འདྲ་པར་འདི་ནི་ ༡༩༩༥ ལོར་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས་རྡ་རམ་ས་ལར་བསྐངས་པའི་བོད་ཀྱི་རྒྱལ་ཡོངས་རྩོམ་པོའི་ཚོགས་ཆེན་དང་པོ་ཟེར་བ་དེའི་ཚོགས་འདུའི་དབུ་འབྱེད་ཀྱི་ཐོག་རེད། ལོ་དེའི་ཟླ་བ་གསུམ་པའི་ནང་རེད། ༧སྐུ་མདུན་གྱི་གཡས་ཕྱོགས་ཀྱི་མི་དང་པོ་དེ་མགོན་པོ་ཚེ་རིང་དང་། གཉིས་པ་དེ་ང་། གསུམ་པ་དེ་ལྷ་བཟང་ཚེ་རིང་ལགས། བཞི་པ་དེ་འཇམ་དབྱངས་ནོར་བུ་ལགས། ལྔ་པ་དེ་བཀྲ་ཤིས་ཚེ་རིང་ལགས་བཅས་རེད། ངའི་དྲན་སྣང་ལ་མགོན་པོ་ཚེ་རིང་ལགས་ནི་ཉིན་དེའི་ཚོགས་འདུའི་མཛད་རིམ་སྒྲོག་སྦྱོང་གནང་མཁན་ཡིན།
ང་ཚོགས་འདུ་འདི་ལ་ཞུགས་ཆེད་ཨ་རི་ནས་རྡ་སར་སླེབས་དུས་ཨ་མྱེས་རྨ་ཆེན་ཚང་གི་འགོ་ལས་ཚང་མ་ཚོགས་འདུ་གྲ་སྒྲིག་གི་བྲེལ་ཟིང་ཧ་ཅང་ཆེ། དམངས་གཙོ་ཚགས་པར་འདོན་ཐེངས་ཤིག་འདོན་པའི་དུས་ཚོད་ཀྱང་སླེབས་འདུག ངས་མགོན་པོ་ཚེ་རིང་གི་ཚབ་བྱས་ནས་ལྷ་བཟང་ཚེ་རིང་དང་ངེད་གཉིས་ནས་འདོན་ཐེངས་དེ་རྩོམ་སྒྲིག་བྱས།
དེ་སྔའི་རྡ་སའི་ང་ཚོ་གྲོགས་པོ་རྙིང་པ་རྣམས་ཁ་ཐོར་ནས་ལོ་རེ་ཟུང་སོང་ཡོད་པ་ལ། ལོ་དེར་རྩོམ་པ་པོའི་ཚོགས་འདུ་དེ་གྲོགས་རྐྱེན་དུ་གྱུར་ནས་ང་ཚོ་གྲོགས་པོ་རྙིང་པ་ཁ་ཤས་ཏེ། དཔལ་ལྡན་རྒྱལ་དང་རྡོ་རྗེ་ཚེ་བརྟན། རབ་གསལ། ང་ཚོ་སླར་ཡང་རྡ་སར་འཛོམས་ཐུབ་པར་གྱུར། ཡིན་ན་ཡང་སྐབས་དེར་ཚོགས་འདུའི་འདུ་འཛི་ཆེ་ནས་ང་ཚོ་གཅིག་པོ་ལྷོད་ལྷོད་འདོད་པ་ཁེངས་པ་ཞིག་ཡོང་མ་ཐུབ། དགོང་མ་གཅིག་རྡོ་རྗེ་ཚེ་བརྟན་དང་དཔལ་ལྡན་རྒྱལ། ང་བཅས་མགོན་ཚེ་ཡི་གསར་སྐྱེས་བུ་མདའ་ཚན་སྐལ་ལྡན་ལ་བལྟ་རུ་སོང་ནས་ཅུང་ཙམ་ལྷོད་ལྷོད་ཅིག་བྱུང་།
ཚོགས་འདུའི་རིང་གི་མཚན་མོ་ཞིག་ལ། སྙན་ངག་ཀློག་འདོན་བྱས་པ་ལ། རཀ་ར་རིན་པོ་ཆེ་ནས་ཨ་མདོ་དགེ་འདུན་ཆོས་འཕེལ་གྱི་ཕ་ཡུལ་གཅིག་པའི་སྙན་ངག་པ་རྣམས་དང་སྙན་ངག་ཀློག་རྒྱུའི་གོ་སྐབས་བྱུང་སོང་ཟེར་ནས་ཐུགས་འུར་འདྲ་ཞིག་ལངས་ནས་ཁོང་གིས་སྐབས་ཐོག་དེ་ལ་སྙན་ངག་གསར་རྩོམ་གནང་ནས་ཀློག་པ་ཞིག་དྲན་ངོ་ན་འདུག ད་དུང་མཚན་མོ་དེར་ཆབ་བྲག་ལྷ་མོ་སྐྱབས་དང་། ཀླུ་སྨྱོན་སོགས་ཀྱིས་ཀྱང་སྙན་ངག་བཀླགས་སོང་བ་ཞིག་དྲན་གྱི་འདུག ཡིན་ན་ཡང་མགོན་པོ་ཚེ་རིང་ལགས་ནས་སྙན་ངག་བཀླགས་ཡོད་མེད་དྲན་གྱི་མི་འདུག
ཚོགས་འདུ་དེ་ནི་བཙན་བྱོལ་དུ་ཡོད་པའི་རྩོམ་པ་པོ་དང་རྩོམ་སྒྲིག་པ་རྣམས་འཛོམས་པ་ཐེངས་དང་པོ་དང་ཐ་མ་དེ་ཡིན་ལ། རྣ་ཐོས་ཡོད་ཀྱང་མིག་མཐོང་མེད་པའི་རྩོམ་པ་པོ་དང་རྩོམ་སྒྲིག་པ་རྣམས་ཕན་ཚུན་ཐུག་འཕྲད་དང་གླེང་མོལ་གྱི་གོ་སྐབས་བཟང་པོ་བྱུང་ལ་བྲེལ་ཟིང་ཡང་ཧ་ཅང་ཆེ།
པར་འདི་ནི་ཚོགས་འདུའི་བར་གསེང་ཞིག་ལ་མཁས་དབང་གདོང་ཐོག་བསྟན་པའི་རྒྱལ་མཚན་མཆོག་དང་། མགོན་པོ་ཚེ་རིང་ལགས། ང་བཅས་མཉམ་འཛོམས་ཀྱི་སྐབས་ཤིག་ཡིན།
དེ་ནས་ལོ་བརྒྱད་ཀྱི་རྗེས་སུ་ཡང་སྐྱར་ཚོགས་འདུ་ཞིག་གི་གོ་སྐབས་དང་བསྟུན་ནས་མགོན་ཚེས་གཙོས་པའི་གྲོགས་པོ་རྙིང་པ་ཁ་ཤས་ཡང་སྐྱར་ལྷན་འཛོམས་ཤིག་བྱུང་། དེ་ནི་ཉིས་སྟོང་གསུམ་གྱི་ལོར་ནེའུ་ཡོག་གི་ལ་རྩེ་དཔེ་མཛོད་ཁང་ལ་ཡིན། ལོ་དེའི་སྟོན་ཀར་ལ་རྩེ་དཔེ་མཛོད་ཁང་ནས་དགེ་འདུན་ཆོས་འཕེལ་འཁྲུངས་ནས་ལོ་ངོ་བརྒྱ་ཐམ་པ་འགོར་བའི་རྗེས་དྲན་ཚོགས་འདུ་རྒྱ་ཆེན་པོ་ཞིག་སྐོང་ཚོགས་བྱས། མགོན་པོ་ཚེ་རིང་ལགས་ཁེ་ན་ཊ་ནས་ཚོགས་འདུ་དེ་ལ་ཆེད་ཕེབས་གནང་། ཚོགས་འདུའི་གྲ་སྒྲིག་གི་སྐབས་སུ་ཁོས་ཁོ་རང་གི་ཕ་རྒན་ལ་དགེ་ཆོས་སྐོར་ལ་བཅར་འདྲི་བྱས་པའི་སྒྲ་ཐག་ཅིག་ཀྱང་ང་ལ་བསྐུར་ནས་ཡོང་། ཁོའི་ཕ་རྒན་ནི་ཆུང་དུས་སུ་བླ་བྲང་གི་གྲྭ་པ་ཡིན་ཞིང་། རྗེས་སུ་འབྲོག་པའི་མི་ཚེ་བསྐྱལ་ན་ཡང་རིག་པ་འཚོལ་བ་དང་ཁ་བྲལ་མ་མྱོང་ཞིང་དགེ་ཆོས་ཀྱི་སྐོར་ལ་གོ་ཐོས་མང་ཞིང་དགེ་ཆོས་ཀྱི་གསུང་མང་པོ་ཀློག་མྱོང་མཁན་ཞིག་ཡིན།
ཚོགས་འདུའི་སྐབས་ཀྱི་དགོང་མ་ཞིག་ང་ཚོས་ངའི་ནང་ལ་ཆང་འཐུང་ནས་ནམ་རྒྱུན་ལྟར་གླེང་མོལ་དང་རྩོད་གླེང་སྣ་ཚོགས་བྱས། བཤད་ཀྱིན་བཤད་ཀྱིན་བཤད་མཁན་མང་བ་དང་ཉན་མཁན་ཉུང་བར་གྱུར་བ་དང་། བཤད་རེས་ཀྱང་ཐོབ་དཀའ་བའི་གནས་སུ་གྱུར། ང་ཚོའི་ནང་ནས་ཁ་འཕྲོག་པ་ལ་མི་དཔའ་བ་ནི་མགོན་པོ་ཡིན་པ་འདྲ། རབ་གསལ་ལགས་ཀྱིས་དྲན་གསོ་བྱས་དོན། མགོན་པོས་དགོང་མོ་དེར་ཐེངས་མང་པོར་ཁ་གདངས། ལག་པ་ཡར་བཀྱགས་ནས་ཅིག་བཤད་གྲབས་ཀྱི་སྐབས་སུ་ཁ་ནང་ནས་ཚིག་ཐོན་ཁོམ་མི་སྟེར་བར་ང་ཚོ་གཅིག་གིས་ཁོའི་ཁ་འཕྲོག་འགྲོ་གི་འདུག་ཟེར། ཐེངས་དེའི་ང་ཚོ་འཛོམས་པ་དེ་མགོན་པོས་འཛོམས་ཐེངས་རྩ་ཆེན་ཞིག་ཏུ་བརྩིས་ཡོད་པ་འདྲ། ཁོ་ལ་ནད་ངན་དེ་བྱུང་ནས་ང་ཚོ་བལྟ་རུ་སོང་བའི་སྐབས་ལ་ཁོས་སྐབས་དེའི་འདྲ་པར་ཆེར་སྐྱེད་བྱས་ནས་བདག་ཉར་བྱས་འདུག་པ་འདི་ང་ཚོར་བསྟན་ནས་པར་འདི་ང་ཚོར་གནང་།
པར་འདིའི་ནང་གི་གཡོན་མདུན་དང་པོ་ནས་རྡོ་རྗེ་ཚེ་བརྟན་དང་། ང་། བསོད་ནམས་དར་རྒྱས། མགོན་པོ་ཚེ་རིང་། ཚེ་རིང་དོན་གྲུབ། དཔལ་ལྡན་རྒྱལ། རབ་གསལ། བོན་རྒྱལ་བཅས་བཅས་ཡིན།
ཚོགས་འདུ་འདིའི་སྐབས་ལ་དེ་སྔའི་ཨ་མྱེས་རྨ་ཆེན་ཚང་གི་ཡང་ལྷ་བཟང་ཚེ་རིང་ལགས་མ་གཏོགས་འགོ་ལས་གཙོ་བོ་མང་ཆེ་བ་འཛོམས་ཡོད། པར་འདིའི་ཐོག་ན་གཡས་ཕྱོགས་ནས་མགོན་པོ་ཚེ་རིང་དང་། འཇམ་དབྱངས་ནོར་བུ། ང་། བསོད་ནམས་དར་རྒྱས་བཅས་ཡིན། པར་གྱི་ནང་ན་མེད་པ་མ་གཏོགས་ཚོགས་འདུ་འདི་ལ་ད་དུང་བཀྲ་ཤིས་ཚེ་རིང་ལགས་ཀྱང་ཕེབས་ཡོད།
ད་སོ་མར་བཀླགས་པ་ཡིན། རྡ་སའི་ཚོགས་འདུ་དེ་དྲན་སོང་། ང་ཡང་ཚོགས་ཐོག་དེ་ནས་ཁྱེད་དང་རག་ར་རིན་པོ་ཆེ་མཁས་པ་སྐོར་ཞིག་ལ་ཐེངས་དང་པོར་ཐུག་པ་ཡིན། ངས་བཀླགས་པའི་དགེ་ཆོས་ལ་བྲིས་པའི་སྙན་ངག་དེ་རྗེས་སུ་ལྗང་གཞོན་ཞིག་ལས་མཐོང་སོང་། དེ་དུས་སྦག་སུ་མགྲོན་ཁང་ལ་བསྡད་དེ་ངོ་མ་སྐྱིད་པོ་བྱུང་། ཚོགས་འདུའི་རྗེས་སུ་གྲོགས་པོ་ནམ་མཁའི་ཤག་ཆུང་དེར་ང་ཚོ་མི་གསུམ་གྱིས་འཚང་ཁ་བརྒྱབ་ནས་ཉིན་འགར་བསྡད་པ་དང་། དགོང་མོའི་ཐུག་པ་མ་འཐུང་སྔོན་ལ་དགོས་མི་དགོས་ཀྱི་རྩོད་པ་བརྒྱབ་སྟེ་ཐུག་པ་འཐུང་དུས་ཁ་མི་གྲགས་པར་ཁུ་སིམ་མེར་འཐུང་དགོས་པ་ཡང་ལན་མང་བྱུང་སོང་ལ། ཁ་གྱེས་ཁར་ངེད་གསུམ་ལ་ཤིག་བཏབ་འདུག དེ་ནི་རྒྱ་གར་ནས་གཟུགས་པོར་ཤིག་བཏབ་པ་དང་པོ་དེ་དང་མཐའ་མ་དེ་ཡིན། དེ་དུས་ནམ་མཁའི་གྲོགས་མོ་ཞིག་གིས་ལྡི་ལི་ནས་གླང་ཤ་རྒྱ་མ་གང་དོ་ཞིག་བསྐུར་འདུག་པས་དགོང་མོ་ཞིག་འཐེན་ཐུག་བསྐོལ།
ཁང་བདག་རྒྱ་གར་བས་ཤེས་པར་སྐྲག་སྟེ་སྒོ་སྒེའུ་ཁུང་ཚང་མ་ཉལ་གདན་དང་ཉལ་གོས་ཀྱིས་བཏུམས་པས་ནང་ལ་ཚ་དྲོད་འཁྱིལ་ནས་ཐུག་པ་འཐུང་དུས་དབུགས་ཀྱང་ལེན་ཁག་པོ་བྱུང་། སྐབས་ཤིག་ང་སྒོར་ཁྱུག་ཙམ་ཕྱིན་པ་ནས་གླང་ཤའི་དྲི་མ་སྒོའི་ཕྱི་ལོགས་ཧྲིལ་བོར་ཁྱབ་འདུག
ངོ་མ་ཀློག་སྤྲོ་བོ་ཞིག་འབྲི་གི་འདུག རྩོོམ་རྩལ་ཟེར་ན་འདི་འདྲ་ཞིག་ལོས་ཡིན་སྙམ་པའི་ཚོར་སྣང་བྱིན་སོང་། མུ་མཐུད་ནས་བྲི་རྒྱུར་རེ་སྒུག་བྱས་ཡོད།
ཨ་ཁུ་པད་མ་འབུམ་ལགས།
བཀའ་དྲིན་ཆེ། དངོས་གནས་སྙན་མོ་འདུག
ཀླུ་སྨྱོན་ལགས་ཁྱེད་ལ་ཡི་གེ་དེ་སྐུར་ཡོད་གཟིགས་རོགས
ཀླུ་སྨྱོན་གྱིས་གླང་ཤའི་སྐོར་དེ་ལ་ཚིགས་བཅད་སྙིང་རྗེ་པོ་ཞིག་གཞོན་ནུ་ཟླ་མེད་ལ་བྲིས་པ་དྲན་གི་འདུག
ཡཡ
དངོས་བྱུང་གནས་བྲིས་འདི་ཅི་འདྲའི་སྙན་པ་ལ། ཡིན་ཡང་། ཁོང་ཚོའི་ཁྲོད་ཀྱི་གསར་རྒོད་དྲག་གྲས་མགོན་ཚེ་ལགས། ནད་མནར་གྱིས་བཟའ་ཟླ་བུ་ཕྲུག་དང་གོང་བཀོད་སྐྱིད་སྡུག་མཉམ་མྱོང་གི་གྲོགས་པོ་ཚོ་དང་ཁ་གྱེས་པ་ཅི་འདྲའི་ཕངས་པ་ལ།
ངས་ཤེས་ཚོད་བྱས་ན་ཚོགས་ཆེན་འདིའི་སྐབས་༧གོང་ས་ཆེན་པོའི་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ལ་རྩོམ་རིག་གཟེངས་རྟགས་ཤིག་ཕུལ་བ་རེད་ཟེར། བཀླགས་ཐོའི་ནང་བཙལ་ཡང་རྙེད་མ་སོང། གང་ནས་ཀློག་རྒྱུ་བྱུང་མིན་དྲན་གྱི་མི་འདུག་སྟེ་དེ་འདྲ་ཞིག་དྲན་གྱི་འདུག ད་དུང་གཟེངས་རྟགས་དེའི་བཟོ་འགོད་བྱེད་ཕྱོགས་མ་འགྲིག་པས་ཡིན་ན། གཟེངས་རྟགས་ཀྱི་མཚན་ཡིན་ན། གང་ལྟར་དེ་འདྲ་ཞིག་༧གོང་ས་ཆེན་པོར་ཕུལ་ན་རན་པོ་མི་འདུག་མདོག་མདོག་གི་རྣམ་འགྱུར་སྟོན་པའི་སྐུ་དྲག་ཁ་ཤས་ཤིག་ཀྱང་བྱུང་བར་སྐད།།
ཨ་ཁུ་པདྨ་འབུམ་ལགས་ཀྱིས་བྲིས་པ་འདི་ཐུང་དྲག་པ་མ་ཡིན་ནའང་བདག་གིས་ཀློག་སྐབས་སྐད་ཅིག་ཙམ་ལ་ཚར་འགྲོ་བ་ནི་བརྗོད་བྱ་ཁྱད་དུ་འཕགས་པས་ལོས་ཡིན། དེའི་སྟབས་ཀྱིས་ང་ཚོས་སྐུ་ཉིད་ཀྱི་དངོས་བྲིས་མ་འདི་ཀློག་ཞོར་སེམས་ལ་རང་བཞིན་གྱིས་འཁོར་འོང་བའི་དྲི་བ་གཙོ་བོ་ཞིག་ནི། འདས་པོ་དམ་པ་ཁོང་ལ་ནད་ངན་ཅི་བྱུང་བ་དང་ཇི་ལྟར་བྱུང་མིན་གྱི་རབས་ཤིག་དང་དེ་བྱུང་བའི་བརྒྱུད་རིམ་ཁྲོད་ཀྱི་གནས་ཚུལ་སོགས་དང་བཅས་པ། ཡང་ཁོང་གི་བཟའ་མི་བུ་ཕྲུག་དང་བཅས་པའི་སྐོར། ཡང་ཁོང་གི་རིན་ཐང་ལྡན་པའི་བརྩམས་ཆོས་ཀྱི་སྐོར་སོགས་རྗེས་ནས་མུ་མཐུད་དུ་བྲི་བའི་རེ་བ་དང་ཤེས་པའི་རེ་སྒུག་ཧ་ཅང་ཆེ་བས་ན། ཨ་ཁུ་པདྨ་འབུམ་ལགས་ཀྱིས་སྐུ་ངལ་འཛེམ་མེད་ཐེངས་གཅིག་གནང་རོགས་ཞུ།
སྙན་པོ་འདུག
ཨ་ཁུ་པད་མ་འབུམ་ལགས། བཀའ་དྲིན་ཆེ་ཞུ། ཁྱོད་ཁ་བརྡ་ཚང་ལ་ཕེབས་པ་ནས་ཁ་བརྡ་ཚང་གི་ཁྱིམ་ནསས་དྲོད་འཁོལ་འཁྱིལ་བ་མཐོང་། མཆན་པུ་པ་དང་དྲྭ་འབུ་ཚོའི་གདོང་ནས་ཀྱང་འཛུམ་མདངས་མངོན།
དེ་རིང་འདི་ནས་དངོས་བྱུང་སྒྲུང་རྩོམ་འདི་ཀློག་ཞོར་མཁས་དབང་དོང་ཐོག་གི་སྐུ་པར་ཞིག་ཀྱང་མཇལ་བས་སྤྲོ་བ་བརྟས། ཨ་ཁུ་པད་མ་འབུམ་ལགས་བཀའ་དྲིན་ཆེ། མང་པོ་ཞིག་གིས་རེ་བསྐུལ་ལྟར་མུ་མཐུད་རྒྱུའི་རེ་བ་ཆེ།
རྩོམ་རིག་དང་རང་དབང་ཞེས་པའི་དར་དཔྱངས་དེའི་མདུན་ན་༧རྒྱལ་བ་རིན་པོ་ཆེ་ཚོགས་མགོན་དུ་བཞུགས་འདུག་ལ། ཕར་ཕྱོགས་ན་འཇམ་དབྱངས་ནོར་བུའི་ལག་ཏུ་ཤོག་བུ་ཞིག་འཁྱེར་ནས་བསྡད་འདུག ཉེ་བའི་ཆར་འཇམ་ནོར་གྱིས་༧རྒྱལ་བ་རིན་པོ་ཆེ་ལ་མཚན་སྨད་ཞུས་མ་ཐག་རེད། དེ་རིང་པདྨ་འབུམ་གྱིས་འདྲ་པར་འདི་འདྲ་ཞིག་གི་ཐོག་དྲངས་ནས་རྩོམ་ཡིག་ཞིག་སྤེལ་འདུག སྟབས་འཁེལ་བ་ཡིན་ནམ་རྒྱུ་མཚན་ཞིག་ཡོད་པ་ཡིན་ནམ་སྙམ་པའི་དྲི་བ་ཞིག་སེམས་པའི་ནང་དུ་འཆར། དེ་བཞིན་སྐབས་དེ་དུས་༧རྒྱལ་བ་རིན་པོ་ཆེས་བཀའ་སློབ་གང་གནང་ཡོད་དམ་སྙམ་པའང་བྱུང་།
མཁས་པའི་དབང་བོ་ཨ་ཁུ་པདྨ་འབུམ་མཆོག་ནས་རང་གི་གྲོགས་པོ་དྲན་པའི་རྩོམ་ཡིག་ཆ་ཚང་བཀླགས་པ་ཡིན། སེམས་འགུལ་ཐབས་བྱུང་། མཁས་པའི་ཁྱི་མཆོག་ལ་རྗེས་སུ་ཡི་རིང་ཡོད།
དེ་དུས་དགེ་འདུན་ཆོས་འཕེལ་གྱི་གཟེངས་རྟགས་ཞེས་པ་ཞིག་༸རྒྱལ་བ་རིན་པོ་ཆེ་ལ་ཕུལ་ཡོད་པ་རེད། དེ་ད་ལྟའི་བར་སུ་དང་སུ་ལ་ཕུལ་ཡོད་དམ། དེའི་རྗེས་ལ་སུ་ལ་སྤྲད་ཡོད་མ་རེད། འདིས་ག་རེ་མཚོན་ནམ་ཞེ་ན། ངས་དེ་དུས་ཀྱི་ཚོགས་པ་དེ་སྐབས་འཚོལ་རིང་ལུགས་པ་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད།
མགོན་པོ་དྲན་གླུ།
སྟག་ཤར་ལེགས་པ་ལྷད་མེད་དུང་སེམས་ཅན།།
ལྟ་གིན་ལྟ་གིན་མིག་ནས་ཡལ་བ་ཕངས།།
ཤོད་དགོས་ཤོད་དགོས་བསམ་པའི་ཚིག་གསུམ་དེ།།
རང་གི་སྙིང་ཁར་རང་སར་ཡལ་བ་ཕངས།།
སྐྱོ་བ་ཅན་གྱི་འཇིག་རྟེན་མི་ཡུལ་འདི།།
ཁྱེད་རང་མེད་པས་དེ་བས་ཡུལ་པོར་སྣང་།།
རྟག་པ་མེད་པའི་མི་ཡི་མི་ཚེ་དེ།།
རྫོགས་རྒྱུ་མེད་པར་གཏན་གནས་ཡོད་ན་ཨཱང་།།
དངོས་བྱུང་སྒྲུང་རྩོམ་འདི་དངོས་ནས་སྙན་པོ་འདུག ཐུགས་རྗེ་ཆེ་ཞུ་འདོད་བྱུང་།
སྒྲུང་ཡིན་ན་དངོས་བྱུང་ག་ལ་ཡིན་གྱི།
དེ་ནི་སྙན་དང་མི་སྙན་གྱི་གནད་གཙོ་བོ་མ་རེད།
ཚེ་རིང་བསམ་གྲུབ་ལགས། རྒྱལ་བ་རིན་པོ་ཆེའི་གསུང་བཤད་འདི་གནང་སོང་།
ཡ། ཚང་མར་བཀྲིས་བདེ་ལེགས་ཡོད། དཔེ་ཡག་པོ་རེད། ལྷག་བསམ་རྣམ་དག་རེད། ཚང་མས་ཧུར་ཐག་གནང་པ་རེད་ལ་མུ་མཐུད་གནང་རོགས། སྔོན་མ་འང་བཤད་མྱོང་ལ་ད་ལྟ་ཡང་ཤོད་བཞིན་པ་ནི་ང་ཚོ་ཚང་མས་རིག་པ་སྒྲིམས་དགོས། གཞན་ཤོད་ཡ་གང་མེད། ཚང་མར་བཀྲིས་བདེ་ལེགས།
ཨ་ཁུ་པད་མ་འབུམ་གྱིས་ལྷ་ཆབ་ཀྱི་དྲི་བ་དག་གི་ལན་ཀློག་མཁན་ཚོར་བཤད་པ་ཡིན་ན་། འདས་པོ་ཁོང་གི་མི་ཚེའི་ལོ་རྒྱུས་ཆ་ཚང་བ་ལྟ་བུ་ཞིག་འདུག
མི་ཡི་ཁྱུ་མཆོག་པདྨ་འབུམ་གྱིས་ངོ་སྤྲོད་མཛད་པས། ༢༠༠༦ ལ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་ཨ་བླ་དོར་ཞི་ལ་སོགས་པ་བོད་ཀྱི་སློབ་དཔོན་ཆེན་པོ་རྣམས་ལ་བདག་གིས་གནའ་བོའི་བོད་ཀྱི་མིང་ཚིག་འབོད་ཚུལ། ལ་དྭགས་གཤམ་ཕྱོགས་པ་དང་སྦལ་ཏིའི་སྐྱེ་བོ་རྣམས་ཀྱིས་འདོན་ཚུལ་བཞིན་ཞུ་བའི་སྐལ་བཟང་བྱུང་། དེ་དུས་ཨ་བླ་དོར་ཞི་མཆོག་གིས་བདག་གིས་པའི་གནའ་བོའི་འབོད་ཚུལ་དང་མཐུན་པར་བོད་ཤར་ཀྱི་ཕྱོགས་ལུང་པ་ཞིག་ན་མགོའི་སྐྲ་ལ་སཀ་ར་ཞེས་འདོན་ཚུལ་ཡོད་གསུངས། དེ་ནས་སློབ་གྲྭ་ཆེན་མའི་སློབ་དཔོན་རྣམས་ཀྱིས་མགྲོན་ཁང་ཞིག་ལ་ཟས་ཀྱི་དགའ་སྟོན་ཀྱི་གསོལ་རས་སྩལ། འདི་དག་རྒན་པདྨ་འབུམ་གྱིས་བདག་གི་ངོ་སྤྲོད་མཛད་པ་ལས་བྱུང་བས། གྲོགས་པོའི་མཆོག་གྱུར། རྒན་པདྨ་འབུམ་གཟིམ་ཁྱི་བཟང་པོས་བསྲུངས་ཏེ། བོད་ཀྱི་རིག་པའི་གཞུང་ལུགས་ས་སྟེང་དུ་དར་བར་བྱེད་པའི་རྒྱལ་མཚན་མཐོན་པོར་ཡུན་རིང་དུ་གནས་པར་གྱུར་ཅིག ཅེས་སྨོན་པར་ཞུའོ།།
མི་ཡི་ཁྱུ་མཆོག ཧཧཧ
བསྟོད་མི་ཤེས་པ་ཞིག་གིས་བསྟོད་པ་ལས། སྨད་ཤེས་པ་ཞིག་གིས་སྨད་ན་ལེགས་ཟེར་པ་ཅི་མ་བདེན།
ཨ་ཁུ་པདྨ་འབུམ་ལགས་ཀྱི་དངོས་སྒྲུང་འབྲི་བའི་རྩོམ་རྩལ་དེ་སྤྱིར་བཏང་བ་ཞིག་མིན་ན་ཡང་། ལ་དྭགས་པ་འདིའི་སྨྱོ་བསྟོད་འདི་འདྲ་ནི་ཅི་འདྲའི་དགོད་བྲོ་བོ་ཞིག
རྒན་ལ་དྭགས་པ་ལགས་འདི་ལོའི་སོག་པར་འཚོག་རྒྱུའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུར་ཕེབས་ཀི་ཡོད་དམ། ང་ནི་དུས་ཚོད་ཀྱི་སྟབས་འགྲིག་ན་འགྲོ་རྩིས་ཡོད། རང་ལ་ཡོན་ཏན་མེད་ཀྱང་དེར་སོང་ན་བོད་ཕྱི་ནང་གི་མཁས་པ་མང་པོར་ཐུག་པའི་གོ་སྐབས་བཟང་པོ་ཞིག་ཐོབ་ཀི་འདུག
བླ་མ་ཀླུ་སྨྱོན་སྙན་དངགས་རྩོམ་རྩ་ལ་ཁྱུ་མཆོག་ཁྱེད།
འདི་ལོར་སོག་པོར་མཁས་པའི་འདུན་སར་ཅིས་ཀྱང་བྱོན།
སིངྒྷ་པུར་མ་ལ་གཉིས་སུ་བོད་ཆོས་ངོ་སྤྲོད།
བྱེད་པར་འགྲོ་དགོས་དེ་ནས་དགོངས་པ་ཞུ་བ་ལགས།
གྲོགས་པོའི་ཡོན་ཏན་མཐོང་ནས་་བསྔགས་པ་ལ།
མི་བཟོད་ཕྱོགས་ལྷུང་དྲི་མས་ལྷད་པའི་མིས།
ཧ་ཧ་ཧ་ཟེར་ཞིང་དགོད་ཚུལ་བསྟན་པ་འདི།
ཨེ་མ་དགོད་བྲོའི་གནས་སུ་ཁོ་བོས་མཐོང་།།
རེད་ཡ། ལོ་རབས་དགུ་བཅུ་པ་ནི། བཙན་བྱོལ་ནང་ལ་རིག་གཞུང་ཆེ་དར་གྱི་དུས་རབས་ཤིག་རེད། ཕྱོགས་གང་ས་ནས་རེ་བ་ཡོད་པ་ལྟ་བུ་ཞིག་དང་། ལྷག་བསམ་དང་སེམས་ཤུགས་ལ་ཚད་མེད་པ་ལྟ་བུ་ཞིག་རེད། ངའི་ངོ་ཤེས་རྒྱ་མི་ཞིག་རྒྱ་གར་ལ་ཕྱིན། བཙན་བྱོལ་ནང་གི་མཁས་པ་དང་རང་བཙན་བརྩོད་ལེན་པ་ཚོར་སྐད་ཆ་བཤད། གོང་ས་མཆོག་དང་མཇལ། རྗེས་མ་ཡི་གེ་བཏང་བར། ངོ་མ་བོད་འདི་རྒྱ་ནག་ལག་ནས་ཤོར་རྒྱུ་ཐག་ཆོད་རེད། རྒྱ་ནག་ལ་མེ་མདའ་མ་གཏོགས་གཞན་ཅི་ཡང་མིན་འདུག་ཟེར། ཁོས་བཤད་རྒྱུར་མེ་མདས་བདག་པོ་བརྒྱབ་པའི་རྒྱལ་ཁབ་མང་ཆེ་ཤོས་འཐོར་སོང་། ད་སྔ་རྗེས་མ་གཏོགས་བོད་རང་བཙན་ཐོབ་ས་རེད། བོད་མི་མང་ཆེ་བའི་འདོད་པ་འདི་རེད་ཟེར། ང་རང་ད་ལྟ་ནས་བོད་འདི་རང་བཙན་གྱི་ལམ་ལ་འགྲོ་བཞིན་པ་འདི་ལ་ཁས་ལེན་བྱས་ནས་ནང་གི་བསམ་བློའི་འདུ་ཤེས་ལ་འགྱུར་བ་གཏོང་གི་ཡིན་ཟེར། རྒྱ་དེ་སྐབས་དེ་དུས་ལྷ་སར་ཡོད། དེ་བཞིན་ཕྱི་རྒྱལ་བ་མང་པོ་རྒྱ་གར་ལ་ཕྱིན། བོད་མིའི་དཀའ་ངལ་ལ་ཤིན་དུ་ནས་གདུང་སེམས་སྐྱེད། བོད་མིའི་སེམས་ཤུགས་དང་འབད་བརྩོན་ལ་བསམ་ཡུལ་ལས་འདས་པའི་ཚོར་བ་འདུ་མ་བསླེབས་ནས་སྐབས་དེ་དུས་རྒྱལ་སྥྱིའི་ནང་བོད་མིའི་གྲོགས་པོ་མང་ཤོས་རེད། ༧གོང་ས་མཆོག་དང་། ཨ་མྱེས་རྨ་ཆེན་དང་། གཞོན་ནུ་ཚོགས་པ། དེ་བཞིན་ཆབ་སྲིད་བཙོན་པ་བཅས་རྒྱུན་པར་ཕྱི་མི་ཚོས་ཐུགས་འཕྲད་བྱ་ཡུལ་གཙོ་བོ་ཞིག་རེད། སྐབས་དེ་དུས་ཀྱི་ཆབ་སྲིད་དང་སེམས་ཤུགས་ཀྱི་གནས་སྟངས་ཤིག་ལས་ང་ཚོའི་ལས་འགུལ་ནི་ཚ་ཚ་འུར་འུར་རེད།
ད་ལྟ་བཙན་བྱོལ་ནང་ལ་མི་ཚང་མ་གཟུངས་ཤོར་བ་འདི་ལྟ་བུ་ཇི་འདྲ་ཡིན་ནམ། ཅིའི་ཕྱིར། གང་གིས་བྱས། སུ་ཡིས་བྱས། རྒྱུ་རྐྱེན་ཅི།
ད་རེས་ནི་རྣམ་པ་ཚོས་དངོས་བྱུང་གི་ལོ་རྒྱུས་དང་དྲང་བདེན་གྱི་གཏམ་ལས་དྲངས་པའི་གླེང་མོལ་སྣ་ཚོགས་གནང་པ་དེ་ནི་ཧ་ཅང་གི་སྙན་མོ་འདུག་ལ་སྐྱིད་པོ་བྱུང་སེམས་འགུལ་ཡང་ཐེབས་སོང་། ཐུགས་རྗེ་ཆེ་ཞུ་ཡག་ཡིན།
མ་འོང་པར་ཡང་དེ་བཞིན་མུ་མཐུད་ནས་གནང་སྐྱོང་ཡོང་བ་མཁྱེན།།
སི་ཏུ་པཎ་ཆེན་གྱིས་ཁམས་ཕྱོགས་ཀྱི་ལུང་པ་འགའ་ཞིག་ན། ཀི་གུ་དང་ཞབས་ཀྱུའི་དབྱེ་བ་ཕྱེས་པར་འདོན་པ་ཡོད་གསུངས་པ་བདེན་པར་མཐོང་། དྲ་གྲོགས་ཞིག་གིས། པདྨ་འབུལ་ལ་”མཁས་པའི་ཁྱི་མཆོག་ལ་རྗེས་སུ་ཡི་རིང་ཡོད།”ཅེས་བྲིས་པ་དངོས་སུ་ཁྱི་ཡིན་ནམ་ཁྱུ་ཡིན་ཆ་མ་རྟོགས་ཀྱང་། བདག་གི་མཆན་དུ་ཁྱུ་དང་ཁྱི་གཉིས་ཀ་བྲིས་པས་དེ་དག་སི་ཏུ་པཎ་ཆེན་དགོངས་པ་སྒྲུབ་པ་ལ་བསམས་ནས་བྲིས་པ་ལ། དྲ་གྲོགས་ཤིག་དགོད་བྲོ་བོ་བྱུང་ནས་འདི་བྲིས་ཏེ།
“ལ་དྭགས་པ་འདིའི་སྨྱོ་བསྟོད་འདི་འདྲ་ནི་ཅི་འདྲའི་དགོད་བྲོ་བོ་ཞིག” ཅེས་སོ།།
སྐུ་ཞབས་པདྨ་འབུམ་ལགས་ངོ་མ་བཀའ་དྲིན་ཆེ་་་ཁྱེད་ཉིད་ཁ་བརྡ་ནང་ལ་སླེབས་ནས་་ཁ་བརྡ་ལ་དྲོད་ཁོལ་ཟིག་སྤྱིན་སོང་་་་་་མུ་མཐུད་ནས་་་རེ་བ་ཆེ་་་ལྷ་ཆབ་ནས་གསུངས་པ་བཞིན་་
གོང་དུ་མཆན་བུར་བརྗོད་པ་འདིར་དགག་སྒྲ་ཆད་པ། སླར་བཅོས་ཏེ། ཀི་གུ་དང་ཞབས་ཀྱུའི་དབྱེ་བ་ཕྱེས་མེད་པར་འདོན་པ་ཡོད་གསུངས་པ་བདེན་པར་མཐོང་། ཞེས་བཅོས་སོ།
ཁྱི་མཆོག་ཟེར་ན་་་ཁྱི་ཡག་ཤོས་དེར་གོ་དགོས་པ་རེད་་་ལ་དྭགས་པ་འདིའི་དག་དག་འདྲ་བཟོ་བཞིན་ཡོད་མོད་དེ་རིང་་་་་ཧ་ཧ་ཧ་ཧ
ཧཧཧ ཧཧཧ
བསྟོད་པའི་བསྟོད་ཚོད་མེད་ན་དཀྱུས་མི་སྤྱིར་བཏང་ཞིག་ལ་མི་ཡི་ཁྱུ་མཆོག་ཟེར། དགོད་བྲོའི་འཛུམ་ཀོང་གྱེན་དུ་མི་ཟེགས་གཟུར་གནས་བློ་ལྡན་འདི་ན་མེད། སྨད་པའི་སྨད་ཚོད་མེད་ན་རྩོམ་རིག་མཁས་པའི་ཤེས་ཡོན་ཅན་ལ་ཁྱི་ཡི་མཆོག་ཏུ་འབོད། གད་མོའི་ཟུག་གཟེར་རྒྱུ་མ་མི་ན་རང་རིགས་སྐྱེ་བོ་ཡོད་མ་ཡིན།
ཧཧཧ ཧཧཧ
རང་བཞིན་བརྗོད་པས་རྒྱུ་གཟེར་ལངས་ན། དིང་སང་སྨན་བཅོས་་མང་དུ་ཡོད། ཨ་རིའི་ཡུལ་དུ་སྨན་ལ་དངུལ་མང་དགོས་ཤིང་། བོད་ཀྱི་སྨན་སྔར་ལས་དར་རྒྱས་ཆེ་ཞིང་ཕལ་ཆེར་སྨན་སྦྱིན་ལྟ་བུར་རྙེད། དངུལ་ཡོད་ན། ཨ་རིའི་སྨན་སྟེན་ནུས། བོད་སྨན་སྟེན་པར་དངུལ་ཉུང་ཡོད་ནའང་རྙེད་པ། གང་རུང་སྨན་ལ་བསྟེན་ན། རྒྱུ་གཟེར་འཇོམས་པར་འགྱུར་བ་གདོན་མི་ཟའོ།།