ཆབ་བྲག་ཕོ་ཉ།
༄༅།།རྩ་བའི་བླ་མ་རང་རང་སེམས་ན་གསལ།།
ཡི་དམ་ལྷ་གང་ཐུགས་རྗེར་གསོལ་དགོས་མེད།
རང་ལ་བདོག་པའི་ཚེ་བསགས་དགེ་བའི་སོན།།
ད་ལྟ་ཉིད་དུ་འབྲས་བུར་སྨིན་གྱུར་ཅིག །
ཨ་ཁ་མ་བཟང་འཆི་བདག་ཞགས་པ་དེ།།
ཧ་ལམ་ནོར་ནས་གྲོགས་གང་མགུལ་ལ་ཐེབས།།
ཨ་ཙི་རང་ཡུལ་རང་དབང་མ་ཐོབ་གོང་།།
ཧ་ལམ་གྲོགས་ཚོ་འདི་ལྟར་ཡལ་རྒྱུ་རེད།།
ས་མཐའ་བསྐོར་ནས་སེམས་སྡུག་མ་མྱོང་མེད།།
ཤ་ཞེན་ཟབ་མོས་ཤུ་རིང་མ་འབྱིན་མེད།།
ལ་རྒྱའི་སྙུག་རྩེས་ལབ་གླེང་མ་བྱ
ར་བ་གངས་རིའི་བདེ་སྡུག་བོར་བ་མེ
ཡ་ཆུང་སེམས་ན་ནག་པོའི་ཡ་ཡོ་མེད།།
འ་འུར་ཀུ་ཅོས་གཞན་སེམས་དཀྲུགས་པ་མེད།།
ཟ་འཐུང་ཁོ་ནས་མི་ཚེ་ཟད་པ་མིན།།
ཞ་ལྷམ་ལྡོག་པའི་སྤྱོད་ཚུལ་ཞ་ར་མེད།།
ཝ་ལྟར་གཡོ་སྒྱུས་སུ་ཡང་བསླུས་པ་
ཛ་ཡའི་བསྟན་ལ་སུན་འབྱིན་ཛོར་རྟ
ཚ་གྲང་བར་ནས་ཡིན་མིན་ཚར་གཅོད་མེ
ཙ་ཙིག་ནོར་ལ་རྐུ་གསོག་ཙིག་ལས་མེ
མ་རབས་སྡིག་ལས་དུ་མའི་བྱུང་རབས་
བ་མོ་འདོད་འཇོའི་ཁ་བརྡར་ཚར་བ་མེ
ཕ་བཟང་བུ་ཡི་རྣ་འབྱོག་ཤོར་བ་མེ
པ་པོ་མང་པོའི་མིང་གྲགས་གཉེར་བ་
ན་བ་ཚ་བས་བཟུང་ཡང་མནར་སྡུག་མེད།།
ད་ལྟ་འཆི་བར་ཉེ་ཡང་དི་འདི་མེད།།
ཐ་མའི་ཉལ་སར་ཐ་མལ་ངང་ཚུལ་མེད།།
ཏ་རེ་ལྷ་རྣམས་མ་བཀུར་དད་ལོག་མེ
ཉ་མ་འཁོར་སློབ་བསྐྱངས་པ་ཉུང་ཉུ
ཇ་ཆང་བདུད་རྩིར་རོལ་བ་མང་མང་མི
ཆ་ལུགས་མ་ངེས་ཆགས་འཇོག་མེད་པ་མི
ཅ་རིལ་བཞིན་དུ་འཁུམས་ནས་སྡོད་པ་
ང་ཡི་གྲོགས་མཆོག་ང་ལ་རྒྱུས་མེད་
ག་ས་གང་དུ་ལོ་མང་མཉམ་འཛོམས་མེད།།
ཁ་ཞེ་མཐུན་ཡང་ཁ་རྩོད་མ་ཤོར་མེད།།
ཀ་ནས་ཨ་བར་ཁ་སྐོང་གྲོགས་ཚོས་གྱི
གྲོགས་ལ་མེད་པའི་སྐྱོན་འགའ་བདག་
ཁོང་ལ་ཡོད་པའི་ཡོན་ཏན་གཞན་གྱིས་
ད་ལྟ་བར་དོ་ཉུལ་བའི་རྣམ་ཤེས་དེ
འདི་དག་ཚོར་རྟོགས་ཐུབ་ན་མགུ་ཡང་
བསྔོ་བ་སྨོན་ལམ་བཟང་པོའི་ཆོས་མི
རྗེས་སུ་ཡི་རང་གཙང་མའི་གཏམ་ཡིན་
དགེ་བ་མེད་ཀྱང་སྡིག་པ་མེད་སྙམ་
ཉེ་སྔོན་ཀ་རྩོམ་མཇུག་དེ་དེ་རིང་
ཞེས་གྲོགས་ཀྱི་ཐ་མ་ཆབ་བྲག་ཕོ་
ཐོག་མར་ཁ་བརྡར་འཇུག་དུས་མགོན་ཕྱག་འདུག །
བར་དུ་ཟླ་གྲངས་མང་པོ་གོ་ཐོས་མེད། །
ད་ལྟ་མགོན་ཕྱག་གྲོང་བ་བློ་མ་བདེ། །
ད་དུང་མགོན་ཕྱག་འདས་པ་ཡིད་མ་འཆིས། །
འདི་ཡང་ལྷ་རམས་པ་གྲོངས་སོང་ཟེར་བའི་རྫུམ་གཏམ་ལྟར་མི་བདེན་པར་ཤོག
ཁོང་ནི་ང་ཚོའི་སེམས་ནང་དུ་གསལ་བའི་དྲ་གྲོགས་མགོན་པོ་ཕྱག་གཉིས་དང་། ལྗང་མྱུག་དང་མང་གཙོ་ཚེགས་པར་སོགས་སུ་གསལ་བའི་རྩོམ་སྒྲིག་པ་དང་རྩོམ་པ་པོ་རྒན་རབས་པ་ཞིག་རེད། ལྷག་པར་བཙལ་བྱོལ་གྱི་རྩོམ་པ་པོ་པདྨ་འབུམ་དང་འཇམ་དབྱངས་ནོར་བུ་སོགས་ཀྱི་རྩོམ་གྲོགས་དང་རྩོམ་རིག་ཐད་ཕྱག་ལས་སྣ་མང་གནང་མཁན་ཞིག་ཡིན་པས་འདི་ལྟར་ང་ཚོས་འཇོག་རན་ཅིག་མིན། མ་མཐའ་ཡང་པདྨ་འབུམ་དང་འཇམ་དབྱངས་ནོར་བུ་རབ་གསལ་སོགས་ཀྱིས་རྗེས་དྲན་ངག་གི་མཆོད་པ་ཞིག་འབུལ་འོས། ངས་ཁོང་ལ་སེམས་གཏིང་ནས་རྗེས་དྲན་དང་མྱང་ངན་ཞུ། བཙན་བྱོལ་གྱི་དུས་དེབ་ཐོག་མའི་རིགས་དང་ཚེགས་པར་མགོ་མ་ཚོའི་ལོ་རྒྱུས་བསྔོག་ན་ཁོང་ནི་མ་གླེང་ཐབས་མེད་དུ་འགྱུར་བའི་རྩོམ་པ་པོ་མགོན་པོ་ཚེ་རིང་ཡིན། ཚེ་ལོ་མ་རྫོགས་པར་རྐྱེན་དབང་གིས་འཇིག་རྟེན་དང་ཁ་གྱེས་པ་འདི་ཧ་ཅང་སྐྱོ་དགོས་པ་ཞིག་རེད། ཁོང་ལ་ལྷག་བསམ་དཀར་པོ་དང་སེམས་པ་བཟང་བོ་ཞིག་ཡོད་པས་ཐར་བའི་ལམ་བདེ་མོ་ཞིག་ནས་འགྲོ་ཐུབ་པའི་ཡིད་ཆེས་ཡོད།
ད་དུང་ཞུ་རྒྱུ་ཞིག་ལ། ངེད་གཉིས་དངོས་སུ་ཐུག་པ་ག་བ་ག་བ། དྲ་བའི་འཇིག་རྟེན་གྱི་སྒང་ནས་ཁ་བརྡ་ཙམ་ཡང་བྱེད་མྱོང་མེད་ལ། མཐའ་ན་མགོན་པོ་ཕྱག་གཉིས་པ་དེ་རིང་མ་གཏོགས་མགོན་པོ་ཚེ་རིང་ཡིན་པ་ཡང་ཤེས་མེད། དེ་རིང་གཞི་ནས་ཤེས་དུས་ཁོང་མི་ཡུལ་དང་ཁ་བྲལ་འདུག འོན་ཀྱང་ཁ་བརྡ་དྲ་བ་དང་དུས་བབ་སོགས་སུ་ཁོ་བོ་ལ་རྩོམ་རིག་ཕྱོགས་ནས་ལམ་སྟོན་གནང་བ་གྲངས་མ་མཆིས། ལྷག་པར་བརྡ་སྤྲོད་ཀྱི་སྐོར་ནས་ཁ་བརྡ་དྲ་བར་གནད་དུ་འཁེལ་བའི་མཆན་བུ་གང་མང་མང་ཞིག་བཏབས་པ་ད་ལྟ་བལྟས་ན་གསལ་བོར་མཐོང་རྒྱུ་ཡོད་ངེས། སེམས་སྐྱོ་བ་ལ། མྱི་ངོ་ཤེས་དུས་མྱི་འཇིག་རྟེན་དང་ཁ་གྱེས་སོང་།
འདི་ནི་བདེན་པ་ལས་རྫུན་པ་ཞིག་མ་ཡིན་པ་བདག་གིས་འགན་འཁུར་ཐུབ། དེའི་ཕྱོགས་ནས་དྲ་གྲོགས་ཚོས་དོགས་པ་མ་ཟ་རོགས་ཞུ། བསྔོ་སྨོན་རེ་མཁྱེན་མཁྱེན།
མགོན་ཕྱག་མགོན་པོ་ཚེ་རིང་མིང་དངོས་དང་། །
ཚེ་ལོ་མ་རྫོགས་གྱེས་པར་དེ་རིང་ཤེས། །
ཕྱི་མ་ངན་འགྲོར་འགྲོ་བ་མི་སྲིད་ཀྱང་། །
ཚེ་འདིར་བཞུགས་ཐག་ཐུང་བར་མྱ་ངན་ཞུ། །
ཕ་ཡུལ་གཅིག་ལ་སློབ་གྲྭ་གཅིག་པ། རྒྱང་བཞུད་ཀྱི་དམིགས་རེ་དང་སྐྱིད་སྡུག་གཅིག་པའི་བཟང་ས་དམ་པ་འདི། ཐོག་མར་ལྷན་ཅིག་རྒྱ་གར་ལ་སྐྱབས་བཅོལ་དུ་འབྱོར་རྗེས་ལོ་འགར་བོད་དགེའི་ཕྱག་ལས་གནང་ཞིང་ཤེས་རིག་ལས་ཁུངས་སུ་བོད་ཡིག་སློབ་རྩོམ་སྒྲིག་གནང་རོགས་ཀྱང་བྱས། དེ་རྗེས་དམངས་གཙོ་ཚགས་པར་གྱི་རྩོམ་སྒྲིག་པ་གནང། སྙན་དངགས་སོགས་རྩོམ་ཡིག་ཐར་ཐོར་རེ་རྟག་ཏུ་གཏོར་མྱོང། རྗེས་སུ་དྲ་ལམ་ནས་ཁ་བརྡ་ནང་དུ་དྲ་གྲོགས་མི་ཉུང་བ་ཞིག་དང་གླེང་མོལ་ཅི་རིགས་གནང་ཡོད། དེ་བས་བདག་གིས་འདིར་རྗེས་དྲན་མྱ་ངན་གྱི་ས་བོན་ཙམ་གཏོར་ནས་ཁོང་གི་ངོ་ཤེས་ཚོས་ཀྱང་རང་དབང་གི་དྲན་གསོའི་ཞུ་ཚིག་རེ་འབུལ་རེ་བཅངས་ཡོད་པ་དགོངས་འཇགས་ཞུ། ལྷག་པར་ཨ་རིག་དགེ་མཐོང་ནས་ཨ་རིག་པ་ཞིག་གི་སྐད་ཆ་གསོན་པོ་བཤད་པར་དགའ་ཡོད།
རྒན་ལྷ་མོ་སྐྱབས་ལགས། ཁྱེད་ཀྱིས་བོད་མི་རིགས་ཀྱི་བདེན་དོན་ཆེད་རང་སྲོག་བློས་གཏོང་བྱེད་མཁན་ཚོར། ས་གནས་མི་རིགས་རང་སྐྱོང་ལབ་དགོས་པ་རེད་ཅེས་བརྒྱུད་སྐུལ་བྱས་པ་རེད། ཕན་ཐོགས་སོང་ངམ། ད་དུང་ལབ་མཁན་གཅིག་ཀྱང་བྱུང་མེད་པ་འདྲ། ཁོང་ཚོ་དེ་འདྲ་གླེན་པ་ཨེ་ཡིན་ན༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌
ཆབ་བྲག་ཕོ་ཉ་ལགས་ག་དུས་སྐུ་གཤེགས་པ་རེད། གསལ་བོ་ཞིག་འབྲི་རོགས།
ཁ་སང་ཁ་ན་ཊའི་སྨན་ཁང་དུ་གྲོངས་འདུག ཁོང་གི་སྤུན་མཆེན་བླ་མ་སྐྱབས་དང་ཐུབ་བསྟན་ལགས་འཁྲིས་ལ་ཡོད་རེད།
ཀྱེ་མ་ཧོ། །གདུང་བས་འབོད་དོ་སྐྱབས་གནས་དཀོན་མཆོག་གསུམ། །བྱིན་གྱིས་རློབས་ཤིག་བར་དོའི་རྣམ་ཤེས་དྲོངས། །སོག་རྒན་མགོན་པོ་ཚེ་རིང་གཤེགས་པ་འདི། །བོད་ལ་མཚོན་ན་གྱོང་རྒུད་ཆེན་པོ་ཡིན། །རིགས་རུས་མི་དམན་ཆེན་པོ་ཧོར་གྱི་བློན། །ཕ་ནི་གཞུང་བཟང་བཀའ་པོད་ཀུན་ལ་མཁས། །མ་ནི་བརྩེ་ལྡན་ལ་རྒྱ་བོད་ལ་ཆེ། །རང་ཉིད་རྒྱ་བོད་གཙུག་ལག་འཇུག་པ་ཡངས། །ཆུང་ངུའི་དུས་ནས་བོད་ཀྱི་རིག་གཞུང་སྦྱང་། །ཁ་དང་བསམ་པ་བོད་མི་ཡོངས་ལ་དཀར། །དད་པ་བྱེད་ས་མི་ལ་རིས་པ་ཡིན། །ཁ་ནས་འདོན་པ་ཚངས་དབྱངས་རྒྱ་མཚོའི་མགུར། །དོན་དུ་གཉེར་བ་རང་བཙན་གཙང་མར་འདོད། །གདོང་པ་ཕལ་ཆེར་སྤུ་དང་གཉེར་མས་ཁེང་། །མི་ཚེ་ཕལ་ཆེར་བོད་ཀྱི་དོན་དུ་བཏང་། །བཞེས་ལག་ཕལ་ཆེར་ཤ་དང་ཝུ་ཆང་ཡིན། །ཡོང་འབབ་ཕལ་ཆེར་གྲོགས་ཀྱི་དོན་དུ་གཏོང་། །གྲྭ་མ་མིན་ཀྱང་ཆོས་དང་ཚད་མ་ཤེས། །སྒོམ་ཆེན་མིན་ཀྱང་ངལ་གསོའི་བསམ་གཏན་བཟང་། །བྱ་བྲལ་མིན་ཀྱང་ཡོད་ཚད་གཞན་ལ་གཏོང་། །དཔེ་མཛོད་མེད་ཀྱང་དཔེ་ཆ་ཁྱོད་ལ་མང་། །རྒྱ་ནག་ཡུལ་ནས་སློབ་གྲྭ་ཆེན་མོ་ཐོན། །རྒྱ་གར་ཡུལ་ནས་ཐོག་མར་སློབ་དེབ་བསྒྲིགས། །སུ་ཇ་གྲོང་ནས་གསར་འབྱོར་དགེ་རྒན་བྱས། །རྨ་ཆེན་ཚོགས་པའི་དོན་གྱི་ཞིབ་འཇུག་པ། །ཁ་ན་ཌ་ནས་ཁ་བརྡའི་མཆན་ལ་བརྩོན། །མི་བུ་ཁྱོད་འདྲའི་བོད་ལ་ཤ་ཞེན་ཅན། །དེ་བཞིན་འདྲིས་ཡུན་རིང་ཞིང་ལ་རྒྱ་ཅན། །མི་ཚེ་རིགས་པས་བསྐྱལ་བའི་བྱས་པ་ཅན། །ཨ་སྒོར་འཐུག་པོ་མེད་ཀྱང་ངོ་མཚར་ཆེ། །ཕྱི་གླིང་འགྲིམ་ཀྱང་གྲོགས་པོ་མི་བརྗེད་ཅིང་། །ཨ་སྒོར་མཐོང་ཡང་རིག་གཞུང་མི་འདོར་བ། །རང་དབང་ཡོད་ཀྱང་རང་བཙན་རྩོད་ལེན་མཁན། །ཚུགས་བརྟན་རི་བོའི་དཔེར་མཚུངས་ལ་རྒྱའི་བདག །རྒྱང་རིང་རྒྱ་མཐར་ཉུལ་བའི་གྲོགས་ཤིག་གིས། །སྐུ་ལ་གདུང་མཆོད་ཕུལ་སྟབས་མ་བདེ་ཡང་། །མར་མེ་བརྒྱ་རྩས་ཁྱོད་ལ་ལམ་སྒྲོན་བྱེད། །མ་ཎི་དུང་ཡོན་ཁྱོད་ཀྱི་དགེ་རྩ་བྱེད། །ཁྱོད་ཀྱི་བླ་མ་ཕྱག་ན་པདྨོ་ཡིས། །ཕྱག་གིས་བཟུང་སྟེ་རི་བོ་གྲུ་འཛིན་དུ། །བརྫུས་སྐྱེས་སྤྲུལ་བའི་སྐུ་རུ་བཞེངས་པ་དང། །སླར་ཡང་བོད་ཀྱི་བསྟན་སྲིད་དོན་བྱེད་ཤོག །ཅེས་པའང་བཀྲ་མི་ཤིས་པའི་གནས་ཚུལ་མིག་ལམ་དུ་ཤར་མ་ཐག་དྲི་མེད་པས་བསྔོ་སྨོན་དང་འབྲེལ་རྗེས་དྲན་དུ་ཕུལ། །
ཨ་ཁ་ཁོང་དགུང་ལོ་ག་ཚད་ཡིན་ནམ། དུས་སུ་མ་སྨིན་པའི་ལྗང་བུར་རྐྱེན་ངན་སད་སེར་གྱིས་བཅོམ་པ་དེར་ངོས་ནས་མྱ་ངན་དང་སེམས་གཏིང་ནས་སྨོན་ལམ་ཞུ་བཞིན་དང་་་་ནརིང་མིན་བར་དོའི་འཇིགས་པའི་འཕྲང་ལས་གྲོལ་ནས་སླར་ཡང་དལ་རྟེན་དུ་འཁྲུངས་ཏེ་སྔར་གྱི་འཕྲོ་ལུས་ཀྱི་དགོངས་དོན་རྣམས་ཡིད་བཞིན་དུ་འགྲུབ་པའི་སྨོན་ལམ་བཅས་ཞུ།
མྱ་ངན་ཞུ
འདིར་ཁོང་གི་གྲོགས་དང་ངོ་ཤེས་དྲ་གྲོགས་སོགས་ལ་མ་འཚམས་པའི་བརྡ་ལན་ཙམ་སྐྱེལ་བ་ལས། ཁོང་གི་མི་ཚེའི་བྱུང་རབས་གཙོ་བོར་བཀོད་མེད། མི་རིང་བར་ཁོང་གི་བརྩམས་ཆོས་རྣམས་ཕྱོགས་བསྒྲིགས་ཀྱིས་ཁོང་ཉིད་ཅུང་ཟད་མཚོན་ཐུབ་པའི་རེ་བ་ཡོད།
གདུང་སེམས་མཉམ་སྐྱེད་པ་ཚང་མར་བཀའ་དྲིན་ཆེ་ཞུ། འདིར་རྒྱུས་ཡོད་མེད་ཚང་མས་ཤེས་དགོས་པ་ཞིག་ནི་དྲ་ཐོག་གི་བོད་ཡིག་རྩོམ་ཡིག་སྤེལ་མཁན་ཡག་གྲས་ཤིག་ང་ཚོ་དང་གཏན་བྲལ་སོང་བའི་ཆ་ནས་ཞུ་ཚིག་འོས་འཚམ་རེ་སྤེལ་འོས་པ་དེ་ཙམ་མོ།
གཞན་འདིར་འབྲེལ་མེད་ཀྱི་ཉོག་གཏམ་རིགས་འབྲི་བའི་རེ་བ་དང་བཅས།
དགེན་ཆབ་བྲག་གིས་སྙན་ངག་གིས་འདས་མཆོད་ཡག་པོ་བྲིས་གནང་འདུག
མགོན་པོ་ཕྱག་པ་འདས་སོང་པའི་གཏམ་འདི་རྣར་མ་སོང་ཡང་མང་པོ་ཞིག་གིས་སྒྲུབ་བཤད་ཀྱང་མང་དུ་བཀོད་འདུག་པ་མ་ཟད། བླ་མ་སྐྱབས་ཀྱི་སྤུན་མཆེད་ཡིན་ཚུལ་གོ་མ་ཐག་ངས་སྔོན་མ་ནས་སེམས་ལ་བཟུང་པའི་མི་དེ་དང་། དེ་རིང་འདས་སོང་ཟེར་བའི་མགོན་པོ་ཕྱག་གཉིས་པ་གཉིས་མི་གཅིག་པ་མིན་པ་གཞི་ནས་ཤེས།
རེད་ཡ། མགོན་པོ་ཕྱག་འདི་མི་ཤེས་ཡོན་ཚད་མཐོར་སོན་ཞིང་དམིགས་ཀྱིས་གནའ་དེང་གི་ལོ་རྒྱུས་ཡིག་ཆ་ཁག་ལ་ཧ་ཅང་རྒྱུས་མངའ་ལྡན་པ་ཞིག་རེད། ངས་ཁོང་གི་ཕ་ཡུལ་གང་ཡིན་དང་ལོ་ཚོད་ཅི་ཡིན་སོགས་ལ་རྒྱུས་མེད་ཀྱང་༢༠༠༩ ལོ་ནས་ཁ་བརྡ་དྲ་བའི་དྲ་གྲོགས་ཡག་ཤོས་ཤིག་ཏུ་གྱུར། ངས་རྩོམ་འཆལ་འགའ་རེ་དྲ་བར་བཀོད་པར་ཁོང་དང་བསམ་ཚུལ་བརྗེ་རེས་ཀྱི་བགྲོ་གླེང་མང་དུ་བྱས་ཤིང་། ལྷག་པར་དུ་བདག་གིས་བྲིས་པའི་སྟག་གཟིགས་དང་བྲུ་ཤ་སོགས་ཀྱིས་སྐོར་ནས་བགྲོ་གླེང་མོ་བྱས་མྱོང་།
དེ་རིང་ཁོང་སྐུ་འདས་པའི་སྐད་ཆ་འདི་གོ་མ་ཐག་སེམས་གཏིང་ནས་ཨ་ཁ་ངའི་དྲ་གྲོགས་བཟང་པོ་དེ་་ ཞེས་སེམས་གཏིང་ནས་ཕངས་སེམས་ཆེན་པོ་ཞིག་སྐྱེས་བྱུང་། ངོ་མ་ཁོང་ལྟ་བུའི་ཤེས་ཡོན་པ་ཚོ་འདས་ན་སེམས་གཏིང་ནས་ན་ཟུགས་རྒྱག་གི དྲ་ཐོག་ནས་བགྲོ་གླེང་མང་པོ་བྱས་ཀྱང་ཕན་ཚུན་ངོ་མ་སུ་ཡིན་དང་ཕ་ཡུལ་གང་ཡིན་ཙམ་ཡང་རྒྱུས་མ་བྱུང་སྔོན་ལ་འདས་སོང་བ་རེད། ཁོང་ནི་བོད་ཀྱི་རིག་གནས་གང་ལའངས་མཁྱེན་རྟོག་ཆེ་ཁར་ལོ་རྒྱུས་ལ་དམིགས་བསལ་ངེས་ཆ་དང་ལོ་རྒྱུས་སྐོར་བགྲོ་གླེང་གནང་བར་དགའ་སྤྲོས་བརྟས་པ་ཞིག་ཡིན་པའི་ཚོར་སྣང་ཟབ་མོ་བཞག་ཡོད་པས་ད་དུང་མུ་མཐུད་ནས་ཁོང་དང་དུ་བགྲོ་གླེང་ཙག་ཙིག་རེ་བྱས་ནས་ཁོང་གི་བྲིས་པ་དག་ལས་རང་གི་ལོ་རྒྱུས་གོ་རྟོག་མཐོར་འདེགས་རེ་བྱ་དགོས་བསམ་ཡོད་མོད། ཡུན་རིང་ཞིག་ལ་དྲ་བར་ཞུགས་པའི་ཁོམ་ལོངས་མ་བྱུང་བ་དང་། ལྷག་ཏུ་རང་གིས་རྩོམ་འཆལ་རེ་འབྲི་ལོངས་མ་བྱུང་བས་ཁོང་དང་བགྲོ་གླེང་ཡུན་རིང་བྱུང་མ་ཐུབ།
ངོ་མ་ཡིད་སྐྱོ་བྱུང་།
འདས་པོ་དྲ་གྲོགས་ཁོང་མྱུར་དུ་བོད་མི་རིགས་སུ་བསྐྱར་དུ་སྐྱེ་བ་བླངས་ཏེ་རང་གི་མི་རིགས་རིག་གནས་ལ་ཞབས་འདེགས་སྔར་བས་རླབས་པོ་ཆེ་ཞིག་གནང་ཐུབ་པའི་རེ་སྨོན་བཅས་ཨོྃ་མ་ཎི་པདྨེ་ཧཱྃ། ཨོྃ་མ་ཎི་པདྨེ་ཧཱྃ། ཨོྃ་མ་ཎི་པདྨེ་ཧཱྃ།
མྱ་ངན་སྙིང་ནས་ཞུ། བདེ་བ་ཅན་དུ་སྐྱེ་བར་ཤོག
དགོངས་དག མི་འཆད་རྒྱུ་ཞིག་ཆད་འདུག མི་འབྲི་བའི་་་་
སྐབས་སུ་མ་བབ་པའི་གཏམ་དང། ཡིན་མིན་མི་ཤེས་པ། གང་དྲན་དྲན་སྨྲ་སོགས་ཀྱི་ཉོག་གཏམ་རིགས་མ་འབྲི་རོགས་ཞུ་གིན་ཡོད།
གཅན་བཟོད་རྒྱམ་ལགས་ཀྱིས་བཤད་པ་ལྟར། ཁོང་ངོ་མ་ལོ་རྒྱུས་ལ་ཧ་ཅང་དགའ་ཞིང་མཐོང་ཐོས་ཀྱང་མང། རྒྱ་གར་ནས་བཏོན་པའི་ལོ་རྒྱུས་ངག་ཕྲེང་དེབ་སོགས་ཁོས་མ་བཀླགས་པ་དཀོན།
སྐུ་གཤེགས་དམ་པ་ཁོང་གི་གསུང་རྩོམ་ཕྱོགས་སྒྲིགས་གནང་ཚེ་། དྲ་རྒྱའི་མཆན་ཁོ་རང་གི་ལྟ་བ་བཟུང་ནས་རྩོད་པ་ཤུགས་ཆེན་གནང་པ་ཁག་དང་། རང་ཉིད་ངོ་སྤྲོད་སོགས་གཙོ་བོར་བཟུང་ན་རྩོམ་པ་པོའི་དགོངས་པ་རྫོགས་པར་ངེས།སྐུ་གཤེགས་ཁོང་ལ་མྱ་ངན་དང་གུས་འདུད་ཞུ། གཞིས་ལུས་ཡོངས་ལ་སེམས་གསོ་དང་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ། །དྲི་མེད་པས་སྙིང་ཐག་པ་ནས་གུས་ཕུལ།
དྲི་མེད་ལྷག་བསམ་ལགས་ཀྱི་རེ་སྐུལ་དང་ལེན་ཞུའོ།
ངོ་མི་ཤེས། གོ་མྱོང་། ཆབ་བྲག་ལྷ་མོ་སྐྱབས་ཀྱིས་གདེང་འཇོག་གནང་ས་ཞིག་ཡིན་དུས་མི་འདིའི་སྒང་ན་རིན་ཐང་ཞིག་ཡོད་པ་ཤོད་མི་དགོས། མ་གཞི་བོད་ལ་ཤེས་ཡོན་ཅན་མྱོང་། དེའི་ནང་ནས་ཀྱང་རང་གི་སྐད་ཡིག་ཤེས་མཁན་ཉུང་། མི་འདི་ནི་རང་གི་སྐད་ཡིག་སྨྲ་བའི་རྩོམ་པ་པོ་ཞིག་དང་ཤེས་ཡོན་པ་ཞིག་ཡིན་པས་ཤིན་ཏུ་ཕངས། བདེ་འགྲོར་སྐྱེས་ཤིང་སླར་ཡང་དལ་བརྒྱད་འབྱོར་བཅུ་ཚང་བའི་བོད་ལུས་སུ་སྐྱེ་བར་ཤོག
མ་གཞི་བོད་ལ་ཤེས་ཡོན་ཅན་ཉུང་། ནོར་འདུག
མགོན་པོ་ཕྱག་གཉིས་པ་ཁོང་དུས་ཆོས་སུ་གྱུར་བར་མྱ་ངན་ཞུ། ཁོང་མཆན་བུ་འདེབས་མཁན་གཞན་དག་ཚོ་དང་མི་འདྲ་བའི་ཁྱད་ཆོས་ཤིག་ནི། རྒྱུན་དུ་ནང་ཁུལ་དཀྲུག་ཤིང་དང་གཏམ་འཁྱར་མི་སྤེལ་བར། མི་རིགས་དང་རིག་གནས་ལ་ཤ་ཚ་ཅན་ཞིག་དངོས་འཛིན་ཞུས་ཀི་ཡོད།
ངོ་ཤེས་རྙིང་བ། སེམས་པ་དགའ་ས། མྱིག་ལྟོས་བྱེད་སའི་ཕོ་སྐྱེས་རབ་ཁོང་ཚེ་ལས་འདས་བ་གོ་དུས་སེམས་སྐྱོ་སོང་།
ཁ་བརྡ་དྲ་བའི་ནང་ནས་མཇལ་མྱོང་ལ།།
མགོན་པོ་ཕྱག་གཉིས་ཟེར་ནས་ཡང་ཡང་འཕྲད།།
མཆན་བུའི་ས་དང་གསེང་ནས་གླེང་མོལ་གྱིས།།
གོ་སྐབས་ཕྲན་པུ་ཙམ་རེ་རེག་མྱོང་ཡང་།།
དེ་རིང་བར་དུ་ལོ་རྒྱུས་དངོས་མི་ཤེས།།
རིགས་ཀྱི་འདུ་ཤེས་ཟབ་པའི་བྱེས་གྱར་བ།།
དེ་རིང་འཇིག་རྟེན་ཕྱི་མར་ཆས་པའི་གཏམ།།
ཁ་བརྡ་དྲ་བའི་ནང་ནས་ཐོས་དུས་སུ།།
མི་དངོས་མཇལ་མྱོང་མེད་པའི་རྒན་རབས་ཉིད།།
ཕྱི་མ་རྒྱུས་མེད་གྲོང་གི་མགྲོན་གྱུར་འདུག།
ཡོད་དུས་དགའ་གུས་ཉུང་བ་ང་ཚོའི་ལུགས།།
མེད་དུས་བསྟོད་པ་མང་བ་ང་ཚོའི་གཤིས།།
འདི་གཉིས་གང་ཡང་ང་ལ་མེད་ན་ཡང་།།
ཡི་གེ་དྲུག་མ་ཚར་འགའ་ངག་ལས་ཤོར།།
ཁ་སང་ཞིག་ལ་ངས། “མི་ཚེ་འདི་མུ་ཏིག་གི་ཕྲེང་བ་འདྲ་བྱུང་། མཛེས་སྡུག་དང་རིན་ཐང་ཇི་ལྟར་ཆེ་ཡང་ཚེ་སྲོག་གི་སྐུད་པ་ཕྲ་མོ་འདི་ཉིན་གཅིག་ཆད་རྒྱུ་ཉག་གཅིག་ཡིན། ཀྱེ་མ། ཇི་འདྲའི་སྐྱོ་བ་ལ་ཨང་། ” ཟེར་ཡིན། དེ་རིང་དངོས་གནས་སྐྱོ་སོང་།
ཨ་ཁ་ཨ་ཁ་དཀོན་མཆོག་གསུམ་པོས་མཁྱེན། །
ཧ་བོ་ཧ་བོ་དྲ་གྲོགས་མདའ་ཚན་པ། །
བདེ་བ་ཅན་དུ་སྐྱེ་བར་ཤོག
ཁོང་གི་སྙན་དངགས་ཚན་པ་འགའ་འདིར་ཡོད།
http://www.chapdaklhamokyab.fr/%E0%BD%95-%E0%BD%A1-%E0%BD%A3/%E0%BD%A1-%E0%BD%A3-%E0%BD%82-%E0%BD%A2-%E0%BD%96-%E0%BD%9A/%E0%BD%98%E0%BD%82-%E0%BD%93-%E0%BD%94-%E0%BD%9A-%E0%BD%A2-%E0%BD%84/
ཞིང་གཤེགས་ཁོང་མདའ་ཚན་པ་མགོན་པོ་ཚེ་རིང་རེད་ཟེར། རྒན་ལགས་ནས་མགོན་པོ་ཕྱག་གཉིས་རེད་ཟེར། གང་ལྟར་ངེད་ལ་ད་དུང་གསལ་བོ་ཞིག་ཆགས་མ་སོང། ཡང་ན་མིང་འདི་དག་མི་གཅིག་ཡིན་ནམ། མགོན་ཕྱག་ནི་ཁ་བརྡའི་བགྲོ་གླེང་པ་རྩེ་གྲས་ཤིག་རེད། ཁོང་དང་རྒན་ལ་དྭགས་པའི་མཆན་བུ་ནམ་རྒྱུན་དོ་སྣང་བྱེད་ཀྱི་ཡོད། མགོན་པོ་ཕྱག་གཉིས་ཀྱིས་ཉིན་ཅིག་བརྡ་སྤྲོད་སྐོར་མཁས་པ་དགེ་རབ་དང་མཉམ་དུ་བགྲོ་གླེང་བྱས་པ་ཞིབ་པར་བཀླགས་མྱོང། མདའ་ཚན་པ་ནི་ཁ་བརྡ་ཚང་གི་ཕྱོགས་ཀྱི་ཀ་ཆེན་ལྟ་བུའི་རྩོམ་པ་པོ་ཞིག་རེད། ཁོང་གཉིས་མི་གཅིག་ཡིན་ན་འདྲ་ལ། གཉིས་ཡིན་ནའང་འདྲ། མདོ་དགེན་ལྷ་མོས་ཁོང་གི་པར་དང་ལོ་རྒྱུས་ཆ་ཚང་ཞིག་འགོད་རོགས་ཞུ། དེ་བཞིན་ཁོང་གི་སྤུན་མཆེད་གྲོགས་ཐུབ་བསྟན་གཙོས་ནང་མི་ཡོངས་ལ་མྱ་ངན་ཞུ།།
ག་རེ། མདའ་ཚན་པ། ཁོང་གཉིས་མི་གཅིག་རེད་དམ།
རེད། ཁ་བརྡ་དྲ་བའི་ནང་དུ་རྩོམ་ཡར་འཇོག་སྐབས་མདའ་ཚན་པ་དང་མགོ་པོ་ཕྱག་གཉིས་པ་ཟེར་ནི་རེད། མདའ་ཚན་ཁོང་སྐྱེ་སའི་སྡེ་བའི་མིང་རེད། མདའ་ཚན་ནམ་གསེང་ལུང་ཟེར།
སྐྱོ་བ་ལ།
མདའ་ཚན་སྡེ་བའི་མདའ་མོ་གཅིག
ཕྱག་གཉིས་པ་ཡི་སྙུག་མདར་གྱུར།
དགྲ་གྲོགས་མི་ནོར་འཕོག་འགྱུར་བ།
མདའ་ཚན་པ་ཡི་མདའ་རྩལ་གཅིག
འོ་་་མགོན་པོ་ཕྱག་གཉིས་པ་ཁོང་ལ་་བར་སྐབས་ཤིག་ནས་ཁ་བརྡ་སོགས་ནས་མཇལ་མ་སོང་། ཨ་ཁ་་་་ཁོང་གིས་བྲིས་པའི་གནང་བའི་མཆན་སོགས་བཀླགས་མྱོང་ཙམ་ལས་ཆ་རྒྱུས་མེད། ད་བྱས་དུས་ཁོང་ནི་མཁས་པ་ཞིག་དང་རྩོམ་པ་བོ་ཡ་རབས་ཤིག་ཡོད་ཚོད་འདུག གང་ལྟར་ཁོང་ནི་འཇིག་རྟེན་འདི་དང་ཁ་གྱེས་སོང་བར་བློ་ཕམ་ཡོད།
ཁོང་ལ་ཆ་རྒྱུས་ཡོད་མཁན་ཚོས་་གང་འགྱོགས་སུ་ཁོང་གི་རྩོམ་ཡིག་ཁག་ཕྱོགས་བསྡུས་ཤིག་གནང་ཐུབ་ན་དགེ་མཚན་ཆེ།
ཀ་མད་སོ་བཞིར་དུང་བའི་རྩོམ་པ་བོ། །
ཁ་བའི་ཡུལ་དུ་ཕེབས་རྒྱུ་མ་བྱུང་བར། །
ག་ལེར་འཇིག་རྟེན་འདི་དང་ཁ་གྱེས་པར། །
ང་ཅག་སྨྱུག་ཐོགས་ཀུན་ལ་ཅུང་དུ་ངེས། །
མདའ་ཚན་པ་དང་མགོན་པོ་ཕྱག་གཉིས་པ་མི་གཅིག་ཡིན་པ་རེད་དམ། གང་ལྟར་ང་ལ་ཁོང་གིས་བཞག་པའི་བག་ཆགས་ནི་རྩོམ་མཁན་གྱི་མིང་ལ་མི་བལྟ་བར་རྩོམ་ཡིག་ལ་གཟིགས་ཏེ་ཞབས་མཆན་གནང་བ་དེ་ཡིན། ཕྱི་ཡུལ་དུ་་ལྷག་པར་དྲ་འཇུག་པའི་ཁྲོད་དུ་ཁོང་ལྟ་བུ་དཀོན་པོ་ཞེ་དྲག་ཡིན་པ་མ་ཟད། མིག་དཔེར་འོས་པ་ཞིག་རེད། མྱ་ངན་གུས་འདུད་ཞུ།
དངོས་སུ་མཐོང་ཐོས་ག་ལ་སྟེ།།
གཟུགས་བརྙན་ཙམ་ཡང་མ་རིག་མོད།།
ཁ་བརྡའི་གླིང་ནས་ངོ་ཤེས་པའི།།
ཁྱོད་ཀྱིས་ངེད་ཅག་དོར་ནས་སོང་།།
འདི་ནས་ནུབ་ཀྱི་ཕྱོགས་རོལ་ན།།
འོད་དཔག་མེད་ཀྱི་ཞིང་ཁམས་ཡོད།།
སུ་ཞིག་དེ་ཡིས་མཚན་བརྗོད་པ།།
ཞིང་མཆོག་དེ་རུ་སྐྱེ་བར་གསུངས།།
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ།། མཆོད་དོ། ། སྐྱབས་སུ་མཆིའོ།།
གྲོགས་པོ་སྐོར་ཞིག་གིས་རྒན་མགོན་པོ་དམ་པ་འདི་ཉིད་ལ་བསྙུང་གཞི་བཞེས་པའི་གནས་ཚུལ་བཤད་པ་བརྟེན་ནས་ཉིན་གྱི་ཟས་ལ་དང་བ་མེད་པ་དང་། མཚན་གྱི་གཉིད་དཀྲོགས་པའི་སེམས་སྡུག་བཙན་པོ་ཞིག་མནར་བྱུང་། སྐྱེ་བའི་མཐའ་མ་འཆི་བ་འདི་སྔ་ཕྱི་མ་གཏོགས་ང་ཚོ་ཚང་མའི་ཐོག་ཡོང་ངེས་པ་ཡིན་མོད། མགོན་པོ་ལགས་ལ་འདི་འདྲའི་གུས་ཞབས་དང་སེམས་ཚོར་སླེབས་དོན་ནི་ཕྲན་ལ་མཚོན་ན་ཁོང་གི་གཞན་དྲིང་མི་འཇོག་པའི་མི་གཤིས་དང་ཟླ་ན་མེད་པའི་ཤེས་ཡོན་གཉིས་རེད། སེམས་སྡུག་བསྔལ་གྱིས་ནོན་ནས་མྱ་ངན་ཞུ་བཞིན་ཡོད། ཁོང་གི་ནང་མི་དང་ཤ་ཉེ་རྣམས་ལ་མིག་ཆུ་དང་བཅས་པའི་ངུ་ངག་གིས་གདུང་སེམས་མཉམ་བསྐྱེད་དང་མྱ་ངན་ཞུ་བཞིན་ཡོད།
མདའ་མོ་འདི།
མདའ་ཚན་ཡུལ་ནས་འཁྲུངས་བའི་མདའ་མོ་འདི།།
དམངས་གཙོ་གངས་ལ་དྲངས་བའི་མདའ་མོ་ཡིན།།
ཁ་བརྡའི་རུ་སྣ་འདྲེན་པའི་མདའ་མོ་ཡིན།།
ཁ་བརྡའི་གནད་ལ་ཕོག་པའི་མདའ་མོ་ཡིན།།
ལུང་རིགས་སོ་ཁ་རྣོ་བའི་མདའ་མོ་ཡིན།།
གནའ་དེང་གཞུང་སྒྲོའི་བརྒྱན་པའི་མདའ་མོ་ཡིན།།
དྲ་འབུའི་སྙིང་རྩ་ཕུག་པའི་མདའ་མོ་ཡིན།།
རང་བཙན་ལམ་ཆེན་བཤགས་པའི་མདའ་མོ་ཡིན།།
དབུ་མར་རྨ་ཁ་བྱིན་པའི་མདའ་མོ་ཡིན།།
རིག་གཞུང་དགུང་ལ་བཏེགས་པའི་མདའ་མོ་ཡིན།།
རང་གི་རིགས་ལ་འཁྲེང་བའི་མདའ་མོ་ཡིན།།
རྒྱ་སྡེ་སྙིང་ཁམས་དཀྲུགས་པའི་མདའ་མོ་ཡིན།།
མདའ་ཚན་ཡུལ་གྱི་མདའ་མོ་འགྱེལ་བ་འདིས།།
གངས་ཅན་བུ་མོར་མདའ་མོའི་ན་ཟུག་བཞག །
ཕྱི་མའི་འཕྲེང་ལ་འཁྱུག་པའི་མདའ་མོ་ལ།།
དྲ་གྲོགས་མདའ་མོ་སྟོང་གིས་ར་མདའ་མཛོད།།
ཨོ་མ་ཎི་པདྨེ་ཧྰུ།
ང་གྲྭ་སར་འབྱོར་ནས་ལོ་གཅིག་གཉིས་ཀྱི་རྗེས་ནས་ལྷ་མོ་སྐྱབས་དང་ཁོང་གཉིས་རྡ་སར་འབྱོར་བ་གོ་ཐོས་བྱུང་ལ། སློབ་ཆེན་ནས་ཕེབས་པའི་སྐད་གྲགས་གྲྭ་བ་ཚོས་གླེང་བ་ཐོས་མྱོང་། རྗེས་སུ་རྡ་ས་ནས་ཅི་ཞིག་གི་ཆེད་དུ་རྒྱུགས་བླངས་ནས་ཆབ་བྲག་དང་ཁོང་གཉིས་ཀྱིས་ཨང་དང་པོ་བླངས་པ་རེད་ཅེས་བསྐྱར་དུ་ཐོས། ཕྱིས་སུ་གོ་ལྔའི་ལོར་བསྡུས་པའི་ཨ་མྱེས་རྨ་ཆེན་རྩོམ་རིག་ཚོགས་འདུར་བཅར་སྐབས་ཁོང་དང་ལྷ་མོ་སྐྱབས་ངོ་ཤེས་ཤིང་། ནང་ཚགས་ཀྱི་གྲོགས་པོ་མིན་ནའང་སྨྱུག་གྲོགས་ཀྱི་འདུ་ཤེས་ཤིག་གིས་ཁོང་དང་ཁོང་གི་རྩོམ་ཡིག་དག་ལ་གུས་བཀུར་དང་གདེངས་འཇོག་ཆད་མ་མྱོང་། ཕྱིས་སུ་ཁོང་ཁེ་ན་ཊའི་མི་སེར་ཡིན་པའི་བོད་མོ་ཞིག་དང་འཕྲད་ནས་རྡ་སའི་དཔེ་མཛོད་ཀྱི་རྒྱབ་ལོགས་དེ་འདྲ་ཞིག་ན་བསྡད་འདུག་ལ། དེ་ནི་གོ་དྲུག་གོ་བདུན་དེ་འདྲ་ཞིག་ལ་རེད། ངས་དེ་དུས་རྡ་སར་དབྱིན་ཡིག་སྦྱངས་ནས་བསྡད་པས་ང་ཚོ་རྟག་པར་ཐུག་གི་རེད། ཡིན་ནའང་། ཁྱོད་བདེ་ང་བདེ་ཙམ་ལས་ནང་མོལ་དེ་འདྲ་བྱས་མ་མྱོང་། འདི་ནི་ང་སྨྱུག་ཐོགས་པ་ཁོང་དང་འབྲེལ་བ་བྱུང་བའི་བརྒྱུད་རིམ་ཐར་ཐོར་དེ་ཡིན་ལ། མ་བསམ་ས་ནས་ཁོང་ང་ཚོ་དང་འདི་ལྟར་གྱེས་སོང་བར་ཧ་ཅང་ཕངས་སེམས་སྐྱེས་ཤིང་། ཁོང་དང་ཁོང་ལྟ་བུའི་རྩོམ་པོ་དག་ང་ཚོ་དང་གྱེས་པ་ནི་མི་རིགས་ཤིག་གི་གྱོང་གུད་རེད་ཅེས་བདག་གིས་སེམས། གང་ལྟར་ཁོང་ནི་བོད་དང་བོད་མི་རིགས་འདིའི་ཆེད་དུ་ཤ་ཞེན་དང་དུང་བ་སྙིང་ན་བརྡོལ་བའི་སྐྱེས་བུ་ལར་ཞེན་ཅན་ཞིག་ཡིན་པ་ཁོང་གི་རྩོམ་ཡིག་དག་ལས་ང་ཚོས་གོ་ཐུབ་ལ། རྒྱ་གར་དུ་བཞུགས་རིང་དགེ་རྒན་དང་རྩོམ་སྒྲིག་པ་སོགས་ཀྱི་ཕྱག་ལས་གནང་མྱོང་བ་ལྟར་ཕན་ཐོགས་ཀྱང་མི་དམན་པ་བྱུང་ཡོད་པ་རེད། འདི་ནས་ངས་ཁོང་འདས་གྲོངས་སུ་གྱུར་བར་མྱ་ངན་ཞུ་བ་དང་ཆབས་ཅིག་ཁོང་གི་ནང་མི་སྤུན་མཆེད་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཀྱང་ཞུ་རྒྱུ་ཡིན། ཁོང་གི་རྩོམ་ཡིག་རྣམས་ཕྱོགས་བསྒྲིགས་ཀྱིས་དཔར་བསྐྲུན་བྱེད་ཐུབ་ན་དེ་ནི་རྩོམ་པ་པོ་ཁོང་གི་རྗེས་དྲན་ངོ་མ་དེ་ཡིན་པས། དེའི་ལུགས་ཀྱི་འབོད་སྐུལ་ཀྱང་ཞོར་ནས་ཞུ་བ་ཡིན་པས་ཞུ་དོན་ལྟར་གྱི་དོན་འབྲས་སྨིན་པའི་ཡིད་ཆེས་ཡོད།
ཨ་ཧོ་ཁ་བརྡ་ཚང་གི་དྲ་རྒྱ་ཉུལ་སྐབས།།
ཧ་ཅང་སེམས་པ་སྐྱོ་པའི་གཏམ་འདི་ཐོས་བྱུང་།།
ཨ་ཁུ་ཀླུ་སྨྱོན་ཆབ་བྲག་ཕོ་ཉ་གཉི་ཀས།།
ཧ་ལམ་མཚུངས་པའི་སྙན་ངག་ལྷུག་པོར་བྲིས་འདུག།
ཨ་རིག་ཡུལ་ནས་སྐྱེས་པའི་བླུན་པོ་ངས་ཀྱང་།།
ཧ་བོ་ཟེར་བ་ཕ་ཡུལ་གཅིག་པས་སྟབས་ཡིན།།
ས་ཆེན་དབང་དུ་བསྡུས་པའི་བོད་ཀྱི་ལྷ་ཚོགས།།
ཤ་ཁྲག་ཧུབ་ཀྱིས་མིད་པའི་གཤིན་རྗེ་རྒྱལ་པོ།།
ལས་འབྲས་གཙུགས་ཏུ་བཀུར་བའི་ཉམས་ཆུང་མི་ཡི།།
རང་སྲོག་གློ་བར་འཕྲོག་པའི་ཚུལ་འདིས་ཅི་ཉེས།།
ཡར་མར་ཡུལ་ཕྱོགས་ཀུན་གྱི་ཕུ་ནུ་དཀྲུགས་ཤིང་།།
འ་ཅག་བོད་ཀྱི་དོན་ཆེན་དགྲ་ལ་བཙོང་བའི།།
ཟ་འདྲེ་རྒྱ་དམར་་གཤེད་མའི་རང་གཟུགས་ཅན་ཚོ།།
ཞགས་གཅིག་ན་རྒྱུ་མེད་པའི་ཚུལ་འདི་མཚར་རོ།།
ཝ་མོའི་གཡོ་ཐབས་འཕྲུལ་ལ་མི་ཚེ་གཟད་ཅིང་།།
ཛ་ཡི་བསྟན་དོན་ཡང་དག་ལྡོག་སྒྲུབ་མཁན་ཚོར །།
ཚར་གཅོད་ལས་ཀྱི་དམ་ཚིག་ཐོད་དུ་བཅིངས་བའི།།
ཙཱམུཊི་སོགས་ད་ལྟ་གང་ན་ཡོད་དམ།།
མ་དང་མཁའ་འགྲོའི་ཚོགས་ལ་ནུས་མཐུ་ཡོད་ན།།
བར་དོའི་མུ་ནག་ཁམས་སུ་ཁ་སང་སླེབས་ཤིང་།།
ཕར་ཕྱོགས་གཤིན་རྗེའི་ཡུལ་ལ་རྒྱུས་མངའ་མེད་པའི།།
པ་པོར་ཞེན་ཆགས་ཅན་དེར་མགོན་སྐྱབས་མཛོད་ཅིག།
ནད་བདག་བཙན་པོས་འཕྲུལ་ཞག་སྐེ་ལ་བསྐོན་ཀྱང་།།
ད་ལྟའི་བར་དུ་མི་ཚེ་སྙུ་གུར་བསྟིམས་ཏེ།།
ཐ་མའི་ཁ་ཆེམས་ཁ་སང་འཇོག་པའི་སྐབས་ལ།།
ཏ་ཐ་གཱཏིའི་སྒོམ་སྒྲུབ་གནང་སྐད་འདུག་གོ།།
ཉམས་ཆུང་ཕ་ལོས་གསོས་པའི་བུ་ཕྲུག་གཉིས་དང་།།
ཇ་ཆང་རྩེད་འཇོས་འཚར་བའི་ཚེ་གཅིག་ཆུང་མ།།
ཆགས་ཞེན་གཞན་ལས་ལྷག་པའི་ནང་མི་སྤུན་ཟླར།།
ཅང་མེད་རྒན་པོ་ངས་ཀྱང་མྱ་ངན་ཞུ་འོ།།
ང་གཉིས་མི་ཚེར་མཇལ་འཕྲད་གཏམ་གླེང་མེད་ཅིང་།།
ག་ཤེད་ཅིག་ན་ཡོད་རབས་ཐོས་པའི་མ་ཚད།།
ཁ་བ་གངས་རིའི་ལར་ཞེན་ཆེ་བའི་སྟེང་ལ།།
ཀ་མད་སུམ་ཅུར་དུང་བ་ཟབ་ཚུལ་གོ་མྱོང་།།
ཀ་རྩོམ་ལུགས་ལྡོག་ཡིན་པའི་ཟོལ་གྱི་གླུ་འདི།།
ཁ་སང་ཁ་བ་ཅན་དང་གཏན་དུ་གྱེས་པའི།།
གངས་དཀར་ཆབ་བྲག་མགོན་པོ་ཕྱག་གཉིས་ཕ་ལ།།
ང་ཡིས་མར་མེ་རྐང་མཆོད་གཅིག་གི་ཚབ་ཡིན།།
འདི་ནི་ངོ་མི་ཤེས་ཀྱང་ཁོ་བོའི་ཕ་ཡུལ་གཅིག་པ་མགོན་པོ་ཚེ་རིང་འདས་རྗེས་ཀྱི་མཆོད་འབུལ་ཚབ་ཆབ་བྲག་ཕོ་ཉར་ལད་ཟློས་བྱས་ནས་ཤར་མར་བྲིས།
མཐོ་པོ་བསྟོད་ལ་མི་དགའ་ཞིང་།
སེམས་ནས་རྒྱུ་འབྲས་མི་མདོར་བ་།
ནང་ཁུལ་དཀྲུག་ལ་མི་བརྩོན་ཞིང་།
བོད་དོན་ནམ་ཡང་གླེང་མཁན་ཉིད་།
ཕྱག་ན་པདྨོའི་རྗེས་བཟུང་ནས་།
མི་རིང་ཁ་བ་གངས་ཅན་ལྗོངས་།
དལ་འབྱོར་རྟེན་བཟང་སླར་ཐོབ་ནས་།
བོད་དོད་སྔར་བཞིན་སྒྲུབས་པར་ཤོག
གོང་གི་ཕྲན་གྱི་མཆན་རྩོམ་དེར་གཏགས་ནོར་གང་མང་ཤོར་འདུག་པས་དགོངས་དག་ཞུ།
མགོན་པོ་ཕྱག་གཉིས་པའི་སྨྱུག་མིང་འཆང་བའི་མཁས་དབང་སྐྱེ་མཆོག་དམ་པ་དེ་ཉིད་སྐུ་ཚེ་མ་ཟིན་པའི་གནས་ཚུལ་དེང་འདིར་ཐོས་པར་རང་སེམས་ཤིན་དུ་ཕམ་ནའང་། བསམ་ན་རོ་ཡི་རང་བཞིན་ཡིན་པ་ལ། འདི་ལ་རྟག་པར་འཛིན་པ་སྙིང་རེ་རྗེ། གསུངས་པ་ཇི་བཞིན། སྔ་ཕྱི་མ་གཏོགས་ང་ཚོ་ཚང་མ་ལམ་བུ་འདི་ནས་འགྲོ་དགོས་པ་ཡིན་དུས། འདས་པོ་དེ་ཉིད་ཀྱི་་རྗེས་ལུས་ནང་མི་གཉན་ཉེ་སྤུན་གྲོགས་ཡོངས་ལ་མི་ཆུང་ང་ཡི་སྙིང་ཁོངས་ནས་སེམས་གསོ་ཚད་མེད་ཞུ། དམ་པ་དེ་ཉིད་ལ་་ངོས་རང་ཤིན་དུ་དགའ་མོས་ཆེན་པོ་ཡོད། ཁོང་ནི་དྲང་བདེན་དང་མཁས་མཛངས་ལྡན་པའི་ཐོག་ནས་ཁ་བརྡར་མཆན་དང་རྩོམ་ཡིག་མང་པོ་སྤེལ་གནང་མཁན་ཞིག་ཡིན། ཕྲན་གྱི་དམངས་གཙོའི་སྐོར་ནས་བཀའ་འདྲི་ཞིག་ཞུས་པས། དེ་ལ་བཀའ་ལན་དོན་ལྡན་བློ་བསྐྱེད་འཕེལ་ངེས་པ་ཞིག་གནང་བྱུང་། དམ་དེ་ཉིད་ལ་རྗེས་དྲན་སེམས་ཀྱི་གཏིང་ནས་སླར་ཡང་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། མ་འོངས་ཡང་དུ་མི་ཡུལ་འདིར་ཕེབས་དགོས་པའི་འདུན་པ་འཁྲུངས་ཚེ་གངས་ཅན་བོད་ཀྱི་རང་ཡུལ་འདི་མི་བརྗེད་པའི་ངང་ནས་ཅིས་ཀྱང་བྱོན་པར་འཚལ། ཁྱེད་ལྟ་བུའི་སྐྱེ་བུ་དམ་པ་ནི་བརྒྱ་ལ་རེ་འགའ་ཙམ། འདི་ལྟར་ཕེབས་པར་ང་ཚོ་གངས་ཅན་པ་ཡོངས་ཀྱི་གྱོང་གུད་ཆེན་པོ་ལོས་ཡིན། འདི་ནས་བླ་མེད་རྫོགས་པ་ཆེན་པོའི་ལྟ་བའི་དབྱིངས་ཆེན་ནས་སྐུ་ཉིད་ཀྱི་ཆེད་དུ་གསོལ་བ་དང་སྨོན་ལམ་འདེབས་བཞིན་ཡོད། བོན་ཉིད་བདེན་པའི་བསྔོ་སྨོན་དང་ལྷན་དུ་བར་དོའི་ལམ་འཕྲང་ལ་འཇིགས་སྐྲག་དངངས་འདར་མེད་པར་ཀུན་བཟང་བདེ་ཆེན་གྱི་ཞིང་ཁམས་སུ་འཚང་རྒྱ་བར་མཛད་དུ་གསོལ་ལོ། །ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། །
ཆེད་རྩོམ་ཡག་པོ་སྤེལ་འདུག ཐུགས་རྗེ་ཆེ་གནང་། ཨོཾམཎིཔདྨེཧཱུཾཿ
རྦིར་ཇུ་སུ་སློབ་གྲྭའི་བོད་ཡིག་དགེ་རྒན་མགོན་པོ་ཚེ་རིང་ལགས་ཟེར་བ་ཞིག་ཡོད་ན། དེ་ཡིན་ནམ། དེ་ཡིན་ན་ཁོང་གི་སློབ་མ་དུ་མ་ཞིག་གསོ་སྐྱོང་གནང་ཡོད་ཅིང་། བོད་ཕྲུག་དུ་མ་ཞིག་ཕན་ཐོགས་བྱུང་ཡོད་པ་རེད། ཁོང་ལ་རྗེས་དྲན་ཞུ་འོ།
གོང་གསལ་མཆན་འགོད་པ་ཚང་མར་བཀའ་དྲིན་ཆེ་ཞུ། རྒྱུ་མཚན་ནི་བོད་ཀྱི་དགེ་རྒན་ཞིག སྙན་ངག་པ་ཞིག དྲ་རྩོམ་དང་མཆན་འདོགས་པ་དགའ་ཞིག་ལ་ཤ་ཚ་བའི་རྣམ་འགྱུར་འདི་ཧ་ཅང་རིན་ཐང་ཆེ། འདིས་མི་གཅིག་ཙམ་མིན་པར་རང་གི་སྐད་ཡིག་རིག་གཞུང་ལ་ཆེ་མཐོང་སྤྲོད་ཀྱིན་ཡོད། མ་འོངས་པར་ཡང་ཤེས་ཡོན་པ་རེ་རེ་འཕུར་ཤུལ་དུ་འདི་ལྟར་ང་ཚོས་འདས་མཆོད་རེ་སྒྲུབ་འོས།
ཆབ་བྲག་ཕོ་ཉས་གསུང་པ་ལ་མངོན་པར་བསྟོད། ལོ་ཙཱ་པ་ལ་འཇིག་རྟེན་མིག་དང་། སྨན་པ་ལ་ལྷ་རྗེ་ཞེས་འབོད་པ་བཞིན། སྙན་ངག་མཁན་ལ་འཇིག་རྟེན་གསུང་དང་། དགེ་རྒན་ལ་སྲིད་པའི་སེམས་ཞེས་རང་རེས་རྗེས་དྲན་བྱས་ན། མི་རབས་ཕྱི་མར་མིག་དཔེ་ཡག་པོ་ཡོང་བར་ངེས། དེ་བཞིན་མི་རིགས་དང་རིག་གཞུང་ལ་ཤ་ཞེན་ཅན་འདི་ལྟ་བུ་ཞིག་སྐུ་འདས་མ་ཐག་དེ་ལ་སྙན་རྩོམ་གྱིས་མཆོད་པ་འབུལ་མཁན་ཡོང་ན་བྱས་པ་ལ་དྲིན་དུ་བཟོ་ཟེར་བ་ཡང་ཁ་གཡང་ཙམ་མིན་པར་བསྐལ་བར་གནས་པར་སེམས། །ལྷ་རྒྱལ་ལོ། དགེ་རྒན་རྒྱལ་ལོ། སྙན་ངག་མཁན་རྒྱལ་ལོ། གྲོགས་པོ་རྒྱལ་ལོ། །
(ཡོད་དུས་དགའ་གུས་ཉུང་བ་ང་ཚོའི་ལུགས།།
མེད་དུས་བསྟོད་པ་མང་བ་ང་ཚོའི་གཤིས།།
འདི་གཉིས་གང་ཡང་ང་ལ་མེད་ན་ཡང་།།
ཡི་གེ་དྲུག་མ་ཚར་འགའ་ངག་ལས་ཤོར།།)་་་་་་་་་་་་་་་་་ཞེས་པ་འདི་བཞིན་་་་སེམས་གཏིང་ནས་མྱ་ངན་ཞུ
ལོ་ངོ་དུ་མ་ཕྱིན་པའི།།
དེ་རིང་དྲ་ཚིག་ངོས་ནས།།
ཁོང་ཉིད་གཤེགས་པ་ཐོས་སྐབས།།
སེམས་པ་ཧ་ཅང་སྐྱོང་བྱུང་།།
རྦིར་སློབ་སྡོད་པའི་སྐབས་ལ།།
སློབ་ཁྲིད་བྱེད་མྱོང་ཡོད་ཅིང་།།
དཀའ་སྡུག་ག་རེ་བྱུང་ཡང་།།
བསུན་སྣང་སྤུ་ཙམ་མེད་པའི།།
སེམས་ཤུགས་ཡོད་ཚད་ཐོག་ནས།།
སློབ་ཁྲིད་གནང་བ་དྲན་སོང་།།
མཐོ་ལ་ངོ་བསྟོད་མི་གནང་།།
དམའ་ལ་མཐོང་ཆུང་མི་བྱེད།།
བོད་ཀྱི་སྐད་ཡིག་མི་ཉམས།།
དགོས་ཚུལ་བསླབ་བྱ་གནང་བ།།
མ་བརྗེད་སེམས་པའི་ངོས་ལ།།
གསོན་པོ་ལྷང་ངེར་ཤར་འདུག།
བཀའ་དྲིན་ཅན་གྱི་དགེ་ལགས།།
དེ་རིང་གཤེགས་པ་ཐོས་དུས།།
སེམས་པ་སྟོང་པ་གྱུར་ཐེས།།
བླ་མ་དཀོན་མཆོག་གསུམ་གྱི།།
ཐུགས་རྗེ་སྤྱན་གྱིས་གཟིགས་ནས།།
མི་ལུས་བཟང་པའི་ཐོབ་པའི།།
གསོལ་བ་སྨོན་ལམ་འདེབས་སོ།།
རྗེས་དྲན་འབུལ་བ་ཙམ་ལས།།
བྱ་རྒྱུ་གང་ཡང་མི་འདུག།
བཀའ་དྲིན་ཅན་གྱི་རྒན་ལགས།།
སླར་ཡང་མི་ལུས་བཟང་པོ།།
སྤྱན་རས་གཟིགས་ཀྱི་སྐྱབས་འོག།།
ལེན་པའི་གསོལ་བ་སྨོན་ལམ།།
ཁོག་པའི་སྙིང་ནས་འདེབས་སོ།།
བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་ལྷག་བསམ་རྣམ་དག་གི་རྩོམ་པ་པོ་ཞིག་འདས་པར་བློ་ཕམ་དང་། བར་མདོ་སྒྲིམ་པའི་ཁོང་གི་རྣམ་ཤེས་ལ་མ་ཎིའི་སྐྱེལ་མ་ཞུས་ཡོད།
བཙན་བྱོལ་གྱི་རྩོམ་རིག་དུས་དེབ་ཐོག་མ་ལྗང་གཞོན་དུ་ལྗང་མྱུག་ཟེར་བའི་རྩོམ་པ་པོ་ཁོང་གི་སྒྱུ་རྩལ་གཟི་ཁ་ཅན་གྱི་རྩོམ་ཡིག་བརྒྱུད་རིམ་པས་དམངས་གཙོ་ཚགས་པར་གྱི་མགོན་པོ་ཚེ་རིང་ངོ་ཤེས་སོང་།
དེང་དུས་རྩོམ་ཡིག་ཐར་ཐོར་བྲིས་ནས་རྩོམ་པ་པོར་རློམ་བཞིན་པའི་ངང་ཚུལ་དེ་དག་མཐོང་དུས་དོན་དམ་གྱི་ཡ་རབས་ལྡན་པའི་རྩོམ་པ་པོ་ཁོང་དང་། ཆབ་བྲག་ལྷ་མོ་སྐྱབས། པདྨ་འབུམ། ཧོར་གཙང་འཇིགས་མེད། རབ་གསལ་སོགས་ཀྱི་ལྷག་བསམ་ལ་ཡིད་སྨོན་འཆོར་གི