ཀྱི་གྲུབ་མཐའ་གཅིག་ལས་བརྒལ་སྟབས། སློབ་མ་ཡང་ཆོལ་ལུགས་མི་འདྲ་བའི་ནང་ནས་བྱུང་བ་ཤ་སྟག དེ་བཞིན་ཁོང་རྣམས་ཀྱིས་ཐོས་བསམ་སྒོམ་གསུམ་གཅིག་ཏུ་བསྒྲིལ་ནས་རང་དོན་དང་གཞན་དོན་གཉེར་བའི་བླ་མ་ཤ་སྟག་མཐོང་།
དེར་བརྟེན། ང་ཚོར་ཡོན་ཏན་རྒྱ་ཆེ་བ་དང་གཏིང་ཟབ་པ་ཞིག་སྐྱེ་འདོད་ཚེ། བླ་མ་ཡང་ཐོས་རྒྱ་ཆེ་བ་དང་ཆོས་ལུགས་ཀྱི་བཞེན་ཁོག་སྐམ་པོ་དེ་ནས་བརྒལ་བ་ཞིག་བྱུང་ན་ཤིན་དུ་ཕན་པ་ཆེ་སྙམ། ཆོས་ལུགས་གཅིག་ཁོ་ནར་ཞུགས་པའི་མཁས་པ་དག་ལ་ཡོན་ཏན་ལོས་ཡོད། འོན་ཀྱང་། དེ་བས་ཆོས་ལུགས་ཀྱི་གྲུབ་མཐའ་མི་འདྲ་བར་ཐོས་རྒྱ་ཡོད་པའི་བླ་མ་ཞིག་ཡིན་ཚེ་སློབ་མར་ཕན་པ་ཆེ་བར་འོང་།
ཟུར་གནས་ཀྱི་སྐད་ཆ་དེ་སྤྱི་ལྡོག་ནས་ངས་ཁས་ལེན། ཡིན་ནའང་ངས་ག་གེ་མོ་ལ་དད་པ་བྱེད་མི་རུང་བའམ། ཁྱོད་ཀྱིས་ག་གེ་མོ་དེ་ལ་དད་པ་དང་མོས་པ་བྱེད་མི་རུང་མ་བཤད་པས་ཁྱོད་ཀྱིས་བཤད་པ་དེ་བྱེ་བྲག་ཏུ་ཁས་མི་ལེན་ནོ།།
ཡིན་ནའང་སླར་ཡང་འདི་བཤད་འདོད་དེ། ངའི་བླ་མ་ལ་ཁྱོད་ཀྱིས་དད་པ་བྱེད་གི་མིན་འདུག་ཟེར་ནས་ངུས་པ་འདི་ལས་ཤ་ཚ་བ་དང་ཡ་ང་བ་གང་ན་ཡོད། ཅེས་སོ།།
ཆོས་ལུགས་ཚོགས་པ་ལ་ཞུགས་མ་མྱོང་ན་”ས་སྐྱ་པན་ཊི་ཏ། རྒྱལ་བ་ཀློང་ཆེན་པ། རྗེ་རིན་པོ་ཆེ། ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། དེ་བཞིན་རྒྱལ་བ་ལྔ་པ་ཞེས་པའི་མིང་འབོད་སྟངས་འདི་མི་ཡོང་
དེ་ལ་འདི་ལྟར། ཀུན་དགའ་རྒྱལ་མཚན། ཀློང་ཆེན་རབ་འབྱམས། བློ་བཟང་གྲགས་པ། རིན་ཆེན་གྲགས་པ། ཡོན་ཏན་རྒྱ་མཚོ། བློ་བཟང་རྒྱ་མཚོ་ཞེས་འབོད་དགོས། ཧ་ཧ་ཧ་ཧ་ རྩེད་མོ་ཡིན། ཡང་ན། ས་སྐྱ་པ་ཀུན་དགའ་རྒྱལ་མཚན། རྙིང་མ་པ་ཀློང་ཆེན་རབ་འབྱམས། དགེ་ལུགས་པ་བློ་བཟང་གྲགས་པ། བུ་སྟོན་ག་རེ་ཡིན་ཧ་གོ་མ་སོང་། འོ་ད་བཀའ་བརྒྱུད་པ་ཆད་འདུག བཀའ་རྒྱུད་པ་རྡོ་རྗེ་རྒྱལ་མཚན་ཞེས་འབྲི་དགོས། ཧཧཧཧ
༸རྗེ་ཙང་ཁ་ང་ཆེན་པོ་འདི་བཀའ་གདམས་པ་ཡིན་ཡང་། དགེ་ལུགས་པ་ཡིན་མདོག་མེད། ཧ་ཧ། མེ་དཀར་ལགས།