པད་མ་འབུམ།
རྩོམ་རིག་གི་དུས་དེབ་ལྗང་གཞོན་ནི་ཨ་མྱེས་རྨ་ཆེན་ཚང་ལ་ཟླ་སྒྲིལ་མ་བྱས་སྔོན་ལ་ལས་ཀ་མང་ཆེ་བ་དཔལ་ལྡན་ལགས་ཀྱིས་སྒྲུབ་ཀྱི་ཡོད། ཨ་མྱེས་རྨ་ཆེན་ཚང་ལ་ཟླ་སྒྲིལ་བཏང་རྗེས་ངས་རྩོམ་སྒྲིག་པའི་མིང་ཁུར་ཡོད་པ་མ་གཏོགས་དོན་གྱིས་རྩོམ་སྒྲིག་པ་མགོན་པོ་ཁོ་རང་ཡིན། རྩོམ་པ་པོ་ལ་འབྲེལ་གཏུགས་དང་། རྩོམ་ཡིག་འདེམས་རྒྱུ། བདམས་པའི་རྩོམ་ཡིག་རྣམས་གློག་ཀླད་ལ་འཇུག་རྒྱུ་དང་ཞུས་དག་གཏོང་རྒྱུའི་ལས་ཀ་མང་ཆེ་བ་ཁོ་རང་གིས་བྱེད་ཀྱི་ཡོད། ངས་མཐའ་མར་པར་སྐྲུན་གྱི་ཆོག་མཆན་སྟེར་རྒྱུ་ཙམ་ཡིན། ང་ཨ་རི་ལ་ཡོང་རྗེས་ཁོའི་འགན་ཁུར་ཇེ་ཡང་དུ་མི་འགྲོ་བ་ནི་སྨོས་མ་དགོས་པ་རེད།
དེ་དུས་ལྗང་གཞོན་དང་དམངས་གཙོ་ཚགས་པར་གཉིས་ལས་དམངས་གཙོ་ཚགས་པར་ལ་ལས་ཚེགས་ཆེ་ཞིང་ལས་ཀའི་གནོན་ཤུགས་ཀྱང་ཧ་ཅང་ཆེན་པོ་ཡིན། དེ་འདྲ་ཡིན་ན་ཡང་མ་རྩོམ་མ་ཐོན་སྔོན་གྱི་རྩོམ་སྒྲིག་གི་ལས་རིམ་ན་ལྷ་བཟང་ཚེ་རིང་ལགས་དང་། འཇམ་དབྱངས་ནོར་བུ་ལགས། ང་ཚོ་གསུམ་གྱི་ཐོག་ལ་མཚམས་མཚམས་ལ་བཀྲ་ཤིས་ཚེ་རིང་བཅས་ཀྱིས་ནང་དོན་གཏན་འབེབས་དང་། གནས་ཚུལ་འཚོལ་སྒྲིག རྩོམ་གདན་འབྲི་བ་དང་ཡིག་སྒྱུར་བྱེད་པ་སོགས་བྱེད་ཀྱི་ཡོད་པས་ལས་རིམ་དེའི་གནོན་ཤུགས་མི་དུ་མའི་ཐོག་ལ་འབབ་ཀྱི་ཡོད། ཡིན་ན་ཡང་དེ་དག་ཚང་མ་བོད་ཡིག་གི་ལམ་ནས་གློག་ཀླད་དུ་འཇུག་པ་དང་ཞུས་དག་གཏོང་བའི་འགན་གཙོ་བོ་མགོན་པོ་ཚེ་རིང་གིས་ཁུར་ཡོད་སྟབས་ལས་ཀའི་མཐར་ཐུག་གནོན་ཤུགས་དེ་ཁོ་གཅིག་པོའི་ཐོག་ལ་འབབ་ཀྱི་ཡོད། ལས་ཀའི་གནོན་ཤུགས་ཇི་ལྟར་ཆེ་ན་ཡང་མགོན་པོ་ལགས་འཚུབ་ཆ་ལངས་རྒྱུ་དང་། ལས་ཚིག་ཟ་རྒྱུ། སླ་ཆོས་བྱེད་རྒྱུ་སོགས་ཁོའི་གཤིས་ཀའི་ནང་ན་མེད་སྟབས། ཁོ་རང་གི་སྒེར་གྱི་དུས་ཚོད་གང་མང་བློས་གཏོང་གི་ཡོད། དགོང་མོར་འཕྱི་བོར་འདུག་པ། གཟའ་སྤེན་པ་ཉི་མ་བློས་གཏོང་རྒྱུ་ནི་ང་ཚོ་དང་ལྷག་པར་དུ་མགོན་པོ་ལགས་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན། ལས་ཀ་གང་ཞིག་ཚར་བའི་རྗེས་ལ་བྱས་ཡུས་བརྗོད་རྒྱུ་དང་བྱས་ངོམ་བྱེད་རྒྱུ་ཡང་ཡོད་པ་མ་རེད།
ཚགས་པར་འདོན་ཐེངས་ཤིག་གི་མ་རྩོམ་ཐོན་རྗེས་ཕི་ཊིར་དང་མགོན་པོ་གཉིས་ནས་ཕན་ཚུན་ལ་འབྲེལ་གཏུགས་གང་མང་བྱེད་དགོས། ཁོ་གཉིས་ནས་ཐོག་མའི་དུས་སུ་གཅིག་གིས་བོད་སྐད་མི་ཤེས། གཅིག་གིས་དབྱིན་སྐད་ཡག་པོ་མི་ཤེས་པར་གོ་བརྡ་འཕྲོད་ཁག་པོ་ཡོད། རིམ་གྱིས་ཁོ་གཉིས་ནས་ཕན་ཚུན་གོ་བརྡ་འཕྲོད་ཐབས་རྙེད་འདུག་ལ། མགོན་པོའི་དབྱིན་ཇི་འབྲོག་གདངས་མ་དེ་ཕི་ཊིར་གྱིས་གོ་བ་ལེན་ཐུབ་ཀྱི་ཡོད། ཕི་ཊིར་གྱིས་ཤོག་ངོས་ཇུས་འགོད་ཀྱི་སྐབས་སུ་ཤོག་ངོས་སུ་མ་ཤོང་བ་དང་ཤོག་ངོས་ལྷག་པའི་སྐབས། ཡིག་དུམ་ཞིག་གནས་སྤོར་བ་སོགས་ཀྱི་སྐབས་སུ་མགོན་པོ་འཚོལ་དགོས་ཤིང་། སྐབས་ལ་ལར་ཁོས་མགོན་པོ་འཚོལ་སྐབས་མིང་གིས་མི་འབོད་པར། སྐེ་མདུན་ལ་སྲིང་ཞིང་། གྲུ་མོ་གཉིས་རྒྱབ་ལ་འབུར། མཛུབ་མོ་རྣམས་བྲང་ཁ་ལ་ཀྲབ་ཀྲབ་བྱེད་བཞིན་ཁང་མིག་རེ་རེར་སོང་ནས་མི་རྣམས་ཀྱི་གདོང་ལ་བལྟ། ནང་དོན་ནི་ཁྱེད་ཀྱིས་མགོན་པོ་མཐོང་སོང་ངམ་ཞེས་པའི་དོན་ཡིན།
མགོན་ཚེ་ཡི་སྤྱོད་ལམ་རྣམས་ལ་བཅོས་མ་མེད་སྟབས་མཚམས་མཚམས་ལ་སྤྱོད་ལམ་དེ་དག་དགོད་བྲོ་བོའི་གནས་སུ་ཡང་འགྱུར་གྱི་ཡོད། གཟའ་ཉི་མའི་ཉིན་ཞིག་ཡིན། ང་ཁོའི་སྡོད་ཤག་ཏུ་སོང་བ་ཡིན། ཁོ་སྡོད་ས་ནི་རྒྱ་གར་གྱི་ཁྱིམ་ཚང་ཞིག་གི་ཁང་མིག་ཅིག་ཡིན། ངས་སྒོ་བརྡུང་བ་ཡིན། ཨ་ལན་སྟེར་ཡང་སྒོ་ཕྱེ་མ་སོང་། ང་ནང་ལ་འཛུལ་བ་ཡིན། ནང་ན་མི་མི་འདུག ངས་ཁང་མིག་དེའི་ནང་ལ་ཡར་མར་བལྟས་པར་ཁོའི་བྱིན་པ་གཉིས་ཉལ་ཁྲིའི་འོག་ནས་མཐོང་སོང་། ང་ཅུང་ཙམ་སྐྲག་ནས་ཨ་རོ་མགོན་པོ་ཞེས་བོས་པ་ཡིན། ཁོས་ “ཁྱོད་སྡོད་དང་། མལ་ཁྲིའི་འོག་ཏུ་དུད་སྣེ་ཞིག་ཞིག་ཡོད་ངས་མཐོང་སོང་།”ཟེར་ནས་ཁོ་ཉལ་ཁྲིའི་འོག་ནས་གྲགས་ཡོང་གི་འདུག ཡིན་པ་ནི་ཁོ་ལ་ཐ་མ་ཚར་ནས་ཐ་སྐྱོ་ལངས་ནས་དུད་སྣེ་འཚོལ་གྱི་ཡོད་པ་རེད། ངས་མཐོང་སྣང་འདི་བཟུང་ནས་ངས་སྒྲུང་ཐུང་ཞིག་འབྲི་འགོ་བརྩམས་ཀྱང་སྒྲུང་མཇུག་མ་འཁྱོངས། སྒྲུང་གི་ནང་དུ་ཉལ་ཁྲིའི་འོག་ནས་མངོན་པའི་ཁོའི་བྱིན་པ་ཡ་གཅིག་གི་ཐོག་ན་རྨ་ཤུལ་ཞིག་ཡོད་ཅིང་། དེ་ནི་ཁོ་ཕ་ཡུལ་ན་ཡོད་དུས་དགོང་མོ་ཞིག་ལ་དགའ་རོགས་འཚོལ་དུ་སོང་ནས་ཁྱིས་རྨུག་པའི་གནས་ཚུལ་ཞིག་རྟོག་བཟོ་བྱས་ནས་དགའ་རོགས་དེ་དང་ཁོ་གཉིས་ཀྱི་བར་གྱི་འབྲེལ་བའི་བྱུང་རིམ་ཞིག་ཡིན། མགོན་པོས་དེ་ཀློག་ནས་ཁོ་ཁྱི་ཁ་འགོག་པ་ལ་བྱང་གོམས་མེད་དེ་དཀའ་ངལ་ཅུང་ཙམ་མང་པོ་འཕྲད་མྱོང་ཟེར།
འདིར་བཀོད་པའི་འདྲ་པར་ལས་མགོ་ལ་སྐེ་རགས་དམར་པོ་དཀྲིས་པ་མཐོང་ན་ཡང་དགོང་མོ་དེར་ང་ཚོའི་གྲོགས་པོ་སྐོར་ཞིག་ཕོ་བ་སྐྱོར་ནས་མགོན་པོ་ཡིས་གད་མོ་བསླངས་པ་ཞིག་ཡིད་པ་ཤར་ཡོང་འདུག དགོང་མོ་དེར་ཕྱི་རྒྱལ་བ་ཞིག་གིས་ང་ཚོ་རེ་རེ་ལ་ལག་རྟགས་རེ་བྱིན་ཅིང་མགོན་པོའི་མགོ་ན་ཡོད་པའི་སྐེ་རགས་དེ་ཁོ་ལ་བྱིན་པའི་ལག་རྟགས་རེད། ཁོང་ཆང་གིས་ཅུང་ཙམ་བཟི་ཡང་འདུག ཁོའི་འཁྲིས་ན་ཡོད་པའི་ཁོའི་དགའ་རོགས་པད་མ་ཁང་གསར་ལགས་དང་གྲོགས་པོ་གཞན་པ་རྣམས་ཀྱིས་ཁོ་ལ་གླུ་དབྱངས་ཤིག་ལེན་དགོས་ཟེར་ན་ཨུ་ཚུགས་བརྒྱབ་སོང་། ཁོས་ལེན་ན་འདོད་ཀྱང་ལེན་རྒྱུ་ཞིག་ངོ་མ་སེམས་ལ་མ་འཁོར་ནས་ “གཟའ་རོ། ད་ཅི་ཞིག་ལེན་དགོས་རེད། ག་རེ།”ཟེར་ནས་མིག་གཉིས་ཡང་ཡང་གནམ་ལ་འཁོར་གྱི་འདུག དེ་དུས་ངའི་སེམས་ལ་ཅིག་དྲན་སོང་། ང་སྔོན་མ་ཁོའི་ཕ་ཡུལ་འབྲོག་ཁུལ་དུ་བསྡད་མྱོང་བ་རེད། དེ་ན་དབྱར་མགོ་ལ་འབྲོག་པ་རྣམས་ཀྱིས་ཕྱིང་བ་འཇོག་ཅིང་། ཕྱིང་བ་སྒྲིལ་སྒྲིལ་བྱེད་སྐབས་སྒྲིལ་མཁན་རྣམས་ཀྱི་འཁྲིས་ལ་རྡེའུ་བཅུ་གྲངས་ཤིག་བཞག་ནས་སོག་སྐད་ཀྱིས་ “ཛོ་ནེ་ནི་གེ། ཛོ་ནེ་དོ་ལོང་། ཛོ་ནེ་ཧོ་ཡོ་”ཟེར་ནས་དབྱངས་ལ་འཐེན་ནས་ཕྱིང་བ་སྒྲིལ་བའི་གྲངས་ཀ་བགྲང་རྒྱུ་ཞིག་ཡོད། གྲངས་ཀ་གང་འཚམས་རེ་བགྲང་རྗེས་རྡེའུ་རེ་ལོགས་སུ་འདོན་པར་བྱེད། ངའི་སེམས་ལ་དེ་འཁོར་ནས་ཁ་ནས་རང་བཞིན་གྱིས་་ “ཛོ་ནེ་ནི་གེ”ཞེས་དབྱངས་ལྟ་བུ་ཞིག་ཤོར་སོང་། ཁོས་དེ་ཐོས་མ་ཐག་ “ཛོ་ནེ་དོ་ལོང་། ཛོ་ནེ་ཧོ་ཡོ་…”ཟེར་ནས་ངའི་ཁ་འཕྲོག་སོང་། དབྱངས་དེ་འཐེན་བཞིན་དུ་ཅོག་ཙེའི་ཐོག་ན་ཡོད་པའི་ཨ་ཅོར་ཞིག་ཕྱིང་བུ་ཞིག་ཡིན་པའི་ཚུལ་གྱིས་སྒྲིལ་སོང་། དེ་སྒྲིལ་གིན་སྒྲིལ་གིན་ཁོའི་སྐད་མགོ་ཇེ་མཐོར་སོང་ཞིང་། ཁོའི་བྲང་ཁ་ནས་སྐེ་རགས་ཀྱི་སྣེ་འཛར་ཕར་ཡོ་ཚུར་ཡོ་བྱེད། ཁོའི་གདོང་ན་འཛུམ་མདངས་མེད། མིག་གཉིས་ལག་འོག་གི་ “ཕྱིང་བུ་”ལ་ལ་གཏད། གྲོགས་པ་རྣམས་ཀྱིས་དེ་མཐོང་ནས་གད་མོ་ཤོར། ཁ་ཤས་ཀྱིས་མིག་ཆུ་འབྱིད་ཞོར་དུ་དགོད། ཁ་ཤས་ཀྱིས་ཕོ་བ་སྐྱོར་ནས་དགོད། ཁོས་ད་དུང་ “ཛོ་ནེ་དོ་ལོང་། ཛོ་ནེ་ཨི་སོང་།”ཟེར་ནས་དབྱངས་འཐེན་ནས་ “ཕྱིང་བུ་”སྒྲིལ་”བཞིན་ཡོད།
ཨ་ཁུ་པདྨ་འབུམ་ལགས་ཐུགས་རྗེ་ཆེ། ཁ་སང་ཁྱོད་ཚོས་ལོ་རྒྱུས་མི་འགོད་ཐེངས་གཉིས་པ་ཀློག་རྗེས་སུ་༼ལྗང་གཞོན༽་དུས་དེབ་ཀློག་འདོད་ཀྱི་འདུན་པས་དེབ་ཁ་ཤས་ཅིག་ཀློག་རྒྱུ་བྱུང་། ལོ་རབས་དགུ་བཅུ་བའི་ནང་དུ་ཁྱོད་ཚོ་སྒེར་ལ་དཀའ་ངལ་ཡོད་ཀྱང་དུས་དེབ་དག་གི་སྤུས་ཀ་དང་ནང་གི་རྩོམ་ཡིག་གི་སྤུས་ཀ་ནི་བློ་ཡིད་ལས་ཤོངས་དཀའ་བའི་ཞིབ་ཚགས་ཡོད་པ་མ་ཟད། ཡིག་ནོར་ཡང་མཐོང་རྒྱུ་མེད་པས་ན་སེམས་གཏིང་ནས་ཡོད་སྨོན་ཤོར་སོང་། རྒན་རབས་པ་དག་ལ་དུས་ནམ་ཡང་གུས་འདུད་དང་ཡི་རེངས་བྱེད་བཞིན་ཡོད། སླར་ཡང་ཨ་ཁུ་པདྨ་འབུམ་ལ་ཐུགས་རྗེ་ཆེ་ཞུ
ང་རྒྱ་གར་ནང་གསར་དུ་འབྱོར་སྐབས་ལྗང་གཞོན་གྱི་ངོ་གདོང་ལ་གཞན་གྱིས་ཁབ་གཙགས་དང་གྲི་གཙགས་བྱེད་བཞིན་པའི་སྒང་རེད། ང་ཚོའི་དགོན་པ་རྡ་ས་ནས་ཅུང་ཐག་རིང་བའི་ས་ཁུག་ཅིག་ཏུ་ཡོད་ན་ཡང་དུས་ཐོག་ཏུ་ལྗང་གཞོན་འབྱོར་བ་མ་ཟད་ཀློག་མཁན་ཡང་གང་འཚམས་ཡོད། སྐབས་དེར་ང་ལ་ལྗང་གཞོན་གྱི་བྲོ་བཅུད་དངོས་མྱོང་བའི་ཚོར་བ་མེད་ན་ཡང་། རྟོག་སྒྲུང་དང་སྙན་རྩོམ་སོགས་སྐད་ཤུགས་ཆེན་པོས་ཀློག་འདོན་བྱེད་པ་ལ་དགའ་སྣང་ཆེན་པོ་ཡོད། ཅུང་མ་འགོར་བར་ལྗང་གཞོན་གྱི་ཚེ་སྲོག་ལ་བར་ཆད་བྱུང་སྟེ་འཇིག་རྟེན་འདི་ནས་གཏན་དུ་ཡལ། འདིར་པདྨ་འབུམ་གྱིས་འདས་པོ་ཕྱག་གཉིས་པའི་ལོ་རྒྱུས་བཤད་སྐབས། ལྗང་གཞོན་གྱི་འདས་སོང་ལོ་རྒྱུས་ཞིག་ང་ལ་བག་ཆགས་དྲན་བསྐུལ་དུ་གྱུར་བས་ཞོར་འཕྲོས་སུ་གླེང་བའོ། པདྨ་འབུམ་ལགས། ཁྱོད་ཀྱིས་མི་བུ་རེ་ཟུང་གི་འདས་སོང་ལོ་རྒྱུས་གླེང་བཞིན་ཡོད་ན་ཡང་། དེས་ནི་བྱེས་འབྱོར་སྤྱི་ཚོགས་རྙིང་པའི་རྩོམ་རིག་ཤེས་ཡོན་དར་སྤེལ་གྱི་ངོ་གདོང་ལྷང་ལ་བསྟན་པ་ཡིན་པས་ཀློག་འདོད་ཆེན་པོ་བྱུང་། ད་དུང་མུ་མཐུད་ནས་འབྲི་རོགས།
ཐུགས་རྗེ་ཆེ། ང་རྒྱ་གར་དུ་བསླེབས་པའི་ལོ་དང་པོ་དེའི་ནང་ཕ་ཡུལ་གྱི་སྦྲང་ཆར་དུས་དེབ་ཀྱི་ཚབ་དེ་ལྗང་གཞོན་ཡིན། ལྗང་གཞོན་འདོན་ཐེངས་མ་ངེས་པ་ཞིག་གི་སྟེང་དུ་རིགས་ལྡན་རྒྱ་མཚོའི་སྒྲུང་ཐུང་་་་་་་་་་་ད་ཀླད་རྡིབ་བྱུང་ནས་མི་དྲན་གི ་་་་་་་་་་་་་འཁྱག་རོམ་ལ་འབྱར་བའི་ལྷ་སྒྲུང་དཀར་པོ་་་་་་་མ་རེད། གང་ལྟར་ཁྱད་དུ་འཕགས་པའི་སྒྲུང་ཐུང་ཞིག་ཡིན། དེ་སོགས་བཀླགས་ནས་ཕ་ཡུལ་དྲན་པའི་སྐྱོ་གདུང་སེལ་ཐབས་བྱས་པ་ཡིན། དམངས་གཙོ་ཡང་ངའི་སྐྱོ་རོགས་ཡག་པོ་ཞིག་ཡིན་མོད་དགྲ་བོའི་ལག་བར་ནས་གསོན་པོར་ས་འོག་ཏུ་སྦས་སོང་། གཞན་པའི་དུས་དེབ་ཅིག་ནི་གངས་རྒྱུན་ཞེས་པ་དེ་ཡིན། དེའི་སྟེང་དུ་ངས་རྒྱང་རིང་དུ་འཕུར་བའི་ཁུ་བྱུག་ཅེས་པའི་བརྩམས་སྒྲུང་ཞིག་སྤེལ་བ་ཡིན། ལྗང་གཞོན་སྟེང་དགེ་ཆོས་ཀྱི་སྐོར་གྱི་སྙན་རྩོམ་ཞིག་མ་གཏོགས་སྤེལ་རྒྱུ་བྱུང་མ་སོང་།
ངས་འདི་ནས་རེ་སྐུལ་ཞིག་ཞུ་ན་འདོད། མཁས་དབང་ཨ་ཁུ་པད་མ་འབུམ་ལགས་ནས་ཉིད་ཀྱི་མི་ཚེའི་བྱུང་བ་བརྗོད་པའི་དེབ་ཅིག་འབྲི་རོགས། ཁྱེད་རིག་གནས་གསར་བརྗེའི་སྐབས་སུ་འཚར་ལོངས་བྱུང་ཞིང་། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་བརྒྱུད་མཐར་ནུབ་བྱང་མི་རིགས་སློབ་ཆེན་སོགས་ཀྱི་དགེ་རྒན་གནང་ཞིང་མཁས་པ་གྲགས་ཅན་དོན་གྲུབ་རྒྱལ་སོགས་དང་ཡང་ཞལ་འདྲིས་ཆེ། རྗེས་སུ་བཙན་བྱོལ་ལ་འབྱོར་ནས་སྐྱབས་བཅོལ་བའི་འཚོ་བ་ངན་ངོན་ལ་རོལ། རྡ་ས་ནས་མི་རབས་གསར་བའི་སྙིང་ཁམས་ཀྱི་འཕར་ལྡིང་སོགས་བྲིས་ཏེ་སྤྱི་ཚོགས་ལ་དྲང་ལྡོག་གཉིས་ནས་བག་ཆགས་གཏིང་ཟབ་ཅིག་བཞག དེ་རྗེས་ཨ་རིར་ཕེབས་ནས་ཨིན་དྲི་ཡ་ནར་ཁྱུག་ཙམ་བཞུགས། མཐའ་མར་ལ་རྩེ་དཔེ་མཛོད་ཁང་གི་རིག་གཞུང་འགན་འཛིན་གནང་། ཐེངས་དུ་མར་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུར་ཞུགས། མི་རབས་གསར་བའི་སྙིང་ཁམས་ཀྱི་འཕར་ལྡིང་དང་དྲན་ཐོ་སྨིན་དྲུག་སྐེ་འཁྱོག དྲན་ཐོ་རྡོ་རིང་སོགས་ཁྱད་དུ་འཕགས་པའི་བརྩམས་ཆོས་པར་སྐྲུན་བྱས། དུང་དཀར་བློ་བཟང་འཕྲིན་ལས་སོགས་རང་རེའི་མཁས་པ་རྒན་རབས་སྐོར་ཞིག་གི་མི་ཚེའི་ལོ་རྒྱུས་ཀྱང་བྲིས་གནང་མཛད། ཕྱི་རྒྱལ་སྐུ་ཟླ་བོད་རིག་པ་མཁས་ཅན་ལོ་རན་ལགས་དང་གཉེན་སྒྲིག་གནང་ནས་རིགས་མྱུག་བུ་མོ་ཞིག་ཀྱང་སྐྱེས། བུ་མོ་དེ་ཁྲིད་གནང་ནས་ཕ་ཡུལ་རེབ་ཀོང་དུ་ཡང་ཕེབས། ངེད་ཅག་ལ་མཚོན་ན་ཁྱེད་ཀྱི་མི་ཚེའི་བྱུང་བ་བརྗོད་པའི་དེབ་ཅིག་འབྲི་གནང་རྒྱུ་དེ་དོན་དག་གལ་ཆེན་ཞིག་ཡིན་པས། ཁ་བརྡའི་གྲོགས་རྣམ་པས་ཀྱང་ཨ་ཁུ་པད་མ་འབུམ་ལགས་སུ་ཁོང་གི་སྐུ་ཚེའི་བྱུང་བ་བརྗོད་པའི་དེབ་ཅིག་འབྲི་བའི་སྐུལ་བ་མཉམ་དུ་གནང་རོགས།
ངས་ཀྱང་ཨ་ཁུ་པདྨ་འབུམ་ལ་དེ་བཞིན་བསྐུལ། ཁྱོད་ཀྱི་མི་རབས་གསར་བའི་སྙིང་ཁམས་ཀྱི་འཕར་ལྡིང་བཀླགས་མྱོང་། དུས་སྐབས་ཞིག་ཏུ་ཁྱོད་རྡ་སའི་འཇབ་བུ་སྤྱང་ཚོགས་སྐོར་ཞིག་གིས་གསོན་པོར་ཟ་གྲབ་དང་ལྐོག་ནས་གསོད་གྲབ་ཀྱང་བྱས་པ་ཐོས། དེ་ནི་དགུ་བཅུ་གོ་གྲངས་ནང་ངས་ཁྱོད་ཀྱི་མིང་ཙམ་གོ་བའི་བག་ཆགས་ཀྱི་རྟོག་པ་སད་སྐབས་རེད། སྐབས་ཞིག་པདྨ་འབུམ་ཞེས་རྒྱལ་སྤྱིའི་བོད་རིག་པའི་ཐོག་ཏུ་མཁས་པ་སྙན་གྲགས་ཅན་ཞིག་ཏུ་གྱུར་བ་ཐོས། སྔ་ལོར་ནེའུ་ཡོག་ནས་སྐུ་ཉིད་ལ་དངོས་སུ་ཐུག་སྐབས་ངའི་སེམས་ངོགས་སུ་བརྐོས་པའི་པདྨ་འབུམ་ཞེས་མཁས་པའི་མིང་གྲགས་ཅན་དེ་མཁས་པའི་ཆེ་ཚུགས་མི་འཛིན་ཞིང་མི་ཚུགས་དཀྱུས་མ་ཅན་ཞིག་ཡིན་པ་ར་འཕྲོད་བྱུང་། མདོར་ན་ཁྱོད་ནི་བོད་ཕྱི་གཉིས་ཀྱི་སྤྱི་ཚོགས་གསར་རྙིང་གཉིས་ཀྱི་ཤེས་ཡོན་པའི་གྲལ་སྣེར་ལངས་པའི་མཁས་པ་ཉམས་མྱོང་ཅན་ཞིག་གོ། །
རྡ་ས་ནས་ཨ་ཁུ་པདྨ་འབུམ་གྱི་གྱིམ་མ་ལ། མགོན་ཕྱག་འདས་བོར་ཅིག་གིས་མཚན་ཞིག་ལ་ཀླད་རྡོ་དཔར་བ་ཞིག་གོ་མྱོང་། མྱི་ངན་དེ་ཚོ་སུ་ཡིན་ན་ཨ། སྒྲུང་ཞིག་འབྲི་རྒྱུ་ན། སྐབས་དེའི་སྤྱི་ཚོགས་ཀྱི་གནོན་ཤུགས་དང་བསམ་བློའི་འཆར་ཚུལ་སོགས་འབྲི་རྒྱུ་མང་ཚོད་རེད།
རྒན་པད་མ་འབུམ་ལགས་ཀྱི་ལོ་རྒྱུས་དེབ་རྒན་ལོངས་བ་ཞིག་འབྲི་མ་ཐུབ་ཀྱང་དུས་ཚོད་ནམ་ཡོད་ལ་ཕྱིར་དྲན་ཐར་ཐོར་རེ་དྲ་ཐོག་ཏུ་སྤེལ་ན། རྗེས་སུ་ག་ལེར་ཚང་མ་ཕྱོགས་བསྡུས་བྱས་ནས་པར་དུ་བཏབས་ཆོག མ་གཞི་ནས་སྤྱི་ཚོགས་བརྒྱུད་ནས་མི་སྒེར་གྱི་གནས་བབ་ལ་བལྟ་བ་ལས་མི་སྒེར་གྱི་ལོ་རྒྱུས་བརྒྱུད་ནས་ཕར་སྤྱི་ཚོགས་ལ་བལྟས་ན་ཚེ་སྲོག་གིས་ཡོངས་སུ་ཕྱུགས་ཡོད།
རེད། དེ་ཡང་ཐབས་ཤིག་རེད། ཨ་ཁུ་པད་མ་འབུམ་ལགས་ནས་དུས་ཚོད་ནམ་ཡོད་ལ་ཉིད་ཀྱི་མི་ཚེའི་ལོ་རྒྱུས་ཕྱིར་དྲན་གྱིས་ལེ་ཚན་ཉུང་ཉུང་རེ་ཁ་བརྡ་དྲ་ཐོག་ཏུ་སྤེལ་རོགས་གནང་། དེ་ལྟར་བྱས་ན་རྗེས་སུ་ང་ཚོས་ཉིད་ཀྱི་ལོ་རྒྱུས་དེ་གློག་དེབ་བཟོས་ནས་དྲ་ངོས་གང་ས་ནས་ཀློག་ཐུབ།
ངས་ཀྱང་ཨ་ཁུ་ཀླུས་གསུངས་བར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་་།
ངས་ཀྱང་རང་གི་མི་ཚེའི་ལོ་རྒྱུས་ཀྱི་དེབ་དེ་གང་མགྱོགས་གློག་དེབ་བཟོས་ནས་དྲ་ངོས་སུ་འཇོག་རྩིས་ཡོད།
ང་རང་ལ་མཚོན་པདྨ་འབུམ་ཞེས་གོ་བ་ལས་དེ་རིང་ལྟ་བུ་དཔར་དངོས་མཐོང་མྱོང་མེད་། དེའི་ཕྱིར་ཁོའི་མི་ཚེའི་ལོ་རྒྱུས་ཤེས་ན་ཤིན་ཏུ་ནས་འདོད་།
དྲ་ངོས་འདིར་ཡོད་པའི་རྩོམ་པ་པོ་ཚང་མས་རང་རང་གི་ལོ་རྒྱུས་ཀྱི་དཔེ་དེབ་འབྲི་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། རྒྱུ་མཚན་ནི་ང་ཚོ་ཚང་མ་བོད་ཀྱི་ལོ་རྒྱུས་ཀྱི་འགག་རྩ་ཞིག་ནས་སྐྱེས་ཤིང་འཚར་ལོངས་བྱུང་། དར་མའི་དུས་སུ་རྒྱལ་ཁམས་འགྲིམ་མཁན་ཤ་སྟག་ཡིན་པས། མི་རབས་རྗེས་མ་ཚོས་ང་ཚོའི་ལོ་རྒྱུས་ཀློག་པའི་ལམ་ཁ་འདི་ཁོ་ན་བརྒྱུད་ནས་བོད་ཀྱི་དུས་རབས་ཤིག་གི་འགྱུར་འགྲོས་དེ་མཐོང་ཐུབ་ཀི་རེད། དེ་མ་གཏོགས་ང་ཚོ་ལ་དངོས་བྱུང་གློག་བརྙན་བཟོ་བའི་དཔལ་འབྱོར་ནི་མེད་པས། རང་རང་གི་ལོ་རྒྱུས་དེབ་འབྲི་བ་འདི་ནི་མཐར་གཏུགས་ན་བོད་ཀྱི་ལོ་རྒྱུས་དེབ་འབྲི་བ་རང་རེད། དཔེར་ན་རྒྱལ་དབང་བདུན་པའི་དུས་ཀྱི་བཀའ་བློན་རྡོ་རིང་བསྟན་འཛིན་དཔལ་འབྱོར་གཅིག་པོའི་མི་ཚེའི་ལོ་རྒྱུས་ལས་ང་ཚོས་སྐབས་དེའི་བོད་ཀྱི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཆེན་པོ་ཞིག་མཐོང་ཐུབ་པ་འདྲ་བོ་རེད།
ལོ་རྒྱུས་མེད་ན་ཡོད་མདོག་མ་སྟོན་ཨ། གླེང་རིན་ཡོད་ན་ཨ་ཁུ་ཤི་རྗེས་གླེང་། དེ་མིན་ཡག་པ་བྱས་ནས་སྤྱོད་པ་སྲུངས། ཧ་ཧ།
རྩོམ་འདིའི་ཆེས་ཐོག་མའི་ཡིག་ཕྲེང་གཉིས་པའི་ནང་གི་དཔལ་ལྡན་ཟེར་བ་དེ་དེང་སང་ཨེ་ཤར་ཡ་རང་དབང་རླུང་འཕྲིན་ཁང་གི་དཔལ་ལྡན་རྒྱལ་ལགས་ཡིན།
རེད་རེད་སྙན་ངག་པ་རྒན་ཀླུ་སྨྱོན་ལ་རྒྱབ་སྐྱོར་ཡོད། གང་ཡིན་ཟེར་ན་ཨ་ཁུ་པདྨ་འབུམ་ནི་ལོ་རབས་བརྒྱད་ཅུའི་ནང་མཁས་དབང་དོན་འགྲུབ་རྒྱལ་དང་ཆ་ཡོད་ཀྱི་སྣང་བའི་མི་སྣ་ཞིག་ཡིན་པ་མ་ཟད་། ཕལ་ཆེར་སྐབས་དུས་གཞོན་རབས་པའི་ཚོགས་ནས་ནུབ་བྱང་ཚང་གི་སྙན་པ་ཕྱོགས་བཅུར་གྲགས་ཏུ་འཇུག་པའི་མི་བུ་ཚོ་གྲལ་དུ་ཡོད་ཀྱི་རེད་འདོད་གི། ཨ་ཁུ་པདྨ་འབུམ་སྙིང་ཁོངས་རུས་པའི་གསེང་ནས་རེ་བ་ཅིག་ཡོད་པ་ནི་ཁྱོད་ཀྱི་ལོ་རྒྱུས་ཞིག་ཀྱང་ངེས་པར་དུ་ཁ་བརྡ་ཚང་ལ་མགྲོན་དུ་སླེབས་ན་ང་ཚོ་གཞོན་རབས་པ་ཚང་མས་མིག་དཔེ་བལྟ་འོས་པར་བསམ། ལྷག་པར་དུ་སློབ་སྦྱོང་གི་རྒྱུད་རིམ་དང་ལོ་རབས་སྐབས་སུ་ནུབ་བྱང་ཚང་གཙོ་བྱས་བོད་པའི་སྡེ་ཡིས་གནས་ཤེས་ཡོན་གི་གནས་སྟངས་སོགས། ཁྱོད་ཀྱི་དྲན་ཐོ་རྡོ་རེངས་དང་མི་རབས་གསར་བའི་སྙིང་ཁོངས་གི་འཕར་ལྡིང་སོགས་ལ་རོ་མྱོང་བྱས་ཡོད། ཡིན་ཁྱོད་ལོ་རྒྱུས་ཞིག་མི་འགོད་བྱེད་པར་རེ་བ་ཆེན་པོ་ཡོད
ཀླུ་སྨྱོན་གྱིས་རེ་སྐུལ་གནང་བ་ལྟར། མི་རབས་གསར་པའི་སྙིང་ཁམས་ཀྱི་འཕར་ལྡིང་མཚོན་པའི་མཁས་དབང་པདྨ་འབུམ་ལགས་ནས་ཉིད་ཀྱི་ལོ་རྒྱུས་ཤིག་ངེས་པར་འབྲི་རོགས། འདིས་རིག་གསར་གྱི་སྤྱི་ཚོགས་ཁྲོད་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ངོ་གདོང་གསལ་པོར་མཐོང་ཐུབ་ལ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་རྩོམ་རིག་དེ་བས་རིག་རྒྱུ་རེད། དེ་དོན་དགོངས་བཞེས་གནང་རོགས།
༼དྲ་ངོས་འདིར་ཡོད་པའི་རྩོམ་པ་པོ་ཚང་མས་རང་རང་གི་ལོ་རྒྱུས་ཀྱི་དཔེ་དེབ་འབྲི་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། རྒྱུ་མཚན་ནི་ང་ཚོ་ཚང་མ་བོད་ཀྱི་ལོ་རྒྱུས་ཀྱི་འགག་རྩ་ཞིག་ནས་སྐྱེས་ཤིང་འཚར་ལོངས་བྱུང་། དར་མའི་དུས་སུ་རྒྱལ་ཁམས་འགྲིམ་མཁན་ཤ་སྟག་ཡིན་པས། མི་རབས་རྗེས་མ་ཚོས་ང་ཚོའི་ལོ་རྒྱུས་ཀློག་པའི་ལམ་ཁ་འདི་ཁོ་ན་བརྒྱུད་ནས་བོད་ཀྱི་དུས་རབས་ཤིག་གི་འགྱུར་འགྲོས་དེ་མཐོང་ཐུབ་ཀི་རེད།༽
ཨ་ཁུའི་རྩ་བའི་དམ་བཅའ་ཤོར་ཉེན་འདུག་དྭ། དེ་ལྟར་བྲིས་ན་ཀྱག་ཀྱོག་གི་བརྒྱུད་ནས་བཙན་བྱོལ་དུ་ཡོང་དོན་གྱི་ཆབ་སྲིད། བོད་ལ་རང་དབང་གི་སློབ་སྦྱོང་བྱེད་ས་མེད་པའི་ཆབ་སྲིད། བོད་ལ་ཆོས་དད་རང་དབང་གིས་སྤྱོད་ཆོག་མེད་པའི་ཆབ་སྲིད། དེ་ནས་རྒྱ་གར་དུ་བལ་ཡུལ་དུ་གྱི་གནས་ལེན་ཁང་དུ་ཆབ་སྲིད་ཀྱི་སྐྱབས་བཅོལ་དུ་ཡོང་དགོས་ཀྱི་ཆབ་སྲིད། དེ་ནས་ཨ་རི་དང་ནུབ་ཕྱོགས་སུ་གཏན་འདུག་བྱེད་པར་མཁོ་བའི་ཤོག་བུ་ཆབ་སྲིད། དེ་ལས་ལྷག་པའི་ཆབ་སྲིད་ཀྱི་ལོ་རྒྱུས་ཞིག་ཟུར་ས་མེད་པས། དེ་ནི་ཆབ་སྲིད་ཀྱི་གནད་དོན་གལ་ཆེ་ཤོས་ཤིག་མ་ཡིན་ནམ། རྩ་བའི་དམ་བཅའ་ཤོར་མི་ཉེན་ཡ། ཁམས་པ་ཨ་མདོའི་མི་རྣམས་མནའ་དམ་ལ་བརྩི་མཁན་ཞིག་ཡིན་པར་ཤོད་ཀྱིན་ཡོད། ཨ་ལགས་ཀུ་རེ་ཁ་ཡི་རྒྱན་ཆ་ཡིན། མེ་ཏོག་སྤང་གི་རྒྱུན་ཆ་ཡིན་དྭ།
ངོ་མ་ཀློག་རིན་འདུག མི་ཟེར་བ་དེ་གཞན་རྒྱུས་ལེན་པར་ལྷག་ཏུ་སྤྲོ་བའི་གཤིས་རྒྱུད་ཅིག་ཡོད་ལ། དགོས་མཁོ་དེ་སྐོང་ཐབས་སུ་རྟོག་སྒྲུང་སོགས་ཀྱང་དར་བ་རེད། གང་ལྟར་མགོན་ཚེ་ན་གསར་རྒོད་གླགས་ཕྲུག་འདྲ་ཞིག་འདུག སྐབས་འདི་བརྒྱུད་ནས་གདུང་སེམས་དང་ལྷན་དུ་ཁོང་གི་ནང་མི་ལ་སེམས་གསོ་ཞུ། ལྗང་གཞོན་དང་དམངས་གཙོའི་ཀློག་མཁན་ཞིག་གི་ཆ་ནས་ཁོང་གི་མི་ཚེ་ནི་གསེར་མདོག་གིས་འབར་བའི་འོད་སྣང་ཞིག་ཏུའང་སྤོབས་པས་བརྗོད་འདོད་སོང་། པདྨ་འབུམ་གྱི་རྩོམ་འདི་མིན་ན་མགོན་ཚེ་ཟེར་བ་སུ་ཞིག་ཡིན་པ་གང་ནས་ཤེས། ཐུགས་རྗེ་ཆེ།
ང་རང་གི་ ལོ་རྒྱུས་ནི་ གསང་བ་ ཡིན་མདོག་མདོག་ བྱེད་བགྱིན་ སྡོད་བགྱིན་ ཡོད། ད་དུང་ཡང་ གསང་བ་ གང་ཐུབ་ཐུབ་ བྱེད་བགྱིད་ ཡོད། ནམ་ཞིག་ དུས་ཚོད་ རན་པ་ཅིག ཤར་དུས་ འབྲི་བགྱི་ ཡིན། ཧཧཧ།
༼དྲ་ངོས་འདིར་ཡོད་པའི་རྩོམ་པ་པོ་ཚང་མས་རང་རང་གི་ལོ་རྒྱུས་ཀྱི་དཔེ་དེབ་འབྲི་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། རྒྱུ་མཚན་ནི་ང་ཚོ་ཚང་མ་བོད་ཀྱི་ལོ་རྒྱུས་ཀྱི་འགག་རྩ་ཞིག་ནས་སྐྱེས་ཤིང་འཚར་ལོངས་བྱུང་། དར་མའི་དུས་སུ་རྒྱལ་ཁམས་འགྲིམ་མཁན་ཤ་སྟག་ཡིན་པས། མི་རབས་རྗེས་མ་ཚོས་ང་ཚོའི་ལོ་རྒྱུས་ཀློག་པའི་ལམ་ཁ་འདི་ཁོ་ན་བརྒྱུད་ནས་བོད་ཀྱི་དུས་རབས་ཤིག་གི་འགྱུར་འགྲོས་དེ་མཐོང་ཐུབ་ཀི་རེད།༽
ཨ་ཁུའི་རྩ་བའི་དམ་བཅའ་ཤོར་ཉེན་འདུག་དྭ། དེ་ལྟར་བྲིས་ན་ཀྱག་ཀྱོག་གི་བརྒྱུད་ནས་བཙན་བྱོལ་དུ་ཡོང་དོན་གྱི་ཆབ་སྲིད། བོད་ལ་རང་དབང་གི་སློབ་སྦྱོང་བྱེད་ས་མེད་པའི་ཆབ་སྲིད། བོད་ལ་ཆོས་དད་རང་དབང་གིས་སྤྱོད་ཆོག་མེད་པའི་ཆབ་སྲིད། དེ་ནས་རྒྱ་གར་དུ་བལ་ཡུལ་དུ་གྱི་གནས་ལེན་ཁང་དུ་ཆབ་སྲིད་ཀྱི་སྐྱབས་བཅོལ་དུ་ཡོང་དགོས་ཀྱི་ཆབ་སྲིད། དེ་ནས་ཨ་རི་དང་ནུབ་ཕྱོགས་སུ་གཏན་འདུག་བྱེད་པར་མཁོ་བའི་ཤོག་བུ་ཆབ་སྲིད། དེ་ལས་ལྷག་པའི་ཆབ་སྲིད་ཀྱི་ལོ་རྒྱུས་ཞིག་ཟུར་ས་མེད་པས། དེ་ནི་ཆབ་སྲིད་ཀྱི་གནད་དོན་གལ་ཆེ་ཤོས་ཤིག་མ་ཡིན་ནམ། རྩ་བའི་དམ་བཅའ་ཤོར་མི་ཉེན་ཡ། ཁམས་པ་ཨ་མདོའི་མི་རྣམས་མནའ་དམ་ལ་བརྩི་མཁན་ཞིག་ཡིན་པར་ཤོད་ཀྱིན་ཡོད། ཨ་ལགས་ཀུ་རེ་ཁ་ཡི་རྒྱན་ཆ་ཡིན། མེ་ཏོག་སྤང་གི་རྒྱུན་ཆ་ཡིན་དྭ།
ཁ་བརྡའི་དྲ་རྩོམ་དང་དྲ་མཆན་པ་རྣམས་ཀྱིས་རང་རང་གི་མི་ཚེའི་ལོ་རྒྱུས་འབྲི་བར་བྱེད་པ་ལ་དང་པོ། རང་རང་གི་དངོས་མིང་རྣམས་འབྲི་དགོས། སྨྱག་མིང་གི་འོག་ནས་རང་གི་ལོ་རྒྱུས་དཀའ་སེ་ཡིན་དྲོ། ངས་ནས་ང་རང་གི་ལོ་རྒྱུས་འབྲི་ཐུབ་ས་མ་རེད། དངོས་མིང་ཙམ་གཅིག་ཀྱང་ཤོད་ཐུབ་ཀྱི་མི་འདུག དེས་ན་རང་གི་ལོ་རྒྱུས་གང་ནས་ཡོང།
ཨ་མདོའི་ཡུལ་དུ་ལྟེ་ཁྲག་དོར་བ་དང་།།
བལ་ཡུལ་བརྒྱུད་ནས་རྡ་སའི་རི་འགོར་སླེབས།།
འབྲས་སྤུངས་དགོན་དུ་གྲྭ་སའི་དྲི་མ་སྣོམ།།
སྨྱུ་གུ་འགུལ་ཏེ་རང་གི་ངོ་སྤྲོད་བྱས།།
འབུམ་ཚོ་ལྔ་ཡིས་བལ་ཡུལ་ལག་འཁྱེར་ཉོས།།
ནེའུ་ཡོག་ཏུ་ངུ་བཞིན་སྐྱབས་བཅོལ་ཞུས།།
རྡོག་རྡོག་བཤད་ན་ཆབ་སྲིད་ལོ་རྒྱུས་རེད།།
ཆབ་སྲིད་སྤངས་བའི་སྤྲུལ་སྐུ་ཡེ་ཤེས་ཀྱིས།།
རང་གི་ལོ་རྒྱུས་འབྲི་བར་ག་ལ་རུང་།།
aku badma bum la, very good.
འདས་པོ་མགོན་ཚེའི་དོན་དུ་ཨོྃ་མ་ཎི་པདྨེ་ཧཱུྃ།
སྟོན་གྱི་ལོ་མ་དགུན་གྱི་ཙག་གིས་འཇིག།།
དབྱར་གྱི་འབྲས་བུ་དཔྱིད་ཀྱི་རླུང་བུས་འཁྱེར།།
དགུན་གྱི་ཁ་བ་དབྱར་གྱི་ཚ་བས་བཞུས།།
དཔྱིད་ཀྱི་ལྗང་ལོ་སྟོན་གྱི་འབྲས་བུས་བསྒུལ།།
འདི་ལྟར་བསམ་གཞིག་ཐེངས་མང་བྱས་ཤིང་ཡིད་སྐྱིད་པའི་སྣང་བ་དྲོན་མོ་དེ་བྲང་གཞུང་ནས་ནམ་ཡང་མ་འགགས། འོན་ཀྱང། དོན་ཆེན་ལ་མི་སྨྲ་བའི་བརྟུལ་ཞུགས་ལོ་ནས་ལོ་དང་དུས་ནས་དུས་སུ་བསྐྱངས་པའི་མཐར། མི་རང་ག་བ་ཞིག་གི་འདས་དོན་ལ་སྨྲ་བ་གཟེངས་སུ་བསྟད་པའི་དོན་ལ་བསམས་ཚེ། འཇིག་རྟེན་འདི་ངོ་མས་འཇིག་རྟེན་པའི་འཚོ་གནས་འབའ་ཞིག་ལས་ཅང་མིན་པའི་ཚོར་སྣང་བར་མེད་དུ་སྟེར། ཧོར་གཙང་བ་ལྟ་བུ་རེ་ཡོད་ན་ཅི་མ་རུང་ཨང་སྙམ་པ་སླར་ཡང་སྐྱེས་ཤིང། འཇིགས་པ་མེད་པ་འདི་ལས་མང་ཙམ་བྱུང་ན་སྐྱིད་པ་ལ་ཨང་སྙམ་པའི་ཚོར་སྣང་དེ་བསྐྱར་དུ་སྐྱེས། མི་དེ་ནི་འདས་ཟིན་ལ། འདའ་བ་ནི་ཆོས་ཉིད་ཙམ་ལས་སུས་ཀྱང་བསམ་བརྣག་བྱས་པ་མིན། ང་དང་ཁྱོད་ཀྱང་འདའ་བར་ངེས་ལ། འདས་དོན་ལ་སུས་ཀྱང་སེམས་འཁུར་དགོས་དོན་མེད། ད་ལྟ་སྟེ་བོད་མི་ས་ཡ་དྲུག་གི་བདེ་དོན་ལ་ཐུག་པའི་རྩོད་གཞི་འདིར་སྨྱུག་འཛིན་པར་འདོད་པ་འདི་རྣམས་ཀྱིས་ཅང་མི་བརྗོད་པ་འདི་ངོ་མས་ཅིག་རེད་བསམས། རང་དོན་ཁོ་ནའི་སླད་དུ་ཕྱིར་བསྐྱོད་ཅིང་རང་གི་ལྟ་བ་ཁོ་ནའི་དོན་དུ་སྣ་ཚོགས་བྱ་ནུས་པ་འདི་དག་གིས་བོད་འདི་ལ་ཅི་ཞིག་བྱ་ནུས་སམ། ལྟ་བ་ལོག་དང་མ་ལོག་ནི་སྒེར་དོན་ཡིན་ལ། སྤྱི་དོན་སྒྲུབ་དང་མི་སྒྲུབ་པའང་སྒེར་དོན་ཡིན། ཡིན་ཡང་། གང་དང་སུ་ལ་བརྟེན་ནས་རང་ཉིད་ཀྱི་མི་ཚེ་འགྲིག་ཙམ་བྱུང་བ་དེ་ལ་གུས་ཚུལ་དང་ཡི་རངས་ཀྱིས་ཚིག་གཅིག་ཙམ་ཡིན་ཡང་ཤོད་མི་ཐུབ་པའམ་མི་འདོད་པ་འདི་ནི་གནད་འགག་ཡིན། ང་འདི་དག་ལ་གཏན་ནས་མི་དགའ། དགོངས་འགལ་མེད་པར་མཁྱེན།
ལོ་རྒྱུས་འབྲི་ན་དངོས་ཐོག་བདེན་མཚོལ་དགོས།།
དབྱིན་མོར་འཛག་ན་མགྱེ་མགོ་ཐོ་བ་དགོས།།
དེ་མིན་རྫུན་གཏམ་གནམ་སར་མི་ཤོང་བ།།
བཤད་ནས་ཕན་པ་ཨེ་འདུག་ལྟོས་ཤིག་བུ།།
ཀླུ་སྨྱོན་ལགས་དང་གྲྭ་གཟུགས་དྲྭ་གྲོགས་ཚོ།།
ཁ་ཁོག་མི་མཐུན་ཆོས་པའི་འབག་གོན་པའི།།
འདུ་ཤེས་གསུམ་ལྡན་ཕག་པའི་སྤྱོད་ལམ་དེ།།
དམར་རྗེན་བཏོན་ན་ད་བཟོད་ལོ་རྒྱུས་བྲིས།།
ཀླུ་སྨྱོན་ཞེས་པའི་མཚན་འདི་གནའ་ནས་བཏགས། དངོས་སུ་སྨྱོས་པའི་གཏམ་རྒྱུད་དེང་སང་གསལ།
ཆོས་སྲིད་འདྲེས་མའི་ཚང་ནས་འཁྲུངས་པའི་སྟག ཀླུ་སྨྱོན་འདྲ་བའི་སྤྲུལ་སྐུ་ཡོད་དམ་ཅི།
ཆོས་དང་ལོ་རྒྱུས་སྨྲ་ལ་དྲང་ཚུགས་ལྡན། །རྩོམ་རིག་སྨྱུག་རྩེར་འགོད་ལ་ཐོགས་པ་མེད། །རྣལ་འབྱོར་སྤྱོད་པས་སེམས་རྒྱུད་ཞི་ཞིང་དུལ། །ཀླུ་སྨྱོན་ལྟ་བུའི་མཁས་པ་ཡོད་དམ་ཅི། །
“འབུམ་ཚོ་ལྔ་ཡིས་བལ་ཡུལ་ལག་འཁྱེར་ཉོས།།
ནེའུ་ཡོག་ཏུ་ངུ་བཞིན་སྐྱབས་བཅོལ་ཞུས།།”
འདི་སུ་ལ་ཟེར་གི་ཡོད་པ་རེད། ང་ལ་ཟེར་བ་ཡིན་ན་སྐྱག་རྫུན་ནག་པོ་རེད། ངས་ནམ་ཡང་ཕྱི་སྐྱོད་ལག་ཁྱེར་ཉོ་མ་མྱོང་། ཨ་རིའི་གཞུང་ལ་སྐྱབས་བཅོལ་ཞུས་མེད།
ཨ་ཁུ་པདྨ་འབུམ་ལགགས། ཁྱོད་རང་གི་གྲོགས་པོ་ཚང་མའི་པར་དང་ལོ་རྒྱུས་ཀྱི་དཔེ་དེབ་འབྲི་རྒྱུ་དེ་གལ་ཆེན་པོ་རེད། ཀློག་འདོད་དང་ཉན་འདོད་ཆེན་པོ་ཡོད།
རྒན་རབས་རྣམས་པ་སེམས་སྟེང་ནས་གུས་ཞུབ་ཡོད། ལྷག་པར་དུ་འདས་པོ་དམ་པ་མགོན་པོ་ཚེ་རིང་མཆོག་ལ་སེམས་སྟེང་ནས་མྱ་ངན་ཞུ་བཞིན་ཡོད། ཨ་ཁུ་པདྨ་འབུམ་ལགས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་དང་ཆབ་ཅིག་འདས་པོ་མགོན་པོ་ཚེ་རིང་མཆོག་གི་ལོ་རྒྱུས་འམ་ཁོང་གི་བསྐོར་ལ་མི་མཐུད་ནས་འབྲི་རོགས་གནས་ཞུ་རྒྱུ་ཡིན། བཀའ་དྲིན་ཆེ།
ཀླུ་སྨྱོན་ལགས།
དགོངས་པ་དག་རོགས། བསམ་བློ་མ་བཏང་བར་བྲིས་ཐལ་སོང་། ཐུགས་མི་ཁྲོ་བར་གསོལ་བ་འདེབས།
དུས་རབས་ཉི་ཤུའི་སྨད་དེར་བོད་ནས་ཡུལ་བྱོལ་དུ་ཡོང་བའི་རིག་གནས་པ་སྐོར་ཞིག་རྡ་རམ་ས་ལར་བསྡད། ཆོས་ལུགས་རྩ་མེད་གཏོང་དགོས་པའི་རྩོམ་ཡིག་མང་པོ་སྤེལ་བའི་རྐྱེན་གྱིས་བོད་པའི་སྤྱི་ཚོགས་ནང་ནས་ཕོ་རོག་དཀར་པོར་གྱུར་ཏེ་ཕྱི་རྒྱལ་དུ་བྲོས་པ་རེད་ཅེས་གོ་མྱོང་ཡོད། འདི་བདེན་པ་ཨེ་རེད།
རྩོམ་ན་ཆོས་སྲིད་གཉིས་ཀར་ཐོགས་པ་མེད།།
འཛག་ན་ཕོ་མོ་གཉིས་ཀར་ཐོགས་པ་མེད།།
ཉལ་ན་ཉིན་མཚན་གཉིས་ཀར་ཐོགས་པ་མེད།།
ཐོགས་མེད་གསུམ་ལྡན་ས་སྟེང་འདི་རུ་དཀོན།།
སྙན་རྩོམ་པ་པད་མ་འབུམ་ནས་དུས་ཚོད་མང་བོ་ཞིག་སྤྱད་དེ་ཉིད་ཀྱི་གྲོགས་པོའི་བྱུང་བ་བརྗོད་པར་ཐུགས་རྗེ་ཆེ་ཞུ་བ་ལགས། སླད་མར་ཡང་ང་ཚོའི་དྲ་གྲོགས་ཆོའི་མིག་ལམ་དུ་འདི་འདྲ་སྟར་རྒྱུ་རེ་བ་ལགས་སོ།།
རག་ཀློག་ཙམ་བྱས་ཡོད། ཡག་སྣང་དཔེ་ཤར་སོང་། རྗེས་སུ་ཞིབ་པར་བཀླག་ངེས་ཡིན། བཀྲིན་ཆེ།
མི་ལོ་ཉི་ཤུའི་སྔོན་ལ་རྡ་ས་རུ།
སྐྱ་ཟད་སྔོ་སྡུག་འཚོ་བར་གདོང་གཏད་པའི།
ཕྱི་དུལ་ཞེ་བློར་སིམ་པའི་ཨམ་ཕྲུག་འགས།
མུན་པའི་རི་ལུང་སྤོབས་པས་གཤགས་ལ་ལྟོས།
རྒན་པདྨ་འབུམ་ལགས་ཀྱིས་ཡག་པོ་བྲིས་གནང་མཛད་འདུག མི་མཐུད་དེ་འབྲི་རོགས། ད་དུང་ཀླུ་སྨྱོན་ལགས་ཀྱིས་གསུང་བ་གནང་བཞིན་རེད། རང་ཉིད་ཀྱི་མི་ཚེའི་བྱུང་བ་བརྗོད་པ་ཞིག་འབྲི་ཐུབ་ན་ངོ་མ་ཡག་གི
བད་ཀན་རྨུག་པོའི་ནད་དེས་ཁྱེད་རང་བཙལ།
བོད་ཞེན་དཀར་པོའི་སེམས་ནད་ཁྱེད་ཀྱིས་བཙལ།
ལུས་ནད་སེམས་ནད་ལྡང་བའི་སོ་ཁ་ནས།
སྲོག་འཛིན་ལོ་མ་སེར་པོ་རྒྱང་ལ་བཞིད།
རེད། དེ་རིང་། ཁ་བརྡ་ཚང་ལ་བོད་ཡིག་ལྟ་ཀློག་བྱེད་དུ་འགྲོ་འདོད་སྐྱེས་སོང་། རེ་བ་ཞིག་ལ་སྦྱོར་ཀློག་བདེ་བའི་རྩོམ་ཐུང་རེ་ཡོད་ན་བསམ་སོང་། དེ་དང་མཉམ་དུ། རང་དགའ་སའི་མཆན་པ་རྩོམ་པ་གཉིས་འཇོན་དེ་ཚོའི་ནང་གི་མགོན་ཕྱག་ལ་ཅིག་ཐུག་ན་བསམ་སོང་། ཁ་བརྡ་ཁ་ཕྱེ་བ་དང་། མགོན་ཕྱག་མ་བཞུགས་པའི་སྐྱོ་སེམས་དེ་ཡི་དྲན་པ་ཡང་གསོས་བྱས་སོང་། སྐྱེ་བ་དང་འཆི་བའི་བར་ནས་བསམ་བློ་གང་སར་འཁྱམ་སོང་། ཁ་བརྡ་བྱེད་སའི་ཁ་རྒོད་འདྲ་རིག་རྒྱུ་མེད་པས་ཕྱིར་རང་གི་ཁང་ཁྱིམ་དུ་ལོག་པ་ཡིན། ལམ་བར་ནས་ཁ་བརྡ་ཚང་ལ་བསྐྱལ་བའི་དུས་ཚོད་དང་འགྲོ་སོང་གིས་ང་རང་མྱི་མིན་རོ་མིན་ལ་བསྐྱལ་བཞིན་པའི་སྣང་བ་སྟེར། ཁ་ཕྱིར་འཁོར་ནས་ཡང་ཁ་བརྡ་ཚང་ལ་འཛུལ། ཐབ་ན་མྱེ་ཞིག་དང་ནང་ན་མྱི་ཞིག་མེད་པའི་འཚོར་བ་ཤར། དེ་རིང་གི་ཁ་བརྡ་འདི་་་་་་་།
པདྨ་འབུམ་ལགས་ལ་ཐུགས་རྗེ་ཆེ་ཞུ། མུ་འགོད་གནང་རོགས།
ཐོག་མར་ཨ་ཁུ་པདྨ་འབུམ་གྱི་སྐུ་ལུས་བདེ་ཐང་ལ་མཚམས་འདྲི་ཞིག་བྱས་པ་ཡིན། ཁྱོད་ཀྱིས་ཤེས་ལྡན་པ་མགོན་ཚེ་ལགས་ཀྱི་ལོ་རྒྱུས་དང་མཉམ་དུ་སྐབས་དེའི་རྡ་སའི་སྤྱི་ཚོགས་ཀྱི་སྣང་བརྙན་གསོན་པོ་ཞིག་ཕྱི་རབས་པ་རྣམས་ལ་བསྟན་པ་བཀའ་དྲིན་ཆེ། ངའི་རྒན་དམ་པ་མགུ་རུ་སྐྱིད་ཀྱིས་ཁྱེད་དང་འབྲེལ་བའི་ཁ་བརྡ་བྱས་མྱོང་། དེ་དུས་ཁྱོད་ཀྱི་ལས་ཀ་དང་ཁྱིམ་ཚང་སོགས་ཙག་ཙིག་ཞིག་ངོ་ཤེས་པ་ཡིན། ༢༠༠༦ལོར་ང་རང་ཁྱོད་ཀྱི་ཕུ་བོ་དང་འཕྲད་བྱུང་ལ་དེ་དུས་ཡང་ཁྱོད་ཀྱི་གནས་ཚུལ་ཕྲན་བུ་ཞིག་གོ་བ་ཡིན། ཁྱེད་ཀྱི་ཆུང་མ་བོད་ཡུལ་དུ་སླེབས་དུས་འཚོ་བའི་ཐད་ནས་དགོད་ཁ་མང་པོ་ཞིག་བསླང་བ་ཡང་ཐོས་མྱོང་། གང་ལྟར་ཀྱང་བོད་ཀྱི་ལོ་རྒྱུས་ཀྱི་དཀྱོག་མཚམས་འདི་རུ་ཁྱོད་དང་ཁྱོད་འདྲ་བའི་བཙན་བྱོལ་བ་ཉམས་མྱོང་ཅན་དག་གིས་ཕྱི་རབས་པ་རྣམས་ལ་མིག་དཔེ་བཟང་བོ་ཞིག་འཇོག་པའི་རེ་བ་ཡོད།
དབུས་གཙང་ཁྲ་ཁྲའི་ལག་ཏུ་ལྷུང་མྱོང་མེད་ཅིང་། །
ཁམས་པ་གློའུ་རྒན་གྲི་ཁར་འཐབ་མྱོང་མེད་ལ། །
ཨ་མདོ་མགོ་བདེའི་གཤིས་དེ་འཁུར་མྱོང་མེད་པའི། །
མི་བུ་རླབས་ཆེན་འདི་ཚོའི་ལོ་རྒྱུས་སྟག་ཡིན། །
(སྲོག་འཛིན་ལོ་མ་སེར་པོ་རྒྱང་ལ་བཞིད།) འདི་ལ་བཞུད་ཕྲིས། ཀླུ་མཁར་བྱམས་ཟེར་བ་འདིར་ཁ་རྒྱག་མ་གཏོགས་ཅང་མེད་ས་རེད། དག་ཆ་འདི་ཙམ་ལའང་འཁྲུལ་ན་དངོས་གནས་སྙིང་རྗེ།
ལར་ཞེན་སྒེར་ཚུགས་ཀྱི་བསམ་བློ་བ་དང་རྩོམ་པ་པོ་འདས་པོ་ཁོང་གི་ལོ་རྒྱུས་ཧ་ཅང་སྙན་པོ་འདུག །མུ་མཐུད་དུ་འགོད་རོགས་གནང་།
ཨ་ཁུ་པདྨ་འབུམ་ལ་མཚམས་འདྲི་ཡོད་་་་ངོ་མ་དེ་འདྲ་ཟིག་འབྲི་ཐུབ་ན་སྐྱིད་ཀི་་་་ང་ཁྱེད་ཀྱི་རྩོམ་ཡིག་གློག་རྒྱུར་དགའ་་་་་བཀའ་དྲིན་ཆེ་་་བྲོ་བ་ཡོད་ཀི་་་སྙིང་པོ་ལྡན་གི་་་་
པདྨ་འབུམ་ལགས། ཁྱོད་ཀྱི་ཕྱིར་དྲན་འདིས་ང་ལ་ཡང་ཕྱིར་དྲན་ཞིག་གི་གནས་སུ་བསྐྱལ་སོང་། གལ་སྲིད་མཆན་འགོད་པའི་ལུགས་སྲོལ་ལྟར་དགེ་སྐྱོན་གང་རུང་ཞིག་བརྗོད་དགོས་ན། དྲན་སྣང་ཐར་ཐོར་གྱི་ནང་གི་མགོན་ཚེ་ཟེར་ལས། དྲན་སྣང་ཐར་ཐོའི་ནང་གོ་མགོན་ཚེ་ཟེར་ན་མི་བདེའམ།།
གོང་དུ་ཀླུ་སྨྱོན་ལགས་ཀྱིས་རེ་སྐུལ་ཞུས་པ་བཞིན། ཨ་ཁུ་པདྨ་འབུམ་ལགས་ཀྱིས་རང་གི་མི་ཚེའི་བྱུང་བ་ཞིག་ཇི་བཞིན་དུ་༼སྨིན་དྲུག་སྐེ་འཁྱོག༽ནང་བཞིན་འབྲི་རྒྱུའི་རེ་བ་ཡོད། གུས་པ་མི་སྒེར་གྱི་ལོ་རྒྱུས་རྩོམ་སྒྲིག་པ་ཞིག་ཡིན་པའི་ཆ་ནས་སྐུ་ཉིད་དང་སྐུ་ཉིད་ལྟ་བུའི་སྐྱེས་ཆེན་ཁག་གི་ལོ་རྒྱུས་རང་རྣམ་གྱི་ཟོལ་དུ་འབྲི་ཐུབ་ན་ཡག་པ་ལས་རྗེས་ནས་གཞན་ཞིག་གིས་བྲིས་ཚེ་ཡོང་དཀའ་བའི་ཚོར་བ་ཞིག་འདུག
དེ་མིན་སྐུ་ཉིད་ཀྱིས་འབྲི་གིན་པའི་འདས་པོ་དམ་པ་ཁོང་གི་སྐོར་ནས་འབྲི་སྟངས་དང་སྨིན་དྲུག་སྐེ་འཁྱོག་སོགས་ཀྱི་འབྲི་སྟངས་ནི་ཧ་ཅང་ལེགས། ཐུགས་རྗེ་ཆེ།
ཨ་ཁུ་པདྨ་འབུམ་ཞེས་པའི་མིང་དེ་ཕྲན་གྱི་བློ་ངོར་བདེ་བོ་རང་མི་འདུག་སྙམ། དེ་ལས་མཁས་དབང་ངམ་སྐུ་ཞབས་པདྨ་འབུམ་ཞེས་བྲིས་ན་ཀུན་གྱིས་མིག་ལ་མཛེས་པ་ཞིག་རེད་འདོད། ཨ་ཁུ་བསམ་གཏན་ཚང་སོགས་འབྲི་སྲོལ་ཞིག་ཡོད་པ་དེ་འོས་པ་རང་རེད་འདོད། ཨ་ཁུ་དོན་འགྲུབ་རྒྱལ་དང་ཨ་ཁུ་ཞོགས་དུང་སོགས་འབོད་སྲོལ་མེད་པ་ལྟ་བས་མཚོན། ན་ནིང་མང་བོས་ན་གཞོན་པདྨ་འབུམ་ཞེས་བྲིས་པ་མང་བོ་འཐོང་བ་དེ་ཡང་དུས་ཀྱི་དབང་གིས་མི་འོས་པ་མ་རེད་རམ། ་སྐུ་ཞབས་པདྨ་འབུམ་ལགས་ཀྱིས་རང་གི་་ལོ་རྒྱུས་དང་མ་འོངས་བོད་ལ་ཕན་པའི་རྩོམ་རིགས་གང་མང་བྲི་ཐུབ་ན་མ་འོངས་བོད་ལ་ཕན་པ་ཁོ་ཐག་རེད་དོ།