བགྲེས་པོའི་སྔོན་གླེང་དྲུང་མུའི་དམུ་ཐག
ཞང་ཞུང་ནི་བོན་རིག་པའི་ཕ་སར་གྲགས་ཤིང། བོད་ཡུལ་ནི་བོན་རིག་པའི་ཁྱིམ་གཞིས་སུ་འདོད་ན། ཧི་མ་ལ་ཡའི་རི་སུལ་ནི་བོན་རིག་པའི་རྣམ་དཔྱོད་ཀྱི་བློ་རྩལ་རྒྱས་སའི་དོ་ར་དངོས་དེ་ལོས་ཡིན་སྙམ། དེ་ཡང་ལྷོ་གླིང་འདིར་རི་རྒྱུད་ཀུན་གྱི་རྒྱལ་པོར་གྲགས་པའི་རི་བོ་ཧི་མ་ལ་ཡའི་གངས་སུལ་ཁྲོད་བྱང་རྒྱུད་དུ་སྒང་པ་བོད་དང་ལྷོ་ངོས་སུ་འཕགས་པའི་ཡུལ་གྲུ་གནས་པ་ཟུང་གི་བར་མའི་མཚམས་སུ་ཆགས་པའི་ཡུལ་ཁམས་ཏེ། སྟོད་ན་གངས་རི་ལུ་གུ་རྒྱུད་དུ་མཛེས་ཤིང། བར་ན་ནགས་ཚལ་སྐྱེད་མོས་ཚལ་ལྟར་བཀྲ་བ། སྨད་ན་ཐང་གཤོང་འབྲུ་དྲུག་ཞིང་དུ་བདལ་བའི་ཡུལ་ལྗོངས། རང་གཞན་བསྟན་བཅོས་དུ་མའི་ལུང་གིས་ཟིན་ཞིང་། དེང་རྒྱལ་ཁམས་ཀུན་ཏུ་བལ་པོར་གྲགས་པའི་ས་ཁོངས་འདིར་སྲིད་པའི་ཕ་བོན་བགྲེས་པོ་རྣམས་དང་འབྲེལ་བའི་ལོ་རྒྱུས་ཀྱི་ཤུལ་རྗེས་ནི་བགྲང་གིས་མི་ལོངས་པར་མཇལ་དུ་ཡོད། གནད་དོན་དེ་ནི། ཞང་ཞུང་བོན་གྱི་ཡིག་ཚང་དང། དྲང་བདེན་གྱི་མཁས་པའི་གསུང་འགྲོས། གནའ་རབས་མེས་པོའི་ཞལ་ཆེམས། ས་གནས་ཡུལ་མིའི་སྲོལ་རྒྱུན་སོགས་རིག་གནས་གོམས་གཤིས་གང་ལ་བརྟགས་ཀྱང་ཡུལ་ཁམས་དེའི་སྣོད་བཅུད་ཟུང་གི་གྲངས་འབོར་ཕྱེད་ཀའི་གྲོལ་ཁུངས་དངོས་དེ་སྲིད་པ་བོན་གྱི་ཕ་གཞིས་ཞང་ཞུང་སྨར་གྱི་ཡུལ་ཁམས་དེ་དང་ལས་དབང་འབྲེལ་བས་ཡིན་པར་བདེན་ཐག་བཅད་དུ་སྤོབས།
གཞན་ཡང་གཤེན་རབ་མི་བོ་མཆོག་དག་ཞིང་འོལ་མོ་ལུང་རིང་ཉེ་སྐོར་གྱི་རྒྱལ་ཁམས་དག་ལ་ཞབས་ཟུང་གསེར་གྱི་འཁོར་ལོ་བསྒྱུར་བའི་སྐབས་རྫུ་འཕྲུལ་གྱིས་བལ་པོའི་ཡུལ་དུའང་བྱོན་ཏེ། བལ་པོ་ཨ་ཤོ་དང་དྷ་རཱ་གཉིས་ལ་གཤེན་རབ་སྐུ་ཚད་ཀྱི་མཆོད་རྟེན་བཞེངས་པའི་བཀའ་ལུང་བསྩལ་བ་ནས་ཡུལ་དེར་གྱེར་བསྟན་དར་བའི་རྟེན་འབྲེལ་གྱི་དམུ་ཐག་ཐོག་མ་དེ་ནས་མཐུད་པས། “བལ་ཡུལ་’འཕགས་པ་ཤིང་ཀུན་ལ། །དར་ཚོན་སྣ་ལྔའི་གདུགས་ཕུལ་ན། །ཕྱི་མར་སྐྱེ་གནས་ངན་པ་ཁེགས།” །ཞེས་གྱེར་ཁམས་ཀུན་ཏུ་གྲགས་པས་སོ། །དེ་བས་”ཤིང་ཀུན་”ཞེས་པའང་དོན་དངོས་སུ་”གཤེན་སྐུ་”ལས་སྒྲ་ཟུར་ཆག་པས་ཡུལ་གྱི་ལྟེ་བ་ཡམ་བུའི་གནས་སྙིང་ལའང་སྟོན་པའི་བླ་དྭགས་ཀྱང་བདོག་གོ། །
དེ་མཚུངས་སུ་གཡུང་དྲུང་བོན་གྱི་གསང་སྔགས་མ་རྒྱུད་ཀྱི་མངའ་བདག་མཁའ་འགྲོ་ཉེར་བཞིའི་འཛམ་གླིང་གནས་ཆེན་ཉེར་བཞི་ལས་ཨ་སུ་རཱ་ཡི་མཁའ་འགྲོ་སྟག་གདོང་ལྔ་དང་། མོན་རི་ཟུར་གསུམ་མཁའ་འགྲོ་གཟིག་གདོང་ལྔ། མུ་ཁུམ་རི་ཡི་མཁའ་འགྲོ་དྲེད་གདོང་ལྔ་སོགས་ཀྱིས་མ་ཚད། བོན་སྐྱོང་དྲྭ་བ་དམར་ནག་གི་སྡེ་ཚོགས་སུ་གཏོགས་པ་སྟེ། “ཀླུ་ཡུལ་ན་ར་གསེང་སྔོན་གྱི། །བལ་པོ་སྤྲིན་གྱི་མཁར་ནང་ན། །ཀླུ་བདུད་ནག་པོ་གཟོང་མཆུ་ཡང།” །ཞེས་པའི་ཀླུ་བདུད་སྟེ། དེང་ཡོངས་གྲགས་སུ་་”ཀླུ་གན་རྐྱལ་”དུ་འབོད་པ་སོགས་ཀྱིས་མཚོན་བོན་དང་འབྲེལ་བའི་གནས་ཆེན་དེ་བས་མང། བར་སྐབས་སུ་ཡར་ཀླུང་གི་རྒྱལ་ཁམས་དེར་གྲི་གུམ་དང་ཁྲི་སྲོང་སྐབས་བོན་གཤེན་རྣམས་རུ་བཞིའི་མཐའ་ལས་འདས་པར་སྤྱུགས་པའི་དུས་རིམ་ཡ་ང་བའི་སྐབས་ཀྱང་བོན་དཔེ་རྣམས་ནོར་ཁལ་དུ་བཀལ་ནས་ས་མཐར་བྱེར་བའི་གྱེར་སྤུངས་རིག་འཛིན་རྣམས་ཀྱིས་སྐྱོ་བ་སངས་སའམ་གཡར་པོའི་འཁྲས་ཡུལ་བསྟེན་སའང་ལྷོ་རོང་དོམ་སྒྲོ་ནག་པོ་ཞེས་འདི་ཕྱོགས་ཀྱི་བྱང་སུལ་དག་ཀྱང་སྐྱབས་སུ་བ ཅོལ་བས། ད་ལྟ་ད་དུང་ཡང་བོན་གཤེན་གྲུབ་ཐོབ་དེ་དག་གི་སྒྲུབ་གནས་སམ་གདན་ཕུག་ཏུ་སྐད་པ་དུ་མ་ཞིག་ས་གནས་མང་ཚོགས་ཀྱི་དད་སྐལ་དུ་བྱིན་ཆགས་སེར་གྲུབ་པའང་མཇལ་ཡུལ་དུ་གསོན།
ལྷག་པར་གཡུང་དྲུང་བོན་ལུགས་ལྟར་ན་བསྟན་པ་ཐམས་ཅད་ཀྱི་སྙིང་པོ་དང་། ཚེ་གཅིག་སངས་རྒྱས་སྒྲུབ་པའི་ཟབ་གདམས། ཐེག་པ་ཐམས་ཅད་ཀྱི་བླ་ན་མཐོ་བའི་ཡང་རྩེ་སྟེ། རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཅེས་པ། ས་འོག་བྲག་སྐྱིབས་སོགས་ཀྱིས་མ་གླེབས་ཤིང། རྟོག་གེ་རིག་སྨྲ་སོགས་ཀྱིས་མ་བསླད་པར་མི་རབས་དུ་མའི་རིང་གང་ཟག་གཅིག་གིས་གཅིག་ལ་སྙན་ནས་སྙན་དུ་རྒྱུད་མྱོང་བའི་རིན་བྲལ་གྱི་གཞུང་ཆེན་དེ་ཉིད་ཀྱང། སྒང་པ་བོད་ཀྱི་ཡུལ་དུ་ཉམས་ལེན་རྒྱུད་འཛིན་གྱི་ཟམ་ཆད་པའི་སྐབས་དེང་བལ་ཁོངས་སུ་གཏོགས་པའི་ལྷོ་རོང་གི་གངས་སུལ་འདིར་རྣལ་འབྱོར་པའི་སྙིང་ནོར་དུ་བཞུགས་ཡོད་པས་འདི་ཕྱོགས་ནས་རྒྱུད་པའི་གསེར་ཐག་ཕར་གངས་ལྗོངས་བོད་དུ་མཐུད་པར་མཛད།
སླར་ཡང་དུས་འགྱུར་དབང་གིས་བོན་གྱི་གདན་ས་གོང་འོག་གཉིས་ཀྱི་མཁན་སློབ་རྣམ་པས་གཙོས་མདོ་དབུས་ཁམས་གསུམ་ནས་བྱོལ་བའི་བོན་གྱི་སྐྱེས་ཆེན་དུ་མ་ཞིག་ཧི་མ་ལ་ཡའི་གངས་འཁྱག་བཤགས་ནས་དྲོན་པོའི་གནས་ཚང་འཚོལ་ས་སྟེ། དོལ་པོ་དང་གློ་བོར་གྲགས་པའི་བོན་གྱི་ལྷ་གྲོང་དག་ཀྱང་རྒྱལ་ཁམས་འདི་ཡི་ཁོངས་སུ་གཏོགས། ད་ལྟའི་ཆར་ཡང་གློ་དོལ་གྱི་བོན་སྡེ་དད་འདུན་ལྷག་བསམ་གྱིས་ཕྱུག་པ་དག་ལས་ཐོས་བསམ་སློབ་ལ་བརྩོན་པའི་རིག་པ་སྨྲ་བའི་སྡེ་དང་། ཐོས་དོན་ལག་ཏུ་ལེན་པའི་རྣལ་འབྱོར་སྒོམ་པའི་སྡེ། གནའ་རབས་ལོ་རྒྱུས་རིག་པར་ཞིབ་དཔྱོད་མཛད་པའི་ཞིབ་འཇུག་པའི་སྡེ་བཅས་ཀྱིས་འཛམ་གླིང་ཤར་ནུབ་ཀུན་གྱི་གཟུར་གནས་དག་གི་ཐུགས་སྣང་གནའ་གྲོང་འདི་ཕྱོགས་སུ་འདྲེན་གྱིན་ཡོད་པས། ངོ་ཐོག་ཏུ་སྨྲས་ན། ཧི་མ་ལ་ཡའི་རི་གྲོང་འདི་དག་གིས་ཞང་བོད་མེས་པོའི་ཆོས་རིག་ནོར་བུའི་བང་མཛོད་དངོས་དེ་ཕྱི་ཡི་ལྕགས་རིའི་ཟོལ་དུ་ཉར་ཚགས་མཛད་པར་གླེང་བའི་བློ་གདེང་བདོག
ཕྱིས་ཀྱི་བརྒྱ་ཕྲག་བཅུ་དགུ་པའི་ལོ་རབས་དྲུག་ཅུའི་ནང་ནུབ་ཕྱོགས་ཀྱི་རྒྱལ་ཁམས་སུའང་གྱེར་བསྟན་དར་བའི་གོ་རིམ་ཁྲོད་མེད་དུ་མི་རུང་བ་ནི་རྒྱལ་བའི་གསུང་རབ་ཁག་ཡིན་པ་བཞིན། བཀའ་དྲིན་གཞལ་བར་དཀའ་བའི་ྋསྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་སློབ་ཉི་ཟླ་ཟུང་འབྲེལ་གྱིས་གཙོས་པའི་སྐྱེས་ཆེན་དག་གིས་ལྷོ་རོང་ཧི་མ་ལ་ཡའི་གངས་སུལ་གྱི་དགོན་གནས་དག་གི་ཀུན་དགའ་ར་བ་ལས་གདན་དྲངས་པའི་ཡིག་པོད་བརྒྱ་ཕྲག་དུ་མ་ཕྱི་མོར་བཏབ་སྟེ་འཕྲུལ་དུ་དཔར་བ་དག་ཕྱི་ཡི་རྒྱལ་ཁམས་དུ་མར་བོན་བསྟན་རྒྱས་པའི་ཆ་རྐྱེན་ཕུལ་དུ་བྱུང་བར་གྱུར་སྟབས། དེང་གོ་ལ་ཟླུམ་པོའི་ཤར་ནུབ་ཀུན་ཏུ་གྱེར་བསྟན་གསལ་བར་གྱུར་པའི་ལེ་ཚན་རླབས་པོ་ཆེའི་ནང་དུའང་དོལ་པོས་གཙོས་པའི་ས་ཁུལ་འདི་ཕྱོགས་ཀྱིས་ཞབས་འདེགས་མི་དམན་ཙམ་ཞིག་ཞུས་ཡོད་པ་ནི་སྨྲ་དགོས་ཅི། དངོས་དོན་དུ་ནུབ་ཕྱོགས་པའི་མཁས་དབང་དག་ལ་བོན་གྱི་ཤེས་འབྱོར་རིག་གསུམ་སྐོར་གླེང་གཞི་གསར་རྙེད་འབྱུང་སའང་ཡུལ་འདི་དག་ཡིན་པས་ནུབ་ཕྱོགས་བོན་རིག་པའི་འཁྲུངས་ཡུལ་ནི་ཡུལ་ཁམས་འདི་དག་གོ། །
ཁྱད་པར་དུ་དུས་ཀྱི་འགྱུར་འགྲོས་དང་བསྟུན་ྋསྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་སློབ་ཉི་ཟླ་ཟུང་གིས་གཙོས་པའི་བསྟན་འཛིན་གྱི་སྐྱེས་ཆེན་དག་གིས་དཀའ་བ་ཁྱད་དུ་བསད་ནས་རི་བོ་ཧི་མ་ལ་ཡའི་མུ་ཁྱུད་ཀྱི་འདབས་འབྲེལ་རྒྱ་བལ་ས་ཁོངས་སོ་སོར་ཡང་དར་བོན་གྱི་གདན་ས་ཟུང་གཅིག་ཆགས་བཏབ་གནང་བ་ལས། བལ་པོའི་ཡུལ་གྱི་ལྟེ་བ་ཡམ་བུ་རྒྱལ་སའི་མཐིལ། རང་བྱུང་མཆོད་རྟེན་ཆེན་པོ་སྭོ་ཡམ་བྷུའམ་”འཕགས་པ་གཤེན་སྐུ་”ཞེས་པའི་མཚན་ཟུར་ཆག་པ་གང་དེའི་ཉེ་འཁྲིས། གནས་ཆེན་གླང་རི་ལུང་བསྟན་གྱི་འདབས་ཞོལ། དགེ་མཚན་གྱི་ལྟས་ཀུན་ནས་འཛོམས་པའི་ས་གནས་འདིར་ྋཡོངས་འཛིན་སྨྲ་བའི་དབང་པོ་དཀྱིལ་འཁོར་རིགས་བརྒྱའི་ཁྱབ་བདག་མཆོག་གིས་བཅུ་ཕྲག་རིག་པའི་གནས་སྤྱི་དང་གཡུང་དྲུང་བོན་གྱི་ཐུན་མིན་བཤད་སྒྲུབ་སྒོམ་གསུམ་ཐོས་བརྩོན་ཉམས་ལེན་ཡོངས་སུ་རྫོགས་པར་འབད་ཅིང་འབུངས་སའི་འདུས་སྡེ་ཆེན་མོ་ཕྱི་དར་གཤེན་གྱི་གདན་སའི་མཚན་གྱིས་བརྒྱན་པའི་ྋདཔལ་ལྡན་”ཁྲི་བརྟན་ནོར་བུ་རྩེ་”ཡི་དགོན་གནས་འདི་བཞིན་ཆགས་བཏབ་གནང་ནས་རང་རེ་བོན་པོ་སྤྱི་དང་ལྷག་པར་དུ་བལ་བོན་དག་ལ་བཀའ་དྲིན་གཞལ་བར་དཀའ་བའི་ཡུལ་དུ་འགྱུར་བའི་མུར་ད་ལམ་མི་ལོ་ཉེར་ལྔ་ཧྲིལ་པོར་འཁོར་བར་རྟེན་འབྲེལ་ཁ་གཡང་གི་མཛད་སྒོ་འཚོགས་རྒྱུའི་གསལ་བརྡ་བསྐལ་བཟང་གི་དུས་ཚེས་ཕྱོགས་ཀྱི་རྣ་བའི་རྒྱན་དུ་བརྩེན།
འདི་གར་ཡང་《བགྲེས་པོ་འབེལ་གཏམ་》རྩོམ་སྒྲིག་ཁང་གིས་རྩོམ་སྣ་མི་འདྲ་བ་དུ་མ་བསྡུ་རུབ་དང་རྩོམ་བསྒྲིགས་ཀྱིས་ལོ་ལྟར་དེབ་རེ་དཔར་དུ་བསྐྲུན་ཏེ་བོན་དང་ཡབ་མེས་ཀྱི་སྲིད་འབྱོར་རིག་གསུམ་ལ་དགྱེས་པའི་རྒྱལ་ཕྱི་ནང་གི་མཁྱེན་ཡངས་ཀློག་པ་པོའི་སྤྱན་ལམ་དུ་གཟིགས་འབུལ་བསྟར་བཞིན་མཆིས་པའི་མུར་ད་ལམ་དམིགས་བསལ་དུ་ྋདཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གདན་ས་འདི་ཉིད་ཆགས་བཏབ་ནས་མི་ལོ་ཉེར་ལྔ་འཁོར་བའི་དུས་དྲན་གྱི་མཛད་སྒོ་ཆེན་མོ་དང་བསྟུན་《ཉེར་ལྔའི་རྗེས་དྲན་ཤིས་ཚིག་》གི་ལེའུ་ཞིག་ཟུར་དུ་བསྒྲིགས་ཡོད། ཆེད་དུ་དགོངས་སེལ་ཞུ་རྒྱུ་ཞིག་ལ། ང་ཚོས་ལེའུ་ཚན་འདི་ཉིད་དུས་ཡུན་ཐུང་ངུ་ཞིག་ལ་བསྒྲིགས་རྐྱེན་ཕྱོགས་བཞུགས་རྩོམ་པ་པོར་རྩོམ་བརྡ་ཙམ་ཡང་འབུལ་རྒྱུ་མ་བྱུང་སྟབས། འདིར་བོད་འབྱོར་རྩོམ་ཡིག་རེ་གཉིས་ཤིག་ལས་གཞན་གཙོ་བོ་ས་དམིགས་དེ་ཉིད་གདན་ས་འདིའི་གཞོན་སྐྱེས་སློབ་གཉེར་བ་ཚོའི་བགོ་སྐལ་དུ་བསྲིངས་ཏེ། འདི་གའི་སློབ་གཉེར་བ་དག་གི་རྩོམ་སྟེགས་ལྟ་བུར་བསྐྲུན། དེ་ལྟར་ནའང་འདི་གར་འབྱོར་བའི་སྙན་རྩོམ་ལ་རེའི་རྩོམ་གཤིས་ཤིན་ཏུ་ཞན་མོད་ཀྱང་འདི་གའི་རྩོམ་སྒྲིག་ཁང་གིས་གཞོན་སྐྱེས་དེ་དག་ལ་རྩོམ་འབྲིའི་རྟིང་སྐུལ་ཡོང་སླད་ད་ལམ་དམིགས་བསལ་ལྷོད་ཡངས་སུ་བཏང་ཡོད། དེ་བཞིན་འདི་གའི་རྩོམ་སྒྲིག་ཁང་གི་ཉམས་མྱོང་གི་ཆུ་ཚད་ཀྱི་རྐྱེན་པས་ཕྱི་ནང་དེབ་གཟུགས་ཀྱི་བཀོད་ཆ་ཞན་པ་དང་རྩོམ་སྒྲིག་ལས་རིམ་ཁྲོད་དུ་མ་འདང་བའི་ཆ་རེ་མཆིས་ཚེ་ལེགས་སྤེལ་ཉེས་འགོག་གི་བཀའ་སློབ་གསོང་པོར་གནང་བའི་རེ་འདུན་དང་བཅས།། །།
གཙོ་སྒྲིག་པ་ཆོས་འཁོར་ཚང་དགེ་བཤེས་གཡུང་དྲུང་རྒྱ་མཚོས།
བགྲེས་པོའི་འབེལ་གཏམ་དུས་དེབ་ཀྱི་ཟ་དང་ཟུར་དག་ཏུ་རང་སྲེག་སྐོར་ཁྱབ་བསྒྲགས་བྱེད་རོགས།
རེད་རེད། གྲྭ་སའི་ཆོས་གྲྭ་དག་ཏུའང་ཟ་དང་ཟུར་དུ་རང་སྲེག་སྐོར་ལ་རྩོད་པ་བྱེད་རོགས།
རྩོམ་སྒྲིག་པའི་གཏམ་འདི་ཧ་ཅང་སྙན་ལ་འཇེབས་པ་ཞིག་བྲིས་འདུག ཆ་ཚང་ཚར་གཅིག་བཀླགས་པ་ཡིན། བཀྲ་ཤིས་བདེ་ལེགས་ཞུ།
དགེ་ཤེས་ཆོས་འཁོར་ཚང་ལགས།
ད་ལྟ་བོད་ཀྱི་ལུང་པ་འགའ་ཤས་ན་རུས་ཞང་ཞུང་ཡིན་འབོད་མཁན་འགའ་རེ་འདུག་པས་བོན་དཔེའི་ནང་དུ་རུས་ཀྱི་སྐོར་དང་། དམིགས་བསལ་རུས་ཞང་ཞུང་གི་མཆེད་ཁུངས་སྐོར་ལ་གླེང་བ་དེ་འདྲ་འདྲ་ཨེ་ཡོད་ན། སྤྱིར་ཡོངས་གྲགས་སུ་ཞང་ཞུང་འབོད་པའི་ས་ལ་ད་ལྟ་ཡང་མཛུབ་མོ་འཛུགས་ས་ཡོད་མོད། རུས་ཞང་ཞུང་ཡིན་ཟེར་བ་དེ་དག་ཡུལ་མིང་རུས་ལ་འབྱར་བ་ལྟ་བུ་ཞིག་ཡིན་ནམ། དྲ་གྲོགས་རྣམས་པའི་དགོངས་འཆར་ཡང་ཉན་འདོད་ཡོད།
བོན་པོ་དག་གིས་བྲིས་པའི་རྩོམ་ཡིག་རྣམས་སྙན་ཞིང་འཇེབས་པ་ཡོད་མོད། འོན་ཀྱང་ནམ་ཡིན་རུང་ཡོད་ཚད་བོན་པོ་ལས་བྱུང་བར་སྒྲུབ་བཞིན་པ་ལ་བལྟས་ནས་ཀློག་ཅིང་ཀློག་ཅིང་ཉོབ་འགྲོ་གི་འདུག། འདིར་ཡང་བལ་ཡུལ་འཕགས་པ་ཤིང་ཀུན་དེ་བོན་པོ་དང་འབྲེལ་བ་ཡིན་པར་བསྒྲུབས་འདུག་པ་ལ་ལྟོས་དང་། ཡེ་ཤུ་པའི་དམིགས་ཡུལ་དང་བོན་པོའི་དམིགས་ཡུལ་གཉིས་གཅིག་མཚུངས་ཤིག་ཡིན་མདོག་འདུག།
དེབ་འདིའི་ཕྱིའི་བཀོད་པ་དང་ནང་གི་སྔོན་གླེང་གཉིས་པོས་ངའི་སེམས་པ་འཕྲོགས་སོང་། ཞིབ་ཆ་གང་ཡིན་རྗེས་སུ་ཀླགས་རྒྱུ་རག་པའི་རེ་བ་ཡོད།
བགྲེས་པོའི་འབེལ་གཏམ་འདོན་ཐེངས་བཅུ་གསུམ་པ་གསར་དུ་ཐོན་པར་དགའ་མགུ་ཡིད་རངས་དང་སྤྲོ་བ་འཕེལ་བཞིན་བཀྲ་ཤིས་བདེ་ལེགས་ཞུ། བལ་པོ་བ་ཆོས་འཁོར་ཚང་གི་དགེ་བཤེས་གཡུང་དྲུང་རྒྱ་མཚོའི་གཙོས་པའི་ལས་ཀྱི་སྣེ་མོ་བ་ཡོངས་ལ་ལྷག་པར་དུ་སེམས་ཁོངས་ནས་བཀའ་དྲིན་ཆེ་ཞུ། ད་དུང་མ་འོངས་པར་ལྷག་བསམ་ཧུར་བརྩོན་བསྐྱེད་ནས་ཡར་རྒྱས་གོང་འཕེལ་དུ་འགྲོ་བའི་རེ་བ་དང་སྨོན་ལམ་ཞུ། །
དེང་སང་བལ་པོ་བ་འདི་ཚོས་ལས་ཀ་ཡག་ཐག་ཆོད་ལས་ཡོང་གི་འདུག། དེ་བཞིན་རྒྱ་གར་གྱི་ཁུ་ནུ་བ་དང་འབྲས་ལྗོངས་པ་ཚོས་ཀྱང་ལས་ཀ་ཡག་ཐག་ཆོད་ལས་ཡོང་གི་འདུག། ད་དུང་སོག་པོ་དེ་ཚོས་ཀྱང་ལས་ཀ་ཡག་པོ་ལས་ཡོང་གི་འདུག། ཐ་ན་རྒྱ་མི་དེ་ཚོས་ཀྱང་ལས་ཡག་པོ་ལས་ཀྱི་འདུག། དཔྱིན་ཇི་དེ་ཚོ་ད་ཨ་ཅང་ཅང་། ད་ཡིན་ན་འབྲུག་པ་གཅིག་པུ་ལྷག་འདུག་གོ་རྒྱུ་ཚོར་རྒྱུ་ཅང་མི་འདུག། ལོ་རྒྱུས་ནི་ཕལ་ཆེར་གཞན་སུ་ལའང་མེད་པ་ཞིག་མོན་པ་ཚོ་ལ་ཡོད་རེད། བོན་རྒྱལ་ལོ། །
འཛམ་གླིང་ས་སྒང་སྟེང་གི་མི་སྣ་ཚང་མས་འབྲུག་དང་འབྲུག་པའི་སྐོར་ཁ་གསལ་གཏིང་གསལ་ཤེས་ཚར་རེད། ད་འབྲུག་པའི་སྐོར་མ་ཤེས་མཁན་བོན་པོ་ཁྱེད་རང་གཅིག་པུ་རེད། འབྲུག་པ་ཚོ་གོ་རྒྱུ་ཚོར་རྒྱུ་མེད་པ་སྡོད་མཁན་ཡིན་མིན་ཐེངས་གཅིག་འབྲུག་གི་དཔེ་མཛོད་ནང་ལ་ཕེབས་ནས་གཟིགས་དང། འབྲུག་གི་དགོན་པ་ཁག་༢༠ ལྷག་ཙམ་གྱི་དཔེ་རྙིང་རྣམས་རྐུབ་སྟེགས་གཅིག་སྒང་ལ་སྡོད་བཞིན་དུ་ཀློག་གླད་སྒང་ནས་གཟིགས་ཐུབ་པ་བཟོས་ཡོད་རེད། ད་དུང་ཡང་ལས་ཀ་དེ་མུ་མཐུད་ནས་གནང་བཞིན་པ་རེད། ལོ་ལྔའི་རྗེས་ལ་འབྲུག་གི་ངག་རྒྱུན་གྱི་རིག་གཞུང་ཚང་མ་རྐུབས་སྟེགས་གཅིག་གི་སྒང་ལ་སྡོད་བཞིན་དུ་ཉན་ཐུབ་པ་བཟོས་འཆར་བཏིང་ཡོད། དེ་དུས་བོན་པོ་རང་ཡང་འཕགས་པ་ཤིང་ཀུན་ཞེས་པ་འཕགས་པ་གཤེན་སྐུ་དང་། བྱ་རུང་ཁ་ཤོར་ཞེས་པ་བོན་རུང་ཁ་ཤོར་ཡིན་ཞེས་སོགས་སྒྲོ་བཏགས་ཀྱི་ལོ་རྒྱུས་གསར་དུ་བཟོ་རྒྱུར་མགོ་བོ་འཁོར་ནས་མ་བཞུགས་པར་སྒྲོ་འདོགས་དང་བསྐུར་འདེབས་བྲལ་བའི་རིན་ཐང་ཅན་གྱི་ལོ་རྒྱུས་གསན་པར་ཕེབས་འདུན་ཡོད།
གཡུ་འབྲུག་འདི་བོན་པོརདེ་འདྲའི་སྡང་དགོས་པ་གང་བྱུང་བ་ཡིན་ནམ
དེ་སྔ་ཡང་མང་པོ་ཞིག་སྨྲས་བྱུང། འབྲུག་ལ་བོན་ལྷ་སྲིད་རྒྱལ་གསོལ་མཁན་དེ་ཚོ་རྩ་མེད་དུ་གཏོང་དེ་ནས་ཁྱོད་ཀྱིས་བསམ་དོན་གྲུབ་པ་རེད། འབྲུག་པ་བསམ་བློ་གུ་དོག་པོ་ཞིག་ཡི་་ས་རེད། འབྲུག་ལ་སྡོད་ན་འབྲུག་སྐད་རྒྱབ་དགོས། འབྲུག་ཟས་ཟ་ན་དམར་ཚ་ཟ་དགོས། འབྲུག་མི་ཡིན་ན་བཀའ་རྙིང་གང་རུང་བྱེད་དགོས། འབྲུག་མི་ཡིན་ན་འབྲུག་ཆས་གོན་དགོས། འབྲུག་སྡོད་བལ་པོ་འབུམ་ཕྲག་མང་པོ་ཕྱིར་འབུད་བྱས། འབྲུག་སྡོད་བོད་མི་ཉམ་ཆུང་རྣམས་ལ་མི་སྤྱོད་ལས་འདས་པའི་ཁྲིམས་གཅོད་བྱས། ད་དུང་གཞན་ལ་ཡེ་ཤུ་དང་འདྲ་བོ་ག་རེ་བཤད་ཀྱི་ཡོད་དམ་ཁ་ཉུང་ཙམ་བྱེད་ན་བསྟན་པ་ལ་ཕན་ཐོགས་ཟེར་བར་ཡིད་ཆེས་བྱས་ཏེ་བསྡད་ཡོད། སྨྲ་བ་ཉུང་ན་མཛེས་འདི་བོད་པའི་དྲ་རྒྱ་ཡིན་བོད་པ་ཡོང་ས་ཡིན་བོད་མིས་སྐད་ཆ་བསམ་ཚུལ་ཤོད་སའི་གླེང་སྟེགས་རེད།
དགེ་བཤེས་མཆོག་གིས་སྙན་ཞིང་འཇེབས་པའི་ཚིག་སྦྱོར་འདི་ལྟར་བརྩམས་གནང་བ་ལ་ཐུགས་རྗེ་ཆེ་ཞུ། དགེ་བཤེས་ཆོས་འཁོར་ཚང་ཉི་མ་འོད་ཟེར་ལགས་ཀྱི་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རི་གླིང་གི་རྩོམ་སྒྲིག་ཁང་གི་འགན་མཛད་པ་དང་། དགེ་བཤེས་ཆོས་འཁོར་ཚང་གཡུང་དྲུང་རྒྱ་མཚོ་ནས་བལ་ཡུལ་ཁྲི་བརྟན་ནོར་བུ་རྩེའི་རྩོམ་སྒྲིག་ཁང་གི་འགན་འཛིན་གནང་བ་ཁྱེད་སྤུན་མཆེད་གཉིས་པོ་ནི་ངེད་ཅག་དོལ་པོའི་རྒྱན་ཆ་དང་གཟི་བརྗིད་ཡིན།
༼འཛམ་གླིང་ས་སྒང་སྟེང་གི་མི་སྣ་ཚང་མས་འབྲུག་དང་འབྲུག་པའི་སྐོར་ཁ་གསལ་གཏིང་གསལ་ཤེས་ཚར་རེད།༽ གསུངས་པ་ལ། གཏིང་གསལ་ཤེས་ཡོད་རེད་ཟེར་ན་ངས་ཁས་ལེན་ཞུ་མི་ཐུབ། དང་པོ་འབྲུག་པའམ་མོན་པའི་གཏིང་དེ་ག་རེ་ཡིན་མིན་ངོ་སྤྲོད་ཡག་པོ་མ་བྱས་དུས་གཏིང་གསལ་ཤེས་རྒྱུ་ག་རེ་ཡོད། ཁ་གསལ་འདྲ་ཤེས་ཡོད་ནའང་ཆོག། ཁ་ཐོག་ལ་ཡོད་པ་དེ་ཤེས་བསླ་པོ་རེད་བ། ཁྱེད་ཀྱིས་འབྲུག་གི་དགོན་པ་ཁག་༢༠ ལྷག་ཙམ་གྱི་དཔེ་རྙིང་རྣམས་ཀློག་གླད་སྒང་ནས་གཟིགས་ཐུབ་པ་བཟོས་པ་དང་གསུངས་འདུག་པས་དེའི་ནང་འབྲུག་པའི་བོན་གྱི་དགོན་པའི་དཔེ་རྙིང་དེ་ཚོ་འཚུད་ཡོད་དམ། བོན་གྱི་ཀླུ་འབུམ་སྤུས་ལེགས་གཞན་ན་མེད་པ་དེ་འཚུད་ཡོད་དམ། ཡང་ཁྱེད་ཀྱིས་ད་དུང་ཡང་ལས་ཀ་དེ་མུ་མཐུད་ནས་གནང་བཞིན་པ་རེད། ལོ་ལྔའི་རྗེས་ལ་འབྲུག་གི་ངག་རྒྱུན་གྱི་རིག་གཞུང་ཚང་མ་རྐུབས་སྟེགས་གཅིག་གི་སྒང་ལ་སྡོད་བཞིན་དུ་ཉན་ཐུབ་པ་བཟོས་འཆར་བཏིང་ཡོད། གསུངས་པ་རྣམས་ལ་རྗེས་སུ་ཡིད་རངས་ཡོད། ད་དུང་འབྲུག་ཡུལ་གྱི་སྲིད་པའི་གནས་རི་དང་གནས་མཚོ་ཡུལ་ལྷ་གཞི་བདག་སོགས་ཀྱི་སྐོར་ནས་ཤེས་དགོས་པ་མང་པོ་ཡོད། ཉིན་མ་གཅིག་གཏན་གཏན་འབྲུག་ཡུལ་དུ་ཡོང་ཐག་ཆོད་ཡིན། དེ་དུས་བོན་གྱི་སྤ་གྲོ་ཕུག་བཅལ་ལམ་སྤ་གྲོ་སྟག་ཚང་ལ་མཇལ་ཁ་ཡག་པོ་གཅིག་ཞུ་འདོད་ཡོད། དེ་ནས་འབུམ་ཐང་ལ་གནས་སྐོར་དང་ཞབས་དྲུང་མཚན་ལྡན་འདུལ་བ་རྒྱལ་མཚན་གྱི་གདན་ས་ཁག་མཇལ་འདོད་ཤིན་དུ་ཆེ། འབྲུག་ཡུལ་ལ་བདེ་སྐྱིད་ལྡན་པར་ཤོག། འབྲུག་མི་རྣམ་སེམས་པ་བཟང་བར་ཤོག། རྗེ་བློན་རྣམས་སྐུ་ཚེ་རིང་བར་ཤོག། མ་སྲིད་པ་རྒྱལ་མོས་སྐྱོབས་ཤིག། བོན་རྒྱལ་ལོ། །
ཆོས་ལུགས་ཀྱི་རྙོག་འཛིང་དེ་ངོ་མ་མགོ་བོ་ན་རུ་བཅུག་ཡ་གི་ལས་ཀ་ཞིག་རེད།
འབྲུག་ཡུལ་ལ་བོན་པོ་ཡོད་པ་དངོས་ཡོད་ཀྱི་ལོ་རྒྱུས་འདྲ་ཡོད་རེད་པས