ཨ་རིག་དགེ་མཐོང་།
ཐོག་མའི་ལྟེ་ཁྲག་ས་ལ་འཕོས་ས་དེ། །
ཆབ་བྲག་རི་བོར་ཆགས་སེམས་མ་སྐྱེས་མོད། །
སྙིང་ནས་བརྩེ་བའི་ཉིད་ཀྱི་སློབ་བུའི་ཚོགས།
མཆི་མའི་ཁྲོད་ནས་བསྐྱུར་ཏེ་ས་མཐར་བཞུད། །
མེ་ཏོག་སྣ་བརྒྱའི་མགོ་ལྕོག་ལྡེམ་པའི་ཡུལ། །
གཡུ་སྒང་ཡུལ་ཚོའི་ཕྱོགས་སུ་ཡིད་སེམས་འཁོར། །
ཡིད་ནས་འདོར་ཐུབ་བྲལ་བའི་ཕ་མ་ཟུང་། །
སྡུན་ནས་བསྐྱུར་ཏེ་གྱེས་པ་སྔོན་གྱི་ལས། །
ས་མཐར་བསླེབས་ནས་སུན་སྣང་ལྕི་ན་ཡང་། །
ས་ཕྱོགས་གཅིག་པའི་ཕྱོགས་ཞེན་མ་བཟུང་བར། །
ས་ཆ་གང་ནས་ཕེབས་པའི་བོད་རིགས་ལ། །
སྲ་བརྟན་མཐུན་སྒྲིལ་གནང་བ་གྲངས་མ་མཆིས། །
ཡུལ་གྱར་འཚོ་བའི་ཁ་སྟབས་མྱོང་སྐབས་སུ། །
ཡུལ་ཕྱོགས་གཅིག་པའི་གཏམ་ཞིག་རྣ་བར་ལྷུང་། །
ཡུལ་གྱིས་བསྐལ་བས་ལྷན་འཛོམས་མ་བྱུང་མོད། །
ཡུལ་ཅན་བློ་སེམས་ཧ་ཅང་མཐུན་པར་གྱུར། །
ཁ་བརྡ་དྲ་བའི་ནང་ནས་ཁ་རྩོད་བརྒྱབས། །
ཁ་ནས་མགོན་པོ་ཕྱག་གཉིས་འབོད་པ་ལས། །
ཁ་ཐག་ཉེ་བ་ཁྱེད་ཡིན་མ་ཤེས་ཀྱང་། །
ཁ་དན་ཆེ་བའི་གཏན་ཚིགས་རྣམས་ལ་མཇལ། །
མགོན་པོ་ཚེ་རིང་ཚེ་ཐག་མ་རིང་ཡང་། །
མགོན་པོའི་ཕྱག་རྩོམ་ཤུལ་ན་འོད་དུ་འཚེར། །
མགོན་སྐྱབས་ཡུལ་ལྷས་མཛད་མིན་མ་གསལ་ཀྱང་། །
མགོན་དུ་མཆིས་འདྲའི་སྙུག་གྲོགས་ཇི་འདྲ་མང་། །
མགོན་པོ་ཕྱག་གཉིས་གཤེགས་ཏེ་ཕྱི་མར་ཆས། །
མགོན་མེད་ཟས་སྦྱིན་ལྟ་བུའི་ངག་ཕྲེང་ཚོགས། །
མགོན་པོའི་མིང་ཅན་ཁྱེད་ལ་ཆར་བཞིན་བབས། །
མགོན་པོ་འོད་དཔག་མེད་ཀྱིས་སྐྱོབས་པར་མཛོད། །
ལྗང་གཞོན་དེབ་ཀྱི་ཚེ་སྲོག་མི་ཡུལ་བསྐྲུན། །
དམངས་གཙོའི་ཚགས་པར་ལག་ནས་མཚར་ལོངས་བྱུང་། །
ཨ་མྱེ་རྨ་ཆེན་རིག་གཞུང་བརྩེ་བས་རུམ། །
འདི་འདྲའི་ལོ་རྒྱུས་བརྩིས་ན་གྲངས་ཀྱིས་དབེན། །
དེ་རིང་ངག་རིག་སྨྲ་བའི་སློབ་དཔོན་ཚོས། །
དབྱངས་ཅན་ལྷ་མོར་འགྲོགས་ནས་ཁྱེད་རང་གླེང་། །
དེ་རིང་དགོན་པའི་དགེ་བཤེས་མཁས་པ་ཚོས། །
དེང་རབས་བརྡ་འཕྲིན་བརྒྱུད་དེ་ཁྱེད་ཉིད་གླེང་། །
དེ་རིང་ཕོ་མོ་རྒན་གཞོན་ཁྱད་མེད་ཀྱིས། །
ཁྱེད་ཀྱི་མི་གཤིས་བཟང་བོའི་སྲ་བརྟན་གླེང་། །
དེ་རིང་ཤར་ནུབ་ཕྱོགས་བཞིའི་བོད་རིགས་ཚོས། །
ཁྱེད་ཀྱི་ཤེས་ཡོན་གླེང་བཞིན་རྗེས་དྲན་བྲིས། །
མ་འོངས་མི་ཡུལ་འདི་རུ་སྐྱེ་བར་ཤོག །
སྐྱེས་ནས་རང་རིགས་རང་ངོ་ཟིན་པར་ཤོག །
རྩོམ་འཕྲོ་ལུས་པའི་མགོ་མཇུག་མཐུད་པར་ཤོག །
གངས་ཅན་བོད་ལ་སྔར་བཞིན་ཕན་པར་ཤོག །
འདི་ནི་རང་གི་དྲ་གྲོགས་འདང་ཆེན་རྒན་མགོན་པོ་ཚེ་རིང་ངམ་པིར་མིང་དུ་མགོན་པོ་ཕྱག་གཉིས་འབོད་པ་མི་ཡུལ་དང་ཁ་གྱེས་པར་ཞེ་བསམ་པའི་གཏིང་ནས་རྗེས་དྲནདུ་བསྒྲིགས་པ་ལས་སྙན་ངག་ཟེར་བའི་རྒྱུ་རྩལ་གྱི་ལས་ལ་གཞོལ་ཏེ་མི་སེམས་བསྒུལ་པ་དང་སྐད་གྲགས་འཇོག་བསམ་པ་ནི་ཡེ་ནས་མ་མཆིས་སོ།། སྔོན་སྟོན་པས་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་བསྐོར་སའི་གནས་མཆོག་སཱ་ར་ཎ་ཐཱ་འབོད་པའི་ཡུལ་དེ་ནས་དགེ་སྦྱོང་དགེ་མཐོང་གིས།
གྲོགས་ཨ་རིག་དགེ་མཐོང་ལགས་ཀྱི་རྗེས་དྲན་ཕྱག་གཉིས་མ་བྲིས་པར་ཧ་ཅང་དགའ་ཡོད།ཡག་བྱུང་།སྐུ་ཚེ་བརྟན།
༼ཐོག་མའི་ལྟེ་ཁྲག་ས་ལ་ཐོར་ས་དེ༽འཕོས།༼སྒྱུ་རྩལ༽རྒྱུ་རྩལ། འདི་གཉིས་བཅོས་ཡིན་