གསུམ། རིག་གནས་ཡར་སྤེལ་གྱི་བཞེད་དགོངས།
རྡོ་རྗེ་དབང་ཕྱུག
ངས་ནམ་རྒྱུན་ཁོང་གི་དགོངས་པ་བཞེས་ཕྱོགས་ཀྱི་བབ་དེ། དཔེ་ཁྲིད་ཞུས་རིམ་དང་། ཕྱིས་སུ་ཡིག་འབྲེལ་ཞུས་རིམ། སླར་ཡང་དངོས་མཇལ། དེ་ནས་ཡིག་འབྲེལ་བཅས་ཀྱི་སྐབས་དེ་ཚོར། ཡང་དང་བསྐྱར་དུ་ཞིབ་འཚོལ་ཞུས་མྱོང་། ཁོང་གི་ཐུགས་ན་གཟས་ས་ཟབ་པའི་གཟིགས་སྟངས་ཤིག་ཡོད་པར་མཐོང་བ་ནི། “བོད་ཀྱི་རིག་གནས་དང་སྐད་ཡིག་གཉིས་ཀྱི་བར་ན་སྟོང་ཆ་ཞིག་ལྷག་ཡོད་པ་དང་། སྟོང་ཆ་དེ་གསབ་མ་ཐུབ་པ་ཡིན་ན། རྩ་ཆེའི་རིག་གནས་འདི་རྒྱུན་འཛིན་ཐུབ་ཀྱི་མ་རེད། དེ་ཐུབ་ཐབས་སུ། སྐད་ཡིག་དང་རིག་གནས་གཉིས་མཐུད་ཀ་རྒྱག་པའི་ལས་ཀ་མང་པོ་བྱེད་དགོས་ཀྱི་འདུག ངའི་ལས་འགན་གཅིག་དེ་འདི་ཡིན། དཔེ་ཁྲིད་དང་རྩོམ་བྲིས་ཚང་མའང་གཞི་འདི་ལ་བཞག་ནས་བྱེད་ཀྱི་ཡོད” ཅེས་ཡང་ཡང་གསུང་མྱོང་བ་འདི་རེད།
ཕྱི་ལོ་ ༢༠༠༡ ཟླ་ ༨ ཚེས་ ༦ འཁོད་པའི་ཕྱག་བྲིས་ནང་། “ཚངས་དབྱངས་ཀྱི་གསུང་མགུར་དང་། གསུང་གཞས་གཉིས་ལ་ཞིབ་འཇུག་ཞུ་མུས་ལ། རིག་འཛིན་ཚངས་དབྱངས་ཀྱི་རིག་མ་དྲུག་གི་མཚན་གསལ་པོ་རྙེད་མུས། འདི་ཟིན་མཚམས་སངས་རྒྱས་ཀྱི་སྤྱོད་པ་རབ་བྱེད་མཐའ་མ་གསུམ། ཀམ་པི་ཊར་ནང་གཟུངས་བཞུགས་འབུལ་རྒྱུ་ཡིན་ཅིང་། བསྟན་བཅོས་གཅིག་ལ་ཞུས་དག་ཆ་ཚང་གཅིག་བྱུང་བའི་དགའ་བ་ཆེན་པོ་སྒོམ་བཞིན་དུ་ཡོད། དེ་ནི། དགེ་འདུན་ཆོས་འཕེལ་གྱིས། མཐོ་རིས་ཐར་པའི་དངོས་རྒྱུ་མི་བྱེད་ཅིང་། །གསེར་དང་དངུལ་གྱི་འདུ་སྒོ་མི་ཡོང་བའི། །བར་མ་དོ་ན་གནས་པའི་གནད་འདི་དག །ཀུན་གྱིས་བོར་ཡང་ཁོ་བོས་ཞིབ་ཏུ་དཔྱད། །ཅེས་དང་། ཡང་། ཆེན་པོའི་ལུང་དང་གསེར་གྱི་མཎྜལ་བཅས། །བསྐུལ་བའི་སྐྱེས་བུ་སུ་ཡང་མ་མཆིས་ཀྱི། །རིག་པའི་དབྱིག་མཛོད་འདོར་ལ་ཕངས་པའི་བློས། །རང་གིས་དཀའ་བ་ཁུར་དུ་བླངས་ཏེ་བྲིས། །གསུངས་པ་དགེ་རྒན་གྱི་བཀའ་ལ་བརྩིས་པའི་ལས་ཀ་ཞིག་འགྲུབ་སོང་སྙམ་ལགས།”ཞེས་གསལ་འཁོད་གནང་འདུག་པ་ལྟར་ན། ཁོང་གིས་འདི་ལྟར་ཕྱག་རྩོམ་མང་པོ་ཞིག་བསྟར་ཆགས་སུ་གནང་བཞིན་པའི་བབ་འདི་དགེ་རྒན་གྱི་ཐུགས་དགོངས་རྫོགས་པའི་ཆེད་དུའང་གནང་གི་ཡོད་པ་ཞིག་གསལ། ད་ལྟ་བསམས་ན། ཁོང་གིས་རང་གི་དགོངས་གཞི་དང་དགེ་རྒན་གྱི་དགོངས་གཞི་གཉིས་ཀ་མཉམ་དུ་སྒྲུབ་གནང་ཡོད་པའི་རིམ་པ་ཞིག་ཡིད་ངོར་འཆར།
དགོངས་ཚུལ་འདི་སྐོར་ཁོང་ལ་དུས་ཕྱིས་འཁྲུངས་པ་ཞིག་མིན་པར། དེའི་སྔ་རོལ་ཞིག་ནས་གཟིགས་ཚུལ་འདི་ཡོད་འདུག ཁོང་གིས་ཕྱི་ལོ་ ༡༩༨༧ ལོར་སྐད་ཡིག་སྐོར་ལ་གཟིགས་སྟངས་མཐར་ཆགས་སུ་བཀྲལ་བའི་གསུང་གླེང་གནང་བ་རྡ་ས་བོད་ཀྱི་དཔེ་མཛོད་ཁང་ནས་ཡོངས་ཁྱབ་ཏུ་འགྲེམས་སྤེལ་གནང་མྱོང་བ་༼བོད་ཀྱི་སྐད་ཡིག་དང་མང་ཚོགས་ལ་དགོས་པའི་ཤེས་བྱ་ཡོན་ཏན་གྱི་སྐོར་བཀའ་སློབ༽ཅེས་ཁ་བྱང་འཁོད་པའི་འོད་སྡེར་དེར་ཉན་པ་ཡིན་ན་ངེས་པ་གསལ་པོ་ཞིག་སྟེར་བ་ཞིག་ཡོད།
ཡང་ཁོང་གི་ཕྱག་བྲིས་ཕྱི་ལོ་ ༢༠༠༡ ཟླ་ ༧ ཚེས་ ༤ འཁོད་ཅན་ནང་། སངས་རྒྱས་ཀྱི་སྤྱོད་པ་ཡོངས་སུ་ཞུས་དག་གྲུབ་མཚམས་ཁང་ཚན་ཆེ་གེ་མོར་དཔར་འདེབས་ཆེད་སྩལ་གནང་བ་དེ་སྐོར་ལས་འཕྲོས་ཏེ། ཁོང་ཉིད་ནས་རྒྱུན་གྱི་དགོངས་ཕྱོགས་དང་གནང་ཕྱོགས་ཀྱི་ཟུར་ཞིག་བསྟན་དོན། “་་་་་་་་ནང་དོན་ཞུ་ན། གུས་ནུབ་ཕྱོགས་སུ་ཆོས་སྨྲ་བའི་སྟོན་པ་རྣམས་དང་མི་འདྲ་བར། ཊོ་ལར་དང་། སུད་སི་དངུལ་ལ་དབང་ཐོབ་པའམ། ལས་སླ་པོར་སངས་རྒྱས་བསམས་ཏེ། སྦྱིན་བདག་འཚོལ་དགོས་ཞེས། ཕྱག་བྲིས་ཡང་ཡང་ཕེབས་སྟབས། གུས་རང་ཤོག་ཧྲུལ་ནང་གི་རྒད་པོ་ཤོག་སྙིགས་འཚོལ་རྒྱུ་ཕར་བཞག། རེ་བའང་མི་སྐྱེ་བའི་ཧི་པཱི་ཞིག་ཡིན་སྟབས། ཁོང་རྣམས་ལ་སངས་རྒྱས་ཀྱི་སྤྱོད་པ་དཔར་ལ་བསྐྲུན་ཏེ། བླུ་ཡོན་ཅི་བྱུང་སློབ་གཉེར་བ་དང་། དགེ་འདུན་ནད་པའི་ཆེད་དུ་གནང་རོགས་ཞུས་པ་ཡིན།” ཞེས་རང་ཉིད་ཀྱི་དགོངས་པ་བཞེས་ཕྱོགས་དང་། རྒྱུན་གྱི་གནང་སྟངས་ཕྱོགས་བསྡོམས་མཛད་པ་འདི་འདྲ་ནི། དེང་གི་སྐབས་ན། གུས་ནུབ་ཕྱོགས་སུ་ཆོས་སྨྲ་བའི་སྟོན་པ་རྣམས་དང་མི་འདྲ་གསུངས་པ་འདི་ཙམ་ཡང་ཡ་མཚན་པའི་མཛད་པར་བགྲངས་འོས་པར་ཡང་མཐོང་།
ཡང་། ལོ་དེའི་ཟླ་བ་ ༡༠ ཚེས་ ༥ འཁོད་ཕྱག་བྲིས་ནང་། “པཉྕཏནྟྲ་ཆ་ཚང་བྲིས་ཚར། རོ་སྒྲུང་ཆ་ཚང་བྲིས་ཡོད་བསམ་ཀྱང་། ལེའུ་བཅོ་ལྔ་མ་གཏོགས་བྲིས་མི་འདུག ངོས་རང་གི་ཀུན་སློང་ནི། སངས་རྒྱས་ཀྱི་སྤྱོད་པ་ལྟ་བུ་བྲི་སྟངས་བོད་ཀྱི་རིག་གནས་པའི་བྲི་སྟངས་ལ་མཛེས་བྱེད་དང་། རོ་སྒྲུང་ལྟ་བུ་ནི། འཕྲལ་དུ་རང་རེའི་རིགས་ཀྱི་མྱུ་གུ་བུ་ཕྲུག་ཚོའི་འཕྲལ་སྐད་ཀྱི་གཞི་བཟུང་ས་ལྟ་བུའི་རེ་བའི་ཐོག་ཏུ། ༸གོང་ས་ཆེན་པོས་རང་རེའི་རིག་གནས་ཆེ་འབྲིང་ཆུང་གསུམ་གྱི་སྐད་ཀྱི་དབུལ་ཕྱུག་གི་བར་སྟོང་བསང་དགོས་གསུངས་པའི་དགོངས་གཞིའི་རྩ་བ་ཚུགས་ཐབས་ཡིན་པའི་ཁུལ་ཡིན།” ཞེས་དང་། ༸གོང་ས་ཆེན་པོའི་བཀའ་སློབ་དེ་ཐུགས་བཅངས་ཞུས་རིམ་ལ། ཕྱག་བྲིས་ནང་། “བོད་རྒྱལ་ཡོངས་རིག་གནས་ཚོགས་ཆེན་གྱི་དབུ་འབྱེད་ལ། ༸གོང་ས་ཆེན་པོས། རང་རེའི་སྤྱི་ཚོགས་ཆེ་འབྲིང་ཆུང་གསུམ་གྱི་བརྗོད་བྱ་དང་།་ཚིག་གི་ནུས་པ་ལ་དབུལ་ཕྱུག་ལྟ་བུའི་བར་སྟོང་ཆེན་པོ་ཤོར་པ་འདི། ཁྱེད་རང་རིག་གནས་པ་རྣམས་ནས་བསངས་ཐབས་བྱེད་དགོས། ཞེས་བཀའ་ཕེབས་པ་སྙིང་བཅང་གི་ཐོག་ནས། ཐ་སྙད་རིག་གཞུང་འབྲིང་པོའི་ཐོག་ཏུ་དོན་གཉེར་བ་རྣམས་པ་རང་གིས་གང་ཤེས་ཀྱི་མཐུན་འགྱུར་ཞུ་རྒྱུའི་སྐལ་བ་ཐོབ། དེས་རྒྱུ་བྱས་ནས་༸གོང་ས་ཆེན་པོའི་བཞེད་པ་དེ་འགྲུབ་ངེས་ཀྱི་ལམ་ཕྲན་གྱ་གྱུ་ཞིག་མཐོང་ལ་ཁད་དུ་གྱུར་ནས། ཕྲུ་གུའི་རིག་གཞུང་ཞེས། རྒྱལ་ཁམས་གཞན་ལ་ཡོངས་སུ་གྲགས་པ་དང་ཕྱོགས་མཐུན་གྱི་བྱ་བ་བྱེད་དགོས་པ་དེ་ཧ་ཅང་གལ་ཆེན་པོར་མཐོང་ནས། དེ་སྔོན་ལྷག་བསམ་དང་། འདུན་པ་བཟང་པོས་བྲིས་པ་དེ་ཐོག་ལ་སྙིང་སྟོབས་སླར་གསོས་ཐབས་བྱས་ནས། རིག་གནས་སྒྲུང་གཏམ་དགོས་ངེས་འདི་ཚོའི་ཐོག་ནས་ཀྱང་། བོད་ལྗོངས་ཀྱི་རིགས་མྱུག་རྣམས་ཀྱི་ཆེད་དུ་རིག་གནས་ཀྱི་རྩེད་དགའི་སྐྱེད་མོས་ཚལ་ཡངས་པ་ཞིག་ཏུ་འགྱུར་བའི་སྨོན་ལམ་ཤུགས་དྲགས་བྱེད་བཞིན་ཡོད།” ཞེས་བཀོད་པ་རྣམས་ནི་ང་ཚོས་ངེས་པར་རྗེས་དྲན་དང་རྒྱུན་བསྲིངས་དགོས་པའི་གནད་ཅིག་ཡིན་པར་འདོད། ཁོང་གིས་དཔེ་ཁྲིད་དང་ལྗགས་རྩོམ་གནང་བའི་དགོངས་པ་བཞེས་ས་ལྟེ་བ་དེ་གནད་འདི་དག་དང་འབྲེལ་ནས་ཡིན་འདུག
ངེད་ཅག་ནས་རིན་པོ་ཆེར་དཀའ་གནད་སྣ་ཚོགས་པ་ནས་དོགས་གཅོད་ཞུ་ཐེངས་རེར། དེ་ལན་གསལ་བཤད་ཀྱི་ཕྱག་བྲིས་གང་རྒྱས་རེ་གནང་གིན་ཡོད་པ་ཆ་ཚང་ནི་འདིར་ཞིབ་འགོད་བྱ་ཐབས་བྲལ། སྐབས་གཞན་ཞིག་ནས་མང་མང་གི་གཟིགས་མོར་སྒྲིག་འབུལ་ཞུ་འདོད། དོགས་གནད་བཀའ་འདྲིའི་ཞུ་ཡིག་འབུལ་བར་འཛེམ་ཟོན་མ་དགོས་ཞེས་ཡང་ཡང་སྐུལ་ལྕག་ཀྱང་གནང་གིན་ཡོད། དཔེར་ན། “དེ་ནས་དྲི་བ་གནང་རྒྱུ་ག་རེ་ཡོད་ནའང་། འཚེར་སྣང་མི་དགོས་པར་སྐབས་འཕྲལ་ཡི་གེ་གཏོང་བར་ཞུ། ང་མཁས་པ་ཡིན་སྙམ་པ་རྨི་ལམ་ནའང་མེད་ཀྱང་། རྔ་རྒན་འདི་ལ་དོན་གཉེར་གྱི་དབྱུ་གུས་མ་བསྣུན་ན། སྐད་མི་འབྱིན་པ་ཡིན་པས། སྐད་དེ་ལྷ་ཡི་སྐད་དུ་མི་འཛིན་པར། བ་ཀོ གླང་ཀོ གླང་ཆེན་གྱི་ཀོ་བ་གང་ཡིན་གྱི་སྐད་ཡིན་དཔྱད་པར་མཛོད” ཅེས་ཀྱང་སྐུལ་གྱི་ཡོད།
ཕལ་སྐད་དང་འཕྲལ་སྐད་ཅེས་འགོད་ཀྱིན་པ་འདི་གཉིས་ལ་ཁྱད་ཡོད་མེད་སྐོར་དོགས་འདྲི་ཞུས་ལན་དུ། “ཕལ་སྐད་ལ་འཕྲལ་སྐད་ཅེས་འབྲི་རྒྱུ་ཡིན། ཉེ་ཆར་དགེ་ཆོས་རིན་པོ་ཆེའི་རྒྱ་གར་གནས་ཡིག་མཇལ་བས། དེའི་ནང་རྒྱ་གར་བའི་ཡུལ་མི་ཕལ་བའི་སྐད་ལ། འཕྲལ་སྐད་ཅེས་གསུང་འདུག་པ། ཧ་ཅང་གོ་རྒྱུ་ཆེན་པོ་ཞིག་བྱུང་། འཕྲལ་དུ་མཁོ་བའི་སྐད་ལ་དགོངས་པ་བཞེས་འདུག་པས། ངས་ཀྱང་འཕྲལ་སྐད་ནང་སྒྲུང་བརྒྱ་ལ་ཉེ་བ་བྲིས་ཡོད་པས། ཕྱི་རབས་རྣམས་ལ་ཕན་ཆེད་དུ། འཕྲལ་དུ་དགོས་གལ་ཆེ་བའི་སྐད་ལ་ཞབས་ཕྱི་ཅིག་ཨེ་འགྲུབ་ལྟ་རྒྱུ་ལགས” ཞེས་བཀའ་ལན་སྩལ་གནང་བས་མཚོན་དོགས་འདྲི་གང་ཞུས་ལ་དེ་ལན་རྒྱས་གླེང་མཛད་གནང་གི་ཡོད། འདི་ནི་དཔེ་མཚོན་ཙམ་དུ་ཞུས་པ་ཡིན།
མཚམས་ཤིག་ལ། རིན་པོ་ཆེ་སྐུ་བཞུགས་རྒྱུན་རིང་། གསུང་རྩོམ་གྱི་རིགས་ཕྱོགས་བསྒྲིགས་དཔར་འགྲེམས་ཤིག་ཐུགས་འདོགས་འཚལ་ཞུས་པའི་ཕྱིར་ཕེབས་ཕྱག་བྲིས་ནང་། “ངོས་རང་ལ་ཡང་འདོད་པ་དེ་ཡོད་ཀྱང་། ངོས་ནས་སྤར་བཏབས་རྒྱུའི་འདོད་པ་བྱས་པ་ལས། ཕྱི་རབས་ཚོ་ལ་གང་ཕན་གྱི་ཀུན་སློང་ཞིག་བསྐྱེད་ནས་བྲིས་ན། དེ་ལེགས་བསམ་པ་ནི། དགེ་ཆོས་ཀྱིས། སྔར་རི་མོ་མཁན་ཞིག་ལ། མི་ཞིག་གིས། ཁྱོད་ཀྱིས་རི་མོ་འདི་ག་རེའི་ཆེད་དུ་སྦྱངས་ཟེར་བ་ལ། ཁོས། ངས་རི་མོ་འདི་སྤུས་དག་པོ་ཞིག་གི་ཆེད་དུ་སྦྱངས་པ་ཡིན་ཟེར། བཤད་པ་ལྟར། ཁྱེད་རང་ཡང་རི་མོ་དངུལ་གྱི་ཆེད་དུ་མ་ཡིན་པར། རི་མོ་ཁོ་ནའི་ཆེད་དུ་སྦྱངས་དགོས་གསུངས་པ་དེ་སེམས་ལ་བཏགས་པའི་ཁུལ་ཡིན” ཞེས་དང་། “ད་ཆ་རྩོམ་རིག་བར་མ་འདི་རིགས་ལ་དཔྱད་པ་བྱེད་མཁན་མང་དུ་འགྲོ་བཞིན་པར་བརྟེན། ངོས་རང་ཡང་། ཕན་སེམས་དང་། སྙིང་སྟོབས་གཉིས་ཀྱི་འཁར་བ་ལ་བརྟེན་ནས། མི་ཡུལ་དུ་རྒྱ་སྐྱེད་མང་ཙམ་བྱེད་འདོད་འདུག དེ་སྔོན་ནི། རང་རེའི་སྤྱི་ཚོགས་ནང་། བསྐང་གསོ། ཁྲུས་ཆོག ཆོས་ལ་ཁ་གཡར་བའི་མགུར་མ་འདྲ་དང་། གསོལ་འདེབས་འདྲ་བྲིས་ན་ནི། སྤར་གྱི་སྦྱིན་བདག་ཆར་ལྟར་འབབ་ལ། སྤྱི་ཕན་གྱི་ལོ་རྒྱུས་དང་། གནས་ཚུལ་འདྲ་བྲིས་ན། དེ་ལ་ཆོ་ག་རེ་ཡོད་རེད། ཟེར་བའི་ཚིག་གི་ཕེབས་བསུ་ཞུ་བཞིན་པར་བརྟེན། ངོས་རང་གི་བསམ་ཚུལ་ཐེའུ་རང་འདྲ་བ་དེ། ལྷ་གྲལ་ནས་བུད་བུད་པ་ཡིན། དོན་དངོས་ནས་བྱས་ན། རྟོགས་བརྗོད་དང་། སྐྱེས་རབས། སྙན་ངག་གི་རིགས་ལ་ཆོས་དོན་ནས་བཀའ་འགྱུར་བསྟན་འགྱུར་དག་སྒྲོགས་དང་མཉམ་དུ། ཐུན་མོང་བ་དང་མང་བ་ལ་བསམ་དགོས་པ་ཞིག་དང་། རོ་སྒྲུང་ལྟ་བུ་སྤྱི་ལ་ཕན་པའི་རིགས་དེ་ཤེས་རིག་ནས་མིག་རྒྱང་རིང་ཙམ་གནང་དགོས་པ་ལྟ་བུ་རེད།” ཅེས་རིག་གནས་ཡར་སྤེལ་ཐད་གཞུང་སྒེར་མཉམ་འབྲེལ་གལ་ཆེ་བའི་དགོངས་ཚུལ་འདི་རིགས་སྤྱི་ཡོངས་ནས་བསམ་དགོས་པ་ཞིག་ནི་ཡིན་མཆི།
རྒྱལ་རབས་དེབ་ཐེར་དཀར་པོའི་ཁ་སྐོང་མེས་བློན་གོང་མའི་ཞལ་ཆེམས་ཀྱི་སྔོན་བརྗོད་གླེང་གཞིར།
རཀ་ར་རིན་པོ་ཆེས།
གངས་རིའི་མགོན་པོ་འཇིག་རྟེན་དབང་ཕྱུག་སྙིང་རྗེའི་གཏེར་ལ་ཕྱག་འཚལ་ལོ།།
བོད་ཅེས་གངས་རིས་བསྐོར་བའི་ཡུལ་ཁམས་ཀྱི། །
བོད་འབངས་བདེ་ལ་འགོད་པའི་སྙིང་སྟོབས་ཅན། །
བོད་ཀྱི་བཙན་པོ་དཔའ་བའི་བློན་དམག་དཔུང་། །
བོད་རྒན་མྱེས་པོ་དྲིན་ཅན་རྣམས་ལ་འདུད། །
རང་ལས་བཙན་པོས་བོད་དུ་སྐྱེས་གྱུར་ནས། །
རང་བྱུང་བཟློག་ཏུ་དཀའ་བའི་ཞེན་ཆགས་ཀྱིས། །
རང་རེའི་རྗེ་བློན་གོང་མའི་བྱུང་ཚུལ་འདི། །
རང་རེའི་བརྡ་རྙིང་གསར་མའི་བརྡ་རུ་བཀྲལ། །
བོད་ཀྱི་རིག་གནས་དང་སྐད་ཡིག་གཉིས་ཀྱི་བར་ན་སྟོང་ཆ་ཞིག་ལྷག་ཡོད་་་་་་་ ཟེར།
རང་གི་རིགས་ལ་ཞེན་པ་དཀར་བའི་བུའི།
རུས་དཀར་ས་ཡི་ནང་དུ་འཐིམ་ཟིན་ཀྱང་།
རང་གི་རིགས་ལ་བཞག་པའི་དེབ་ཆུང་རེ།
ས་སྟེང་འདི་ལ་ཡོད་ན་མཇལ་ངེས་ཡིན།།
ཉིད་ཀྱི་སྐད་ཆ་རེ་རེར་ཐོས་གོ་དུས་སུ།
དམ་པ་དགེ་ཆོས་སེམས་ལ་དྲན་ཐེངས་རེ།
རིགས་ལ་ཞེན་པ་དཀར་བའི་བཀའ་སློབ་རྣམས།
ནམ་ཡང་མི་བརྗེད་ཡིད་ལ་འཆང་ངེས་ཡིན།།
རག་ར་རིན་པོ་ཆེ་ཁོང་རང་གིས་གསུངས་པ་བཞིན་ཧི་པིའི་བོད་ཀྱི་རིག་གནས་ལ་སྦྱངས་པ་བྱས་པ་ཞིག་ལས་རྣམ་པ་ཚོས་བསྟོད་པ་ནང་བཞིན་གྱིས་མཁས་པ་ཞིག་མཐོང་གི་མེད། ཚིག་སྔ་ཕྱི་འགལ་བ་མང་པོ་རེད། དཔེར་ན་ཡིག་སྐད་དང་ཕལ་སྐད་བར་གྱི་བར་སྟོང་བསངས་ཀྱི་ཡིན་ཟེར་མཁན་དེས་མི་ཕལ་བས་ཁ་དང་ཡི་གེར་གོམས་པའི་ཕལ་སྐད་དེ་རང་གི་དགའ་མོས་ཡོད་པའི་དགེ་ཆོས་ཀྱི་ཚིག་གཅིག་ལ་བསྟེན་ནས་འཕྲལ་སྐད་ལ་བཅོས་པ་དེས་མཚོན་། སྤྱི་ལོ་དགུ་བཅུ་གོ་གཅིག་གཡས་གཡོན་ལ་རིགས་ལམ་སློབ་གཉེར་ཁང་དུ་རིན་པོ་ཆེས་བར་སྟོང་བསངས་ཡས་ཡིན་ཞེས་སུམ་རྟགས་འཁྲིད་པར་ད་ཆ་གསལ་པོ་མི་དྲན་ཡང་རྟགས་འཇུག་དེ་སུམ་ཅུ་པའི་ནང་གསེས་ལྟ་བུ་ཞིག་གལ་ཆེན་པོས་གསུངས་སོང་བར་ཀིརྟི་དགོན་ནས་ཡིན་ནམ་གང་ལྟར་ཨ་མདོའི་སྐུ་ཞབས་ཞིག་ནས་དྲི་བ་ཚ་པོ་ཞིག་བཏང་སོང་བར་རིན་པོ་ཆེ་སྤྱན་ཧུར་གྱིས་གཟིགས་ནས་བཞུགས་པ་ལས་ལན་རྒྱག་ཐུབ་མ་སོང་། ངེད་ཀྱང་རིག་གནས་གང་ཙམ་གྱི་འགྲོ་སྟངས་ཤེས་ཀྱི་ཡོད་པས་རིན་པོ་ཆེས་གསུངས་པ་ཏག་ཏག་གཅིག་མིན་པ་ད་ལྟའང་དྲན་གྱི་འདུག ཕྱིས་རིན་པོ་ཆེས་བྲིས་པའི་སྟོན་པའི་རྣམ་ཐར་ཞིག་ཤེས་རིག་ནས་དཔར་སྐྲུན་བྱས་པ་མཇལ་བྱུང་། དེ་ནི་ཕལ་སྐད་ཐོག་ནས་བྲིས་ཡས་ཤུགས་ཆེ་དྲགས་ནས་གང་ལྟར་ཀློག་ནས་མ་གཏོགས་མིག་གིས་བལྟས་ནས་ལམ་སེང་གོ་བ་ལོན་འགྲོ་བ་དེ་འདྲ་མི་འདག
ད་དུང་བོད་ཀྱི་ཁ་དཔེར་རྟོགས་པ་ལྷ་དང་མཉམ་ཡང་ཀུན་སྤྱོད་མི་དང་བསྟུན་ཞེས་ཤོད་སྲོལ་ཡོད་མོད་ཐེངས་ཤིག་བོད་རིག་པའི་ཚོགས་ཆེན་ཞིག་ལ་རིན་པོ་ཆེས་ཚོགས་ཁང་ནང་ཐ་མག་གང་ཟག་མི་ཚོགས་དཀྱིལ་་དུ་འཐེན་ནས་བསྡད་པ་་རིགས་སློབ་རྒན་དམ་པས་གསུངས་སོང་
ཡག་པོ་འདུག སྐྱོན་ཡོན་གཉིས་ཀ་གླེང་ན་ཁོང་མི་ཞིག་ཡིན་པ་རྟོགས་ཐུབ། དེ་མིན་རྒྱལ་བ་གཉིས་ལྟ་བུ་དང་། འཇམ་མགོན་བླ་མ་ཞེས་བརྗོད་ན་ལོ་ཆུང་ཚོས་དེ་དག་མི་ཞིག་ཡིན་པ་མི་ཤེས་པར་ལྷ་དང་སངས་རྒྱས་གསོན་པོ་ཞིག་ཏུ་བསམ་གྱི་རེད། ང་རང་ཆུང་དུས་དེ་ལྟར་ཡིན།
བླ་མས།
དགེ་ཆོས་ཐ་མག་འཐེན་པ་དང་། །
འཆལ་པོ་ཡིན་པ་རང་གིས་བཞེད། །
སློབ་མས།
རཀ་རས་གང་ཟག་འཐེན་པ་དང་། །
ཧིཔ་པི་ཡིན་པ་རང་གིས་གསུངས། །
རྗེས་དྲན་འདི་ལ་བཀའ་དྲིན་ཆེ། ཞོར་ནས་ཀརྡོ་གཉེར་ཕྱག་པ་ལ་ཞུ་རྒྱུར། ཁྱེད་རང་སྒེར་ལ་བསམ་ཚུལ་ཡོད་ཚེ། དེ་ཚོ་ཞུས་ན་ལེགས། གཞན་རྩོམ་ཁོངས་ནས་དུམ་བུ་དུམ་བུ་བླངས་ནས་བསྐྱར་འགོད་ཡང་འགོད་བྱེད་པ་དེ་ལེགས་པོར་མ་མཐོང་། དེ་ཀློག་པ་པོ་ང་འདྲ་བའི་རིགས་ཀྱི་མིག་ལ་གཟན་པ་འདུག ཁྱེད་ཀྱིས་རྩོམ་མང་པོའི་མཆན་གྱི་ཁོངས་སུ་དེ་ལྟར་གནང་གི་འདུག
འཇིགས་མེད་ནུབ་པས།
སྐུའི་གཅེན་པོ་སྟག་རྩེ་རིན་པོ་ཆེས་སྐུ་ཚེ་ཧྲིལ་བུ་རང་བཙན་རྩོད་པ་དང་རིགས་ཞེན་ཡོད་པའི་འུད་སྒྲོགས་དེས་ངའི་ཡིད་ངོར་ཤར་བའི་སྟག་རྩེ་རིན་པོ་ཆེ་ནི་མི་ཕལ་པ་ཞིག་མིན་པར་མ་ཟད་བོད་མིའི་བླ་སྲོག་ཅིག་ཡིན་པར་བསམ་བཞིན་ཡོད། ཡིན་ནའང་ཐ་མ་སྐུ་གཤེགས་ཟིན་པའི་འཇུག་ཐོག་དེར་གཟའ་ཟླ་དང་བུ་ཕྲུག་གསུམ་ལ་ཨ་རིའི་རླུང་འཕྲིན་ཁང་ནས་བཅར་འདྲི་བྱས་པ་མཐོང་དུས་བུ་གསུམ་གྱིས་བོད་སྐད་མི་ཤེས་པ་ཙམ་མ་ཟད་གཟའ་ཟླ་དེའང་དབྱིན་ཇི་བ་ཞིག་རེད། དེ་ནས་བཟུང་ངའི་ཡིད་ངོར་ཤར་བའི་སྟག་རྩེ་རིན་པོ་ཆེ་ནི་བོད་མའི་ཕལ་པ་ཞིག་གི་ཚོད་དུ་ངོས་འཛིན་ཁག་ཙམ་བྱུང་།
དེ་བཞིན་རཀ་ར་རིན་པོ་ཆེའང་གཟའ་ཟླ་ལ་དྭགས་ཀླེ་ནས་ཡིན་པའི་བུ་མོ་ཞིག་བླངས་ཚུལ་ལ་དཔག་ན། ཁོང་གི་བུ་ཕྲུག་ཚོ་ལ་ཨ་རིའི་རླུང་འཕྲིན་ཁང་ནས་བཅར་འདྲི་ཞིག་གནང་ནས་སྤྱི་ཚོགས་ཁྲོད་དུ་ལན་གཅིག་གཤམ་ན་གཞི་ནས་ཁོང་གི་རིགས་ཞེན་དང་བོད་ཀྱི་ལ་རྒྱའི་གཏིང་དཔོགས་ཐུབ། དེ་མིན་བཤད་དྲགས་ནའང་ཡིད་རྟོན་ཕེར་ཁག་ཙམ་འདུག་་་་་་་་་་་་་་་་་་་་་་
རག་ར་རིན་པོ་ཆེའི་རྗེས་དྲན་ཚན་པ་བཞི་པ་དེ་ཁོང་གི་སྐོར་མ་ཡིན་པར། འཇམ་ནོར་གྱི་རྩོམ་ནང་། ༼ཤུལ་ལུས་བཟའ་ཟླ་བསམ་གཏན་སྒྲོལ་མ་དང་བུ་མོ་ཚེ་རིང་ཆོས་འཛོམས། བསྟན་འཛིན་ཆོས་འཛོམས་དང་དགའ་ལྡན་ཆོས་འཛོམས། དེ་བཞིན་བུ་བསྟན་འཛིན་མགོན་པོ་དང་རིག་འཛིན་དབང་པོ་བཅས་དང་ཚ་བོ་དང་ཚ་མོ་མང་པོ་ཡོད།༽ ཅེས་གསུངས་པའི་རིན་པོ་ཆེ་མཆོག་གི་བུ་དང་བུ་མོ་དེ་བཞིན་ཚ་བོ་དང་ཚ་མོ་མང་པོ་ཡོད་པ་དེ་དག་ལ་བོད་ཀྱི་སྐད་ཡིག་དང་རིག་གནས་རང་རྐྱ་ཕེར་བ་ཞིག་ཡོད་མེད་སོགས་གནས་སྟངས་གསལ་ཁ་དོད་པོ་ཞིག་བཀོད་པའི་རེ་བ་ཆེ། དེ་རྗེས་གཞི་ནས་ཁོང་གི་ཡང་ལྕི་ང་ཚོས་བཤད་ཐུབ།
༨༽འཇིགས་མེད་ནུབ་པ་ལགས།
བོད་ཀྱི་རིག་གནས་དང་སྐད་ཡིག་གཉིས་ཀྱི་བར་ན་སྟོང་ཆ་ཞིག་ལྷག་ཡོད་སྟངས་ཅིག་གསུངས་གནང་ཐུབ་བམ། ལགས།
༩༽ཁྱི་རྒན་ལགས།
རཀ་ར་སྤྲུལ་སྐུའི་ཕྲུ་གུ་ཚོས། བོད་སྐད་དང་བོད་ཡིག་ཡག་པོ་མ་ཤེས་ན། རིན་པོ་ཆེ་ཡང་ལ་རྒྱ་མེད་པ་དང་། ཀླད་མེད་མཁས་པ་མ་ཡིན་པ་ཅིག་ཆགས་འགྲོའམ། ལགས།
་་་ དེ་ཀློག་པ་པོ་ང་འདྲ་བའི་རིགས་ཀྱི་མིག་ལ་གཟན་པ་འདུག ་་་ཟེར། ང་ལ་དྲ་བདག་ཚོའི་མིག་ལ་མིག་གཟན་པོ་མ་བྱུང་ན་དེ་གས་འགྲིགས་པ། ཐམས་ཅད་དགའ་བའི་སྤྱོད་པ་ངས་མི་ཤེས་སོ།།
རཀར་རིན་པོ་ཆེ་མཁས་པ་ཡིན་ན། ཁོང་གི་ནང་མི་བུ་ཕྲུག་ཆ་ཚང་མཁས་པ་ཡིན་ཨེ་དགོས། ཁོང་ལ་རིགས་ཞེན་དང་ལ་རྒྱ་ཡོད་མེད་དེ། ཁོང་གི་ནང་མི་བུ་ཕྲུག་ཚོས་བོད་སྐད་དང་བོད་ཡིག་ཡག་པོ་ཨེ་ཤེས་མི་ཤེས་ནས་ཐག་གཅོད་དགོས་པ་རེད་དམ། གནས་ལུགས་ཟེར་བ་དེར་ཨུ་ཚུགས་བརྒྱབ་ནས་ཡོང་གི་མ་རེད། གནས་ལུགས་ཀྱི་རྒྱ་མ་ནི། གནས་ལུགས་ཀྱིས་གཞལ་དགོས་ཙ་ན།
༡༢༽ ཀརྡོ་གཉེར་ཕྱག་པ་ལགས། ཁོང་མཁས་དབང་ཡིན་མིན་ཐད་ནས་ངའི་བློ་དོག་དེ་ཙམ་མེད། ཁོང་མཁས་པ་ཡིན་ཚོད་རེད། འདིར་བཤད་ཡོང་དུས་རིགས་ཞེན་དང་ལྷག་བསམ་ལ་རྒྱ་སོགས་ཅི་ཐད་ནས་བཤད་ཡོང་དུས། ང་ལ་རང་བཞིན་གྱིས་དྲི་བ་འདི་བྱུང་སོང་། བུ་རབས་ཚ་རྒྱུད་ལ་བོད་ཡིག་དང་བོད་སྐད་རང་རྐྱ་ཕེར་བ་ཡོད་མེད་དང་ཕ་མ་ལ་རིགས་ཞེན་དང་ལ་རྒྱ་ཡོད་མེད་གཏན་གཏན་འབྲེལ་བ་ཡོད་པར་འདོད། རྒྱུ་མཚན་བོད་ཀྱི་རིག་གནས་མ་ལག་དང་བཅས་པ་རྒྱུན་གནས་ཡོང་མིན་ནི་མ་འོངས་བུ་རབས་ཚ་ཚོ་ལ་རགས་ལས་ཤིང་། དེའང་ཐོག་མར་རང་ཉིད་དང་དེའི་ཉེ་ས་ནས་འགན་རྐང་ཁུར་ལེན་བྱེད་རིགས་པས་སོ།
ཁྱི་རྒན་ལགས། སྟག་རྩེ་མ་ཡིན་པར་སྟག་འཚེར་རེད། ཁོང་གི་བཟའ་ཟླ་ཨ་རི་བ་ཞིག་མ་ཡིན་པར་ས་སྐྱ་བདག་ཆེན་གྱི་སྲིང་མོ་ཆུང་ཤོས་དེ་རེད།
ཀླུ་སྨྱོན་ལགས། སྟག་འཚེར་རིན་པོ་ཆེའི་གཟའ་ཟླས་བོད་སྐད་ཐར་ཐོར་ལས་ཤེས་ཀྱི་མི་འདུག་པས་ངས་ཨ་རི་བ་ཡིན་ཤག་བྱས་ཡིན། ད་བྱས་དུས་ང་ཚོའི་སྐུ་དྲགས་བླ་དྲགས་ཀྱི་ནང་མི་ཚོས་བོད་ཀྱི་སྐད་ཡིག་རང་མགོ་མི་ཐོན་པའི་ཚད་དུ་སླེབས་ཚར་དུས། བོད་མི་དཀྱུས་མ་ཚོས་བོད་ཀྱི་སྐད་ཡིག་ཆེད་དུ་རྒྱ་དམར་ལ་ངོ་རྒོལ་རང་ལུས་མེར་བསྲེགས་གཏོང་བ་འདི་ནི་ཅི་འདྲའི་འགྲེལ་བཤད་དཀའ་བ་ཞིག་རེད། ད་རུལ་དྲི་ཇེ་ཁ་རེད། མ་འོངས་པར་མེར་བསྲེགས་གཏོང་ན་སྐུ་དྲགས་བླ་དྲགས་ཚོའི་ནང་མི་ལ་ངོ་རྒོལ་ཆེད་གཏོང་དགོས་ཚོད་རེད།
ཁྱི་རྒན་ལགས། ཁྱེད་ཀྱིས་བཤད་སྟངས་ལ་བལྟས་ན་འདི་ཚར་གཅིག་ཀློག་རོགས་བྱོས། ངས་༢༠༠༩ལོར་བྲིས་པའི་ཐ་སྙད་གསར་པ་ཅེས་རྩོམ་ཡིག་ཞིག་ཡོད་དེའི་ནང་དུ་འདི་འདྲ་བྲོས་པ་ཡིན།།
གཉིས་པ། ཕྱི་རོལ་དུ་ཡོད་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུ་ཐ་སྙད་གསར་པ་སྦྱོང་འདོད་པ་ཅི་ཙམ་ཡོད་དོ་ཞེ་ན། ཁ་ནས་གསུངས་དུས། སྐད་ཡིག་ནི་མི་རིགས་བླ་སྲོག་དང་མི་རིགས་ནི་རྒྱལ་ཁབ་ཀྱི་སྲོག་ཤིང་རེད་ཅེས་ཁ་ཡོད་ཚད་ཐམས་ཅད་ཀྱིས་མ་ཎི་འདོན་པ་ནང་བཞིན་ཡིན་ཡང༌། དོན་ལག་ལེན་བསྟར་དུས། འཛམ་གླིང་རྒྱལ་ཁབ་མང་པོའི་གནས་ཚུལ་མཁྱེན་རྒྱ་ཆེ་བའི་སྐུ་དྲག་དང་ཡུ་རོབ། ཨ་མེ་རི་ཀའི་ནང་གཏན་སྡོད་བྱེད་པའི་འབྱོར་ལྡན་བོད་མི་རྣམས་ཀྱིས་ནི། རང་གི་བུ་ཕྲུག་རྣམས་ནུབ་ཕྱོགས་ཡུལ་གྲུ་ཁག་གི་ཕུན་སུམ་ཚོགས་པའི་སྐད་ཡིག་སློབ་སྦྱོང་བྱེད་པར་བཏང་ནས་འབྱོར་ལྡན་རྒྱལ་ཁབ་ཁག་གི་མཐོ་སློབ་ལ་འགྲོ་ཐུབ་པ་བྱེད་དགོས་བསམ་པའི་རེ་འདུན་སྙིང་ལ་བཅང་བ་མ་གཏོགས། བོད་མི་རིགས་ཀྱི་བླ་སྲོག་ཁ་བ་རི་བའི་སྐད་ཡིག་སློབ་སྦྱོང་བྱེད་པའི་དུས་ཚོད་ཡང་མེད་ལ། རྗེས་སུ་ལུས་པའི་སྐད་ཡིག་ཞིག་སྦྱངས་ནས་དུས་རབས་གསར་པའི་རིག་གནས་སྦྱོང་ཐུབ་པའི་རེ་བ་ཡང་བྱེད་བཞིན་མེད། འོ་ན་ད་བཙན་བྱོལ་སྤྱི་ཚོགས་ནང་སུ་ཡོད་ཅེ་ན། བོད་ཁ་བ་ཅན་གྱི་རིག་གཞུང་ནང་པ་སངས་རྒྱས་པའི་ལྟ་གྲུབ་ལ་མཁས་པ་དང་བོད་ཀྱི་སྐད་ཡིག་ལ་ཤེས་ཚད་ཧ་ཅང་མཐོ་བའི་གྲྭ་ས་སེ་འབྲས་དགེ་གསུམ་དང་ཆོས་བརྒྱུད་ཆེན་པོ་བཞི་ཡི་དགོན་སྡེ་ཁག་གི་གྲྭ་མང་ནས་སྦྱོང་ངོ་ཞེ་ན། དེ་ནི་མ་ཡིན་ཏེ། དེ་རྣམས་ཀྱིས་ནི་ནང་པ་སངས་རྒྱས་པའི་ལྟ་གྲུབ་ལ་བསླབ་པ་སློབ་གཉེར་བྱས་ནས་མ་གྱུར་སེམས་ཅན་ཐམས་ཅད་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་ན་སྙམ་པ་ལས་ཐ་སྙད་གསར་པའི་མིང་ཚིག་དང་དུས་རབས་གསར་པའི་རིག་གནས་སློབ་སྦྱོང་བྱས་ནས་ཁ་བ་རི་བའི་འཇིག་རྟེན་འཁོར་བའི་རྣམ་བཞག་ཡར་རྒྱས་གཏོང་དགོས་བསམ་པ་སེམས་ཀྱི་ཟུར་ལ་མེད། འོ་ན་ད་སུ་ཡོད་ཅེ་ན། རྒྱ་གར་བལ་ཡུལ་དུ་ཡོད་པའི་བཙན་བྱོལ་བོད་གཞུང་གི་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམས་ཀྱིས་སྦྱོང་ངོ་ཞེ་ན། བཙན་བྱོལ་བོད་གཞུང་གི་སློབ་མ་འཛིན་གྲྭ་བཅུ་གཉིས་པ་ཞིག་ལ་བོད་ནས་སླེབས་པའི་གསར་འབྱོར་བ་འཛིན་གྲྭ་ལྔ་པའི་བོད་ཡིག་གི་ཤེས་ཚད་ཙམ་ཡང་མེད། ཅི་ཡིན་ཞེ་ན། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུ་སློབ་མ་རྣམས་ཀྱིས་བོད་ཡིག་ལ་དོ་སྣང་མེད་པ་དང་ཕ་མ་རྣམས་ཀྱིས་རྒྱབ་སྣོན་མེད་པའི་རྒྱུ་མཚན་གྱིས་རེད། རྒྱུ་མཚན་ཅི་ཡིན་ཞེ་ན། ང་རང་ཚོས་བོད་ཀྱི་སྐད་ཡིག་ཐོག་ནས་དུས་རབས་གསར་པའི་རིག་གནས་སྦྱོང་མི་ཐུབ་པ་དང༌། དུས་རབས་གསར་པའི་རིག་གནས་སློབ་སྦྱོང་བྱེད་མ་ཐུབ་ན་རང་ཉིད་དུས་རབས་གསར་པའི་ནང་དུ་རྗེས་སུ་ལུས་པའི་མི་ཞིག་ཆགས་འགྲོ་བ་དང༌། ཕ་མ་སུ་ཡིན་ཡང་རང་གི་བུ་ཕྲུག་མདུན་ལ་སླེབས་ན་བསམ་པ་ལས་རྗེས་སུ་ལུས་འཇུག་འདོད་རྩ་བ་ནས་མེད། བོད་མི་ཀླད་རྙིང་པ་ཁག་ཅིག་གིས་ང་རང་ཚོའི་བོད་ཀྱི་སྐད་ཡིག་འདི་ཕུན་སུམ་ཚོགས་པའི་སྐད་ཡིག་ཞིག་དང་དུས་རབས་གསར་རྙིང་གི་རིག་གནས་ཐམས་ཅད་ང་རང་ཚོའི་སྐད་ཡིག་ནང་དུ་ཡོད་པ་མ་ཟད། གནམ་གྲུ་དང་ཟླ་བའི་གོ་ལ་ཡི་ཐོག་ཏུ་འགྲོ་ཐུབ་པའི་མེ་ཤུགས་འཕུར་མདའ་ལ་སོགས་བཟོ་བསྐྲུན་བྱེད་སྟངས་ཐམས་ཅད་བཀའ་འགྱུར་བསྟན་འགྱུར་ནང་དུ་ཡོད་ཅེས་སྤོབས་པ་ཆེན་པོའི་ཐོག་ནས་གསུངས་ན་ཡང༌། དོན་དངོས་སུ་བཀའ་འགྱུར་བསྟན་འགྱུར་པོ་ཏི་བརྒྱ་ཉིས་བརྒྱ་མགོ་ནས་མཐའ་བར་ཏུ་ཀློག་ན་ཡང་གནམ་གྲུ་དང་མེ་ཤུགས་འཕུར་མདའ་ལ་སོགས་བཟོ་བསྐྲུན་བྱེད་སྟངས་ཡོད་པ་ཕར་བཞག གནམ་གྲུ་ཞེས་པའི་ཚིག་ཙམ་ཡང་མཐོང་རྒྱུ་མེད། བཀའ་འགྱུར་བསྟན་འགྱུར་ནང་དུ་མེད་ན་ཡང་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེས་མགོ་ཁྲིད་པའི་བཙན་བྱོལ་བོད་གཞུང་གིས་དེང་སང་ཚན་རིག་བོད་ཀྱི་སྐད་ཡིག་ནང་དུ་བསྒྱུར་ཡོད་ཞེས་པའི་དེབ་ཅིག་ང་རང་གིས་བཀླགས་རྒྱུ་བྱུང༌། དེབ་དེ་ཡི་ནང་ཉི་ཧོང་རྒྱལ་ཁབ་ལ་བྱ་ཕོ་རྔ་མ་རིང་ཤོས་ཤིག་ལ་ཁྲི་ཉེར་ལྔ་ཡོད་པ་དང་ཨུ་རུ་སུ་ལུང་པའི་ནང་བུ་མོ་ལོ་བརྒྱད་ལོན་པ་ཞིག་ལ་ཕྲུ་གུ་སྐྱེས་པའི་ལོ་རྒྱུས་བོད་ཡིག་ནང་དུ་བསྒྱུར་བའི་དེབ་དེ་འདྲ་བ་ཙམ་གྱིས་ཚན་རིག་ང་རང་ཚོའི་སྐད་ཡིག་ནང་ཡོད་གསུངས་པ་ཡིན་ན། ནུབ་ཕྱོགས་ཚན་རིག་པའི་རྐང་པ་བརྫིས་ས་ལ་བོད་པའི་ཚན་རིག་པའི་མགོ་ཡིས་ཐུག་པའི་རེ་བ་ཡང་མེད།
ཅོ་རི་ཉི་མ་ཟེར། ཁྱེད་ལ་རང་གི་ལངས་ཕྱོགས་མེད་ཐག་ཆོད་རེད། ལངས་ཕྱོགས་མེད་པའི་མིས་གང་ཡང་སྨྲ་སྲིད། སྐད་ཡིག་བདག་པོ་མེད་པ་ཤེས་བཞིན་དུ་འཇམ་ནོར་ལ་ཧུར་ཐག་གིས་བསྟོད་པ་རེད་བྱས། སྐད་ཡིག་བདག་པོ་མེད་པ་ཤེས་བཞིན་དུ་ལོ་བརྒྱ་ཉི་བརྒྱ་རྗེས་ནས་རག་སྲིད་པའི་རང་བཙན་ལ་ནུས་ཤུགས་གཅིག་ཏུ་བསྒྲིལ། སྐད་ཡིག་བདག་པོ་མེད་པ་ཤེས་བཞིན་དུ་ཁ་བརྡ་དྲ་བའི་སྟེང་དུ་གཞན་སྐྱོན་འཚོལ་ནས་ཉི་མ་ཕུད་ཐབས་བྱས། གོང་དུ་བྲིས་པ་འདི་ནི་ཁྱེད་ཀྱི་སེམས་ཚབ་ཡིན་མི་སྲིད་ལ། ཕངས་སེམས་ནི་དེ་བས་་་་་་་་
ངོ་མ་འཇམ་ནོར་གྱི་བུ་ཚ་ཚོར་རླུང་འཕྲིན་ནང་བཅར་འདྲི་ཞིག་འབྱུང་ན་བསམ། དེ་ནས་སྐད་བཅོར་ལ་ལྗིད་ཚད་དང་གོང་ཚད་བརྒྱབ་ཆོག
བོད་སྐད་ཡག་པོ་མི་ཤེས་པའི་བོད་མི་ཡག་པོ་དེ་འདྲ་མང་པོ་ཡོད། ང་འཇམ་ནོར་ལ་དགའ་སའི་ཕྱོགས་ནི་ཁ་ཁར་རེད། འཇམ་ནོར་བོད་ཡིག་མཁས་དྲག་ནས་མ་རེད། ཁོང་གི་བུ་ཕྲུག་བོད་སྐད་མཁས་དྲག་ནས་མིན། བོད་སྐད་བོད་ཡིག་ཡག་པོ་ཤེས་མཁན་ནང་དུའང་མྱི་སྐྱུག་མེར་ལངས་ཡ་དེ་འདྲ་ཡོད་རེད།
བོད་སྐད་བོད་ཡིག་ཡག་པོ་མི་ཤེས་མཁན་འཇམ་ནོར་ལགས་ཀྱི་བུ་ཕྲུག་གཅིག་པོ་མ་རེད། ནུབ་ཕྱོགས་སུ་ཡོད་པའི་བོད་ཕྲུག་བརྒྱ་ཆ་༧༠འདྲ་པོ་རྐྱང་རྐྱང་རེད། དེ་དག་གི་ནང་དུ་བོད་ཡིག་མཁས་པ་ཚོ་ལས་རྒྱལ་ཞེན་བོད་ཞེན་ཆེ་བ་དེ་འདྲ་འདུག
ག་རེའི་ལངས་ཕྱོགས་ཟེར་གྱི་ཡོད་དམ། བོད་ཡིག་མི་ཤེས་པ་ཐམས་ཅད་དགྲ་བོ་ཡིན་པའི་ལངས་ཕྱོགས་འཛིན་དགོས་པ་ཨེ་རེད།་་་ཧཧ
བོད་པའི་ངོ་བོ་ཡོད་ན་བོད་ཞེན་བྱེད་རིན་ཡོད། དེ་མིན་བོད་ཞེན་སྟོང་པ་རེད། ངས་ཟེར་བའི་ལངས་ཕྱོགས་མེད་པ་དེ་རེད། བོད་དོན་གོ་རིམ་མ་ནོར་བ་དང་། ངོ་བོ་མ་རླག་པའི་ཐོག་ནས་བོད་དོན་རྩོད། བཤད་རིན་ཡོད། བྱེད་རིན་ཡོད། མི་གཞན་ཡིན་ནའང་མཐོང་རིན་ཡོད། གྲོད་ཁོག་མེད་ན་ཟས་ལ་ཅི་བྱས།
ཉིན་མ་དེ་རིང་ནས་བཟུང་་བོད་རང་གི་ཡུལ་སྐད་ཁག་ལ་་་ཕལ་སྐད་རྩ་བ་ནས་ལབ་ཡོང་རོགས། བོད་རང་ཡུལ་གྱི་ཡུལ་སྐད་ཁག་ལ་གཙོ་སྐད་ལབ་ནའང་ཆོག། རང་ཡུལ་གྱི་རང་སྐད་ལ་ཕལ་པའམ་དཀྱུས་མ་ལབ་ན་དངོས་གནས་སེམས་རྣལ་དུ་མ་ཕབ་པའི་སྐད་ཅ་མིན་ན་ཅི་ཡིན། ཕལ་སྐད་བརྗོད་འདོད་ལངས་ཀྱི་འདུག་ན་་་སམ་ཀྲི་ཏ་་ལ་ཕལ་སྐད་བརྗོད་་་བོད་རང་གི་ཡུལ་སྐད་ནི་་་་ཕལ་པ་རྩ་བ་ཉིད་ནས་མིན་ནོ། གཙོ་བོའི་ནང་ནས་གཙོ་བོ་དེ་ཡིན། །
བྱུང་ན་བཟང་པོ་ཀུན་འཛོམ་ལུས་དགོས་ཀྱང་ཡོང་ཁག་པོ་རེད། སྲིད་སྐྱོང་སེང་གེའི་བུ་ཕྲུག་ཚོས་བོད་ཡིག་བོད་སྐད་ཤེས་ཀྱི་རེད་དམ། ༧གོང་ས་མཆོག་གི་ཚ་བོ་ཚ་མོ་ཚོས་བོད་སྐད་བོད་ཡིག་ཡག་པོ་ཤེས་ཀྱི་རེད་དམ། བུ་རབས་ཚ་རྒྱུད་ཚོས་བོད་མི་ཤེས་པ་ཙམ་གྱིས་མི་དེ་སྡུག་སྐྱག་རེད་ལབ་ཐུབ་ས་རེད་དམ།
བོན་པོ་ལགས། ངས་རྗེས་སུ་ཁྱོད་ལ་གོ་བརྡ་ཡག་པོ་འཕྲད་ཐུབ་པའི་ལན་ཕུལ་ཆོག ཞིབ་ཚ་པོ་བྱེད་ནས་འབྲི་གི་ཡིན། དེ་རིང་དེའི་ཐོག་ཏུ་སྐད་ཆ་དེ་ལས་མེད།
ཡ་ཡ་དྲྭ་གྲོགས་ཅོ་རི་ཉི་མ་ལགས་བུ་ཁྱོད་ལ་འབྲི་རྩལ་ཡོད། བྲིས་ཤོག་ཨ་ངས་སྒུག་ནས་སྡོད་ཐག་ཆོད་ཡིན། །
བུ་རབས་ཚ་རྒྱུད་ཚོས་བོད་ཡིག་ཤེས་པ་ཙམ་གྱིས་མི་དེ་སྡུག་སྐྱག་རེད་ལབ་ཐུབ་ས་རེད་དམ།་་ཅེས་རོགས་བྱོས་་་ཧཧ
ཅོ་རི་ཉི་མ་ལགས། །
སྐུ་ཉིད་ཀྱི་རྩོམ་ཡིག་བྲིས་པ་ཁག་་་ཁ་བརྡའི་་་དྲྭ་ངོས་མདུན་དུ་བཀོད་གནང་ན་་་དེ་ནས་ང་ཚོས་དཔྱད་མཆན་སྤེལ་ཆོག་གི་རེད་བ། །
ཅོ་རི་ཉི་མ་་་་བྲིས་ནས་བཙལ་བ་ཡིན་ན་ཁྱེད་རང་གི་བྲིས་ཚད་རྙེད་ཐུབ་ཀྱི་རེད། གཞན་མཆན་བྲིས་ཚད་མང་ཆེ་བ་རྗེས་སུ་ལྟ་ཀློག་ཆེད་དུ་རྙེད་རྒྱུ་ཁག་པོ་འདུག། །
བོན་པོ་ལགས། ཁ་བརྡ་ཚང་གིས་བཀོད་བཅུག་ན་ཡག་པོ་ཡོང་བ་འདུག ཁ་བརྡའི་དྲ་བདག་ཚོས་ཆོག་མཆན་སྤྲོད་ཀྱི་མ་རེད། སྔོན་མ་ངས་ལོ་འགོ་ཕག་མགོ་ཟེར་བའི་རྩོམ་ཡིག་ཞིག་བཀོད་བྱོས་ཅེས་ཞུས་པ་ཡིན། ཁོ་ཚོས་བཀོད་མ་སོང་། བོན་རྒྱལ་བསྟན་འཛིན་རབ་རྒྱས་ལགས་ཁ་བརྡའི་རྩོམ་སྒྲིག་པ་རེད་བ། ཁོས་སྔོན་མ་ཆོས་རྒྱུད་ཀྱི་སྤྱི་འཐུས་མི་དགོས་ཟེར་ནས་དགག་པ་བརྒྱབ་དུས་ངས་བོན་རྒྱལ་བསྟན་རབ་ལ་དགག་པ་བརྒྱབ་པའི་འཁོན་འགྲན་སངས་མེད་པ་འདྲ།་་ཧཧཧ་་་དེ་འདྲ་རེད་དམ་མ་རེད། བོན་རྒྱལ་ཁ་གཉའ་ལགས།
ཅོ་ཉི། གནད་དོན་བཟང་མི་བཟང་དང་། ཡག་མིན་མ་རེད། བོད་ཀྱི་ངོ་བོ་གནས་ཐུབ་མིན་དང་། དགོས་མིན་སྐོར་རེད། བོད་པ་བོད་ཀྱི་སྐད་ཡིག་ལ་དོ་སྣང་མེད་ན་སུ་ཡིན་ནའི་ཚར་བ་རེད། དེ་ལ་སྤྱིར་བཏང་དམིགས་བསལ་གྱི་དབྱེ་བ་མེད།
ཁྱེད་ལྟར་ན་བོད་ཀྱི་སྐད་ཡིག་ལ་ནུབ་ཕྱོགས་འབྱོར་ལྡན་པ་ཚོས་དོ་སྣང་མེད། རྒྱ་བལ་སློབ་གྲྭ་རྣམས་ནས་དོ་སྣང་མེད། གདན་ས་བ་ཚོས་དོ་སྣང་མེད། དེས་ན་བོད་ཡིག་ཤེས་དང་མ་ཤེས་དབྱེ་བ་མེད། དེ་ནས་ཡག་དང་མི་ཡག་དབྱེ་བ་མེད། དེ་འདྲ་རེད། ལངས་ཕྱོགས་མེད་ཟེར་ན་དེ་རེད།
ངས་བསམ་ན་ཁ་བརྡ་ཚང་ཡག་ཐག་ཆོད་འདུག་དྲན་གྱི་ཡོད། ཚང་མ་ལ་འདྲ་འདྲ་གནང་གི་འདུག། བསྒྱུར་བ་ཆེན་པོ་ཕྱིན་འདུག། སྔོན་མ་ནང་བཞིན་རེད་མི་འདུག། ད་དུང་སྐར་ཁུངས་ཚང་གིས་བོད་ཡིག་རྩོམ་ཡིག་སྤུས་པ་དེ་འདྲ་ཡོད་ན་དབྱིན་ཡིག་ཐོག་ཏུའང་བསྒྱུར་གནང་གི་ཡིན་གསུངས་་སོང་། ཐེངས་མ་ཁ་ཤས་ཐབས་ཤེས་བྱོས་དང་གཏན་གཏན་འགོད་ཡོང་། ཁྱེད་རང་འབྲི་རྒྱུ་ལ་དགའ་མོས་ཡོད་མཁན་དེ་འདྲ་ཡིན་དུས་ཕན་ཐོག་ཆེན་པོ་ཡོང་བར་སེམས། །
བོད་ཡིག་ལ་དོ་སྣང་མི་བྱས་རྒྱུ་མཚན་ཤེས་དགོས་པ་རེད། ཅིའི་ཕྱིར། བོད་མིས་བོད་ཡིག་ལ་དོ་སྣང་མ་བྱས་པ་རེད་དམ།???དྲི་བ་རེད། རྒྱུ་མཚན་མང་པོ་ཡོད་རེད། ཁྱོད་ཀྱིས་བྱས་ན་ག་རེ་རེད་དམ། གཅིག་དང་། དེ་ནས་རིམ་བཞིན་སླེབས་ཡོང་གི་རེད། མི་ལོ་༢༠་་ཡི་རིང་དུ་བསམ་བློ་བཏང་མྱངས་བའི་གནད་དོན་ཡིན། མང་པོ་ཞུ་གྱི་ཡོད།
སྤྱི་སྟངས་ནས་ཁྱོད་ཀྱིས་འཇམ་ནོར་སྡུག་སྐྱག་རེད།་ཁོང་གི་བུ་ཕྲུག་ཚོས་བོད་ཡིག་མི་ཕྱིར།་རྟགས་བཀོད་ཀྱི་རེད། རེད་བདེན་པ། བོད་པ་བོད་ཡིག་མི་ཤེས་མཁན་ཡིན་ན་ཡག་པོ་ཅང་མ་རེད། ཡིན་ཀྱང་གནད་དེ་ཙམ་གཅིག་པོ་མ་རེད། ཁྱོད་ཀྱིས་ངའི་༼ ཐ་སྐད་གསར་པ་༽་ཅེས་པའི་རྩོམ་ཡིག་དེ་བཀླགས་མྱངས་ཡོད་པེ། མེད་ན་དེ་གཅིག་ཀློག་དང་། དེ་ནས་ང་ཅོ་རིའི་བསམ་ཚུལ་ཏོག་ཙམ་ཤེས་ཡོང་ཀི་རེད། གྷོ་གྷན་ནང་ཐ་སྙད་གསར་པ་ཅོ་རི་ཉི་མ་བྲིས་དང་ཐོན་འོང་གི་རེད། དེ་ནས་ཤོག་དང་་་མུ་མཐུད་ནས་ཞུ་ཆོག
ལགས་གསོལ་་་བོན་པོ་ལགས་་་ཁྱེད་ལ་ཕལ་སྐད་ཀྱི་སྐོར་དུ་གཅིག་འབྲི་ཡི་ཡིན། དམ་པ་དགེ་ཆོས་ཀྱི་གསུངས་དང་ཀར་ར་རིན་པོ་ཆེན་གཉིས་ཀྱིས་ཕལ་སྐད་ངོ་འཛིན་གནང་སྟངས་འདྲ་གི་ཡོད་ས་རེད་བསམ་བསམ་ཞིག་མི་འདུག་པས་དེའི་སྐོར་དང་མཉམ་དུ་འབྲི་གི་ཡིན། དེ་ནས་ཁ་བརྡ་ཚང་གི་བཀོད་བྱེད་མིན་བལྟ་ཨེ་རེད།
ཐུགས་རྗེ་ཆེ། ངས་བཀླག་ཆོག
ཕ་རྒྱའུ་ལ་བུ་རྒྱའུ་སྐྱེ་དགོས་ཟེར་བ་འདི་དང་། ཕ་རཀ་ར་ལ་བུ་རཀ་ར་དགོས་པའི་ངེས་པ་མེད། སྐད་ཡིག་དེ་ཕ་མའི་ཤུགས་རྐྱེན་གཅིག་རེད། དེ་ནས་བུ་ཕྲུག་དང་སྤྱི་ཚོགས་ཀྱི་ཤུགས་རྐྱེན་གཉིས་ལ་ཐུག་པ་དང་དེའི་ནང་ནས་བུ་ཕྲུག་གི་དོན་གཉེར་ཡོད་མེད་ནི་གཙོ་བོ་ཡིན་ནོ་སྙམ།
དགོངས་དག བུ་ཕྲུག་ལོ་ན་ཆུང་དུས་རྩེད་མོ་མ་གཏོགས་དྲན་རྒྱུ་མེད། དེས་ན་བསམ་ཤེས་མ་སླེབ་བར་ཕ་མས་འགུག་སྡོད་རྒྱུ་ཡིན་ནམ།
ཕ་མའི་ལག་ལ་ཡོད་དུས་གཅེས་ལང་བཏང་། །ཕྲུ་གུས་རང་དབང་རྩོད་དུས་ཐབས་ལམ་ཟད། །དེ་གཉིས་དབར་བོད་ཡིག་གནམ་ལ་གཏོར། །ཐ་མར་བུ་ཕྲུག་དོན་གཉེར་མི་འདུག་ཟེར།།
ཁྱི་རྒན་ལགས་ཀྱི་གསུང་ལ་གོ་རྒྱུ་ཆེན་པོ་འདུག ད་སྐུ་དྲག་བླག་དྲག་གི་བུ་ཕྲུག་ལ་ངོ་རྒོལ་བྱེད་པའམ་ཡང་མིན་ན་འདི་ཚོ་རང་ལུས་མེར་བསྲེགས་གཏང་བཅུག་ན་ཏག་ཏག་རེད།
གོང་དུ་གསལ་བའི་”གུས་རང་ཤོག་ཧྲུལ་ནང་གི་རྒད་པོ་ཤོག་སྙིགས་འཚོལ་རྒྱུ་ཕར་བཞག། རེ་བའང་མི་སྐྱེ་བའི་ཧི་པཱི་ཞིག་ཡིན་སྟབས།”ཞེས་པའི་ཧི་པཱི་ཟེར་ན་དོན་དག་ག་རེ་ཡིན་མིན་དང་། ཧི་པཱི་ནི་ཅི་ཞིག་གི་སྐད་ཅིག་ཡིན་མིན་མཁྱེན་མཁན་རེ་ཡོད་ན་གསུང་རོགས།
གོ་དོན་རགས་པའི་དབང་དུ་བྱས་ན་ཕལ་སྐད་ནི་ཡུལ་སྐད་ལ་ཡོངས་གྲགས་ཀྱིས་ངོས་འཛིན་བྱེད་ཀྱིན་ཡོད་པས། ཕལ་སྐད་ལ་འཕྲལ་སྐད་ཅེས་བྲིས་ན། མི་རིགས་ཤིག་གི་སྤྱི་སྐད་དང་ཡིག་སྐད་ནི་”འཕྲལ་དུ་མཁོ་བའི་སྐད་ལ་དགོངས་པ་བཞེས་”མི་དགོས་པར་འགྱུར་རམ་ཞེས་མི་བདེ་བའི་དོགས་འདྲི་ཞིག་རང་ཤུགས་ཀྱིས་སླེབས་ཡོང་།
འཕྲལ་སྐད་དང་ཕུགས་སྐད་ངས་མི་ཤེས། ཧིབ་པི་ནི་ཨིན་སྐད་ལ་འདུ་ཤེས་གསུམ་པར་ཟེར།
རག་རའི་བྲིས་བའི་དགེ་ཆོས་ཀྱི་རྣམ་ཐར་བཀླགས་མྱོང་ཡོད།ཁོ་རང་གི་བསམ་ཚུལ་མང་པོ་ཞིག་བྲིས་གནང་འདུག བར་མཚམས་ཀྱི་ཚིག་བཅད་དག་གི་ཉམས་དགེ་ཆོས་ཀྱི་རྩོམ་གཤིས་འདུག་སྙམ་སོང་།
ནེ་ཙོས་མ་ཎི་བཏོན་པ་བཞིན་ལྷག་བསམ་དང་སེམས་ཤུག་བོད་ལ་ཤ་ཚ་སོགས་བཤད་པ་ལ་ནི་ཧ་ལས་ཡ་གང་ཡང་མེད། དོན་དངོས་ཐོག་བོད་ཀྱི་རིག་གཞུང་དང་སྐད་ཡིག་ལ་དུང་ཞེན་དང་ལྷག་བསམ་ཡོད་ན། ཐོག་མར་རང་ཉིད་ནས་མགོ་བརྩམས་ནས་འབད་དགོས་ཤིང་། རང་ཉིད་ནས་མགོ་བཙུག་སྟངས་དེའང་དམའ་མཐའ་ས་རང་གི་བུ་རབས་ཚ་རྒྱུད་དག་ལ་བོད་ཀྱི་སྐད་ཡིག་རང་རྐྱ་ཕེར་བ་ཞིག་ངེས་པར་དུ་བཟོ་དགོས། དེ་མིན་རང་གི་བུ་རབས་ཚ་རྒྱུ་དང་བཅས་པ་ཕྱི་ལུག་གི་སློབ་གྲྭ་ནང་བཅུག་ནས་དབྱིན་ཡིག་སོགས་ཕྱི་ལུགས་ཀྱི་རིག་གནས་ལ་འབད་བརྩོན་བྱེད་དུ་བཅུགས། མ་འོངས་པར་ཕྱིའི་རྒྱལ་ཁབ་ག་གེ་མོ་ཞིག་ནང་ལས་ཀ་ལྟོ་གོས་ཐད་སེམས་ཕྲལ་མི་དགོས་པ་ཞིག་བཟོ་ཨེ་ཐུབ་བལྟས། ཁ་ནས་སྟོང་བཤད་མགོ་ཡོལ་འཁོར་བ་རེ་བཤད་བསྡད་མཁན་ང་ཚོ་བཙན་བྱོལ་བ་ནང་ནང་པོ་རེ། དེས་ན་རྔ་ལ་དབྱུག་གུ་མ་བསྣུན་བར། །དེ་སྲིད་བར་དུ་གཏིང་མི་དཔོག་ཅེས་པ་བཞིན་ཐོག་མར་རཀ་ར་རིན་པོ་ཆེ་མཆོག་གིས་བུ་བུ་མོ་ཚོས་སློབ་སྦྱོང་གང་གནང་དང་བོད་ཀྱི་སྐད་ཡིག་ཐད་ཀྱི་གནས་སྟངས་ཚད་ལྡན་ཞིག་གསུངས་དང་ད་གཟོད་ཤེས་འོང་། ད་དུང་མཆན་བུ་བ་ཞིག་གིས་བཀའ་ཁྲི་བློ་བཟང་སེང་གེའི་བུ་ཕྲུག་དག་དང་༧གོང་ས་གཆོག་གི་ཚ་བོ་ཚ་མོ་ཚོས་བོད་ཡིག་དང་བོད་སྐད་མ་ཤེས་ན་སྐྱོན་ཨེ་ཡིན་ཟེར། གལ་ཏེ་དེ་དག་གིས་བོད་ཀྱི་སྐད་ཡིག་མ་ཤེས་ན་ངས་ཤིན་ཏུ་ནས་སྐྱོན་ཡིན་པར་ངོས་འཛིན་ཐོག་ཁོང་དག་གིས་བོད་ཀྱི་རིག་གནས་དང་སྐད་ཡིག་ཡག་རབས་བཟང་རབས་འདི་ཉམས་ཆགས་སོང་ན་མི་འགྲིགས་པར་བཤད་བཤད་པ་དག་ནི་བོད་མི་དཀྱུས་མ་རྣམས་མགོ་བསྐོར་གྱི་སྐད་ཆ་ཞིག་ཡིན་པར་ཚིག་ཐག་ཆོད་པོས་བཤད་ཐུབ།
རྗེས་དྲན་ཞུ།
མཁས་པ་མཁས་པའི་དབུས་ན་མཛེས་་་་གསུངས་པ་ལྟར་་་བཀུར་འོས་མཁས་ཆེན་ཁོང་ལྟ་བུའི་སྐྱེས་ཆེན་དམ་པ་ཚོའི་རྣམ་ཐར་འདིར་ཁུར་མ་ཡོང་ན་ཡག་པོ་ཡིན་འགྲོ་་་་་ཤེས་མིན་ཤེས་གཉི་གས་བདེན་མིན་རྫུན་བཤད་ཀྱིས་གཞན་ལ་ལོག་ལྟ་སྐྱེ་བའི་རྒྱུར་འགྲོ་བ་ལས་དགེ་མཚན་ཅང་མཐོང་མ་སོང་།