པད་མ་འབུམ།
དེའི་རྗེས་སུ་མགོན་པོ་དང་ངོ་ཚོ་ཐུག་རྒྱུ་ཉུང་ན་ཡང་ཁ་པར་ནང་ལ་ནི་རྟག་པར་ཁ་བརྡ་བྱེད་ཀྱི་ཡོད། ཁང་གསར་རྡོ་རྗེ་ལགས་ཀྱིས་གསུངས་པ་དེ་ངོ་མ་རེད། ཁོ་ལ་ཁ་བརྡ་བྱེད་ཐེངས་རེར་ཁ་བརྡ་བྱེད་ཡུན་ཧ་ཅང་རིང་། དུས་ཚོད་མང་ཆེ་བ་ཁོ་བཤད་མཁན་དང་ང་ཉན་མཁན་ཡིན། ལག་པ་དང་རྣ་བ་བརྗེ་རེས་བྱས་ནས་ཉན་དགོས། ངས་ཁོ་ལ་ཕར་ཁ་པར་གཏོང་ན་དུས་ཚོད་རིང་པོ་ཞིག་ཡོད་པ་བྱས་ནས་གཏོང་གི་ཡོད། དེ་མ་གཏོགས་ཁོའི་ཁ་བརྡ་མཇུག་རྫོགས་མི་ཐུབ།
ཁ་བརྡའི་ནང་དོན་ནི་རིག་གཞུང་དང་བོད་ཀྱི་ཆབ་སྲིད། ཕ་ཡུལ་གྱི་སྐབས་དོན་སོགས་ཡིན། ངེད་གཉིས་ནས་དོན་དག་སྣ་མང་གི་ཐོག་ལ་རྩོད་པ་ཡང་ཐེངས་མང་པོ་བྱས་མྱོང། དཔེར་ན་རིག་གནས་གསར་བརྗེའི་སྐབས་ལ་བོད་ཡིག་ལ་རྒྱ་གཞུང་གིས་སྒྱུར་བཅོས་ཤིག་བཏང་བ་དེ་ལ་ང་ནི་ངོ་རྒོལ་བྱེད་མཁན་ཡིན། ཁོ་ནི་རྒྱབ་སྐྱོར་བྱེད་མཁན་རེད། ཁོས་དེ་ཡག་པོ་འདུག དེང་སང་ཡང་དེ་ལག་བསྟར་བྱེད་ཐུབ་ན་བོད་ཡིག་སྦྱོང་བདེ་བོ་ཡོང་ས་རེད། དེ་མ་གཏོགས་བྱིས་པ་རྣམས་ལ་བོད་ཡིག་ཟེར་དུས་ཤེས་རྒྱུ་མེད་པ་ཞིག་ལ་སེམས་ལ་ཤར་ཡོང་གི་འདུག་ཟེར། བཅོས་སྒྱུར་བྱས་པའི་བོད་ཡིག་ལྟར་སྟབས་བདེ་བྱས་ནས་འབྲེལ་སྒྲ་ལ་མཚོན་ན་གྱི་སྒྲ་དང་ཀྱི་སྒྲ་སོགས་བེད་སྤྱོད་བྱེད་ཀྱི་མིན་ཟེར་ནས་ཡུན་གང་མཚམས་ཤིག་ལ་མགོན་ཚེ་ལགས་ནས་ཁ་བརྡའི་ནང་ལ་ཚིག་ཕྲད་དེ་དག་ཀྱང་བེད་སྤྱོད་བཏང་མ་སོང་།
ཁོ་ནམ་ཞིག་ལ་ཕ་ཡུལ་ལ་ལྟ་སྐོར་དུ་འགྲོ་འགོ་ཚུགས་པ་ངས་མི་དྲན། ཕ་ཡུལ་ལ་ལྟ་སྐོར་ལ་འགྲོ་འགོ་ཚུགས་ནས་བཟུང་ཕ་ཡུལ་གྱི་སྐོར་ནི་ངེད་གཉིས་ཀྱི་ཁ་བརྡའི་བརྗོད་གཞི་གཙོ་བོ་ཞིག་ཡིན། ཁོ་ཕ་ཡུལ་ལ་སོང་ནས་ཁོ་ལ་མཐོང་སྣང་མི་བདེ་བ་ཡང་འགའ་རེ་བྱུང་འདུག དཔེར་ན་ཕ་ཡུལ་གྱི་གཞི་རིམ་གྱི་དཔོན་པོ་རྣམས་ཀྱིས་མཐོ་རིམ་དཔོན་པོ་རྣམས་ཀྱི་ལྟག་སྒོ་འགྲོ་ཐུབ་པར་གྱུར་བ་དང་དེ་རྣམས་ལ་ལྐོག་རྔན་བརྫངས་པའི་དོན་དག་དེ་ཚོ་ཆང་འཐུང་ས་ལ་ངོམ་བཤད་བྱས་ནས་གསང་བ་ཡང་བྱེད་དགོས་ཀྱི་མི་འདུག་ཟེར་ནས་ཁོས་ཡ་མཚར་བྱེད་ཀྱི་འདུག ཐེངས་ཤིག་ཁོ་ཕ་ཡུལ་དུ་ཕྱིན་སྐབས། བཞུར་ཆུ་ཞིག་གི་ནང་ལ་འགྱིག་དམ་འགྱིག་ཤོག་མང་པོ་ཡོད་པ་ཁོ་རང་ཆུ་ནང་ལ་སོང་ནས་དེ་རྣམས་སེལ་བ་ཡིན་ཟེར། ད་དུང་ཁོའི་ཨ་ཞང་ཞིག་གི་རྟ་ནི་ལོ་རེ་བཞིན་རྒྱུགས་འགྲན་གྱི་སྐབས་ལ་ཨང་དང་པོ་མང་པོ་ལེན་གྱི་ཡོད་པ་དང་ཁོའི་རྟའི་སྙན་གྲགས་ཐག་རིང་དུ་གྲགས་ནས་ས་ཐག་རིང་ནས་ཉོ་རུ་ཡོང་མཁན་མང་བའི་གནས་ཚུལ་ཞིག་ཀྱང་ཐེངས་དུ་མར་བཤད་སོང་།
ནད་ངན་དེ་མ་བྱུང་བའི་སྔོན་གྱི་ལོ་དུ་མའི་རིང་ལ། བོད་ཡིག་དང་། དབྱིན་ཡིག རྒྱ་ཡིག་གི་བོད་ཀྱི་རིག་གཞུང་དང་འབྲེལ་བའི་དཔེ་དེབ་མང་པོ་ཀློག་གི་ཡོད་པ་འདྲ། ཁོས་དོ་སྣང་བྱེད་ས་གཅིག་ནི་ནུབ་ཕྱོགས་པའི་བོད་ལ་དོ་སྣང་ཡོང་སྟངས་ཀྱི་སྐོར་ཡིན་ཅིང་། སྔ་བོའི་དུས་སུ་བོད་ལ་བསྐྱོད་མྱོང་བའི་ནུབ་ཕྱོགས་པའི་སྐོར་ལ་ཁོ་ལ་ཁ་བརྡ་བྱེད་རྒྱུ་མང་པོ་འདུག ངས་ཞུ་སྐུལ་བྱས་པ་ལྟར་ཁོས་ལ་རྩེ་དཔེ་མཛོད་ཁང་གསར་འཕྲིན་འདོན་ཐེངས་དྲུག་པའི་ཐོག་ལ་ཡང་ཨ་ཙ་ར་ཇོར་རྗེ་བྷོར་གལ་ཟེར་བའི་རྩོམ་ཞིག་ཀྱང་བྲིས་ཏེ་སྤེལ་། ལ་རྩེ་ཡི་གསར་འཕྲིན་རྗེས་མ་ཞིག་ལ་ཁོས་དེ་འདྲ་ཞིག་འབྲི་འདོད་གནང་སོང་། ཡིན་ན་ཡང་རྗེས་སུ་ཁོ་ལ་ནད་ངན་དེ་བྱུང་བ་རེད། ཁོ་ལ་ནད་ངན་དེ་བྱུང་རྗེས་ཀྱང་རིག་གཞུང་གི་དོན་དག་མང་པོ་ལ་དོ་སྣང་བྱེད་ཀྱི་འདུག ཐེངས་ཤིག་ཁོས་ང་ལ་བོད་ཀྱི་ལོ་རྒྱུས་ཐོག་གི་ས་མིང་གར་ལོག་ཟེར་བ་དེ་རྒྱ་ཡིག་དང་དབྱིན་ཡིག་གི་ཡིག་ཚང་དག་གཤིབ་བསྡུར་བྱས་ནས་ཅི་སྙེད་ཀྱི་སྐོར་ལ་ཁ་བརྡ་ཞིག་བྱས་སོང་། ང་ཡ་མཚར་བ་ནི་ཁོའི་རྒྱ་ཡིག་གི་ཤེས་ཚད་ཡིན། ངས་ཁོའི་རྒྱ་ཡིག་གི་ཤེས་ཚད་ནི་ཚགས་པར་དང་སྤྱིར་བཏང་གི་དཔེ་དེབ་རེ་ཀློག་ཐུབ་ཙམ་ལ་ཆ་འཇོག་བྱས་ཡོད། ང་ནོར་འདུག ངེད་གཉིས་ཀྱིས་ཁ་བརྡ་བྱེད་སྐབས་ཁོས་རྒྱ་ཡིག་གི་ཡིག་ཚང་རྙིང་པའི་ཡིག་ཁུངས་ཀྱང་གླེང་གི་འདུག དཔེར་ན་གར་ལོག་ལྟ་བུའི་ས་མིང་རྙིང་པ་ཡང་རྒྱ་ཡིག་གི་ཡིག་ཚང་རྙིང་པ་ལ་གཤིབ་བསྡུར་བྱས་ནས་བཤད་རྒྱུ་འདུག ཡང་ཐེངས་ཤིག་ཁོས་མི་ལ་རས་པའི་རྣམ་ཐར་མཛོད་ནག་མ་ཟེར་བ་ཞིག་ཀློག་རྒྱུ་བྱུང་ཟེར་ནས་དེ་དང་གཙང་སྨྱོན་ཧེ་རུ་ཀའི་མི་ལའི་རས་པའི་རྣམ་ཐར་གཉིས་ཀྱི་ཁྱད་པར་སྐོར་བརྗོད་སོང་། རྣམ་ཐར་དེ་ངས་ལ་རྩེ་དཔེ་མཛོད་ཁང་ལ་བླུས་ནས་ལོ་དུ་མ་སོང་། ཡིན་ན་ཡང་ཀློག་རྒྱུ་མ་བྱུང་། ངས་མ་ཀློག་པས་ང་རང་བཞིན་གྱིས་ཁོའི་ཁ་བརྡའི་ཉན་མཁན་དུ་གྱུར། གར་ལོག་ཀྱང་དེ་ལྟར་རེད། བོད་ཀྱི་ཆོས་འབྱུང་ཁག་ཀློག་མཁན་ཞིག་ཡིན་ན་ས་མིང་འདི་མིག་ལ་མ་ཐོགས་པ་ཞིག་ཡོད་པ་མ་རེད། ཡིན་ན་ཡང་ང་ལ་མཚོན་ན་ས་ཆ་འདི་དངོས་སུ་གང་ཞིག་ཡོད་པ་ལ་བསམ་བློ་ཙམ་བཏང་མ་མྱོང་། མགོན་པོས་བསམ་བློ་བཏང་བས་མི་ཚད་སྐད་ཡིག་མི་འདྲ་བའི་ཡིག་ཚང་ལ་གཤིབ་བསྡུར་ཡང་བྱས་འདུག
ཉིས་སྟོང་བཅུ་གཅིག་གི་དཔྱིད་ཀའི་ཉིན་ཞིག་ལ་མགོན་པོས་ང་ལ་ཁ་པར་ཞིག་སླེབས་ནས་ཁོ་ཕ་ཡུལ་ལ་འགྲོ་རྩིས་ཡོད་པའི་སྐོར་ཞིག་བཤད་སོང་། དེ་ནས་ལོ་དེའི་དབྱར་མཇུག་བར་དུ་ཅི་ཡང་གོ་རྒྱུ་མ་བྱུང་། ཉིན་ཞིག་དཔལ་ལྡན་རྒྱལ་ལགས་ནས་ཁ་པར་ཞིག་འབྱོར་ནས། ཁོ་གསར་འགོད་ཀྱི་ཆེད་དུ་ཁེ་ན་ཊ་ལ་སོང་ནས་མགོན་པོ་ལ་ཐུག་པ་ཡིན་ཏེ། མགོན་པོ་ལ་ཕོ་སྐྲན་བྱུང་ནས་ཟླ་བ་གཉིས་གསུམ་གྱི་མི་རུ་གྱུར་འདུག་ཟེར། དེ་ནས་ཉིན་གཉིས་ཀྱི་རྗེས་སུ་མགོན་པོ་རང་ནས་ཀྱང་ཁ་པར་ཡོང་ནས་ “ང་གཤིན་རྗེ་ཆོས་རྒྱལ་གྱི་ཁ་ནང་ན་ཡོད།”ཟེར།
ཟླ་གཅིག་ཙམ་གྱི་རྗེས་སུ། དཔལ་ལྡན་རྒྱལ་ལགས་ནས་མོ་ཊ་བཏང་ནས་ང་ཚོ་གྲོགས་པོ་གསུམ་མགོན་པོ་ཚེ་རིང་གི་ཁྱིམ་དུ་འབྱོར། སྐབས་དེའི་མཐོང་སྣང་དང་པོ་དེ་ད་དུང་ཡང་ངའི་མིག་ལམ་ན་འདུག ང་ཚོ་ཁོའི་ཁྱིམ་དུ་འཛུལ་བ་ན་མགོན་པོ་ལགས་དཔེ་དེབ་ཀྱི་ཤོག་སྒམ་ཞིག་གི་འཁྲིས་ནས་ཡར་ལངས་སོང་། ཁོའི་སྐྲ་ཐུང་བས་དཔྲལ་བ་ཇེ་ཆེར་སོང་ཡོད་པ་དང་། ཁོའི་སྨིན་ཚོམ་སྟུག་པོ་དེ་གཉིས་ཇེ་མཐུག་དང་ཇེ་ནག་ཏུ་སོང་ཡོད་པའི་ཚོར་བ་སྟེར། མཁུར་ཚོས་གཉིས་དང་སྣ་གཟེངས་གཉིས་ཀྱང་ཇེ་མཐོར་སོང་འདུག དེ་རྣམས་ལས་ཀྱང་མིག་ལ་ཐོགས་པ་ཞིག་ནི་ཁོའི་ལུས་ལ་གོན་པའི་གྱོན་ཆས་ཀྱི་ཕྱེད་ཀ་སྟོང་པ་ཡིན་པའི་ཚོར་བ་སྟེར་བ་དེ་རེད།
འདྲ་པར་འདི་ཐེངས་དེར་རིན་ཆེན་བཀྲ་ཤིས་ལགས་དང་དཔལ་ལྡན་རྒྱལ་ལགས། ང་བཅས་མགོན་ཚེ་དང་བྲལ་སྐབས་བླངས་པ་ཡིན། ངའི་མགོ་ཡི་ཕྱིང་ཞྭ་དེ་ནི་སྔོན་མ་ངས་ཐེངས་དུ་མར་ཁོ་ལ་དཔེ་དེབ་སྐོར་ཞིག་བསྐུར་བ་ལ་བཀའ་དྲིན་ཆེ་མཚོན་བྱེད་དུ་ཁོས་ང་ལ་བྱིན། འདི་ནི་ཁོའི་ཨ་མས་བཟོས་ཤིང་ཁོས་ “ཞྭ་མོ་འདི་རྙིང་པ་མིན་ན་ཡང་འདི་བཟོ་ཤེས་མཁན་ཧ་ཅང་ཉུང་ཉུང་རེད།”ཟེར།
ཞག་གཅིག་བསྡད་ནས་ང་ཚོ་ཁོ་དང་བྲལ་ཁར་ཁོའི་གོང་གི་གཟུགས་བརྙན་དེ་ཡང་སྐྱར་ངའི་མིག་ལ་མངོན་སྟོབས་ཆེན་པོས་ཤར། མགོན་པོས་ཁོའི་ཁྱིམ་གྱི་སྒོ་ཁ་ན་རབ་གསལ་ཞིག་ཡོད་པའི་ཁ་ན་ཐང་ན་ལམ་ཆས་བྱེད་བཞིན་པའི་ང་ཚོ་ལ་བལྟས་འདུག ཁོའི་གདོང་གི་ངོས་གཅིག་ལ་ཉི་འོད་ཕོག་འདུག་ཅིང་ངོས་གཅིག་གྲིབ་མས་གཡོགས་འདུག ཉི་འོད་ཕོག་ཕྱོགས་ཀྱི་ཁོའི་མིག་ལྕིབས་དང་སྣ་གཟེངས། མཁུར་ཚོས་སོགས་ཁ་རྩང་ལས་ཀྱང་ཆེ་ཞིང་མཐོ་བའི་ཚོར་བ་ཞིག་སྐྱེས། ངའི་མིག་གཉིས་མཆི་མས་སྒྲིབ་བཞིན་མོ་ཊའི་ནང་ལ་བུད། ཁོས་རབ་གསལ་ཁ་ནས་ལག་པ་གཡུག་གིན་འདུག ཁོ་ངའི་མིག་ནང་དུ་མག་མོག་ཏུ་གྱུར། དཔལ་ལྡན་རྒྱལ་གྱིས་མོ་ཊ་གཏོང་འགོ་ཚུགས། ལམ་ཐག་རིང་ཙམ་ལ་དཔལ་ལྡན་རྒྱལ་དང་། རིནཆེན་བཀྲ་ཤིས་ངེད་ཚོ་གསུམ་པོ་ཁུ་སིམ་མེར་ཡོང་།
ཉིན་ཁ་ཤས་ཀྱི་རྗེས་སུ་ངས་མགོན་པོ་ལ་ཁ་པར་ཞིག་བཏང་། ལེན་མཁན་ནི་ཁོའི་ཆུང་མ་པད་མ་རེད། མོས་ “གཏམ་བཟང་ཡོད། ཁ་ལག་སྐྱུགས་མ་སོང་། མགོན་པོ་ལ་སྐད་ཆ་ཤོད་དང་།”ཟེར། མགོན་པོ་ལ་ཁ་བརྡ་བྱས་དུས་ཟ་མ་ཟས་པ་སྐྱུགས་མཚམས་ཆད་དེ་Chemo therapy་ཟེར་བའི་སྐྲན་བཅོས་དེ་ལུས་པོས་ལེན་ཐུབ་རྒྱུའི་རེ་བ་འདུག་ཟེར།
སྐྲན་བཅོས་དེ་མགོན་པོའི་ལུས་པོས་ལེན་ཐུབ་པར་གྱུར་ནས་ཁོ་ནི་ཟླ་བ་གཉིས་གསུམ་གྱི་མི་ནས་ལོ་འཁོར་གྱི་མིར་གྱུར། སྐབས་དེ་དག་ལ་ངས་ཁོ་ཐང་ཆད་པར་དོགས་ནས་ཁ་པར་མང་པོ་བཏང་མེད། ཐེངས་རེ་ཟུང་བཏང་དུས་ཡང་ཁོའི་ཁ་བརྡ་རིང་པོ་ལ་ཉན་དགོས་ཀྱི་འདུག ཡང་ཁོས་དཔེ་ཆ་ཀློག་པའི་འགོ་ཚུགས་འདུག་ལ་དྲ་རྒྱ་ལ་ཡང་འཛུལ་གྱི་འདུག གར་ལོག་མི་ཤེས་ན་འདི་རེད་ཟེར་བའི་རྩོམ་དེ་ཡང་བར་སྐབས་དེ་འདྲ་ཞིག་ལ་བྲིས། ༢༠༡༢ ལོའི་དབྱར་མཇུག་ལ་ངའི་སྐྱེས་དམན་དང་ངེད་གཉིས་ཁོ་ལ་བལྟ་རུ་ཐེངས་གཅིག་སོང་། དེ་དུས་ཁོས་ལ་རྩེ་གསར་འཕྲིན་ལ་རྩོམ་ཞིག་འབྲི་རྒྱུའི་ཁས་ལེན་བྱས་ཡོད་པ་དེ་ཡང་འབྲི་ཨེ་ཐུབ་བལྟ་གི་ཡིན་ཟེར།
ཁོ་མ་གྲོངས་པའི་བདུན་ཕྲག་གསུམ་ཙམ་གྱི་སྔོན་ལ་ངས་ཁོ་ལ་ཁ་པར་ཞིག་བཏང་། དེ་ནི་ངས་ཁོ་ལ་ཁ་པར་བཏང་བ་ཐ་མར་གྱུར། ཁོའི་ལུས་པོས་སྐྲན་བཅོས་དེ་ལེན་མ་ཐུབ་པར་དུས་ཡུན་གང་འཚམས་ཤིག་སོང་འདུག ཁོའི་ལུས་པོའི་ལྗིད་ཚད་ལ་རྒྱ་མ་བདུན་ཅུ་ཁ་ཤས་མ་གཏོགས་མི་འདུག་ཟེར། ཁོ་ལ་ཁ་བརྡ་བྱེད་རྒྱུར་ལུས་ཟུངས་ཀྱིས་འདང་གི་མེད་པ་འདྲ། ངེད་གཉིས་ནས་ཁ་བརྡ་སྐར་མ་ལྔ་དྲུག་ཙམ་བྱས་རྗེས་ཁོས་ “ཨ་རོ། ད་དེ་བྱེད། ངེད་གཉིས་ཀྱིས་ངལ་གསོ་བྱེད།”ཟེར།
དེ་ནས་བདུན་ཕྲག་གསུམ་གྱི་རྗེས་སུ་ཁོས་གཏན་དུ་ངལ་གསོ་བྱས་པ་རེད།
སེམས་པ་སྐྱོ་བ་ལ།
་རྒན་པད་མ་ལགས་འབུམ་གྱིས་བྲིས་པའི་དྲན་སྣང་ཐར་ཐོརནང་གི་མགོན་པོ་རེ་རེ་བཞིན་ཀློག་པ་ཡིན་།རྒན་པད་མ་འབུམ་ལགས་ཐུགས་རྗེ་ཆེ་ཞུ་།ངོ་མའི་རྩོམ་ཡིག་ཟེར་་བ་རེད།།རྒན་མགོན་པོ་ལ་མྱ་ངན་གུས་འདུད་དང་རྒན་པད་མ་འབུམ་ལགས་སྐུ་ཚེ་རིང་བར་ཤོག།ཁ་དྲོ།བཀྲ་ཤིས།
ཨོམཎིཔདྨེཧཱུ། མགོན་སྤྱན་རས་གཟིགས་ཀྱིས་སྣ་དྲོངས། ལ་རྒྱ་དུངས་སེམས་ཅན་གྱི་གྲོགས་པོ་སྐོར་ཞིག་གིས་ཁོང་ལ་སྐྱེལ་མ་ཞུས་འདུག་པས་དམ་པ་དེ་ཉིད་ཀྱང་འཆི་བཟོད་བདེ་པོ་བྱུང་ཡོད་ངེས་རེད། གཏམ་རྒྱུད་མགོ་ནས་མཇུག་བར་ཀློག་པ་ཡིན་པས་ད་ནི་སེམས་པ་སྐྱོ་པོ་འདྲ་ཞིག་བྱུང་། ཁོང་རྒྱ་གར་ནང་བཞུགས་སྐབས་རི་ཁྲོད་བཙུན་མ་ཞིག་དང་བརྩེ་དུང་གི་སྙན་ངག་འབྲི་རེས་བྱས་པ་རྩེད་མཚར་གྱི་ཚུལ་དུ་འགོད་དགོས་བསམ་ཀྱང་མི་ནི་ཨ་ཁུའི་སྐུ་མདུན་ལ་འགྲོ་ཚར་བས་ད་བསྐྱུར་ལ་ཐོངས།
པད་མ་འབུམ་ཟེར་བ་ཞིག་གོ་བ་མ་གཏོགས་མཐོང་མྱོང་བ་མ་དྲན། ཡིན་ནའང་ངའི་སྣང་བ་ལ་ཨ་ར་ཡོད་མཁན་ཞིག་ཡོད་ན་སྙམ་པ་ཞིག་རང་ཆས་སུ་སེམས་ནང་འཁོར། དེར་བརྟེན་ད་ལྟ་དཔར་གྱི་ནང་བལྟ་དུས་དང་ཐོག་རྒྱུ་མཚན་མེད་པར་་ཨ་ར་ཅན་དེ་པདྨ་འབུམ་ཡིན་པར་ཐག་བཅད་ཀྱང་མར་མར་བྱས་དུས་ནོར་ངོ་འཕྲོད། ངའི་འཆར་སྣང་དེ་དང་ཁྱོན་ནས་འདྲ་གི་མིན་འདུག ད་ཡིན་གྱི་རེད། ང་རང་ཡང་ལོ་ངོ་སུམ་ཅུ་སོ་དགུ་ལ་ཐུག་ཚར་འདུག
སྔོན་མ་དགུ་བཅུ་གོ་གྲངས་ནང་པད་མ་འབུམ་ལགས་ཀྱི་བརྩམས་ཆོས་དེབ་ཆུང་ཞིག་བཀླགས་མྱོང་ཡང་བརྗོད་བྱ་ནི་གཏིང་བརྗེད་ཕྱིན་ཚར་འདུག དེ་སྐབས་པདྨ་འབུམ་དང་ཧོར་གཙང་འཇིགས་མེད་གཉིས་རིག་གནས་ཐོག་དགག་པ་རྒྱག་རེས་བྱས་པ་སོགས་མང་པོ་ཞིག་གོ་མྱོང་། ད་དུང་ ‘ལྗང་གཞོན་’ ཡིན་པ་ཡོད་གཅིག་གི་ནང་དོན་གྲུབ་རྒྱལ་གྱིས་བརྩམས་པའི་གཞས་ཚིག་ ‘མཚོ་སྔོན་པོ་’ ཞེས་པར་ཁྱོད་ཀྱིས་འགྲེལ་བཤད་བྲིས་འདུག་པའི་ནང་ནས་ད་ལྟ་དྲན་ལམ་ན་ཡོད་པ་ནི། མཚོ་སྔོན་པོ་ཐེངས་གསུམ་འབོད་པ་དེ་ཆོས་རྒྱལ་མེས་དབོན་རྣམ་གསུམ་ལ་སྦྱར་བ་དེ་རེད། དེ་དུས་ངའི་བསམ་བློར་ ‘དོན་གྲུབ་རྒྱལ་གྱིས་འདི་འདྲ་དྲན་ཡོད་མེད་གང་ཤེས་ཏེ། འགྲེལ་བཤད་ཀློག་པའི་རྗེས་ལ་གཞས་ཚིག་དེ་རིན་ཐང་ཞེ་དྲག་ཆེ་རུ་ཕྱིན་སོང་’ བསམས་པ་བྱུང་། ད་དུང་ཐག་རིང་ནས་གོ་བའི་གཏམ་དག་ལ་མ་དག་མང་པོ་ཡོད་ཀྱང་ཚང་མ་ག་ལ་བྲིས་ཐུབ།
གང་ལྟར་ཡང་ཁྱེད་རང་ས་ཐག་དང་དུས་ཚོད་ཀྱིས་ང་ཚོ་དང་རྒྱང་ཁྱད་ཇི་ཙམ་ཆོད་ཀྱང་ང་ཚོས་ཁྱོད་བརྗེད་མེད། ཅེས་ཞུ་བར་འདོད་དོ།།
རྒན་ཆབ་བྲག་ལྷ་མོ་སྐྱབས་ཀྱིས་སྣེ་ཁྲིད་ནས་མགོན་པོ་ཚེ་རིང་དམ་པ་དེའི་རྗེས་དྲན་ཡང་དག་ཅིག་བྱ྄ུང་སོང་། ཁོང་གི་བར་མདོའི་རྣམ་ཤེས་ལ་ཞི་བདེའི་འོད་སྣང་ཁྱབ་ཅིང་། བོད་གངས་ཅན་པའི་མགོན་པོ་སྤྱན་རས་གཟིགས་ཀྱི་གདུལ་བྱ་ཆོས་འབྱོར་ལྡན་པ་ཞིག་ཏུ་སྐྱེ་བར་སྨོན།
ཁྱོད་ཅིའི་ཕྱིར་འཇིག་རྟེན་འདི་ནས་མགྱོགས་པོར་གཤེགས་སོང་བ་ཡིན་ནམ། ཁྱེད་གཤེགས་ཤུལ་དུ་སུ་ཞིག་ལྷག་ཡོད་མིན་མ་མཁྱེན་སམ། ཁྱེད་ཀྱི་ཅིའི་ཕྱིར་བསམ་ཤེས་མ་གནང་བ་ཡིན་ནམ་་་་་་་་་་་་་་་་
མ་ནི་པ་དྨེ་ཧཱུྃ་། མ་ནི་པ་དྨེ་ཧཱུྃ་། མ་ནི་པ་དྨེ་ཧཱུྃ་། མ་ནི་པ་དྨེ་ཧཱུྃ་། མ་ནི་པ་དྨེ་ཧཱུྃ་།
ངའི་སྙན་ངག་པ་རྒན་པ་མགོན་ཚེ་མི་ཤེས་ཡིན་ཡང་ངའི་ཁོང་ཀློག་གི་ཡོད་། སེམས་ཀྱི་ཀློག་གི་ཡོད་། རྒྱང་རིང་ལ་ཆས་ཟིན་པའི་ཁོ་བོས་རྒྱབ་ལྗོངས་ཀློག་གི་ཡོད། ཀློག་གིན་ཀློག་གིན་བདག་གི་ཁོ་བོ་ད་དུང་ཡང་གང་ཞིག་ན་འཚོ་ཡོད་པར་འདོད། སྙན་ངག་པ་བདེ་མོ་བྱས་། མགོ་ནས་ཀློག་དེ་མཐའ་ཕུལ་དུས་གཏམ་རྒྱུད་དང་མི་བུ་དེ་བདག་དང་ཐག་ཉེས་སུ་ཡོད་པའི་གྲོགས་པོ་ཞིག་དུ་སྣང་། ཨ་ཁུ་པདྨ་འབུམ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། མང་པོ་ཞིག་བྲིས་སོང་ལ་མང་པོ་ཅིག་རྟོགས་སོང་། སྐྱེས་པ་རླབས་ཆེ་ཞིང་འཆི་བ་གཟི་བརྗིད་ལྡན་པར་སྙམ།
“དེ་རྣམས་ལས་ཀྱང་མིག་ལ་ཐོགས་པ་ཞིག་ནི་ཁོའི་ལུས་ལ་གོན་པའི་གྱོན་ཆས་ཀྱི་ཕྱེད་ཀ་སྟོང་པ་ཡིན་པའི་ཚོར་བ་སྟེར་བ་དེ་རེད།”
གཟིགས་དང་ངོ་མ་རྩོམ་གྱི་བྲོ་བ་འདུག་ ཐུགས་རྗེ་ཆེ།
འདི་བཀླགས་པའི་ལག་རྗེས་ལ་མིག་ཆུ་ཐིགས་པ་བཅུ་གྲངས་ཙམ་གྱིས་འགྲམ་ངོས་བརླན་སོང་། ཀྱེ་མ་ཀྱེ་མ།
ཨ་ཁུ་པདྨ་འབུམ་གྱིས་མགོན་ཚེའི་ནད་གཞིར་སྐྲན་ཟེར་བ་ནོར་འདུག་འདོད། Chemo Theraphy ཟེར་བའི་སྨན་བཅོས་དགོས་རིགས་ཀྱི་ནད་གཞི་ནི་བོད་ཀྱི་སྨན་གཞུང་དུ་འབྲས་ནད་ཅེས་པའི་ཐ་སྙད་ཡོད་པ་དེར་གོ་དགོས། འདི་ནི་ཨིན་སྐད་དུ་cancerཟེར་བའི་ནད་གཞི་དེ་ཡིན།
སྐྲན་ཞེས་པ་ནི་Tumourཟེར་བའི་ནད་གཞི་དེ་ཡིན། འབྲས་སྐྲན་གཉིས་ལ་ཁྱད་པར་ཆེན་པོ་ཡོད་དོ།
དབུགས་རིང་ཞིག་དང་ལྷན་དུ་འདྲ་པར་མཐའ་མ་དེའི་ནང་དུ་རྒན་པདྨ་འབུམ་ལགས་ཀྱི་སྤྱན་གཉིས་ལ་མཆི་ཞགས་འཁོར་ཡོད་པ་འདྲ་བོ་མཐོང་སོང་། གྲོགས་པོ་འདང་ཆེན་ཞིག་ལ་མཐའ་མའི་བདེ་མོ་འཇོག་སྐབས་ཀྱི་ཚོར་བ་དེ་ཡི་གེར་འགོད་ཐུབ་པ་ཞིག་ཡིན་མི་སྲིད། རྒན་པདྨ་འབུམ་ལགས་ཀྱིས་འདི་ལྟར་མགོན་པོ་ཚེ་རིང་ང་ཚོའི་མིག་སྔར་ཡང་སྐྱར་ལན་གཅིག་ཁྲིད་ཡོང་བར་ཐུགས་རྗེ་ཆེ་ཞུ། འདི་ལ་སྣང་ས་འོད་འབུམ་འདས་ལོག་བྱས་པའི་སྒྲུང་དེའི་འགུག་ཤུགས་ལྡན་པར་སྙམ།
ངའི་དྲ་གྲོགས་དེ་རིང་འདི་ལྟར་བུད་སོང་། ངེད་གཉིས་རྐང་སྤོལ་དང་། མི་ལའི་རྣམ་ཐར་མཛོད་ནག་མའི་སྐོར་ནས་རྩོད་གླེང་བྱས། རྩོད་གླེང་དེ་དག་ཞི་བ་དང་བདེ་བས་མཇུག་བསྡུས། ཨོཾམཎིཔདྨེཧཱུཾ
པདྨ་འབུམ་ལགས་ཀྱིས་དྲན་སྣང་གི་རྒན་དམ་པ་ཁོང་གི་རྣམ་ཐར་བསྡུས་པ་ཆ་ཚང་བཀླགས་པ་ཡིན་ལ་རྣ་བར་སྙན་གྱིན་སྙན་གྱིན་སེམས་པ་སྐྱོ་གིན་སྐྱོ་གིན་རྫོགས་ཟིན་པའི་སྣང་བ་བསྟེར།
ངས་ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་གསར་བ་ཞིག་ཉོས་པ་ཡིན། ཡིན་ནའང་ཝ་བཏགས་ཀྱི་ལྡེ་མིག་རྙེད་མ་སོང་བས། མཁྱེན་མཁན་ཡོད་ན་གསུང་རོགས་ཞུ། ཐུགས་རྗེ་ཆེ་ཞུ།།
ངའི་དྭའི་ཝ་ཟུར་ནི། Mབསྣེམ་ནས་Uབསྣེམས་ན་ཐོན།
ཀྭརྡོ་ལགས་ཐུགས་རྗེ་ཆེ།
ངས་ཀྱང་མ་ཎི་ཚར་ཁ་ཤས་མགོན་པོ་ཚེ་རིང་ཆེད་དུ་བཏོང་ཡིན་། ཡིན་ད་ཡིན་། ཤི་བོ་ལ་ཆོས་དང་གསོན་པོ་ལ་རྒྱུ་རེད་།
འང་ཀྱང་ཤི་བ་ནི་མགོན་ཚེ་གཅིག་པུའི་ཆ་སྒོ་ཞིག་མ་ཡིན་པར་། ང་ཚོས་ངོས་འཛིན་བྱས་པའི་འཁོར་བ་ཟེར་བ་འདིར་སྐྱེ་བ་སླངས་ཚད་ཀྱི་ཆ་སྒོ་ཞིག་གམ་། ཡང་ན་ལྡོག་ཏུ་མེད་པའི་འཇིག་རྟེན་འདིའི་བཀོད་སྒྲིག་ཞིག་ཡིན་དུས་། སྐྱོ་བའི་མིག་ཆུ་སུ་ལ་གཏོང་།
རྒན་པདྨ་འབུམ་འདི་ཕྱི་ཐག་ཡོད་པའི་མྱི་ཞིག་ཡིན་པ་འདྲ། ད་བྱས་ན་འགྲིགས་བཞག། ཕྱག་གཉིས་བ་ཁོང་ནི་བཤད་མ་དགོས་བ་ཞིག་རེད། གྲོགས་པོ་གཉིས་ཀྱི་གྱེས་འཛོམས་འདུ་བྲལ་ལ་ཐུགས་མཐུན་གྱི་གོ་རིམ་འདུག། གྲོགས་པོ་རླབས་ཆེན་འདྲ་ཡོད་ན་དེ་གླེང་ནིའི་གྲོགས་པོ་རྐང་རྩ་ཅན་རེ་ཡོད་ན་ཡང་ཡག་པོ་འདྲ་ཞིག་མིན་རྒྱུ་མི་འདུག།
ངོ་མ་འཁོར་བའི་རང་བཞིན་ཚང་མ་འདི་འདྲ་པོ་རེད། ལས་འཕྲོ་དང་། ཟ་འཕྲོ་བཤད་འཕྲོ་ཐམས་ཅད་རང་དབང་མེད་པར་བཞག་ནས་འགྲོ་དགོས་པ་ནི་འགྲོ་དུས་ཇི་འདྲའི་སེམས་སྡུག་ཅིག་ཡོད་ན། ཨ་ཁ་ཁ། ཤི་དུས་རེ་ས་གཅིག་ལས་མེད་པ་ནི་དགེ་བ་ཁོ་ན་རེད། རྩོམ་འདི་ཀློག་གིན་ཀློག་གིན་ངེས་འབྱུང་སྤུ་སུད་སྐྱེ་འགོ་བཙུག སེམས་པ་སྐྱོ་སོང་།
འགྲོ་དགོས་པ་འགྲོ་དུས་ཞེས་པ། བཞག་ནས་འགྲོ་དུས་ཞེས་བཅོས།
ངོ་མ་འཁོར་བའི་རང་བཞིན་ཚང་མ་འདི་འདྲ་པོ་རེད། ལས་འཕྲོ་དང་། ཟ་འཕྲོ་བཤད་འཕྲོ་ཐམས་ཅད་རང་དབང་མེད་པར་བཞག་ནས་འགྲོ་དུས་ཇི་འདྲའི་སེམས་སྡུག་ཅིག་ཡོད་ན། ཨ་ཁ་ཁ། ཤི་དུས་རེ་ས་གཅིག་ལས་མེད་པ་ནི་དགེ་བ་ཁོ་ན་རེད། རྩོམ་འདི་ཀློག་གིན་ཀློག་གིན་ངེས་འབྱུང་སྤུ་སུད་སྐྱེ་འགོ་བཙུག སེམས་པ་སྐྱོ་སོང་། འདས་པོ་འདི་གསོན་པོའི་ཚེ་ན་གོ་མྱོང་མེད་ཀྱང་དུས་པོ་ཆེའི་རྗེས་ནས་སེམས་ཐག་ཉེ་བའི་་ངོ་ཤེས་འདྲ་པོ་ཞིག་ཏུ་གྱུར། ཁྱེད་བདེ་གནས་ཐོབ་པའི་བསྔོ་སྨོན་བདག་གིས་ཞུ། །
ཨ་ཡོ། ཕོ་གསར་བློ་དཀར་སྟག་འཕྲུག་ངར་མ་འདི་སླར་ཡང་བོད་པ་རིགས་བཞེན་ཅན་གྱི་ཕ་མ་ཞིག་ལ་འཁྲུངས་པར་ཤོག དང་པོ་ཕ་མ་དྲིན་ཅན་ངག་ལས་བོད་ཀྱི་རིག་གཞུང་ཐོས་པར་ཤོག དེ་ནས་བསྟན་པའི་བཤད་སྒྲུབ་ཚང་བའི་དགོན་པ་ཞིག་ལ་ཕེབས་པར་ཤོག རྗེས་ལ་དེང་དུས་ཤེས་ཡོན་འཕྲད་ནས་རྣམ་དཔྱོད་ཕུན་སུམ་ཚོགས་པར་ཤོག རིམ་བཞིན་བློ་དཀར་གཞུང་བཟང་ལྡན་པའི་སྥྱི་ནོར་མགོན་དུ་ཕེབས་པར་ཤོག སྐྱེས་མ་ཐག་ནས་བོད་ཀྱི་བདེན་པའི་ཐོབ་ཐང་བརྩོད་པ་ཤོག སུ་དང་གྲོགས་ཀྱང་བོད་ཀྱི་བདེན་པ་ཤོད་པར་ཤོག རྣམ་པ་ཀུན་དུ་རྣམ་དཔྱོད་ཤེས་རྩལ་བདེན་པ་བདེན་ཐུག་ཡོང་བ་ཤོག
ཨ་ཁུ་པད་མ་འབུམ་ལགས་སུ་ཞེ་ཐག་ནས་ཐུགས་རྗེ་ཆེ། ཡང་བསྐྱར་འདས་པོ་ཁོང་ལ་ཡང་རྗེས་དྲན་ཞུ།
འདས་པོ་དམ་པ་མགོན་པོ་ཚེ་རིང་ལགས་ནད་ངན་དེས་ཟིན་ནས་སྐུ་མ་འཚམས་པ་ལ། ཕངས་སེམས་དང་སྙིང་རྗེས་མྱ་ངན་ཞུ། ཁོང་ནི་ང་ཚོའི་སྤྱི་ཚོགས་ཀྱི་རྩོམ་གྲགས་ཆེ་ཤོས་ཀྱི་གྲས་ཡིན་པ་འདྲ། སྔོན་ཆད་ངས་ཧ་གོ་ཡི་མེད། གོ་ལྔ་ལོའི་དམངས་གཙོ་ཚགས་པར་ཁ་ཤས་ལ་ལྟ་མྱོང་། དེར་རྩོམ་སྒྲིག་པ་འཇམ་དབྱངས་ནོར་བུ་དང་། ལས་རོགས་མགོན་པོ་ཚེ་རིང་ཞེས་བྲིས་འདུག་པ་ལ། དེ་ཨ་མདོ་ཞིག་མིན་ནམ་སྙམ་པ་ལས། གཞན་ཤེས་རྟོགས་གང་ཡང་མེད། ཡིན་ནའང་ད་སྐབས་སྐུ་ཞབས་པདྨ་འབུམ་ལགས་ཀྱིས་གནས་ཚུལ་ལྷུག་བརྗོད་གནང་ཡོང་དུས་གཞི་ནས་ཤེས་རྟོགས་བྱུང་པ་རེད། (དྲན་སྣང་ཐར་ཐོར་གྱི་ནང་གི་མགོན་ཚེ། -གྲོགས་པོ་མགོན་པོ་ཚེ་རིང་རྗེས་སུ་དྲན་པ། )ཞེས་པ་སྤེལ་ཐེངས་ཚང་མར་ལྟས་པ་ཡིན། ཐུགས་རྗེ་ཆེ།
སྐབས་འདིར་སླེབས་སོང་བས། ངས་ཐོག་མར་འདས་པོ་དམ་པ་ཁོང་ལ་རྗེས་དྲན་གུས་འདུད་དང་ནང་མི་བུ་ཕྲུག་དང་བཅས་པར་སེམས་གསོ་ཞུ།
དེ་ནས་ཨ་ཁུ་པདྨ་འབུམ་ལགས་ཀྱིས་བྲིས་པའང་མཇུག་བསྡུས་ཟིན་པ་འདྲ་བས། སྔ་གཞུག་ཚང་མ་བཀླགས་ཟིན་པའི་སྐོར་ནས་མྱོང་སྣང་ཐན་ཐུན་ཞིག་བྲི་བར་འདོད། སྔ་གཞུག་ཚང་མའི་ནང་དུ་ཨ་ཁུ་པདྨ་འབུམ་སོགས་སྐབས་དེའི་རྒན་རབས་པ་དག་གི་ལས་ཀ་དང་མཉམ་འཛོམས། གྱེས་བྲལ་སོགས་ཀྱི་རྣམ་པར་མཇལ་འོང་སྐབས། སྐབས་དེའི་ཁྱད་ཅག་ནི་ཅི་འདྲའི་ཕྱི་ཐག་དམ་ཚིག་གཙང་བའི་མི་བུ་ཏག་ཏག་རེད་ཨང་སྙམ་པ་དྲན་སོང་། ཡང་དེ་ལྟ་ལོས་ཡིན་ཏེ། རིག་གཞུང་གིས་རྐང་ཚུགས་པའི་རླབས་ཆེན་གྱི་སྐྱེས་བུ་ཏག་ཏག་རེད་ཨང་བསམ་པའང་བྱུང་། ཐུགས་རྗེ་ཆེ།
ཁྱེད་ཀྱི་སྔ་གཞུག་གི་དྲན་ཐོ་ཚང་མར་ཞིབ་མཇལ་བྱས་པས་བདག་ལ་བློ་སྐྱེད་གྱ་ནོམ་པ་རེག་སོང་ཞུ། དེའི་སྟབས་ཀྱིས་བསྐྱར་དུ་ཐུགས་རྗེ་ཆེ་ཞུ།
འདས་པོ་མགོན་ཕྱག་གཉིས་པ་ཁོང་། །
མགོན་པོ་སྤྱན་རས་གཟིགས་དབང་གི། །
པོ་ཏ་ལ་རུ་སྐྱེས་གྱུར་ནས། །
ཕྱག་བཞིའི་མགོན་པོས་བྱིན་བརླབས་ནས། །
གཉིས་སྐྱེས་དྲང་སྲོང་ས་ཐོབ་ཤོག །
སྐུ་ཞབས་པདྨ་འབུམ་ལགས་ཀྱི་མི་རབས་གསར་པའི་སྙིང་ཁམས་ཀྱི་འཕར་ལྡིང་ཞེས་པའི་དེབ་དེ་བཀླགས་པའི་རྗེས་སུ་རང་མོས་སྙན་ངག་ལ་གོ་རྟོགས་ཞེ་དྲག་ཆེ་རུ་ཕྱིན་སོང་། འོན་ཀྱང་རྒྱབ་ལྗོངས་ཀྱི་ལྟ་གྲུབ་མང་པོ་ཞིག་ལ་རིག་གནས་གསར་བརྗེའི་ཤན་ཐེབས་པ་འདྲ་པོ་འདུག གང་ལྟར་དཔེ་དེབ་དེ་རྩེད་ཕུད་ཅིག་ཡིན་པའི་ཚོར་སྣང་བྱུང་།
རྩོམ་པ་པོ་པདྨ་འབུམ་ལགས་ཀྱིས་བྲིས་པའི་དྲན་སྣང་ཐར་ཐོར་དེ་ལས་རྒན་མགོན་ཚེ་ལགས་ཀྱི་མི་ཚེའི་སྐོར་དང་ལྷག་པར་སྐབས་དེའི་དུས་ཀྱི་ངས་མི་ཤེས་པའི་བཙན་བྱོལ་སྤྱི་ཚོགས་ཀྱི་སྣང་བརྙན་གསོན་པོ་ཞིག་ཤར་སོང། རྩོམ་པོ་པོ་མཆོག་ལ་བཀའ་དྲིན་ཆེ་ཞུ་རྒྱུ་དང། མུ་མཐུད་ནས་རྩོམ་ཡིག་གང་མང་སྤེལ་རོགས་གནང། །
དེ་རིང་མིག་ཆུ་མང་བོ་ཞིག་བཞུར་བཅུགས་སོང་། བཀའ་དྲིན་ཆེ།
དངོས་ནས་སེམས་འགུལ་ཐེབས་སོང་། ཨ་ཁུ་པདྨ་འབུམ་ལ་ཐུགས་རྗེས་ཆེ་ཞུས་པ་ཡིན།
མགོན་ཚེ་ལགས་ཁ་བརྡ་དྲ་ཚིགས་ནས་མ་གཏོགས་གོ་མྱོང་མེད། མི་ལ་རྒྱ་ཅན་ཞིག་དང་ཤེས་ཡོན་པ་ཚོའི་ལོ་རྒྱུས་འབྲི་རྒྱུ་ནི་མིག་སྟོན་བཟང་པོ་ཞིག་རེད། ཁོང་ནི་ཁ་བརྡ་དང་གཏན་དུ་བྲལ་ནས་འདི་ལྟར་བཞུད་སོང་ན་ཡང་། དྲན་སྣང་ཐར་ཐོར་ཀློག་ཐེངས་རེས་སྙན་པོ་བྱུང་། ཁོང་ལྟ་བུའི་མི་རང་ཚུགས་ཅན་དང་ཤེས་ཡོན་པ་ཚོ་གསོན་པོར་གནས་ན་ཅི་མ་རུང་།
འདས་པོ་ཁོང་ལ་མྱ་ངན་གུས་འདུད་ཞུ། ཨ་ཁུ་པདྨ་འབུམ་ལ་ཡང་བསྐྱར་ཐུགས་རྗེ་ཆེ།
དངོས་ནས་སེམས་སྐྱོ་སོང་། ཨ་ཁུ་པདྨ་འབུམ་ལ་ཐུགས་རྗེས་ཆེ་ཞུས་པ་ཡིན།
པདྨ་འབུམ་མཆོག་གིས་བྲིས་གནང་བའི་དྲན་སྣང་ཐར་ཐོར་གྱི་ནང་གི་མགོན་ཚེ་ཞེས་པའི་སྐྱིད་གཏམ་སྡུག་གཏམ་འདི་ཆ་ཚང་བར་བཀླགས་ཡོད་ཞུ། བཀའ་དྲིན་ཆེ། །
ཐུགས་རྗེ་ཆེ། དགེ་པད་མ་འབུམ་ལགས། ཁྱེད་ཀྱི་རྩོམ་ཡིག་ཚང་མ་ཀློག་ཚར་བ་ཡིན། འདོན་ཐེངས་རེ་རེར་གློག་བརྙན་ལ་ལྟ་བཞིན་ཡོད་པའི་ཚོར་བ་ཞིག་སྟེར་ཐུབ། དེའི་ནང་ལ་དགའ་སྡུག་སྐྱོ་གསུམ་འཛོམས་འདུག ངའི་སེམས་ཀྱང་ཁྱེད་རྣམ་པའི་བརྒྱུད་ཟིན་པའི་དགའ་སྡུག་སྐྱོ་གསུམ་དང་འགྲོགས་ནས་ཁྱེད་ཀྱིས་བྲིས་པའི་རྩོམ་ཡིག་གམ་ཡང་ན་ང་ལ་མཚོན་ན་གློག་བརྙན་ལྟ་བུའི་ཀློང་དུ་སོང་། མཐར་ཁྱེད་ཀྱི་རྩོམ་ཡིག་ཚར་སྐབས་ང་ཡང་མཆུ་མས་བརྣང་། ཡང་བསྐྱར་ཐུགས་རྗེ་ཆེ་ཞུ།