སྲོང་བཙན་བུ།
གཅིག རྒྱལ་སྤྱིའི་བརྒྱུད་ལམ་དང་སྤྱི་ཚོགས་ཀྱིས་དོ་སྣང་ཆུང་དོན།
རྒྱལ་སྤྱིའི་སྒང་ནས་བོད་ཀྱི་རང་ལུས་མེར་བསྲེགས་ལ་དོ་སྣང་ཆུང་སྐྱོན་འདིའི་སྣེ་གཅིག་ང་ཚོའི་ངོས་ན་ཡོད་པར་མཐོང་གི་ཡོད། དེ་ནི་ང་ཚོས་གནས་ཚུལ་ཁྱབ་བསྒྲགས་དང་། མུ་མཐུད་གནས་ཚུལ་ཅི་ཆགས་སྐོར་འཚོལ་བསྡུ་དང་གླེང་སློང་། ཁྱབ་སྤེལ་བཅས་ཀྱི་ནུས་པས་མ་ལྡང་བར་འབྲེལ་བ་ངེས་ཅན་ཡོད། དམའ་མཐའ་ལ། ད་ལྟ་ཕན་ལ་ང་ཚོས་བོད་ནང་གི་བློས་གཏོང་དང་བསྡུར་བ་ཡིན་ན། བཙན་བྱོལ་བོད་མིས་འཕག་འཚག་རྒྱག་སྟངས་འདིར་ངར་ཤུགས་མི་འདུག གཟའ་ཉི་མ་དང་གུང་སེང་གི་ཉིན་མོ་དག་ལ། བོད་མིའི་སྒྲིག་འཛུགས་ཀྱི་དྲ་ངོས་ནས་གནས་ཚུལ་གསར་པ་མཐོང་མི་ཐུབ་ལ། སྤྱི་འཐུས་ཀྱི་དྲ་ངོས་ན་བསྒྲགས་གཏམ་གསར་པ་མཐོང་རྒྱུ་མེད། ཡིན་ནའང་། རྒྱལ་སྤྱིའི་སྟེང་ནས་བོད་ཀྱི་མེར་བསྲེགས་ལས་འགུལ་སྐོར་གླེང་སློང་དང་ངོས་འཛིན་གསལ་པོ་མ་ཡོང་བའི་རྒྱུ་རྐྱེན་གཞན་ཡང་མང་པོ་ཡོད་པའི་ནང་གི་གནད་འགག་ཆེ་ཤོས་གཅིག་ནི། གནས་ཚུལ་བྱུང་དུས་དང་བྱུང་རྗེས་གང་དུའང་ས་གནས་ས་ཐོག་ཏུ་རང་དབང་ལྡན་པའི་གསར་འགོད་པ་བཅར་མ་ཐུབ་པ་དེ་རེད། དེ་ཡིན་ཙང་། ད་ལྟ་ང་ཚོས་རྒྱལ་སྤྱིའི་གསར་གནས་ཀྱི་བརྒྱུད་ལམ་ཆེ་ཁག་རིགས་གཅིག་གིས་མེར་བསྲེགས་སྐོར་བཀོད་ཙམ་ཐོན་ཙམ་བྱེད་ཀྱིན་པ་དེ་དག་ཀྱང་། ས་གནས་ས་ཐོག་གི་གནས་སྟངས་གཞིར་བྱས་པའི་ཁུངས་སྣེ་མེད་པའི་གསལ་བཤད་དང་སྦྲགས་ནས་སྤེལ་གྱིན་ཡོད་པའི་གནས་སྟངས་འདི་ཡོང་གི་ཡོད།
ད་ལྟ་བོད་པའི་གསར་གནས་བརྒྱུད་ལམ་ཁག་གིས་གཅིག་ལ་གཉིས་རྒྱུད་དུ་སྤེལ་བའི་གསར་གནས་དག་གིས། བོད་པའི་སྤྱི་ཚོགས་ནང་རང་ལུས་མེར་བསྲེགས་སྐོར་གྱི་གནས་ཚུལ་དེ་ཆེས་མྱུར་ཤོས་ཀྱི་ལམ་ནས་གསལ་བཤད་བྱས་ཡོད་པ་དང་། མྱུར་ཚད་དེ་ད་དུང་ཡང་མྱུར་ཚད་དེ་ག་རང་གི་གནས་སྟངས་ན་ཡོད་པ་དང་། བོད་པའི་ནང་གནས་ཚུལ་ཅི་ཙམ་གྱིས་གསལ་པོ་དང་མྱུར་པོ་བྱུང་བ་དེ་ཚོད་ཀྱི་ལྟ་སྟངས་ཤིག་གིས། རྒྱལ་སྤྱིའི་གསར་གནས་ཁག་ལ་མིག་མྱུལ་དང་རྣ་བ་གཏོད་སྐབས། ཆ་མ་ཚང་བ་དང་གསལ་ལ་མ་གསལ་བ། འབྱུང་ཁུངས་རྒྱུ་མཚན་ཚད་ལྡན་ཡིན་མིན་གྱི་གླེང་སློང་ཞིག་དང་འགྲོགས་པའི་གླེང་སྣེ་སྦུད་ཙམ་ལས་མཐོང་རྒྱུ་ཡོང་གི་མེད།
ད་ལྟའི་གནས་སྐབས་སུ། བོད་པའི་གསར་གནས་བརྒྱུད་ལམ་དག་ལས་ཀྱང་མྱུར་ཤོས་ཀྱི་བརྒྱུད་ལམ་གསུམ་ནི། བོད་ཀྱི་དུས་བབ་དང་བོད་ཀྱི་བང་ཆེན། ཁ་བརྡ་དྲ་དེབ་བཅས་རེད། དེ་གསུམ་ལ་གནས་ཚུལ་ཡོང་ཁུངས་ནི་སྐད་འཕྲིན་བརྒྱུད་ལམ་དང་། ངོ་དེབ། ཐད་ཀར་ཨིས་མལ་བརྒྱུད་འབྱོར་གྱི་ཡོད་པ་འདིའི་ནང་འདུས་པ་ལྟ་བུ་རེད། དྲ་ཚིགས་འདི་གསུམ་གྱི་འཕྲོ་ནས་གནས་ཚུལ་སླེབས་ས་མགྱོགས་ཤོས་གཅིག་དེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་ཚིགས་རེད། དེ་རྗེས་གཞི་ནས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚིགས་ནས་མངོན་གྱི་ཡོད།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་དམིགས་བསལ་བ་ཞིག་གནང་གིན་ཡོད་པ་ནི། གསར་གནས་རེ་སླེབས་པ་དང་དེ་རྗེས་སུ་བསྒྲགས་གཏམ་ཞིག་འདོགས་ཀྱིན་ཡོད་པ་དེ་རེད། ཡིན་ནའང་། བོད་ཡིག་བརྒྱུད་ལམ་ཁོ་ན་ཡིན་པའི་འཁོར་སྐྱོད་འདི། རྒྱལ་སྤྱིའི་གསར་གནས་དང་ཉེ་བའི་འཁོར་སྐྱོད་ཅིག་ཡོང་གི་མེད། ང་ཚོས་བོད་པ་ནང་ཁུལ་དུ་ཁྱབ་བསྒྲགས་བྱེད་དགོས་པ་གལ་ཆེན་པོ་ཡང་ཡིན་པ་རེད། དེ་ལས་གལ་ཆེ་བ་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་སྤེལ་རྒྱུ་ཨང་དང་པོར་འཇོག་མ་ཐུབ་པའི་གནས་སྟངས་འདི་རིགས་ཀྱིས། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་དོ་སྣང་དེ་ང་ཚོའི་ཕྱོགས་སུ་འགུགས་ཐུབ་ཀྱི་མེད། དེ་མ་ཐུབ་ཙང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ང་ཚོའི་རང་ལུས་མེར་བསྲེགས་ལས་འགུལ་འདི་གོ་ཐུབ་ཀྱི་མེད། མཐོང་ཐུབ་ཀྱི་མེད། རྒྱལ་སྤྱིའི་སྟེང་ནས་དོ་སྣང་མ་ཡོང་བའི་གནད་འགག་ཚང་མ་འདིར་ཐུག་ཡོད།
སོང་ཙང་། ང་ཚོའི་སྤྱི་འཐུས་ལྷན་ཚོགས་དང་སྒྲིག་འཛུགས་ཀྱིས་ཁ་ཚ་དགོས་གཏུགས་ཀྱིས་སྒྲུབ་དགོས་ངེས་ཀྱི་ལས་དོན་གལ་ཆེ་ཤོས་དེ། ཛ་དྲག་བོད་གནས་རིགས་རྒྱལ་སྤྱིའི་སྟེང་ཁྱབ་བསྒྲགས་ཀྱིས་རྒྱལ་སྤྱིའི་དོ་སྣང་ང་ཚོའི་ཕྱོགས་སུ་འགུག་རྒྱུ་དེ་ཆགས་ཡོད། དེས་རྒྱལ་སྤྱིའི་འགུལ་ཤུགས་ཤིག་ང་ཚོའི་ཕྱོགས་སུ་སྒུལ་ཐུབ་པ་ཡིན།
སྤྱི་འཐུས་ལྷན་ཚོགས་དང་སྒྲིག་འཛུགས་ཀྱི་ད་ལྟའི་འགུལ་སྟངས་འདི་ནི། ཀིརྟི་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་གཉིས་ཀྱིས་གནས་ཚུལ་བསྡུ་རུབ་དང་བོད་དབྱིན་གཉིས་ནང་ཁྱབ་སྤེལ་གྱི་མྱུར་ཚད་ལས་ལྡབ་མང་པོས་འགོར་དལ་ཆེ་བ་ཞིག་ན་གནས་ཡོད།
མ་གཞི། བོད་པ་མི་སྒེར་མང་པོས་བོད་གནས་ཁྱབ་སྤེལ་གྱི་ནུས་པ་གང་འཚམ་འདོན་གྱི་ཡོད་པ་འདི་ལས་ཀྱང་། སྤྱི་འཐུས་ལྷན་ཚོགས་དང་སྒྲིག་འཛུགས་ཀྱིས་གནས་ཚུལ་རིགས་དུས་ཐོག་འགྲེམས་སྤེལ་གྱི་ནུས་པ་ཞིག་འདོན་ཐུབ་པ་ཡིན་ན། ཕྱི་ནང་གང་གི་གདེང་འཇོག་དང་ངོས་འཛིན་གནང་སྟངས་མ་འདྲ་བ་ཞིག་ཡོང་རེ་མེད་པ་མིན་ནའང་། ང་ཚོའི་འཁོར་སྐྱོད་འདི་རྒྱལ་སྤྱིའི་འཁོར་སྐྱོད་ནང་བསྲེས་མ་ཐུབ་པར་ལྷག་ཡོད། རྒྱལ་སྤྱིའི་སྒང་ནས་དོ་སྣང་མི་སླེབས་དོན་གཅིག་འདི་རེད།
གཉིས། དམིགས་བསལ་ཚོགས་ཆེན་དང་མེར་བསྲེགས་མཚམས་འཇོག་འབོད་སྐུལ།
བོད་ནང་གི་གནས་བབ་ཛ་དྲག་ཡིན་པའི་གནས་སྟངས་འོག་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་ཚོགས་པ་རེད། གཅིག་དེ་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་ ༢༠༠༨ ལོར་འཚོགས་པ་རེད། གཞན་དེ་ད་ལོའི་ལྕགས་ཡོས་མེ་རྒོལ་ཆེན་མོའི་སྐབས་འཚོགས་པ་རེད། བོད་ནང་ནས་བོད་མི་ ༥༠ དང་བཙན་བྱོལ་ནང་ནས་བོད་མི་ ༡ གིས་རང་ལུས་མེར་བསྲེགས་བཏང་བའི་མཚམས་སུ་འཁེལ་བའི་དམིགས་བསལ་ཚོགས་ཆེན་དེ་ཕྱི་ཟླ་ ༩ ཚེས་ ༢༥ ནས་ཚེས་ ༢༨ བར་འཚོགས་ཡོད།
ཚོགས་ཆེན་གྱི་རྗེས་དེ་ག་རང་སྟེ། ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༩ ཉིན་ཆབ་མདོ་ནས་ཡིན་པ་གཡུང་དྲུང་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་ཡོད། དེ་ནས་བསྟུད་མར་དེ་རིང་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༦ ཉིན་བར་ཁྱོན་བསྡོམས་བོད་མི་ ༤༡ གིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་བྱུང་ཡོད། ཡིན་ནའང་། བསྟུད་མར་བྱུང་བའི་གནས་ཚུལ་འདི། དམིགས་བསལ་ཚོགས་ཆེན་དང་འབྲེལ་བ་ཡོད་པར་གླེང་སྟངས་དེ་བདེན་པ་མ་རེད། གང་ལ་ཟེར་ན། དམིགས་བསལ་ཚོགས་ཆེན་གྱི་བརྗོད་གཞི་ནི། བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་བོད་གཞུང་མང་གཉིས་ནས་གདོང་ལེན་བྱེད་ཕྱོགས་ཙམ་རེད། དེ་ཡང། ༡ བོད་མིའི་སྤྱི་ཚོགས་ནང་ལས་འགུལ་སྤེལ་ཕྱོགས། ༢ རྒྱལ་སྤྱིའི་ནང་ལས་འགུལ་སྤེལ་ཕྱོགས། ༣ ཨེ་ཤ་ཡའི་ནང་ལས་འགུལ་སྤེལ་ཕྱོགས་བཅས་རེད།
རང་ལུས་མེར་བསྲེགས་ལས་འགུལ་སྐོར་གླེང་མཁན་ཁག་ཅིག་ནས། དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་སྙན་ཐོ་དང་དེ་ལག་ལེན་འགེལ་ཕྱོགས་ཚང་མ་སྤྱི་འཐུས་ཀྱི་དྲ་ཚིགས་ནས་ལན་འདེབས་སྟབས་གང་བདེ་བྱས་ནས་མཇུག་སྒྲིལ་ལ་ཁད་དུ་གྱུར་སོང་། ལག་ལེན་བསྟར་དགོས་པའི་ནང་གིའང་སྟབས་བདེ་ཤོས་དེ་ཚོ་རིང་མིན་མགོ་འཛུགས་གནང་གི་ཡོད་པ་ཞིག་གསལ་འདུག བོད་ནང་གི་བོད་མི་ཚོར་རང་ལུས་མེར་བསྲེགས་མ་གནང་རོགས་ཞེས་ལམ་སྟོན་དང་འབོད་སྐུལ་ཚིག་གཅིག་མི་འདུག་ཅེས་ཤོད་ཀྱིན་པ་ནི་དེ་བས་ཀྱང་བདེན་པ་མ་རེད། གང་ལ་ཟེར་ན། དམིགས་བསལ་ཚོགས་ཆེན་གྱི་སྙན་ཐོའི་ནང་། ༼རང་ལུས་མེར་བསྲེགས་ཀྱི་ལས་འགུལ་ལ་བློ་འཚབ་ཆེན་པོ་ཡོད་པ་དང་། བོད་མི་རྣམས་ཀྱིས་སླད་ཕྱིན་སོ་སོའི་ཚེ་སྲོག་ལ་གཅེས་འཛིན་དགོས་པའི་འབོད་སྐུལ་ཞུ་རྒྱུ་༽ཞེས་གསལ་འཁོད་ཡོད་པ་དེ་ངེས་པར་མཁྱེན་པ་གནང་དགོས་པ་ཞིག་རེད། ཡིན་ནའང། ད་ལྟའི་གནས་སྟངས་འདི། འབོད་སྐུལ་ལ་ནུས་པ་ཐོན་པའི་དུས་སྐབས་ཤིག་མ་རེད། དེའི་འགན་དང་ལན་པ་གཉིས་ཀ་རྒྱ་ནག་གཞུང་ལ་ཡོད་པའི་ནས་ལུགས་ཀྱི་ཁ་གཏིང་གཉིས་ཀའི་འབབ་ས་དེ་རེད།
གསུམ། རེ་འདུན་འདོན་ཡུལ་དང་རེ་འདུན་འདོན་མཁན་གཉིས་ལོགས་ཀ་ཡིན།
དེང་སྐབས་རང་ལུས་མེར་བསྲེགས་སྐོར་གླེང་མཁན་ཚོའི་ནང་། ད་ལྟའི་མེར་བསྲེགས་མཚམས་འཇོག་ཡོང་བའི་འགན་འཁུར་དང་། གལ་གནད་ཆེ་ཤོས་ཤིག་ལ་དྷ་རམ་ས་ལས་ཧ་ཅང་དོགས་ཟོན་ཆེན་པོའི་ཐབས་ལམ་བཀོལ་སྤྱོད་བྱེད་པ་དེ་རེད་ཅེས་ཤོད་ཀྱི་ཡོད། ད་དུང་འདི་དག་གིས། མེར་བསྲེགས་མཚམས་འཇོག་ཡོང་མིན་རྩ་བ་ནི་དྷ་རམ་ས་ལའི་ལངས་ཕྱོགས་འཕོ་འགྱུར་ལ་ཐུག་ཡོད་པ་ངས་ད་དུང་མུ་མཐུད་ནས་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་པ་འདི་ང་ཚོས་མུ་མཐུད་དཔྱད་གླེང་དགོས་པ་ཞིག་རེད།
རང་ལུས་མེར་བསྲེགས་གཏོང་མཁན་ཚོས། རྡ་རམ་ས་ལར་འབོད་སྐུལ་གང་ཡང་ཞུས་མེད། ཞུས་ཡོད་པ་ཞིག་དགོས་པ་ཡིན་ན། དེ་ནི་བོད་མི་ཚང་མ་མཐུན་སྒྲིལ་བྱོས། ཆིག་སྒྲིལ་བྱོས་ཟེར་བ་འདིའི་ནང་ཚུད་དགོས་པ་དེའི་ངོས་ནས་ཡིན་དགོས། རྡ་རམ་ས་ལའི་བོད་མིའི་སྒྲིག་འཛུགས་དང་སྲིད་སྐྱོང་མཆོག་ལ་མཚོན་ན། བོད་ནང་གི་བོད་མིའི་རེ་འདུན་སྤྱི་དང་ལྷག་དོན་རང་ལུས་མེར་བསྲེགས་གཏོང་མཁན་རྣམས་ཀྱི་རེ་འདུན་དེ་ལམ་སང་འགན་ལེན་དང་ཐག་གཅོད་གཉིས་ཀའི་ངོས་ན་རྐྱོང་སྐུམ་བྱེད་པའི་ས་ཁོད་གང་ཡང་མེད། གང་ལ་ཟེར་ན། བོད་ལ་རང་དབང་སྤྲོད་དགོས་པ་དང་༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས་པའི་མངོན་འདོད་འདི་རྡ་རམ་ས་ལའི་བོད་མིའི་སྒྲིག་འཛུགས་དང་སྲིད་སྐྱོང་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་མི་མང་། བོད་ནང་གི་བོད་མི་བཅས་ཐུན་མོང་གི་མངོན་འདོད་དང་སྒྲུབ་བྱའི་རྩ་དོན་ཆགས་ཡོད་པ་འདི་ངོ་འཕྲོད་དགོས་ཤིང་། འདི་ངོ་འཕྲོད་པའི་ཕན་ནས་རང་ལུས་མེར་བསྲེགས་བསྟུད་མར་ཡོང་གཞི་གཅིག་དེ་རྡ་རམ་ས་ལའི་རྣམ་འགྱུར་དང་ལངས་ཕྱོགས་འཕོ་འགྱུར་ལ་འབྲེལ་བ་ཡོད་མེད་དེ་གསལ་པོ་ཆགས་ཀྱི་རེད། རང་བཙན་གླེང་མཁན་ཡིན་ནའང་འདྲ། ལམ་དབུ་མ་གླེང་མཁན་ཡིན་ནའང་འདྲ། བོད་ལ་རང་དབང་དགོས་པ་དང་། ༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་འདི་ཚོས་གཞི་གཅིག་པའི་ཐུན་མོང་མངོན་འདོད་ཡིན་པ་ལས། མངོན་འདོད་ཀྱི་ཚོས་གཞི་གཞན་གང་ཡང་མེད།
བཞི། རང་ལུས་མེར་སྲེག་ལས་འགུལ་མཚམས་མི་ཆོད་པའི་གནད་འགག
རང་ལུས་མེར་བསྲེགས་མཚམས་འཇོག་ཡོང་བའི་དུས་ཚོད་དེ། བོད་ལ་རང་དབང་གི་ཉི་མ་འཆར་ཞིང་། རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་པའི་ཉིན་མོ་དེ་མ་གཏོགས་མེད། འདི། གཞིས་བྱེས་བོད་མི་ཡོངས་དང་། མེར་བསྲེགས་ལས་འགུལ་སྤེལ་མཁན་བྱིངས་ཀྱི་ཞལ་ཆེམས་ཀྱིས་གསལ་བཤད་བྱས་ཡོད་པ་ཞིག་ཡིན། དོན་འདིས། དམིགས་བསལ་ཚོགས་ཆེན་གྱིས་འབོད་སྐུལ་བྱས་པ་དང་། བླ་ཆེན་མི་ཆེན་གྱིས་འབོད་སྐུལ་བྱས་པ་གང་ཡང་རུང་། མངོན་འདོད་མ་འགྲུབ་བར་དུ་ལས་འགུལ་གང་ཡང་མཚམས་འཇོག་པ་ཡོང་མི་སྲིད་པའི་ཕྱི་ནང་ཇེ་གསལ་དུ་གྱུར་དང་འགྱུར་བཞིན་ཡོད། རང་ལུས་མེར་བསྲེགས་ཀྱི་ལས་འགུལ་འདི་རིམ་བསྟུད་དུ་ཡོང་ངེས་པ་ཞིག་རེད། ད་ལྟའི་ཆར་རང་ལུས་མེར་བསྲེགས་འདི་བོད་པའི་ངོས་ནས་རང་འགུལ་གྱིས་མཚམས་འཇོག་པ་ཞིག་ངེས་པར་ཡོད་དགོས་པའི་རེ་བ་བྱ་ཡུལ་གཅིག་རང་ལས་མེད། དེ་ནི་མངོན་འདོད་དང་རྩ་དོན་བློས་གཏོང་མིན་ལ་ཐུག་ཡོད། བོད་མི་ཚོས་རྩ་དོན་བློས་གཏོང་དང་རང་ལུས་མེར་བསྲེགས་གཉིས་ལས། རང་ལུས་མེར་བསྲེགས་ཀྱི་ལས་འགུལ་རིམ་བསྟུད་སྤེལ་ནས་རྩ་དོན་སྒྲུབ་རྒྱུའི་འདམ་ག་གནང་གི་ཡོད་པའི་ད་ལྟའི་གནས་སྟངས་འདི་ནི། རང་ལུས་མེར་བསྲེགས་མཚམས་ཆོད་པ་ཡོང་མིན་གྱི་དྲི་བ་ལ་བཏབས་པའི་ལན་གསལ་ཤོས་དེ་ཆགས་ཡོད།
ལས་འགུལ་འདིའི་ཐོག་མའི་གནས་སྐབས་སུ་མེར་བསྲེགས་ལས་འགུལ་གླེང་མཁན་ཚོས། མི་གྲངས་བརྒྱ་གྲངས་ཀྱིས་རང་ལུས་མེར་བསྲེགས་སྤེལ་སྲིད་པ་གླེང་ནས། ཞེད་སྣང་དང་། འཇིགས་དངངས་དང་། ཚོད་དཔག་བྱས་པ་བཅས་བྱུང་ཡོད་པ་རེད་དེ། ད་ཆ་བོད་གཞིས་བྱེས་གཉིས་ནས་རང་ལུས་མེར་བསྲེགས་བཏང་བའི་གྲངས་ཐོ་དེ་དགུ་བཅུ་གོ་ལྔའི་སྒང་ལ་སླེབས་ཡོད།
འདི་ལོ་གཅིག་པོའི་ནང་བོད་ནང་ནས་རང་ལུས་མེར་བསྲེགས་གནང་བ་ ༩༤ དང་། བཙན་བྱོལ་མོད་མིའི་ཁྲོད་ནས་རང་ལུས་མེར་བསྲེགས་གནང་བ་ ༡ བཅས་རང་ལུས་མེར་བསྲེགས་བཏང་བའི་གྲངས་འབོར་དེ་ ༩༥ ་ཆགས་ཡོད། ད་དུང་ལོ་འདིའི་ནང་གི་ཟླ་བ་མཐའ་མའི་ཉིན་གྲངས་མང་ཆེ་བ་དེ་ཡོང་རྒྱུར་བསྡད་ཡོད། ལོ་རྗེས་མ་དེ་འཆར་རྒྱུར་བསྡད་ཡོད། ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༩ ཉིན།
ཕྱོགས་ལྷུང་དང་འཐེན་འཁྱེར་གྱི་བློས་མ་སྤྲོས་བའི་དངོས་ཡོད་ལ་ངོ་ཐོག་ཏུ་འཁེལ་བ་གསུངས་འདུག
རྒྱལ་སྤྱིའི་གྲགས་ཅན་གསར་འགྱུར་CNN དང་BBC གཉིས་སུ་རང་སྲེག་བསྐོར་གནས་ཚུལ་མ་མཐོན་པའི་རྒྱུ་མཚན་གཙོ་བོ་དེ། ཁུངས་ལྡན་བདེན་རྟགས་གསལ་པོ་མེད་པའི་རྐྱེན་རེད། ད་ལྟ་དུས་བབ་དང་བང་ཆེན། ཁ་བརྡ་སོགས་ཀྱི་གནས་ཚུལ་ནི་ཕ་ཡུལ་གཅིག་པའི་ཁ་པར་བརྒྱུད་ནས་རག་པ་རེད། དེ་ནི་བརྙན་དཔར་ཡོད་ན་མ་གཏོགས་ཁུངས་ལྡན་ཡིན་མིན་གསལ་པོ་མེད། རྒྱ་ནག་གཞུང་གི་གསར་འགོད་པ་བོད་ལ་བསྐྱོད་རྒྱུ་བཀག་འགོག་བྱས་རྐྱེན་ཁོང་ཚོར་ཐབས་ཤེས་མེད། གཞན་ཡང་ཁོང་ཚོར་རྒྱུ་མཚན་ཡོད་སྲིད།