ཧེན་རོས་ཇེམ་སིས་བརྩམས། ཀླུ་སྨྱོན་ཧེ་རུ་ཀས་དབྱིན་ཡིག་ནས་བསྒྱུར།
ངོ་སྤྲོད
དཀར་ཆག
དང་པོ། བུ་མོ་དཀྱུས་མ་ཞིག
གཉིས་པ། ལས་ཀ་མེད་པའི་མི་ཞིག
གསུམ་པ། གསང་བ།
བཞི་པ། བརྩེ་བའི་ཆེད་དམ་དངུལ་གྱི་ཆེད།
ལྔ་པ། ལྕམ་ཕེ་ནེ་མེན་གྱི་འཆར་གཞི
དྲུག་པ། རེ་སྒུག་ཡུན་རིང་།
བདུན་པ། དཀའ་ཁག་ཅན་གྱི་དུས་ཚོད།
བརྒྱད་པ། ཞབས་བྲོའི་རྗེས་སུ།
ངོ་སྤྲོད།
“ཁོས་ལས་ཀ་ཞིག་འཚོལ་བཞིན་འདུག ཨ་ནེ་ཕེ་ནེ་མེན་གྱིས་བརྗོད་རྒྱུར། ཁོས་ཉིན་རེ་བཞིན་འཚོལ་བཞིན་འདུག
ཁོས་དེ་འདི་རུ་འཚོལ་བཞིན་འདུག སྨན་པས་ལན་འདི་ལྟར་བཏབ། བུད་མེད་སྐྱོ་བོ་ཨ་སྒོར་སུམ་ཁྲི་ཅན་ཞིག་གི་ཁྱོ་ཀ་བྱེད་རྒྱུའི་ལས་ཀ་ཞིག
ཁ་ཐུ་རིན་ནི་ཁ་ཁུ་སིམ་པོར་མོའི་ཨ་ཕ་དང་ཨ་ནེ་གཉིས་དང་མཉམ་དུ་གྲོང་ཁྱེར་ཉིག་ཡོར་གྱི་ཁུག་ཀྱོག་ཁུ་སིམ་ཞིག་ཏུ་ཡོད་པའི་སྡོད་ཁང་ཡག་པོ་ཞིག་ཏུ་བསྡད་ཡོད། ཁ་ཐུ་རིན་ནི་བཞིན་རས་མཛེས་པོ་མེད་ལ་སྤྱང་གྲུང་འཛོམ་པོ་དང་དོ་སྣང་འདྲེན་པ་ཞིག་ཀྱང་མེད། མོ་ནི་སྐད་ཆ་བདེན་པར་སྨྲ་མཁན་ཞིག་དང་བུ་མོ་ཡག་པོ་ཞིག དེ་བཞིན་སྨན་པ་སི་ལོ་ཕེར་གྱི་བུ་མོ་གཅིག་པོ་དེ་རེད་ལ། ནམ་ཞིག་མོའི་ཕ་རྒན་གྲོངས་པའི་རྗེས་སུ། མོ་ལ་དངུལ་མང་པོ་ཞིག་འཐོབ་ཀྱི་རེད།
ཉིན་ཞིག་ལ། མོ་རང་ཕོ་གཞོན་ཡིད་དབང་འཕྲོག་པ་མིང་ལ་མོ་རིས་སི་ཁྲེ་ཨང་སེན་ཟེར་བ་ཞིག་དང་ཕྲད། ཁོ་རང་ཁ་ཐུ་རིན་ལ་དོ་སྣང་ཤིན་ཏུ་ཆེན་པོ་བྱུང་། ཁོས་ཏོག་ཙམ་གྱི་རྗེས་སུ་ཁོའི་སེམས་པ་རྦད་དེ་མོ་ལ་ཤོར་སོང་ཟེར་ལ་མོ་ཡང་ཁོ་ལ་དགའ་བར་གྱུར། ཡིན་ན་ཡང་། མོའི་ཕ་རྒན་མི་དེ་ལ་མི་དགའ་བས། ཁོ་གཉིས་ཀྱིས་གཉེན་སྒྲིག་བྱས་ཡོད་དམ།
ཧེན་རོས་ཇེམ་སི་ནི་རླབས་ཆེ་བའི་རྩོམ་པ་པོ་དབྱིན་ཡིག་གིས་རྩོམ་ཡིག་འབྲི་མཁན་ཞིག་རེད། ཁོ་རང་སྤྱི་ལོ་༡༨༤༣ལོར་ཉིག་ཡོར་དུ་སྐྱེས་ཤིང་སློབ་གྲྭར་ཡང་དེ་རུ་སོང་། དེ་རྗེས་ཁོས་ཧ་ཝར་གཙུག་ལག་སློབ་ཆེན་འགྲིམས་ཏེ་ཁྲིམས་ལུགས་ལ་སྦྱངས། སྤྱི་ལོ་༡༨༧༥ལོར་ཁོ་ཨ་རི་ནས་ཐོན་ཏེ་ཕེ་རི་སི་ལ་རྒྱུན་སྡོད་བྱས། དེ་རུ་ཁོ་རྩོམ་པ་པོ་ཧྥུལ་ཨུ་སྦིར་ཁྲུ་Flaubert དང་ ཁྲིར་སྒེ་ནེ་Turgenevསོགས་རླབས་ཆེན་གྱི་རྩོམ་པ་པོ་མང་པོར་ཐུག་ཕྲད་བྱུང་། སྤྱི་ལོ་༡༨༧༦ལོར་ཁོ་ལོན་སྒྲོན་ལ་གནས་སྤོ་བྱས། ལོན་སྒྲོན་སྤྱི་ཚོགས་ཀྱིས་ཁོ་ལ་དགའ་བོ་བྱས་པ་དང་ནམ་རྒྱུན་ཁོ་རང་གཟའ་འཁོར་རེ་རེའི་མཚན་མོར་ཕྱི་ལོགས་སུ་འཁྱམས། ཁོས་སྙན་ངག་དང་སྒྲུང་ཐུང་མང་པོ་བྲིས་ཤིང་།དེ་བཞིན་དེབ་ཉི་ཤུ་བརྩམས་ཡོད། ཁོའི་སྒྲུང་ཐུང་དག་ཏུ་ཨ་མེ་རི་ཁ་དང་ཡོ་རོབ་པའི་སྤྱང་གྲུང་གི་སྣང་བརྙན་བསྡུས་ཡོད། “ཝ་ཤིང་ཁྲོན་ཐང་ཆེན”ནི་ཁོས་ཆེས་ཐོག་མར་བྲིས་པའི་དེབ་ཀྱི་གྲས་ཡིན་ལ་ཁོས་དེ་སྤྱི་ལོ་༡༨༨༠ལོར་བརྩམས། ཁོའི་སྐད་གྲགས་ཆེ་བའི་དེབ་གཞན་པ་དག་ནི། “ལྕམ་མོ་ཞིག་གི་འདྲ་རིས།” ༡༨༨༡ “སྦ་སི་ཀྲོན་པ་ཚོ།” ༡༨༨༦ “གསེར་གྱི་ཕོར་པ།” ༡༨༩༨ སྒྲུང་ཐུང་ནི། “ལྕམ་མོ་ཞིག་གི་འདྲ་རིས”དང་”གཅུས་གཟེར་སྡོམ་པ”གཉིས་ཀ་མཚོ་བྱའི་ཀློག་མཁན་ Penguin Reader ཞེས་པའི་ཆེས་མཐོའི་ཀློག་དེབ་ཀྱི་གྲས་སུ་ཚུད།”
དང་པོ། བུ་མོ་དཀྱུས་མ་ཞིག
ལོ་མང་པོའི་སྔོན་གྱི་ཉིག་ཡོར་གྲོང་ཁྱེར་དུ་སྨན་པ་ཞིག་ཡོད་པ་དང་། ཨ་མེ་རི་ཀ་སྨན་པ་ཚོར་དགའ་ཞིང་ཉིག་ཡོར་སྨན་པ་སི་ལོ་ཕེར་ལ་དགའ་བོ་ཡོད། ང་ཚོའི་སྒྲུང་འདི་མགོ་རྩོམ་པའི་དུས་སྐབས་ཏེ། སྤྱི་ལོ་༡༨༤༣ལོར། སྨན་པ་སི་ལོ་ཕེར་རང་ལོ་ལྔ་བཅུ་ང་ལྔར་བསླེབས་ཡོད། ཁོ་ནི་སྨན་པ་བཟང་པོ་ཞིག་ཡིན་ཞིང་། ཁོ་ནི་འཛམ་གླིང་སྟེང་གི་སྐྱེས་པ་དེ་ཡིན་ལ་དྲང་བདེན་གྱི་མི་དེ་རེད།
མི་ཚེ་ནི་ཁོ་ལ་མཚོན་ན་བདེ་སྐྱིད་ཅིག་རེད། ལོ་ན་ཉི་ཤུ་རྩ་བདུན་གྱི་སྟེང་དུ་ཁོས་མཛེས་སྡུག་ལྡན་ཞིང་སྤྱང་གྲུང་འཛོམས་པའི་བུ་མོ་ཞིག་ལ་གཉེན་སྒྲིག་བྱས། མོ་ལ་ཡིད་དབང་འཕྲོག་པའི་འདྲེན་བྱེད་དང་ཨ་སྒོར་སྟོང་ཕྲག་བཅུ། ད་དུང་ཁོར་ཡུག་ནང་ས་ཆ་ཡག་པོ་ཞིག་ཀྱང་ཡོད། ལོ་ངོ་ལྔའི་རིང་ལ་སྨན་པ་སི་ལོ་ཕེར་ལ་བདེ་སྐྱིད་ཀྱི་འཚོ་བ་ལྡན། ཁོའི་བཟའ་ཟླའི་གྲོགས་པོ་གྲོགས་མོ་མང་པོ་ཞིག་ཁོའི་ཁང་པའི་ནང་དུ་མགྲོན་པོར་བསླེབས་པ་དང་། ཁོས་རང་གི་ཉིན་རེའི་བྱ་བ་ཡང་བདེ་བླག་ཏུ་བསྒྲུབས། ཁོའི་ནང་མི་ཁང་པ་ཆེན་པོ་ཞིག་གི་ནང་ཝ་ཤིང་ཁྲོན་ཐང་ཆེན་ལ་བསྡད་ཡོད། –ཟང་ཟིང་གི་གྲོང་ཁྱེར་གྱི་ཁུག་ཀྱོག་ཁུ་སིམ་ཞིག
ཁོ་ཚོའི་ཐོག་མའི་ཕྲུ་གུ་སྟེ་སྤྱང་གྲུང་ལྡན་པའི་བུ་ཆུང་དེ་ལོ་གསུམ་ལ་ལོན་དུས་ཚེ་ལས་འདས། དེ་ལ་ཁོའི་ཨ་མའི་བརྩེ་བ་དང་ཕ་ཡི་ལས་ཀ་ཡིས་སྐྱོབས་ཐབས་ཅི་ཡང་མ་བྱུང་། ལོ་གཉིས་ཀྱི་རྗེས་སུ། ལྕམ་མོ་སི་ལོ་ཕེར་ལ་ཕྲུ་གུ་གཉིས་པ་བུ་མོ་ཞིག་སྐྱེས། སྨན་པ་ཁོང་ལ་ཕྲུ་གུ་བུ་མོ་ཞིག་གི་འདོད་པ་མེད་ན་ཡང་། འདི་ནི་ཆེས་ཐབས་སྡུག་ཅིག་མ་རེད། གཟའ་འཁོར་གཉིས་ཀྱི་རྗེས་སུ་ལྕམ་སི་ལོ་ཕེར་འཇིག་རྟེན་ཕྱི་མར་གཤེགས། བུ་མོ་ཆུང་ཆུང་དེའི་མིང་ལ་ཁ་ཐི་རིན་ཞེས་བཏགས་པ་དང་། མོ་ནི་སྐྱེ་སྟོབས་དང་ལྡན་པ་ཞིག་ཡིན་པས། མོའི་ཕ་ལ་མོ་རང་ཡང་མི་འཚོ་བའི་འཇིགས་སྣང་མ་བྱུང་།
ནམ་ཞིག་ཕྲུ་གུ་འདི་ལོ་བཅུ་ལ་སོན་དུས། སྨན་པ་སི་ལོ་ཕེར་གྱིས་ཁོའི་སྲིང་མོ་ལྕམ་ལ་ཝེས་ནིས་ཡ་ཕེ་ནེ་མེན་ལ་འདིར་ཡོང་ནས་ཁོ་ཚོ་དང་མཉམ་དུ་སྡོད་རྒྱུའི་སྐད་ཆ་དྲིས། ལྕམ་འདིའི་ཁྱོ་ཀ་སྐུ་ཞབས་ཕེ་ནེ་མེན་ནི་དངུལ་མེད་པའི་ཆོས་ཁང་བདག་གཉེར་བ་ཞིག་ཡིན་ཞིང་། མོ་རང་ལོ་ན་སོ་གསུམ་ཡིན་དུས་ཁོང་ཚེ་ལས་འདས། མོ་ལ་ཕྲུ་གུ་མེད་ལ་རྒྱུ་ནོར་ཡང་མེད།
ཟླ་བ་དྲུག་ལ་འདུག་རོགས། སྨན་པ་སི་ལོ་ཕེར་གྱིས་དེ་སྐད་བརྗོད།
ངས་ཉོབ་ཏོ་ཞིག་ལ་བལྟ་གི་ཡིན། མོས་དེ་ལྟར་བརྗོད། མོ་རང་གི་གཅེན་པོའི་ཁྱིམ་དུ་སྤར་བ་དང་ནམ་ཡང་ཡང་སྐྱར་གཞན་དུ་འགྲོ་འདོད་མ་སྐྱེས། ལྕམ་ཕེ་ནེ་མེན་གྱིས་མི་ཀུན་ལ་བུ་མོ་ཆུང་ཆུང་འདི་ནི་མོ་དང་འདྲ་བའི་མཛངས་མ་སྤྱང་གྲུང་འཛོམས་པ་ཞིག་ཏུ་འགྱུར་འདོད་ཡོད་ལུགས་བརྗོད། སྨན་པ་སི་ལོ་ཕེར་གྱིས་རང་གི་སྲིང་མོ་དེ་སྤྱང་གྲུང་འཛོམས་པ་ཞིག་ཏུ་བསམས་མྱོང་མེད། ཡིན་ན་ཡང་ཁོ་ནི་དུས་རྟག་ཏུ་མོ་ལ་གུས་བརྩི་ལྡན་ཞིང་ནམ་ཡང་མོ་ལ་ཁོང་ཁྲོ་སྐྱེས་མྱོང་མེད། ཁོ་གཉིས་ཀྱིས་ཕན་ཚུན་དབར་སྐད་ཆ་མང་པོ་མི་བཤད་ཅིང་། ཁོས་མོ་ལ་ཁ་ཐུ་རིན་གྱི་སློབ་སྦྱོང་གི་སྐོར་གྱི་རང་གི་འཆར་གཞི་དག་བརྗོད་པ་མ་གཏོགས་གཞན་སྐད་ཆ་མང་པོ་མེད།
ཁ་ཐུ་རིན་ནི་བུ་མོ་ཡག་པོ་ཞིག་དང་སྐད་ཆ་བདེན་པར་སྨྲ་མཁན་ཞིག་ཡིན་ན་ཡང་དེ་འདྲའི་མཛེས་མ་ཞིག་དང་སྤྱང་གྲུང་ལྡན་པ་ཞིག་མིན། མོ་ནི་ཁ་ཁུ་སིམ་པའི་བུ་མོ་ཞིག་རེད། མོ་རང་མོའི་ཨ་ཕར་བརྩེ་ཞིང་ཤིན་ཏུ་སྐྲག་བཞིན་ཡང་ཡོད། ནམ་ཞིག་མོའི་ཨ་ཕ་དགའ་བོ་བྱུང་དུས་མོ་རང་ཡང་སྐྱིད་པོ་ཡོད། སྨན་པ་འདིས་རང་གི་བུ་མོ་འདིའི་ཕྱོགས་ནས་ཁེངས་དྲེགས་ཅན་ཞིག་ཏུ་འགྱུར་རེ་བཅངས་ན་ཡང་དེ་ལྟར་མ་བྱུང་། སྐབས་རེར་ཁོ་རང་ཁོང་ཁྲོ་སྐྱེས་ཤིང་རྒྱུ་མཚན་ནི་རང་གི་བུ་མོ་གཅིག་པོ་དེ་ནི་བུ་མོ་དཀྱུས་མ་ཞིག་ཡིན་པས་སོ། །
ནམ་ཞིག་མོ་རང་ལོ་བཅོ་བརྒྱད་ལ་སོན་དུས། ཁ་ཐུ་རིན་ནི་ཁ་ཁུ་སིམ་པའི་བུ་མོ་གཞོན་ནུ་མ་ཞིག་རེད། ཡིན་ན་ཡང་མོས་ཚོས་གཞི་བཀྲག་མདངས་ཆེ་ཞིང་མིག་ལ་འཚེར་བའི་ལྭ་བ་གྱོན་མགོ་བརྩམས། སྨན་པ་སི་ལོ་ཕེར་མོའི་གྱོན་ཆས་ལ་དགའ་བོ་མ་བྱུང་བར་མོ་ནི་ཐ་མལ་བ་ཞིག་རེད་བསམས་ཡོད།
ཉིན་ཞིག་ལ། ཁ་ཐུ་རིན་གྱི་ཨ་ནེ་གཞན་པ་ལྕམ་ཨལ་མོང གིས་མི་མང་པོ་ཞིག་ལ་མོའི་ཁང་པའི་སྐོར་བརྗོད། ལྕམ་ཨལ་མོང་ནི་སྨན་པ་སི་ལོ་ཕེར་གྱི་སྲིང་མོ་ཆུང་ཤོས་དེ་ཡིན་ཞིང་། མོ་གྲོང་ཁྱེར་གྱི་སྐྱེས་པ་ཕྱུག་པོ་ཞིག་གི་བཟའ་ཟླ་དང་ཕྲུ་གུ་དགུ་ཡི་ཨ་མ་རེད། མོ་ནི་མཛེས་མ་ཞིག་དང་སྣང་བ་སྐྱིད་པོ། སྤྱང་གྲུང་འཛོམ་པོ་དང་མོའི་གཅེན་པོ་མོ་ལ་དགའ་མོས་ཡོད་པ་ཞིག་བཅས་རེད། ནམ་རྒྱུན་སྨན་པ་སི་ལོ་ཕེར་གྱིས་རང་གི་བུ་མོའི་སྐོར་བརྗོད་འདོད་ཡོད་དུས་མོ་ཡི་སར་ཡོང་བ་ལས་ལྕམ་ཕེ་ནེ་མེན་གྱི་ས་རུ་མི་འགྲོ། ཁ་ཐུ་རིན་མོའི་ཨ་ནེའི་ཕྲུ་གུ་ཚོ་དང་འདྲིས་པོ་ཡོད། དེ་རུ་བུ་བདུན་དང་བུ་མོ་གཉིས་ཡོད་ཅིང་། བུ་མོ་རྒན་པ་དེས་གཞོན་དུས་སུ་གཉེན་སྒྲིག་བྱས། བུ་མོ་ཆུང་ཤོས་དེའི་མིང་ལ་མ་རོས་ཡན་ཟེར་ཞིང་དེས་ཀྱང་མགྱོགས་པོར་གཉེན་སྒྲིག་བྱེད་གཏན་ཁེལ་འདུག མོ་ལ་ཕོ་གཞོན་མིང་ལ་ཨར་ཐར་ཁྲོང་སེན་ཟེར་བ་ཞིག་རག་ཡོད་ཅིང་། དེའི་ཕྱིར་ཨལ་མོང་ཚང་གིས་མི་ཀུན་ཁོང་ཚང་ལ་མགྲོན་འབོད་བྱས།
ལྕམ་ཕེ་ནེ་མེན་དང་ཁ་ཐུ་རིན་ཨལ་མོང་ཚང་ལ་བསླེབས་ཤིང་སྨན་པས་དུས་ཚོད་འཕྱི་བོའི་ནང་ལ་དེ་རུ་ཡོང་འཆར་བཏིང་།
ཞབས་བྲོ་མགོ་བཙུགས་ནས་ཅང་མ་འགོར་བར། མ་རོས་ཡན་ཨལ་མོང་གིས་ཕོ་གཞོན་གཟུགས་རིང་ཞིག་ཁྲིད་ནས་ཁ་ཐུ་རིན་གྱི་འཁྲིས་སུ་ཡོང་།
ཁ་ཐུ་རིན། འདི་ནི་སྐུ་ཞབས་མོ་རིས་སི་ཁྲོང་སེན་ལགས་རེད། ཁོང་ནི་ཨར་ཐར་གྱི་ཁྱིམ་ཚང་ལྟ་བུ་ཞིག་ནས་རེད། ཁོང་ཁྱོད་རང་ལ་མཇལ་འདོད་ཆེན་པོ་འདུག
མ་རོས་ཡན་ཨལ་མོང་ནི་མཛེས་མ་ཞིག་རེད། མོ་རང་ལོ་ན་བཅུ་བདུན་ལ་སོན་དུས་ལས་སླ་བོའི་སྒོ་ནས་སྤྱི་ཚོགས་ནང་ཞུགས་ཐུབ་པ་བྱུང་། མོས་ཁ་ཐུ་རིན་དང་སྐུ་ཞབས་མོ་རིས་སི་ཁྲོང་སེན་གཉིས་མཉམ་དུ་ཁེར་རྐྱང་དུ་བཞག ཁ་ཐུ་ར྄ིན་གྱིས་ཕོ་གཞོན་དེར་བལྟས་པ་ན། ཁོ་ནི་ཕོ་གསར་ཡིད་དབང་འཕྲོག་པ་ཞིག་འདུག ངས་ཕོ་གསར་རྫིག་པོ་འདི་ལ་སྐད་ཆ་ཅི་འདྲ་ཞིག་བརྗོད་ན་ལེགས། ཁ་ཐུ་ར྄ིན་གྱིས་དེ་ལྟར་བསམས། ཡིན་ན་ཡང་སྐུ་ཞབས་མོ་རིས་སི་ཁྲོང་སེན་གྱིས་ལས་སླ་བའི་འཛུམ་མདངས་ཤིག་དང་བཅས་མོ་ལ་སྐད་ཆ་བཤད་མགོ་བཙུགས།
དེ་འདྲའི་ཡིད་དུ་འོང་བའི་དགོང་དྲོ་ཞིག ཇི་འདྲའི་ཁང་པ་མཛེས་པོ་ཞིག དེ་འདྲའི་དོ་སྣང་འདྲེན་པའི་ཁྱིམ་ཚང་ཞིག མ་རོས་ཡན་ནི་ཇི་འདྲའི་མཛེས་མ་ཞིག་རེད།
ཁོས་ཁ་ཐུ་རིན་གྱི་མིག་ནང་ལ་ཅེར་རེར་ལྟ། མོས་ཅི་ཡང་མ་བརྗོད། ཁོས་བརྗོད་པ་དང་མོས་ཉན་བཞིན་ཁོ་ལ་བལྟས། མོས་རྐུབ་སྟེགས་ལ་རྒྱབ་བསྙེས་ཏེ་ཁོ་ནི་དེ་འདྲའི་སྤྱང་གྲུང་འཛོམ་པ་ལ་བསམས།
འདི་ནི་ལྕམ་ཨལ་མོང་ཚང་གི་ནང་ལ་ངའི་ཐོག་མའི་འགྲུལ་བཞུད་ཡིན། ཁོས་མུ་མཐུད་དེ་བརྗོད་རྒྱུར། ལོ་མང་པོ་ཞིག་གི་རིང་གི་ཉིག་ཡོར་ལ་ཡོང་ཐེངས་དང་པོ་དེ་ཡང་ཡིན། ང་རང་བྱིས་པ་ཡིན་དུས་འདི་རུ་བསྡད་མྱོང་ན་ཡང་། རང་ལོ་ཉི་ཤུའི་སྟེང་ས་འདི་ནས་ཕྱི་ལོགས་སུ་བསྐྱོད་པ་ཡིན། ང་འཛམ་གླིང་འདིའི་མཐའ་སྐོར་དུ་བསྐྱོད་པ་ཡིན། ང་རང་ཟླ་གཅིག་གི་སྔོན་དུ་ཕྱིར་ཉིག་ཡོར་ལ་ལོག་པ་ཡིན། དེ་ནི་གྲོང་ཁྱེར་ཡག་པོ་ཞིག་ཡིན་ན་ཡང་ངས་མི་གཅིག་ཀྱང་ངོ་མི་ཤེས། ཁྱོད་ཀྱིས་གཟིགས་དང་། མི་རྣམས་ཀྱིས་ཁྱོད་རང་བརྗེད་ཚར་བ་རེད། ཁོས་དེ་ལྟར་བརྗོད་པ་དང་ཁ་ཐུ་རིན་ལ་འཛུམ་ཞིག་བསྟན།
ཁ་ཐུ་རིན་གྱིས་བསམས་པར། ངས་ཁྱོད་ནམ་ཡང་བརྗེད་མི་སྲིད།
ཁོ་རང་གཉིས་དེ་རུ་དུས་ཚོད་གང་འཚམ་རིང་བསྡད་ཅིང་གད་མོ་ཡང་མཉམ་དུ་བགད། ཁོས་མོ་ལ་ཁོ་ཚོའི་ཉེ་འཁྲིས་ཀྱི་མི་རྣམས་ཀྱི་སྐོར་སྐད་ཆ་དྲིས་ཤིང་ཁོས་དེ་ཚོར་འཛིན་པའི་རང་གི་ལྟ་ཚུལ་ཡང་བརྗོད། མོས་ཁོ་རང་དེ་འདྲའི་མི་དྲང་བདེན་ཅན་ཞིག་རེད་བསམས། དེ་རྗེས་མ་རོས་ཡན་ཕྱིར་ལོག་སྟེ་སྐུ་ཞབས་ཁྲོང་སེན་ཁྲིད་ནས་མོའི་ཨ་མར་ངོ་སྤྲོད་བྱས།
ང་ཚོ་ཡང་སྐྱར་མཇལ་ཡོང་། ཁོས་ཁ་ཐུ་རིན་ལ་དེ་ལྟར་བརྗོད། མ་རོས་ཡན་ཚུར་ཡོང་ནས་ཁ་ཐུ་རིན་གྱི་ལག་པར་འཇུས་ཏེ་ཉེ་འཁྲིས་ཀྱི་ཁང་པའི་ནང་དུ་བསྐྱོད།
ཁྱོད་ཀྱིས་མོ་རོས་སིའི་ཕྱོགས་ནས་ག་འདྲ་བསམ་གྱིན་འདུག མོས་དེ་སྐད་དྲིས།
ཁ་ཐུ་རིན་གྱིས་མོའི་མིི་ཚེའི་ནང་གི་ཆེས་ཐོག་མའི་སྐད་ཆ་དྲང་བདེན་མིན་པ་དེ་བརྗོད། ཨོ། ཞེ་དྲགས་མེད། མོས་འདི་ལྟར་བརྗོད།
ངས་ཁོང་ལ་དེ་སྐད་བརྗོད་ཀྱི་ཡིན། ཟེར་ཞོར་མ་རོས་ཡན་ངུས། དེ་ནི་ཁོ་ལ་ཡག་པོ་ཞིག་ཡིན་རྒྱུ་རེད། ཁོ་ལ་མོ་རོས་སི་ཁྲོང་སེན་ལ་དམིགས་པའི་འཆར་གཞི་ཡག་པོ་ཞིག་ཡོད་ཅེས་ཅར་ཐར་གྱིས་རྗོད་ཀྱིན་འདུག་ལ་ཁོང་གིས་ཁོ་ངོ་ཤེས་ཀྱི་རེད།
ཆུ་ཚོད་ཕྱེད་ཀ་ཞིག་གི་རྗེས་སུ། ཁ་ཐུ་རིན་གྱིས་མོའི་ཨ་ནེ་ཕེ་ནེ་མེན་སྒེའུ་ཁུང་ཞིག་གི་འཁྲིས་སུ་མཐོང་། མོ་རོས་སི་མོའི་འཁྲིས་སུ་ལངས་བསྡད་ཡོད་པ་དང་། དེ་ནས་སྨན་པ་སི་ལོ་ཕེར་ནང་ལ་བསླེབས། ནམ་རྒྱུན་ཁོའི་ངོ་གདོང་ན་འཛུམ་མདངས་ཕྲན་བུ་ཞིག་ཡོད། ཡིན་ན་ཡང་ནམ་ཡང་འཛུམ་མདངས་ཡོངས་སུ་རྫོགས་པ་ཞིག་མཐོང་རྒྱུ་མེད། ཁོས་རང་གི་བུ་མོའི་འཕྱོར་ལྭ་དམར་པོ་དེར་ཅིག་བལྟས་ཏེ། བུ་མོ་སྙིང་རྗེ་བོ་འདི་ངའི་ཕྲུ་གུ་ཆགས་སྲིད་ཀྱི་རེད་དམ། ཟེར། ཁ་ཐུ་རིན་གྱིས་ནམ་རྒྱུན་རང་གི་ཕ་རྒན་གྱི་སྐད་ཆའི་ནང་དོན་མི་རྟོགས།
ང་རང་སྙིང་རྗེ་བོ་ཞིག་མིན། མོས་དེ་སྐད་ཁུ་སིམ་ངང་བརྗོད།
ཁྱོད་རང་ཕྱུག་པོ་རེད། ཁོས་དེ་སྐད་བརྗོད། དགོང་དྲོ་འདི་སྐྱིད་པོ་ཞིག་ཏུ་འགྱུར་གྱིན་འདུག
ང་རང་ད་གིན་ནས་ཐང་ཆད་སོང་། མོས་དེ་ལྟར་བརྗོད་ནས་མིག་གིས་ག་ཤེད་ཅིག་ཏུ་བལྟས་ཏེ་བསྡད། དགོང་དྲོ་དེ་ནི་ཁ་ཐུ་རིན་ལ་མཚོན་ན་ཤིན་ཏུ་གལ་ཆེ་བའི་དོན་དག་ཅིག་གི་མགོ་རྩོམ་པ་རེད། འདི་ནི་ཁོ་མོའི་མི་ཚེའི་ནང་དང་དགོང་དྲོ་ཞིག་གི་ནང་ལ་སྐད་ཆ་དྲང་བདེན་མིན་པ་བཤད་ཐེངས་གཉིས་པ་དེ་རེད། ཁོ་མོ་ཐང་ཆད་མེད། ཁོ་ཚོས་རླངས་འཁོར་བསྐོར་ནས་ཁྱིམ་ལ་ལོག སྨན་པ་སི་ལོ་ཕེར་གྱིས་ཁོའི་སྲིང་མོ་ལ་ཝེས་ནིས་ཡ་ལ་བརྗོད་པར།
ཁོ་རང་གི་བརྩེ་བ་ཁྱོད་ལ་བརྗོད་མཁན་གྱི་ཕོ་གཞོན་དེ་སུ་རེད།
ཨོ། ཨ་སུ་ཁྲིན་རེད། ལྕམ་ཕེ་ནེ་མེན་གྱིས་དེ་སྐད་བརྗོད་དེ་གདོང་ལ་འཛུམ་ཞིག་ལངས། ཁོས་ང་ལ་ཁ་ཐུ་རིན་གྱི་སྐོར་བརྗོད་སོང་།
ཨོ། ཨ་ནེ་ཕེ་ནེ་མེན། ཁ་ཐུ་རིན་ཕྱི་ལོགས་སུ་ཤབ་ཤུབ་ཏུ་ངུ་བཞིན་འདུག
ཁོ་ནི་ཕོ་གསར་རྫིག་པོ་ཞིག་འདུག་ལ་མི་སྤྱང་གྲུང་ལྡན་པ་ཞིག་ཀྱང་འདུག མོའི་ཨ་ནེས་དེ་ལྟར་བཤད།
ཁོ་རང་ང་ཚོའི་རྩ་ཆེ་བའི་ཁ་ཐུ་རིན་ལ་སེམས་པ་ཤོར་སོང་། དེ་ནས། སྨན་པས་དེ་སྐད་དྲིས་རྗེས་གད་མོ་ཤོར།
ངས་དེ་ཤེས་མ་སོང་། ཡིན་ན་ཡང་ཁོ་རང་ཁ་ཐུ་རིན་གྱི་ལྭ་བ་ལ་དགའ་མོས་བྱུང་སོང་།
ཁ་ཐུ་རིན་གྱིས་དེ་ལྟར་བསམས་མེད། ངའི་ལྭ་བ་ཙམ་ལ། མོས་ཇི་འདྲའི་དྲོ་སྐྱིད་ལྡན་ཞིང་རིན་ཐང་ཆེ་བའི་དངོས་པོ་ཞིག་བརྗོད་ན་བསམས།
ཁྱོད་ཀྱིས་ལྟོས་དང་། མོའི་ཕ་རྒན་གྱིས་བརྗོད་པར། ཁོས་མོ་ལ་ཨ་སྒོར་སྟོང་ཕྲག་བརྒྱད་ཅུ་ཡོད་པ་རེད་བསམ་བཞིན་འདུག
ངའི་ཚོད་རྩིས་ཡིན་ན། ཁོས་དེ་ལྟར་བསམ་གྱིན་མི་འདུག ཁོ་རང་ནི་མི་ཐ་ཤལ་ཞིག་མ་རེད། ལྕམ་ཕེ་ནེ་མེན་གྱིས་དེ་སྐད་བརྗོད།
དུས་ཚོད་དེ་འདི་རུ་འདུག སྨན་པས་དེ་ལྟར་བསམས། ལ་ཝེས་ནེས་ཡ་ཡིས་ཁ་ཐུ་རིན་ལ་སྙིང་གྲོགས་ཤིག་འཚོལ་རྩིས་རེད། ང་ནི་བུ་མོ་འདིའི་ཆེད་དུ་བློ་ཕམ་པོ་བྱུང་།
གཉིས་པ། ལས་ཀ་མེད་པའི་མི་ཞིག
ཉིན་གསུམ་བཞི་ཞིག་གི་རྗེས་སུ། མོ་རིས་སི་ཁྲོང་སེན་ཨར་ཐར་ཁྲོང་སེན་དང་འགྲོགས་ནས་ཝ་ཞིང་ཁྲོན་ཐང་ཆེན་ལ་ལྟ་སྐོར་བྱེད་དུ་ཡོང་།
ཨར་ཐར་གྱིས་ངའི་སྲིང་མོའི་བུ་མོ་མ་རོས་ཡན་དང་མཉམ་དུ་གཉེན་སྒྲིག་བྱེད་ཀྱི་རེད། དེའི་གུས་ཞབས་ལྡན་པའི་བྱ་བ་ནི་ཨར་ཐར་གྱིས་ང་ལྟ་སྐོར་བྱེད་རྒྱུ་དེ་རེད། ཁོ་ཚོ་མ་སླེབས་པའི་གོང་དུ་ཨ་ནེ་ཕེ་ནེ་མེན་གྱིས་ཁ་ཐུ་རིན་ལ་དེ་སྐད་བརྗོད་ཅིང་དེ་ནས་ཁོ་ཚོ་འདིར་བསླེབས། ཨར་ཐར་ཁ་ཐུ་རིན་དང་མཉམ་དུ་བསྡད་ཅིང་མོ་རོས་སི་ལྕམ་ཕེ་ནེ་མེན་དང་མཉམ་དུ་བསྡད། ཁ་ཐུ་རིན་མོ་རོས་སི་དང་མོའི་ཨ་ནེའི་སྐད་ཆར་ཉན་རྒྱུར་ཐང་ཆད་ཡོད། མོ་རོས་སིས་ཡང་ནས་ཡང་དུ་ཁ་ཐུ་རིན་ལ་ལྟ་བ་དང་མཉམ་དུ་འཛུམ་མདངས་སྟོན། དེ་ནས་ཨར་ཐར་གྱིས་མོ་རོས་སིའི་སྐོར་ནས་སྐད་ཆ་བཤད་མགོ་བཙུགས་པས་ཁ་ཐུ་རིན་གྱིས་ཁོ་ལ་ཉན་མགོ་བཙུགས།
མོ་རོས་སིས་ང་ལ་ཁོ་འདིར་འཁྲིད་རོགས་བརྗོད་སོང་། ཁོ་རང་ལ་འདིར་ཡོང་འདོད་ཞེ་དྲགས་འདུག ཁོ་རང་ཕྱི་ལོགས་སྤྱི་ཚོགས་ཀྱི་ནང་དུ་ཞུགས་རྒྱུར་དགའ་བོ་ཡོད།
ང་ཚོ་ཁོ་རང་དང་ཐུག་རྒྱུར་དགའ་བོ་ཞེ་དྲགས་ཡོད། ཁ་ཐུ་རིན་གྱིས་དེ་སྐད་བརྗོད།
མི་མང་ཆེ་བ་ཁོ་ལ་དགའ་བོ་ཡོད། རྒྱུ་མཚན་ནི་ཁོ་རང་མི་དོ་སྣང་འདྲེན་པ་ཞིག་རེད། ཡིན་ན་ཡང་མི་ཁ་ཤས་ཀྱིས་ཁོ་རང་སྤྱང་དྲགས་པ་ཞིག་རེད་ཟེར་བཞིན་འདུག
ད་ལྟ་ཁོ་རང་ཕྱིར་ཉིག་ཡོར་ལ་ལོག་པ་རེད། ཁོ་རང་འདིར་སྡོད་ཀྱི་རེད་དམ།
ཨ། ཨར་ཐར་ན་རེ། ཁོ་རང་གིས་ལས་ཀ་ཞིག་རག་ན་བསམ་བཞིན་འདུག
ག་རེ། ཁོ་ལ་ལས་ཀ་མེད་དམ། ཁ་ཐུ་རིན་གྱིས་དེ་སྐད་བརྗོད།
མི་འདུག ཁོས་ཉེ་འཁོར་འདིར་འཚོལ་བཞིན་འདུག ཡིན་ན་ཡང་ཁོ་ལ་ཅི་ཡང་རག་མ་སོང་།
ང་རང་བློ་ཕམ་ཞེ་དྲགས་བྱུང་། ཁ་ཐུ་རིན་གྱིས་དེ་ལྟར་བརྗོད།
ཨོ། ཁོས་མི་ཚེ་ལས་སླ་བོའི་ངང་སྐྱེལ་བཞིན་འདུག ཁོ་ལ་ལས་ཀ་ཞིག་ངེས་པར་དུ་རག་དགོས་ཀྱི་རེད། ཨར་ཐར་གྱིས་དེ་སྐད་ཟེར།
ཁོའི་ཕ་རྒན་གྱིས་ཁོ་རང་ཁོའི་ལས་ཁུངས་ནང་ལ་འཁྲིད་ཀྱི་མ་རེད་དམ། མོས་དེ་སྐད་བརྗོད།
ཁོའི་ཕ་རྒན་འདས་ཚར་བ་རེད། ཁོ་ལ་སྲིང་མོ་ཞིག་མ་གཏོགས་ཡོད་པ་མ་རེད། ཁོས་མོ་རོས་སི་ལ་གཅིག་བལྟས་ཏེ་གད་མོ་དགོད་མགོ་བཙུགས། ང་ཚོས་ཁྱོད་རང་གི་སྐོར་ཤོད་ཀྱིན་ཡོད།
མོ་རོས་སི་ཡར་ལངས་ཏེ། ངས་ཁྱོད་རང་གི་སྐོར་ལ་འདྲ་མཚུངས་<ཤིག་བཤད་ཐུབ་ཀྱི་མ་རེད། ཨར་ཐར། ཁོས་ཡང་། ཡིན་ན་ཡང་ངས་ལྕམ་སི་ལོ་ཕེར་གྱི་སྐོར་ནས་ཤོད་ཐུབ་ཀྱི་རེད། ཟེར།
ཁ་ཐུ་རིན་གྱི་བཞིན་རས་དམར་པོར་གྱུར། མོས་སེམས་ནང་ཁོས་དེ་འདྲའི་གྲ་འགྲིགས་པོ་ཞིག་བཤད་སོང་སྙམ།
ང་རང་ཁྱེད་ལ་སྐད་ཆ་བཤད་པར་ཡོང་བ་ཡིན། ལྕམ་སི་ལོ་ཕེར། དེའི་ཕྱིར་ང་རང་ངེས་པར་དུ་དུས་ཚོད་གཞན་ཞིག་ལ་ཡོང་དགོས་ཀྱི་རེད། ཁོས་དེ་ལྟར་བརྗོད། དེ་ནས་གཞོན་ནུ་དེ་གཉིས་ཕྱིར་ལོག
ཁོ་རང་ཁྱོད་ལ་དོ་སྣང་ཞེ་དྲགས་འདུག ཁ་ཐུ་རིན།
ཁོས་དེ་ལྟར་བརྗོད་སོང་ངམ།
ཚིག་དེ་ཚོ་བརྗོད་མ་སོང་། ཡིན་ན་ཡང་ཁོས་ངས་དེ་ལྟར་བསམ་ན་སྙམ་གྱིན་འདུག ངས་ཕོ་གསར་ཚོ་ཧ་གོ་གི་ཡོད།
ཡིན་ན་ཡང་ཁོས་ང་རང་ཤེས་ཀྱི་མ་རེད།
ཨོ། རེད། ཁོས་ཁྱོད་རང་ཤེས་ཀྱི་རེད། ངས་ཁོ་ལ་ཁྱོད་རང་གི་སྐོར་ཚང་མ་བཤད་ཡོད།
ཨོ། ཨ་ནེ་ཕེ་ནེ་མེན། ང་ཚོས་ཁོ་རང་ངམ་ཁོའི་ནང་མི་དེ་ཚོ་ཤེས་ཀྱི་མེད།
ཁ་ཐུ་རིན། ཁྱོད་ཀྱིས་ཁྱོད་རང་ཁོ་ལ་དགའ་བ་དེ་ཞེ་དྲགས་ཤེས་ཀྱི་རེད།
ཁ་ཐུ་རིན་གྱིས་དེ་ཚོའི་སྐོར་བཤད་རྒྱུའི་བསམ་བློ་བཏང་མེད་ཅིང་། དེ་བཞིན་མོས་ཨ་ནེ་ཕེ་ནེ་མེ་ན་གྱིས་སྐད་ཆ་བདེན་པ་འདི་ད྄ག་བརྗོད་རྒྱུའི་ཕྱོགས་ལ་ཡང་བསམ་བློ་བཏང་མེད།
ཆུ་ཚོད་ཕྱེད་ཀ་ཞིག་གི་རྗེས་སུ། སྨན་པ་སི་ལོ་ཕེར་ནང་དུ་སླེབས་པས་ལྕམ་ཕེ་ནེ་སི་ཡིས་ཁོ་ལ་མོ་རོས་སི་ཡི་འགྲུལ་བཞུད་ཀྱི་སྐོར་བརྗོད།
ཨོ། ཁ་ཐུ་རིན། དེ་ནས་ཁོས་ཁྱོད་ལ་ཁོར་གཉེན་སྒྲིག་བྱེད་རོགས་ཞེས་བརྗོད་སོང་ངམ། སྨན་པས་དེ་ལྟར་དྲིས།
ཨོ། ཨ་ཕ། ཁ་ཐུ་རིན་གྱིས་དེ་སྐད་ཤུབ་བུར་བརྗོད། མོ་ཁ་ཕྱིར་འཁོར་ནས་སྒེའུ་ཁུང་བརྒྱུད་དེ་མིན་པ་འཐིབས་པའི་ནམ་མཁར་བལྟས།
ཁོས་ཁྱོད་ལ་ཐོག་མར་འདྲི་གི་རེད། ཨ་སུ་ཁྲིན། ལ་ཝེས་ཡ་ཡིས་དེ་ལྟར་བཤད་དེ་གདོང་ལ་འཛུམ་ཞིག་ལངས།
སྨན་པས། གཟའ་འཁོར་རྗེས་མར་ཁོ་སླེབས་སོང་ན་ང་ལ་བཤད་རོགས་ཟེར།
ཡིན་ན་ཡང་གཟའ་འཁོར་རྗེས་མར་སྐུ་ཞབས་ཁྲོང་སེན་བསླེབས་སོང་བ་དང་། སྨན་པ་ཡང་སྐྱར་ཕྱི་རོལ་ཏུ་བསྐྱོད། ལྕམ་ཕེ་ནེ་སིས་ན་གཞོན་འདི་གཉིས་ཁེར་རྐྱང་དུ་བཞག འགྲུལ་བཞུད་འདི་ནི་ཁུ་སིམ་ཞིང་ཡུན་རིང་ཞིག་ཏུ་གྱུར། ཁོ་རང་ཕ་གིའི་རྐུབས་སྟེགས་ཆེ་ཤོས་དེའི་སྟེང་དུ་མེ་ལ་ལྡེས་ནས་ཕལ་ཆེར་ཆུ་ཚོད་གཅིག་ཙམ་ལ་བསྡད། ཁོས་ཁྱིམ་དེར་ཡོད་པའི་ཅ་ལག་ཚང་མར་གཟབ་ནན་གྱིས་བལྟས་ཤིང་། དེ་བཞིན་ཁ་ཐུ་རིན་ལ་ཡང་གཟབ་ནན་གྱིས་བལྟས། ཁོའི་མཛེས་པའི་མིག་ཟུང་ལས་འཛུམ་མདངས་ཤིག་ཕྱུངས། ཁོའི་སྐད་ཆ་ནི་ཡིད་དབང་འཕྲོག་ཅིང་ལས་སུ་སླ་བ་ཞིག་རེད། ཁོས་ཁ་ཐུ་རིན་ལ་ཁྱོད་འདི་ལ་དགའ་བོ་ཡོད་དང་དེ་ལ་དགའ་བོ་ཡོད་ཀྱི་དྲི་བ་མང་པོ་ཞིག་དྲིས།
ང་ལ་ཁྱོད་ཀྱི་ཕྱོགས་ནས་ཅིག་རྗོད་དང་། ཁོས་བརྗོད་རྒྱུར། ང་ལ་པར་ཞིག་སྤྲོད་རོགས། དེ་ངས་ལག་པའི་ནང་ལ་ཉར་ཆོག་གམ། མོས་མོ་ལ་དེ་འདྲའི་མང་པོ་ཞིག་བཤད་རྒྱུ་མེད། མོ་རང་ཕྱི་ལོགས་སུ་ཞེ་དྲགས་འགྲོ་གིན་མེད། དེ་བཞིན་མོ་རང་དཔེ་ཆ་ཀློག་རྒྱུར་དགའ་མོས་དེ་ཙམ་མེད་ཟེར། མོ་རོས་ཀྱིས་ཁོ་རང་གཞས་གཏོང་རྒྱུར་དགའ་བོ་ཡོད་ཚུལ་བརྗོད་ཅིང་། ཁོས་མོ་ལ་གཞས་ཤིག་བཏང་ཆོག་ཀྱང་དེ་རིང་མིན་པར་དུས་ཚོད་རྗེས་མ་ཞིག་ལ་ཡིན་ཟེར།
ཁོས་དེ་ཙམ་གྱི་ཞེ་ཚིག་མ་བརྗོད་པར། ངས་གཞས་གཏོང་བ་དང་ཁྱོད་ཀྱིས་བྲོ་འཁྲབ་ཆོག ཟེར། ཁོས་འདི་དག་ཁོ་རང་སྲང་ལམ་སྟེང་དུ་སླེབས་དུས་ཀྱང་བསམ་བཞིན་འདུག ཡིན་ན་ཡང་ཁ་ཐུ་རིན་གྱིས་ཁོས་བཤད་པའི་དུས་ཚོད་རྗེས་མ་དེ་བསམ་བཞིན་འདུག ཁོ་ཚོར་སྒྲ་སྐད་དྲོན་མོ་ཞིག་ཡོད།
ཅང་མ་འགོར་བར་སྨན་པ་ནང་ལ་སླེབས་ཤིང་མོས་ཁོ་ལ་མོ་རོས་ཀྱི་འགྲུལ་བཞུད་ཐེངས་གཉིས་པའི་སྐོར་བརྗོད།
ད྄ེ་ནས་ཁོས་ཁྱོད་ལ་དེ་རིང་ཁོར་གཉེན་སྒྲིག་བྱེད་རོགས་ཞེས་བཤད་སོང་ངམ། སྨན་པས་དེ་སྐད་ཟེར།
མོ་རང་དྲི་བ་འདི་ལ་ཤིན་ཏུ་སྐྲག་པར་གྱུར།
ཕལ་ཆེར་ཁོས་ཐེངས་རྗེས་མར་དེ་ལྟར་འདྲི་སྲིད། མོས་དེ་སྐད་བརྗོད་པ་དང་འབྲེལ་གད་མོ་ཞིག་བགད་རྗེས་ཁང་མིག་འདི་ནས་ཕྱིར་ཐོན།
སྨན་པ་ཡར་ལངས་ཏེ་བསམ་རྒྱུར། ཕལ་ཆེར་ཁོའི་བུ་མོར་མོ་རོས་སི་དང་མཉམ་དུ་གཉེན་སྒྲིག་བྱེད་འདོད་འདུག ཕོ་གཞོན་འདིས་ནམ་ཞིག་ཁོ་རང་དགའ་བོ་བྱུང་དུས་ཁང་པ་འདིའི་ནང་ལ་ཡར་ཡོང་མར་འཛུལ་བྱེད་པར་སློབ་སྦྱོང་ཞིག་བྱེད་དགོས་པའི་ཐག་བཅད་ཅིང་། དེ་ནས་ཁོར་ལྕམ་ཨལ་མོང་ལ་འཕྲད་འདོད་སྐྱེས།
ལ་ཝིས་ནིས་ཡ་ལ་སེམས་ཚོར་དྲག་པོ་ཞིག་འདུག ཡིན་ན་ཡང་ངས་ཁོའི་སྐོར་ལ་ཏོག་ཙམ་ཞིག་ཤེས་ཀྱི་ཡོད། ལྕམ་ཨ་མོང་གིས་དེ་སྐད་ཟེར།
ཨོ་ན་ང་ཚོའི་ཕོ་གཞོན་དེ་ཨ་ཐོར་གྱི་ཁྱིམ་ནས་ཡོང་བ་ཞིག་རེད་དམ།
རེད། ཡིན་ན་ཡང་གཉེན་ཐག་ཉེ་བ་ཞིག་མ་རེད། མིང་འདྲ་བོ་ཞིག་རེད། ཡིན་ན་ཡང་དེ་རུ་ཁྲོང་སེན་ཚང་ཡོད་ལ་ཕ་རུ་ཁྲོང་སེན་ཚང་ཡོད་པ་ངས་ཤེས་ཀྱི་ཡོད། ཨ་ཐར་ནི་ཁོ་ཚོའི་ཁྱིམ་ཚང་ཡག་ཤོས་དེ་ནས་རེད་ལ་ལ་ཝིས་ནིས་ཡ་ཡི་ཕོ་གཞོན་དེ་མ་རེད། ངས་ཁོའི་སྲིང་མོ་ངོ་ཤེས་ཀྱི་ཡོད། མོ་ནི་ཤིན་ཏུ་ཡག་པོ་ཡོད་ལ་མོའི་མིང་ལ་ལྕམ་མོང་གོ་མེ་རོས་ཟེར། མོའི་ཁྱོ་ག་གྲོངས་སོང་། མོ་རང་སྲང་ལམ་གཉིས་པ་རུ་བསྡད་འདུག
ལྕམ་མོང་གོ་མེ་རོས་ཀྱིས་ཁོའི་སྐོར་ལ་ག་རེ་རྗོད་ཀྱི་འདུག
ཁོའི་སྤྱང་གྲུང་དང་ཕལ་ཆེར་ཁོ་རང་མི་རླབས་ཆེན་ཞིག་ལ་འགྱུར་རེའི་སྐོར།
ཡིན་ན་ཡང་ཁོས་ཅི་ཡང་བྱེད་ཀྱིན་མེད།
མོས་དེ་ལྟར་བརྗོད་མ་སོང་།
མོ་ནི་ང་རྒྱལ་ཅན་ཞིག་རེད། ཁོའི་ལས་ཀ་ཅི་ཞིག་རེད། སྨན་པས་དེ་ལྟར་དྲིས།
ཁོ་ལ་ལས་ཀ་རག་མི་འདུག ཁོས་ཅིག་འཚོལ་བཞིན་པ་རེད། ཁོ་མཚོ་ཐོག་ལ་བསྡད་འདུག
ག་རེ། ཁོ་ལོ་ཅི་ཙམ་ལ་སོན་འདུག
སུམ་ཅུ་ཅིག་རེད། ལོ་ན་ཤིན་ཏུ་ཆུང་དུས་ཁོ་མཚོ་ཐོག་ཏུ་བསྐྱོད་པ་རེད། དངུལ་ཏོག་ཙམ་ཞིག་ཁོའི་ལག་པར་རག་པ་རེད་དེ་ཁོའི་ནང་མི་ཁ་ཤས་ཤི་བ་རེད། ངས་བསམས་ན་ཁོས་འཛམ་གླིང་འདི་ལ་སྐོར་བ་བརྒྱབ་འདུག ཁོ་ལ་ད་ལྟ་དངུལ་མི་འདུག ཁོས་རང་གི་མི་ཚེ་ཡང་སྐྱར་མགོ་འཛུག་རྒྱུའི་ཐག་གཅོད་བྱས་འདུག་པས་ཕྱིར་ཨ་མེ་རི་ཁར་ལོག་པ་རེད།
དེ་ནས་ཁོས་ཁྠ་ཐུ་རིན་ལ་གཉེན་སྒྲིག་བྱེད་འདོད་པ་རེད་དམ།
ཁྱོད་རང་ཤི་བའི་རྗེས་སུ་མོ་ལ་ཨ་སྒོར་སྟོང་ཕྲག་སུམ་ཅུ་འཐོབ་རྒྱུ་དེ་རྗེད་པར་གྱིས་ཤིག
རྒྱུ་མཚན་དེའི་ཕྱིར་ཁོས་མོ་རང་ཡག་པོ་འདུག་བསམས་པ་རེད་དམ།
ལྕམ་ཨལ་མོང་གོ་གདོང་པ་དམར་པོ་ཆགས། དེ་ཙམ་མ་རེད། མོས་བརྗོད་རྒྱུར། ཡིན་ན་ཡང་ཕ྄ོ་གཞོན་མང་པོ་ཞིག་གིས་དངུལ་ནི་ཇི་འདྲའི་གལ་ཆེན་པོ་ཞིག་ཏུ་བསམ་བཞིན་ཡོད་པ་རེད།
ཉིག་ཡོར་གྱི་ཕོ་གཞོན་མང་པོ་ཞིག་གིས་དངུལ་གཅིག་བུ་ལ་དོ་སྣང་བྱེད་ཀྱིན་ཡོད་པ་མ་རེད། ཁོ་ཚོ་སྤྱང་གྲུང་དང་མཛེས་སྡུག་ལྡན་པ། དེ་བཞིན་སེམས་ཚོར་དྲག་པོའི་བུ་མོ་སོགས་ལ་དགའ་བོ་ཡོད་པ་རེད། མ་རིས་ཡན་ནི་སྤྱང་གྲུང་འཛོམ་པོ་དང་ཡིད་དབང་འཕྲོག་པོ། སེམས་ཚོར་དྲག་པོ་བཅས་རེད། ཁ་ཐུ་རིན་དེ་འདྲ་མ་རེད།
མ་རིས་ཡན་ནི་ཕལ་བ་ཞིག་རེད་ལ་ཁ་ཐུ་རིན་ནི་དེ་ལྟར་མ་རེད། མོ་ལ་སྙིང་གྲོགས་མི་འདུག་ཅིང་རྒྱུ་མཚན་ནི་སྐྱེས་པ་ཚོ་མོ་ལ་སྐྲག་པས་རེད། མོ་ནི་གཟུགས་སྟོབས་ཆེན་པོ་དང་གྱོན་གོས་ཕྱུག་ཉམས་ལྡན་པ་ཞིག་རེད། ཁོ་ཚོས་མོ་ནི་ཁོ་རང་ཚོ་ལས་ལོ་ན་རྒན་པ་རེད་བསམ་བཞིན་ཡོད་པ་རེད། ཁ་ཐུ་རིན་ནི་སྐྱེས་པ་རྒན་པ་ཞིག་གི་བཟའ་ཟླ་བྱས་ན་འགྲིག་གི་རེད།
གསུམ་པ། གསང་བ།
སྨན་པ་སི་ལོ་ཕེར་ལ་མཚོན་ན་གནས་ཚུལ་འདི་དག་ནི་རྩེད་མོ་ཞིག་རེད། ཁོ་གཉིད་ཡག་པོ་ཁུག་ཐུབ་ཀྱིན་ཡོད་ལ་ཟ་མ་ཡང་ཡག་པོ་ཟ་ཐུབ་ཀྱི་ཡོད། ཕོ་གཞོན་འདིས་ཁ་ཐུ་རིན་འཇུ་རྒྱུའི་སྟ་གོན་བྱེད་བཞིན་འདུག ངས་ལྟ་གི་ཡིན་ལ་སྒུག་གི་ཡིན། ཁོས་དེ་ལྟར་བསམས། ཁོས་རང་གི་བུ་མོ་ཉེན་ཁ་ཞིག་གི་ནང་དུ་ཚུད་འདུག་བསམ་གྱིན་མེད། མོས་རོས་སི་ཁྲོང་སེན་ནི་ཕྱུག་པོ་ཞིག་མིན་ན་ཡང་དེ་གལ་ཆེན་པོ་ཞིག་མ་རེད། སྨན་པ་འདིས་ཁ་ཐུ་རིན་གྱིས་སྐྱེས་པ་ཕྱུག་པོ་ཞིག་ལ་གཉེན་སྒྲིག་བྱེད་རྒྱུའི་རེ་བ་བཅངས་མེད། མོའི་གཉེན་སྒྲིག་གི་ནང་དུ་མི་གཉིས་ཤོང་ཐུབ། མོས་དངུལ་མེད་པའི་མི་ཞིག་ལ་གཉེན་སྒྲིག་བྱེད་ཐུབ། ཡིན་ན་ཡང་མི་དེ་ངེས་པར་དུ་དྲང་བདེན་ཞིག་དང་སྟོབས་དང་ལྡན་པ་ཞིག སློབ་སྦྱོང་ལ་དགའ་བ་ཞིག་ཡིན་དགོས། སྨན་པས་དེ་ལྟར་བསམས།
ཉིན་རྗེས་མ་དེར་སྐུ་ཞབས་ཁྲོང་སེན་གྱིས་ཁྱིམ་འདི་ལ་འགྲུལ་བཞུད་གནང་ཚེ། ཁོང་ལ་དགོང་ཟས་བཞེས་ཀྱི་ཡིན་མིན་འདྲི་རོགས། སྨན་པས་ལྕམ་ཕེ་ནེ་མེན་ལ་འདི་སྐད་ཟེར།
གཟའ་འཁོར་རྗེས་མར་དགོང་ཟས་ཀྱི་གནད་དོན་དེ་བསླེབས། མི་བརྒྱད་མཉམ་དུ་དགོང་ཟས་ལ་རོལ། སྨན་པས་མོ་རོས་སི་ལ་གཟབ་ནན་གྱིས་བལྟས། སྐྱེས་མ་ཚོ་དགོང་ཟས་ཀྱི་རྗེས་སུ་ཕྱི་རོལ་ཏུ་ཕྱིན་པས། སྨན་པས་མོ་རོས་སི་ལ་དྲི་བ་ཁ་ཤས་དྲིས། སྨན་པས་དབྱིན་སྐད་དུ་མ་སྒྲོས་རོས་ཡ་ཞེས་པའི་ཨ་རག་རྩ་ཆེན་གྱི་དམ་བུ་ཡང་ཡང་གཏད་ཅིང་མོ་རོས་སི་སྨན་པའི་ཨ་རག་རྩ་ཆེན་ལ་ཤིན་ཏུ་དགའ་བོ་བྱུང་ཞིང་། ཁོས་བཟའ་ཟླ་ཞིག་གི་ཕ་རྒན་ལ་ཨ་རག་རྩ་ཆེན་གྱི་དམ་བུ་མང་པོ་ཡོད་པ་ནི་ཤིན་ཏུ་ལེགས་པའི་དངོས་པོ་ཞིག་རེད་བསམས། དེར་སྨན་པས་ཕོ་གཞོན་འདི་ནི་ལས་སླ་བོ་མིན་པའི་མི་ཞིག་ཡིན་པ་ཤེས་རྟོགས་བྱུང་། ཁོ་ནི་མི་སྤྱང་པོ་ཞིག་རེད། སྨན་པས་འདི་ལྟར་བསམས། ཁོ་ལ་ནམ་ཞིག་བེད་སྤྱོད་གཏོང་འདོད་སྐྱེས་དུས་ཤིན་ཏུ་ལེགས་པའི་མགོ་ཞིག་འདུག དེ་བཞིན་ཁོ་ནི་ཕོ་གསར་རྫིག་པོ་ཞིག་དང་ལྭ་བ་གྱོན་སྟངས་ལེགས་པོ་ཞིག་འདུག ཡིན་ན་ཡང་ང་རང་ཁོ་ལ་དགའ་མོས་མི་འདུག སྨན་པས་གུས་ཞབས་དང་བཅས་ཁོའི་གྲོགས་པོ་ན་གཞོན་དེས་བཤད་པའི་འཛམ་གླིང་གི་ཡུལ་གྲུ་ཚོའི་སྐོར་ལ་ཉན་བཞིན་བསྡད། ཁོས་བཤད་པ་ཤིན་ཏུ་ལེགས། ཡིན་ན་ཡང་ཨ་རག་རྩ་ཆེན་གྱི་དམ་བུ་དེ་ཚོའི་རྗེས་སུ་ཁོས་སྐད་ཆ་བདེན་པ་རྐྱང་རྐྱང་ཞིག་བཤད་སོང་ངམ།
དགོང་ཟས་ཀྱི་རྗེས་སུ། མོ་རོས་སི་ཁ་ཐུ་རིན་གྱི་ས་རུ་ཕྱིན། མོ་རང་མོའི་འཕྱོར་གོས་དམར་པོའི་ནང་མེ་ལ་ལྡེ་བཞིན་འདུག ཁོ་རང་ང་ལ་དགའ་བོ་མི་འདུག ན་གཞོན་དེས་དེ་སྐད་བརྗོད། ཁྱོད་ཀྱིས་ངེས་པར་དུ་ཁོ་ལ་ཁོའི་ནོར་འཁྲུལ་དེ་ཚོ་བརྗོད་དགོས་ཀྱི་རེད།
ངས་ནམ་ཡང་ཁོ་ལ་ཁོའི་ནོར་འཁྲུལ་དེ་ཚོ་བཤད་ཀྱི་མིན། ངས་ནམ་ཡང་ཁྱོད་ཀྱི་སྐོར་བརྗོད་ཀྱི་མིན།
མོ་རོས་སིའི་གདོང་མདོག་ཁོང་ཁྲོས་ཡོངས་སུ་བསྒྱུར་ན་ཡང་ཁ་ཐུ་རིན་གྱིས་དེ་མ་མཐོང་། དེ་ནས་ཁོས་འཛུམ་མདངས་ཤིག་བསྟན།
དེས་ན་ངས་ངེས་པར་དུ་ཁོའི་དམིགས་ཡུལ་བཟང་པོ་དེ་རག་པ་ཞིག་བྱེད་ཀྱི་ཡིན།
ཁོས་དགོང་དྲོ་ཕྱི་བོར་ལྕམ་ཕེ་ནེ་མེན་ལ་ཁ་བརྡ་བྱས། ཁོས་ང་རང་གི་ཡོད་ཚད་ནོར་འཁྲུལ་ཞིག་ཏུ་བསམ་གྱིན་འདུག
དེ་ནི་གལ་ཆེན་པོ་ཞིག་མ་རེད། མོས་དེ་ལྟར་བརྗོད་ནས་ཁོ་ལ་འཛུམ་མདངས་རོ་མངར་ཅན་ཞིག་བསྟན། མོའི་སེམས་སུ་མོས་ཡོད་ཚད་རྟོགས་ཡོད་སྙམ།
ཨ། ཁྱོད་ཀྱིས་དངོས་ཡོད་གནས་སྟངས་དེ་གསུངས་སོང་། ཁོས་དེ་སྐད་བརྗོད་པ་ན་ལྕམ་ཕེ་ནེ་མེན་ལ་མོས་ནམ་རྒྱུན་དངོས་ཡོད་གནས་ཚུལ་དེ་རྗོད་ཀྱིན་ཡོད་པའི་ང་རྒྱལ་ཞིག་སྐྱེས།
ཉིན་རྗེས་མ་དེར། སྨན་པ་ཁོའི་སྲིང་མོ་ལྕམ་ཨལ་མོང་དང་ཕྲད།
དེ་ནས་ཁྱོད་ཀྱིས་ཁོའི་སྐོར་ལ་ག་འདྲ་བསམ་གྱིན་ཡོད། ལ་ཝིས་ནིས་ཡ་ཡིས་ང་ལ་ཁ་ཐུ་རིན་ཁོ་ལ་དགའ་གིན་འདུག་ཟེར།
མོས་ངེས་པར་དུ་ཁོ་ལ་དགའ་མཚམས་བཞག་ན་ཡག་གི་རེད། ཁོ་མི་ཡག་པོ་ཞིག་མ་རེད། ཁོ་ནི་མི་ཐ་ཤལ་ཞིག་རེད། མི་མང་ཁྲོད་ཀྱི་སློབ་ཕྲུག་ཅིག་དང་འདྲ་བའི་ལོ་སུམ་ཅུའི་རྗེས་སུ། ངས་མི་རྣམས་ག་འདྲ་ཞིག་ཡིན་པ་ཤེས་ཡོད། ངའི་ལས་ཀ་ཡིས་ང་ལ་མི་ཞིག་དགོང་དྲོ་ཞིག་གི་རིང་ཤེས་པ་ཞིག་བསླབས་ཡོད།
ཨོ་ཡ། ཕལ་ཆེར་ཁྱོད་རང་བདེན་པ་རེད། ཡིན་ན་ཡང་དོན་དངོས་ནི་ཁ་ཐུ་རིན་གྱི་གནས་ཚུལ་ལ་བལྟ་རྒྱུ་དེ་རེད།
ངས་མོ་ལ་ཤེལ་ཕོར་ཁ་ཤས་སྤྲོད་ཀྱི་ཡིན།
རྗེས་སུ་མོ་རོས་སིས་ཝ་ཞིང་ཁྲོན་ཐང་ཆེན་ལ་འགྲུལ་བཞུད་བྱས། ཉིག་ཡོར་ནས་ཡིན་ལ་ལས་ཀ་མེད་པར་ཆུ་ཚོད་མང་པོ་ཡོད་པ་དེས། ཁོའི་འགྲུལ་བཞུད་དེ་ནི་ཁ་ཐུ་རིན་གྱི་མི་ཚེའི་ནང་ལ་གལ་ཆེན་པོ་ཞིག་ཏུ་གྱུར། དུས་སྐབས་རེ་རེའི་ནང་ཁོ་ཁང་པ་དེ་ནས་ཕྱིར་ཐོན་དུས་ཁ་ཐུ་རིན་གྱིས་ཁོའི་དུས་སྐབས་རྗེས་མ་དེ་ལ་རེ་སྒུག་བྱས། ཁ་ཐུ་རིན་གྱིས་མོའི་ཕ་རྒན་ལ་འགྲུལ་བཞུད་དེ་ཚོའི་སྐོར་བརྗོད་མེད། ཁོས་མོ་རང་གིས་མོ་རོས་སི་མི་ཡག་པོ་ཞིག་མིན་པའི་ཐག་གཅོད་བྱེད་དུ་འཇུག་རྒྱུའི་ཕྱོགས་ནས་ཅི་ཡང་བརྗོད་མེད། ལ་ཝིས་ནིས་ཡ་བྱ་སྤྱོད་གསང་བ་བྱེད་པར་དགའ་བོ་ཡོད་པས་ཅི་ཡང་མ་བརྗོད།
ཁང་པ་འདིའི་ནང་དུ་དོན་དག་ཅི་ཞིག་འབྱུང་གིན་འདུག གཟའ་འཁོར་ཁ་ཤས་ཀྱི་རྗེས་སུ་ཁོས་སྲིང་མོ་ལ་གུས་ཞབས་དང་བཅས་དྲིས།
དོན་དག་འབྱུང་གིན་ཡོད་པ། ཨ་སུ་ཁྲིན། ལྕམ་ཕེ་ནེ་མེན་ངུས་སོང་། ཅིའི་ཕྱིར་ཅི་ཡང་མེད་དམ།
ལ་ཝིས་ནིས་ཡ། ཁྱོད་ནི་ང་ལ་མཚོན་ན་མི་དྲང་པོ་ཞིག་མ་རེད། ཁོས་དེ་ལྟར་བཤད། སྐུ་ཞབས་ཁྲོང་སེན་ངའི་ཁང་པའི་ནང་དུ་གཟའ་འཁོར་རེར་ཐེངས་བཞི་རེར་ཡོང་གིན་འདུག་ལ་མི་སུས་ཀྱང་ང་ལ་བཤད་མ་སོང་། ཕོ་གཞོན་དེས་ཁྱོད་ལ་ཅི་ཡང་བརྗོད་མ་སོང་ངམ། དེ་ནི་ཁ་ཐུ་རིན་རེད་དམ།
ཁ་ཐུ་རིན་གྱིས་ང་ལ་ཅི་ཡང་བརྗོད་མ་སོང་། ངས་སྐུ་ཞབས་ཁྲོང་སེན་དོ་སྣང་འདྲེན་པ་ཞིག་ཏུ་མཐོང་སོང་། ཡིན་ན་ཡང་དེ་ཙམ་ཡིན། ཁོས་ང་ལ་ཁོའི་མི་ཚེའི་སྐོར་མང་པོ་ཞིག་དང་ཁོའི་རླུང་རྟ་དམན་པའི་སྐོར་བརྗོད་སོང་།
ཨ། ཁོའི་རླུང་རྟ་དམན་པའི་སྐོར། དེའི་སྐོར་ང་ལ་ཅིག་ཤོད་དང་།
དེ་ནི་སྒྲུང་རིང་པོ་ཞིག་རེད། ཁོ་ལོ་ཆུང་ཡིན་དུས་སྡུག་ཅག་ཅིག་རེད་འདུག ཁོས་དེ་ལྟར་བཤད་སོང་། ཡིན་ན་ཡང་ཁོས་དེ་ཚོའི་ཕྱོགས་ལ་རིན་འབབ་འཇལ་ཚར་འདུག
དེ་ནས་ད་ལྟ་ཁོ་ལ་དངུལ་མེད་པ་རེད།
དེ་བཞིན་མི་སུ་ཞིག་ཁོའི་འཇིག་རྟེན་དུ་མི་འདུག
ཁོས་ཁོ་ཡི་གྲོགས་པོ་ཚོ་བརླགས་ཚར་འདུག གང་ཡིན་ཟེར་ན་ཁོའི་མི་ཚེ་སྡུག་པོ་དེས་རེད།
མ་རེད། ཁོ་ལ་གྲོགས་པོ་ངན་པ་དག་འདུག
ཁོ་ལ་གྲོགས་པོ་ཡག་པོ་དག་འདུག་སྟེ་ཁོའི་སྲིང་མོ་དང་<མོའི་ཕྲུ་གུ་ཚོ།
ཕྲུ་གུ་དེ་ཚོ་ལོ་ཆུང་ཞིང་ཁོའི་སྲིང་མོ་དེ་ཡག་པོ་ཞིག་མ་རེད།
ཁོས་སྲིང་མོ་དེ་ཡག་པོ་མེད་པའི་སྐོར་འདྲ་ཁྱོད་ལ་བརྗོད་སོང་ངམ། ཡིན་ན་ཡང་ཁོ་རང་མོ་དང་མཉམ་དུ་བསྡད་འདུག་ལ་ཁོས་ཅི་ཡང་བསྒྲུབས་མི་འདུག མོས་ཁོ་ཡི་ཆེད་དུ་དངུལ་གྱི་འགྲོ་སོང་བཏང་བ་རེད།
ཁོས་ལས་ཀ་ཞིག་འཚོལ་བཞིན་འདུག ཁོས་ཉི་མ་རྟག་པར་འཚོལ་བཞིན་འདུག
ཁོས་ལས་ཀ་དེ་འདི་རུ་འཚོལ་བཞིན་འདུག བུད་མེད་ཕྱུག་པོ་ཨ་སྒོར་སྟོང་ཕྲག་སུམ་ཅུ་ཡོད་པ་ཞིག་གི་བཟའ་ཟླ་བྱེད་རྒྱུའི་ལས་ཀ་ཞིག་འཚོལ་བཞིན་འདུག
གཟའ་ཉི་མའི་དགོང་དྲོ་རེ་རེ་བཞིན། ཝ་ཞིང་ཁྲོན་ཐང་ཆེན་ལ་བསྡད་ཡོད་པའི་ཁྱིམ་མི་འདི་ཚོ་ལྕམ་ཨལ་མོང་ཚང་ལ་སོང་། གཟའ་ཉི་མ་རྗེས་མ་དེ་ལ་མོས་རོས་ཀྱང་ལྕམ་ཨལ་མོང་ཚང་ལ་བསླེབས། ཁོ་རང་ཁ་ཐུ་རིན་གྱི་འཁྲིས་སུ་བསྡད་དེ་མོ་རང་གཅིག་པོར་ཁ་བརྡ་བྱས། ཁ་ཐུ་རིན་མོ་རོས་སི་དང་མཉམ་དུ་སྐྱིད་པོ་དང་བདེ་བོ་མ་བྱུང་ཞིང་རྒྱུ་མཚན་ནི་མོའི་ཕ་རྒན་ཁང་པ་དེའི་ནང་ལ་ཡོད་པས་ཡིན། མོའི་ཕ་རྒན་མོའི་ཕྱོགས་སུ་བློ་ཕམ་བྱུང་། ཕལ་ཆེར་ཁོ་རང་མོ་རོས་ཀྱི་ཕྱོགས་སུ་ནོར་འཁྲུལ་བྱུང་ཡོད་སྲིད། ཕལ་ཆེར་མོ་རོས་དྲང་བདེན་ཞིག་དང་ཁོའི་བུ་མོ་ལ་བརྩེ་བའི་ཆེད་དུ་གཉེན་སྒྲིག་བྱེད་འདོད་ཡོད་སྲིད། སྨན་པས་ཕོ་གཞོན་དེ་ལ་དུས་ཚོད་ངེས་ཅན་ཞིག་སྤྲོད་རྒྱུའི་སེམས་ཐག་བཅད།
མཐའ་མར་ཁོས་མོ་རོས་ལ་སྐད་ཆ་བརྗོད་བྱུང་། ངས་ཁྱོད་ཀྱིས་ལས་ཀ་འཚོལ་བཞིན་ཡོད་ལུགས་ཐོས་བྱུང་།
ཡོད། ངས་དྲང་བདེན་དང་ཁུ་སིམ་པའི་ལས་ཀ་ཞིག་འཚོལ་བཞིན་ཡོད། དྲང་བདེན་གྱི་སྒོ་ནས་ཨ་སྒོར་ཐོབ་པའི་གནས་སྟངས་ཤིག ང་ལ་ཡོད་པ་ནི་ངའི་གཡས་ལག་ཡག་པོ་འདི་ཙམ་ཞིག་ཡིན།
རེད། ཁྱོད་ཀྱི་གཡས་ལག་ཡག་པོ་དེ། སྨན་པས་དེ་སྐད་བརྗོད། ཡིན་ན་ཡང་ཁྱོད་ལ་མགོ་གྲུང་པོ་ཞིག་ཀྱང་འདུག མཚམས་རེར་ངས་སྒོ་ཕྱེ་བ་དག་ཀྱང་གོ་བྱུང་། ཁྱོད་ཀྱིས་ཉིག་ཡོར་ནས་ཕྱོགས་ག་ཤེད་ཅིག་ལ་འགྲོ་རྒྱུའི་བསམ་བློ་གཏོང་གི་མ་རེད་དམ།
མ་རེད། ངས་དེ་ལྟར་བསམ་མི་སྲིད། ངས་ངེས་པར་དུ་ངའི་མི་ཚེའི་འགྲོ་སྟངས་དེ་འདིར་བཟོ་དགོས་ཀྱི་རེད། ངའི་སྲིང་མོ་འདིར་བསྡད་ཡོད་ཅིང་ང་ནི་མོའི་ཡོད་ཚད་ཡིན། མོའི་ཁྱོ་ག་གྲོངས་སོང་བས་ངས་མོའི་ཕྲུ་གུ་ལྔ་བོ་གསོ་རོགས་བྱེད་དགོས། ངས་ཁོ་ཚོར་བསླབ་ཚན་སྤྲོད་བཞིན་ཡོད།
དེ་ཡག་པོ་འདུག ཡིན་ན་ཡང་དེ་ལས་ཀ་མ་རེད།
དེས་ང་ལ་དངུལ་མང་པོ་ཞིག་འཁྱེར་ཡོང་གི་མ་རེད།
དངུལ་ནི་དེ་འདྲའི་གལ་ཆེན་པོ་ཞིག་མ་རེད། སྨན་པས་དེ་ལྟར་བརྗོད།
དགོང་དྲོ་དེའི་རྗེས་སུ། མོ་རོས་ཀྱིས་ཁ་ཐུ་རིན་ལ་ཡང་སྐྱར་ཁ་བརྡ་བྱས། ང་ཚོ་སང་ཉིན་འཕྲད་ཐུབ་བམ། ང་ལ་ཁྱེད་རང་ལ་བཤད་རྒྱུ་ཞིག་ཡོད། ཁྱོད་རང་གི་ཁང་པའི་ནང་ལ་མ་ཡིན་པར་སི་ཁུ་ཝེར་ལ། ང་ཁྱེད་ཀྱི་ཁང་པའི་ནང་ལ་ཡང་སྐྱར་ཡོང་ཐུབ་ཀྱི་མ་རེད། ཁྱོད་ཀྱི་ཕ་རྒན་གྱིས་ང་ལ་ཁྲེལ་དགོད་བྱས་སོང་། རྒྱུ་མཚན་ནི་ང་ལ་དངུལ་མེད་པས་རེད།
ཁྱོད་ལ་ཁྲེལ་དགོད་བྱས་སོང་ངམ། ཨ། ཡིན་རྒྱུ་མ་རེད། ཁྱོད་ཀྱིས་ཁོང་ལ་ནོར་འཁྲུལ་བཟོས་སོང་། ཁོང་ནི་མི་ཡག་པོ་ཞིག་ཡིན། ཁྱོད་རང་ངེས་པར་དུ་ང་རྒྱལ་མེད་པ་ཞིག་བྱེད་དགོས་ཀྱི་རེད། ཁ་ཐུ་རིན་གྱིས་དེ་ལྟར་བཤད།
ང་རང་ཁྱོད་གཅིག་བུ་ལ་ང་རྒྱལ་ཡོད་པ་ཞིག་བྱེད་ཀྱི་ཡིན།
ཁ་ཐུ་རིན་ཁུ་སིམ་མེར་གདོང་པ་དམར་པོ་ཆགས། ད་ལྟ་ཁྱོད་ཀྱིས་ང་ལ་ཁྲེལ་དགོད་བྱེད་བཞིན་འདུག ཁྱོད་ཀྱིས་ཤེས་པ་བཞིན་དུ་ང་ནི་མཛེས་མ་ཞིག་དང་སྤྱང་པོ་ཞིག་མིན། མོས་དེ་སྐད་བརྗོད།
མོ་རོས་ཀྱིས་གཞས་ཤིག་བཏང་ཞིང་དེ་ནི་དོན་རྟོགས་མི་ཐུབ་ཞིག་རེད།
ཁ་ཐུ་རིན་གྱིས་དེ་ནི་ཁོ་རང་མོ་ལ་དགའ་བ་ལས་བྱུང་བ་ཞིག་ཡིན་པ་རྟོགས་ཡོད།
ངའི་ཁང་པའི་ནང་དུ་ཤོག ང་ནི་དེ་ལ་ཞེད་སྣང་སྐྱེ་གིན་མི་འདུག
ཉིན་རྗེས་མ་དེར་མོ་རོས་ཁ་ཐུ་རིན་གྱི་ནང་ལ་བསླེབས། ཁོས་ཁ་ཐུ་རིན་ལ་ཁོ་རང་མོ་ལ་དགའ་གི་འདུག་ཅེས་བརྗོད། མོ་ལམ་སང་མར་བསྡད། མོས་ཁོ་རང་ངེས་པར་དུ་སོང་ཟེར། མོ་ལ་བསམ་བློ་གཏོང་རྒྱུའི་དུས་ཚོད་ཅིག་དགོས་ཀྱིན་ཡོད། མོའི་ཕ་རྒན་གྱིས་འཁྲུག་འཛིང་བྱེད་པའི་སྣང་བརྙན་ཞིག་མོའི་མགོ་ཐོག་ཏུ་ཤར་ཞིང་མོ་རང་འཇིགས་སྣང་སྐྱེས།
མོ་རོས་མ་སོང་གོང་ལ་མོས་བརྗོད་རྒྱུར། ང་ཚོས་ངེས་པར་དུ་ངའི་ཨ་ཕ་ལ་བརྗོད་དགོས་ཀྱི་རེད། ངས་དེ་དོ་དགོང་བརྗོད་ཀྱི་ཡིན། ཁྱོད་ཀྱིས་སང་ཉིན་ངེས་པར་དུ་བརྗོད་དགོས་ཀྱི་རེད།
ཁྱོད་ཀྱི་ཨ་ཕས་ཁྱོད་ལ་ང་ཁྱོད་ཀྱི་དངུལ་ལ་སེམས་ཆགས་ཀྱིན་འདུག་གསུང་གི་རེད།
དེ་ནས་ངས་ཁོང་ལ་ཁོང་གིས་ཁྱོད་ཀྱི་ཕྱོགས་སུ་ནོར་འཁྲུལ་བཟོ་གིན་འདུག་ཟེར་གྱི་ཡིན།
སྐྱེས་པ་གཞན་པ་ཚོ་དངུལ་ལ་དགའ་བཞིན་ཡོད་པ་རེད། ཡིན་ན་ཡང་ཁྱོད་རང་དེ་འདྲ་མ་རེད། ཁ་ཐུ་རིན་གྱིས་དེ་སྐད་བརྗོད།
བཞི་པ། ཝ་ཤིང་ཁྲོན་ཐང་ཆེན། བཞི་པ།
བརྩེ་བའི་ཆེད་དམ་དངུལ་གྱི་ཆེད།
དགོང་དྲོ་དེར་ཁ་ཐུ་རིན་གྱིས་མོའི་ཕ་རྒན་ ཁྱིམ་དུ་ལོག་པའི་སྒྲ་ཐོས། མོ་ཁོའི་སྡོད་ཤག་གི་ཕྱི་རོལ་ཏུ་ཆུ་ཚོད་ཕྱེད་ཀའི་རིང་ལ་ལངས་ནས་བསྡད་ཅིང་དེ་ ནས་ནང་དུ་ཕྱིན། ཁོས་ལག་ཏུ་ཐ་མག་ཅིག་བཟུང་ནས་རྐུབས་སྟེགས་ཤིག་གི་སྟེང་དུ་བསྡད་དེ་མེ་ལ་ལྡེ་བཞིན་ཚགས་པར་ཞིག་ཀློག་བཞིན་ཡོད།
ང་ལ་ཁྱེད་ལ་བཤད་རྒྱུ་ཞིག་འདུག མོས་ཤིན་ཏུ་གཉོམ་ཆུང་ངང་མགོ་བཙུགས་རྗེས་མར་བསྡད། ངས་མོས་རོས་སི་ལ་གཉེན་སྒྲིག་བྱེད་རྒྱུ་ཡིན། སྨན་པས་མོ་ལ་ཅིག་བལྟས་ཏེ། ཁོས་ནམ་ཞིག་ཁྱོད་ལ་དེ་ལྟར་བརྗོད་སོང་།
དགོང་དྲོ་འདིར། ཆུ་ཚོད་བཞིའི་སྔོན་ལ། མོས་ལན་དེ་ལྟར་བཏབ།
ནམ་རྒྱུན་ཡིན་ན་སྐྱེས་པ་དེས་བུ་མོ་དེའི་ཨ་ཕ་ལ་སྐད་ཆ་འདྲི་གི་རེད། ཁོ་ང་ལ་སྐད་ཆ་འདྲི་རྒྱུར་ཞེད་པ་རེད་དམ། ཁྱོད་རང་ཧ་ཅང་མགྱོགས་པོར་འགུལ་སྐྱོད་བྱེད་བཞིན་འདུག
ཁོས་ང་ལ་དགའ་གི་ཟེར་ལ་ང་རང་ཡང་ཁོ་ལ་ཤིན་ཏུ་དགའ།
ཡིན་ན་ཡང་ཁྱོད་རང་ཁོ་ལ་ཕྲད་ནས་གཟའ་འཁོར་ཁ་ཤས་ལས་ཕྱིན་མེད་པ་རེད།
ང་རང་ཁོ་ལ་ཆེས་ཐོག་མའི་དུས་ནས་དགའ་སོང་།
ངས་ ཁྱོད་རང་ད་ལྟ་བུ་མོ་ཆུང་ཆུང་ཞིག་མིན་པར་སྐྱེས་མ་ཞིག་ཡིན་པ་ཤེས་ཡོད། ཡིན་ན་ཡང་ང་རང་མོས་རོས་སི་ཁྲོང་སེན་ལ་དགའ་བོ་མི་འདུག ང་རང་ཁྱོད་ཀྱིས་དང་པོ་ནས་ང་ལ་སྐད་ཆ་མ་དྲིས་པ་དེར་བློ་ཕམ་བྱུང་། ངས་ཁྱོད་ལ་བསྟུན་དྲགས་སོང་།
ང་རང་ཁྱོད་ཀྱི་འཆར་གཞི་ལ་ཞེད་སོང་། ཡིན་ན་ཡང་ཨ་ཕ་ལགས། ཁྱོད་ཀྱིས་ཁོ་རང་ཤེས་ཀྱི་མ་རེད།
ཁྱོད་ཀྱིས་ཁོ་རང་ཤེས་ཀྱི་མ་རེད། ཁོས་ཁྱོད་ལ་སྐྱེས་པ་ཞིག་གི་ཕྱེད་ཀ་ལས་བསྟན་ཡོད་པ་མ་རེད།
ཁྱོད་ཀྱིས་ཁོ་ངའི་དངུལ་ལ་དགའ་གིན་འདུག་བསམ་གྱིན་ཡོད་དམ།
ཅིའི་ ཕྱིར་ངས་ཁོ་རང་ནོར་འཁྲུལ་ཅན་ཞིག་ཏུ་བལྟ་དགོས་སམ། ངས་ཁྱོད་ལ་བཤད་ཀྱི་ཡིན། སྨན་པས་སྐར་མ་ཁ་ཤས་ཀྱི་རིང་ལ་ཐ་མག་འཐེན། ངས་བལྟས་ན་ཁྱོད་ཀྱི་དངུལ་དེ་ཁོ་ལ་ཐོབ་ཐང་ལས་གལ་ཆེ་བ་རེད། ཕལ་ཆེར་ཕོ་གཞོན་ཞིག་ཁྱོད་ལ་དགའ་བ་མ་གཏོགས་ཁྱོད་ཀྱི་དངུལ་ལ་དོ་སྣང་ཡོང་གི་མ་ རེད། ཁྱོད་ནི་དྲང་བདེན་དང་བརྩེ་བ་ཅན་གྱི་བུ་མོ་ཞིག་རེད། ཡིན་ན་ཡང་ཕོ་གཞོན་སྤྱང་པོ་འདིའི་སྐོར་ལ་ང་ཚོས་ཇི་འདྲ་ཞིག་ཤེས་སམ། ང་ཚོས་ཁོས་དངུལ་ཡོད་ཚད་བརླགས་པ་དང་དེ་ཡང་ཁོའི་ད་ལྟའི་མི་ཚེ་སྡུག་པོ་དེས་བྱས་པ་ཙམ་ཞིག་ཤེས་པ་རེད། ཁོས་དངུལ་དེ་ལས་མང་བ་ཞིག་འཕྲོ་བརླག་ཏུ་གཏོང་རྒྱུ་ཞིག་འཚོལ་བཞིན་འདུག་ལ། ཁོའི་མིག་དེ་ཁྱོད་ཀྱི་དངུལ་ལ་ཅེར་ནས་བསྡད་འདུག
དེ་ཙམ་ནི་ང་ཚོས་ཁོའི་ ཕྱོགས་ནས་ཤེས་པའི་ཡོད་ཚད་དེ་མ་རེད། ཨ་ཕ་ལགས། ཁོ་ལ་ཅི་ཞིག་བསྒྲུབ་འདོད་ཞེ་དྲགས་འདུག ཁོ་ནི་མི་དྲང་བདེན་དང་ཡག་པོ་ཞིག་རེད། དེ་བཞིན་ཁོས་དངུལ་ཉུང་ཉུང་བརླགས་པ་རེད།
དེ་ནས་ཁོས་དེ་དག་ལ་གཟབ་གཟབ་མ་བྱས་པ་རེད། སྨན་པ་ཡར་ལངས་ཏེ་གད་མོ་བགད། ཁ་ཐུ་རིན་ཡར་ལངས། སྨན་པས་ལག་པ་མོའི་ཕྱོགས་སུ་གཡུག་བཞིན། ང་རང་ཁྱོད་ཀྱི་ཆེད་དུ་བློ་ཕམ་བྱུང་། ང་སང་ཉིན་མོ་རོས་སི་ལ་འཕྲད་ཀྱི་ཡིན།
རེད། སྐུ་ཞབས་སི་ལོ་ཕེར། ང་ཚོས་མགྱོགས་པོར་ཧ་གོ་གིན་འདུག ཡིན་ན་ཡང་ཐོག་མའི་ཐུག་ཕྲད་དེ་ནས་བཟུང་སྟེ་ང་ལྕམ་སི་ལོ་ཕེར་ལ་དགའ་སོང་།
ཁྱོད་རང་མོ་མཐོང་བའི་ཉིན་དེ་ནས་མོ་ལ་དགའ་སོང་ངམ།
ངས་མོ་རང་མཛེས་མ་ཞིག་ཡིན་པ་ཤེས་ཡོད།
ང་རང་མོའི་ཨ་ཕ་ཡིན་ལ་མོ་རང་ལ་ཤིན་ཏུ་བརྩེ། ང་རང་མོའི་ཨ་ཕ་ཡིན་ལ་ངས་མོ་རང་མཛེས་མ་ཞིག་མིན་པ་ཤེས་ཡོད། ངས་ཁ་སང་ཁ་ཐུ་རིན་ལ་ང་ཁྱོད་ཀྱི་འཆར་གཞི་དེ་ཚོར་དགའ་བོ་མེད་ཚུལ་བཤད་ཡོད།
ང་རང་ལ་བློ་ཕམ་ཆེན་པོ་བྱུང་། མོ་རོས་སིས་ལན་དེ་བཏབ་རྗེས་མིག་གིས་མཐིལ་ཤིང་ལ་ཅེར་ནས་བསྡད།
ངས་ང་ཡི་བུ་མོ་འདི་དངུལ་དང་ལས་ཀ་མེད་པའི་མི་ཞིག་ལ་གཉེན་སྒྲིག་བྱེད་རྒྱུའི་འདོད་པ་མེད། ངའི་བུ་མོ་ནི་གཞོན་ནུ་མ་ཕྱུག་པོ་ཞིག་ཡིན་ལ། ང་ཤི་བའི་རྗེས་སུ་ཕྱུག་རྒན་ཞིག་ཆགས་ཀྱི་རེད།
ང་རང་མོའི་དངུལ་ལ་ཞེན་ཆགས་མེད། ཁྱོད་ལ་ངའི་ཚིག་འདི་ཡོད་པ་རེད།
ང་ལ་ཁྱོད་ཀྱི་ཚིག་ལས་གལ་ཆེ་བ་ཞིག་དགོས་ཀྱི་འདུག
ངས་ཁྱོད་ཀྱི་འཆར་གཞི་ཡག་པོ་དེ་ཚོ་རག་རྒྱུར་ག་འདྲ་ཞིག་བྱེད་དགོས་ཀྱི་རེད།
གང་ཡང་ཡོད་པ་མ་རེད། ང་རང་ལ་ངའི་འཆར་གཞི་ཁྱོད་ལ་སྤྲོད་རྒྱུའི་འདོད་པ་མེད།
ཡིན་ན་ཡང་ང་རང་ཁ་ཐུ་རིན་ལ་དགའ་གིན་འདུག ངས་ལས་ཀ་ཧུར་ཐག་གིས་བསྒྲུབ་ཀྱི་ཡིན། ངའི་མི་ཚེ་རྙིང་པ་དེ་ངའི་རྒྱབ་ཕྱོགས་སུ་ཡོད། ང་མེད་ན་མོ་རང་ལ་བདེ་སྐྱིད་ཅིག་ཡོད་མི་སྲིད།
ང་ལ་ཁྱོད་ཀྱིས་ད་ནས་བཟུང་མོ་ལ་འབྲེལ་བ་བྱེད་མཚམས་འཇོག་འདོད་ཡོད། ཕལ་ཆེར་ཟླ་བ་དྲུག་གི་རིང་ལ་མོས་ང་ལ་དགའ་བོ་བྱེད་ཀྱི་མ་རེད། ངས་བསྒུག་ཐུབ་ཀྱི་རེད། མོས་ཁྱོད་རང་དང་མཉམ་དུ་ནམ་ཡང་མི་ཚེ་སྐྱིད་པོ་ཞིག་མེད་པ་དེ་ཤེས་ཀྱི་རེད།
ཨ། རེད། ཁྱོད་ལ་གུས་ཞབས་མི་འདུག མོ་རོས་སིས་ཁོང་ཁྲོའི་ངུ་ཤུམ་བརྒྱབ།
ཁྱོད་ཀྱིས་ང་དཀའ་ཁག་གི་ནང་དུ་དེད་པ་རེད། སྐུ་ཞབས་ཁྲོང་སེན། སྨན་པས་ལན་དེ་ལྟར་བཏབ།
ཕལ་ཆེར་ཁ་ཐུ་རིན་ལ་ང་ཚོའི་རྒྱུས་ལོན་འབྱུང་བཞིན་པ་འདི་མཚམས་འཇོག་འདོད་ཡོད་ཀྱི་མ་རེད། མོས་ང་རང་ལས་སླ་བོར་བརྗེད་ཀྱི་མ་རེད། ང་ལ་དེ་ལས་ལྷག་པ་ཞིག་བརྗོད་རྒྱུ་མེད། དེ་ནས་མོ་རོས་སི་ཁང་པ་འདི་ནས་ཕྱིར་ཐོན་སོང་།
སྨན་པ་སི་ལོ་ཕེར་གྱིས་མོས་རོས་སི་ཁྲོང་སེན་གྱི་སྲིང་མོ་ལྕམ་མོང་གོ་མེ་རོས་ཀྱི་རྩར་ཐེངས་ཤིག་འགྲོ་རྒྱུའི་ཐག་གཅོད་བྱས། མོ་རང་ལྟ་ན་སྡུག་པའི་མེ་ཏོག་ལྡུམ་རྭ་ཅན་གྱི་ཁང་པ་དམར་པོ་ཆུང་ཆུང་སྙིང་རྗེ་བོ་ཞིག་གི་ནང་དུ་བསྡད་ཡོད་ལ། མོ་ནི་འདྲེན་བྱེད་སྔོན་པོ་ཟུང་ལས་འཛུམ་མདངས་འཕྲོ་ཞིང་དྲང་བདེན་ཅན་གྱི་གདོང་རིས་དང་ལྡན་པ་ཞིག་རེད། སྐད་ཅིག་མ་འདིའི་ནང་དུ་མོའི་གདོང་མདོག་ཅུང་ཟད་དམར་པོར་གྱུར། མོ་ལ་ནམ་རྒྱུན་མཐོ་རིམ་སྤྱི་ཚོགས་ཀྱི་མིའི་འགྲོ་འོང་དེ་ཙམ་མེད།
སྨན་པ་སི་ལོ་ཕེར་གྱིས་མགོ་བཙུགས་བྱུང་། ཁྱེད་ཀྱི་གཅེན་པོ་ལ་ངའི་བུ་མོར་གཉེན་སྒྲིག་བྱེད་འདོད་འདུག ངས་ཁོའི་ཕྱོགས་ནས་སྦྱོང་བརྡར་ཞིག་བྱེད་འདོད་བྱུང་། ང་ལ་ཁྱེད་ཀྱི་གཅེན་པོའི་ཕྱོགས་ནས་ཅིག་རྗོད་དང་།
ང་ལ་ངའི་གཅེན་པོའི་ཕྱོགས་ནས་ཅིག་བཤད་རྒྱུ་རག་ཁག་པོ་རེད། མོས་དེ་སྐད་ཟེར།
ནམ་ཞིག་ང་རང་ཤི་བའི་དུས་སུ་ཁ་ཐུ་རིན་ལ་ང་རང་དགའ་བོ་མེད་པའི་ཁྱོ་ཀ་ཞིག་གི་ལག་ནས་ཅི་ཡང་རག་གི་མ་རེད། མོ་ལ་མོའི་ཨ་མའི་ཕྱོགས་ནས་སྟོང་ཕྲག་བཅུ་ཡོད་པ་མ་གཏོགས་ཅི་ཡང་ཡོད་པ་མ་རེད།
མོ་རོས་སིས་དེ་ཤེས་ཡོད་དམ།
ང་ལ་དེ་ཁོ་ལ་བརྗོད་འདོད་བྱུང་།
ཁྱེད་ཀྱིས་ཉིད་མོ་རོས་སི་ལ་དགའ་བོ་མི་འདུག་གསུངས་སོང་། དེའི་རྒྱུ་མཚན་ཅི།
ཁོ་ ནི་དགོང་ཟས་ཟ་དུས་སྐད་ཆ་བཤད་སའི་མི་ཡག་པོ་ཞིག་རེད། ཡིན་ན་ཡང་ཁོ་ངའི་བུ་མོའི་ཁྱོ་ཀར་འགྱུར་རྒྱུའི་འདོད་པ་ང་ལ་མེད། ངས་བལྟས་ན་ཁོ་ནི་ཁ་ཐུ་རིན་ལས་མོ་རོས་ཁྲོང་སེན་ལ་དོ་སྣང་བྱུང་འདུག ཁྱོད་ཀྱིས་ངའི་ནོར་འཁྲུལ་ཅིག་ཤོད་དང་།
མི་འདུག ཁྱེད་རང་ནོར་མི་འདུག ཡིན་ན་ཡང་ང་ཚོ་ང་ཚོའི་མི་ཚེ་ལ་དོ་སྣང་བྱུང་ཡོད། ཁོ་ནི་ཕོ་གསར་རྫིག་པོ་ཞིག་རེད། ལྕམ་མོང་གོ་མེ་རོས་ཀྱིས་དེ་སྐད་ཟེར།
ཕོ་གཞོན་ཁ་ཤས་ཀྱིས་ཁོ་ཚོས་ཅི་ཙམ་ཆུང་ཆུང་ཞིག་ནུས་པ་དེ་ཙམ་ཞིག་བྱེད་ཀྱི་རེད། སྨན་པས་བརྗོད། ཁོ་ཚོ་མི་གཞན་པའི་བརྩེ་དུང་གི་ནང་དུ་འཚོ་གི་རེད། སྐྱེས་མ་གཞན་དག་ཚོ་ཐེངས་མ་བརྒྱ་ཆའི་དགུ་བཅུ་དེ་ལྟར་མ་རེད། ཁྱེད་རང་དང་ངའི་སྲིང་མོ། ལ་ཝིས་ནིས་ཡ་དང་ཁ་ལུ་རིན་བཅས་ཀྱིས་མོ་རོས་སི་ཡིས་མི་ཚེ་ལས་སླ་བོ་ཞིག་སྐྱེལ་རྒྱུའི་ཆེད་དུ་ལས་ཀ་བྱེད་ཀྱིན་འདུག
ལྕམ་མོང་གོ་མེ་རོས་ཀྱི་མིག་ཟུང་ལམ་སེང་རློན་པ་ཆགས་སོང་། མོས་མགོ་བོ་ང་རྒྱལ་གྱིས་གཡུག་བཞིན། ངས་ཁྱེད་ཀྱིས་འདི་ཇི་ལྟར་ཤེས་པ་ཤེས་མ་སོང་། ཟེར་བ་དང་མཉམ་དུ་ངུས་བྱུང་།
སྨན་པས། ད་ལྟ་འདི་ལ་ལན་ཞིག་འདེབས་རོགས། ཁྱེད་ཀྱིས་ཁྱེད་ཀྱི་གཅེན་པོར་དངུལ་སྤྲད་པ་ཡིན་ནམ། མོའི་མིག་ཟུང་གིས་ཡིན་པའི་བརྡ་སྤྲད།
ཁྱེད་ལ་དངུལ་དེ་འདྲའི་མང་པོ་ཞིག་ཡོད་དམ། མོས་མེད་ཟེར།
ཁྱེད་ཀྱི་གཅེན་པོས་འདི་ཤེས་ཡོད་དམ། མོས་ཡོད་ཟེར།
ངས་ཁྱེད་ཀྱི་གཅེན་པོས་ཁྱེད་ཀྱི་ཕྲུ་གུ་ཚོ་ལ་ཅིག་སློབ་ཀྱིན་ཡོད་ལུགས་ཐོས་བྱུང་།
མོས་མིག་གཉིས་ལམ་སེང་ཆེ་རུ་གདངས་ནས་འཁོར་བཞིན། ཨོ་ཨོ། ཡོད། ཁོས་ཁོ་ཚོར་སི་པན་གྱི་སྐད་སློབ་ཀྱིན་ཡོད།
སྨན་པ་ལན་འདི་ལ་གད་མོ་ཞིག་བགད་དེ། སི་པན་གྱི་སྐད། དེས་ཁོ་ཚོས་ཕན་ཐོགས་ཀྱི་རེད། ད་ནི་ངས་ངའི་དྲི་ལན་ཤེས་སོང་། ཁྱེད་ཀྱི་གཅེན་པོ་ཁྱེད་ལ་བསྟེན་ནས་འཚོ་བཞིན་པ་རེད། ལྕམ་མོང་གོ་མེ་རོ་ངུ་མགོ་ཚུགས། ངས་ཁོ་མི་སྤྱང་པོ་ཞིག་ཡིན་པ་ཤེས་བྱུང་། ཡིན་ན་ཡང་ཁོ་ནི་ངའི་ཁ་ཐུ་རིན་ལ་འགྲིག་པའི་སྐྱེས་པ་དེ་མ་རེད། ཁྱེད་རང་ངེས་པར་དུ་མོ་ལ་འཕྲད་དགོས་ཀྱི་རེད་ལ། དེ་ནས་ང་རང་ཤེས་ཀྱི་རེད།
རེད། ཁྱེད་ཀྱི་བུ་མོ་ང་ལ་འཕྲད་པར་ཁྲིད་ཡོང་རོགས་གནང་། ཁོས་ངེས་པར་དུ་མོ་ལ་གཉེན་སྒྲིག་མ་བྱས་ན་ལེགས་ཀྱི་རེད། མོས་མགྱོགས་པོར་དེ་སྐད་བརྗོད།
སྨན་པ་ཁོའི་རྣ་ལམ་དུ་ལྷུང་བའི་ཚིག་འདི་ཚོ་དང་མཉམ་དུ་བློ་སེམས་བདེ་བོའི་ངང་ཕྱིར་ལོག
སྨན་པ་ཁོའི་རྣ་ལམ་དུ་ལྷུང་བའི་ཚིག་འདི་ཚོ་དང་མཉམ་དུ་བློ་སེམས་བདེ་བོའི་ངང(་ཕྱིར་ལོག) ཟེར་ན་གོ་བ་ཁོ་རང་མི་འདུག། ཚང་མ་ཀློག་མེད། རང་དྲག་འདུག།
བསྒྱུར་བ་ཡིན་ན་བཟང་གི་རེད་ཨ། བསྒྱུར་ལ་གོ་རྒྱུ་མེད་ན། ང་ཚོས་ཅི་བྱེད།
མོས་ཆད་འདུག།
རེད། ཁྱེད་ཀྱི་བུ་མོ་ང་ལ་འཕྲད་པར་ཁྲིད་ཡོང་རོགས་གནང་། ཁོས་ངེས་པར་དུ་མོ་ལ་གཉེན་སྒྲིག་མ་བྱས་ན་ལེགས་ཀྱི་རེད། མོས་མགྱོགས་པོར་དེ་སྐད་བརྗོད།
སྨན་པ་ཁོའི་རྣ་ལམ་དུ་ལྷུང་བའི་ཚིག་འདི་ཚོ་དང་མཉམ་དུ་བློ་སེམས་བདེ་བོའི་ངང་ཕྱིར་ལོག
སྒྲུང་རྩོམ་གྱི་དུས་རབས་མཇུག་དྲིལ་ཚར་བ་རེད།
ད་སྐབས་བཙན་བྱོལ་ན་ཀླུ་སྨྱོན་ལྟ་བུའི་འབད་མེད་ལྷུན་གྲུབ་ཀྱི་ལོ་ཙཱ་བ་མང་ནས་མང་དུ་འགྲོ་བཞིན་འདུག
འབད་དགོས་ན་མི་དེ་ཐ་མལ་བ་ཡིན་པའི་རྟགས་རེད་ཡ་ཨ་ལས་ངན་པོ། ཧཧཧཧ།
དེ་དེ་བཞིན་རེད། ཀླུ་སྨྱོན་ལགས། ད་སྐབས་བཙན་བྱོལ་དུ་དབྱིན་ཡིག་ཁ་ཆག་སྣ་རལ་ཞིག་ཤེས་བ་དང་མཉམ་དུ་ཕྱི་མི་རུས་པ་ཅན་ཁ་ཤས་ཤིག་གི་གསུང་རྩོམ་རླབས་པོ་མང་དག་ཅིག་གི་ཉིན་ཁ་ཤས་ཤིག་གི་ནང་བསྒྱུར་འཇོག་གི ཡིན་ཡང་ཁྱོད་ལ་དམིགས་གསལ་ཡོད་རེད། རྗེ་བླ་མའི་མཁྱེན་པ་ཕྱི་གསལ་ནང་གསལ་རེད། ཞོར་ཏུ་སེམས་གཏམ་ཞིག་བཤད་ན་བསམ་སོང་། བོད་དབྱིན་ཚིག་མཛོད་རང་ལ་ལྟོས་ནས་བསྒྱུར་ན་མགོ་ཆག་ཆེན་པོ་ཉོ་གི་རེད་ད།
གྲྭ་བ་གྲ་ལོག་ཚོས་སྒྲུང་རྩོམ་འབྲི་དུས་རྩོམ་གྱི་མཚན་རྟགས་༼punctuation marks༽༼标点符号༽་འགོད་ཤེས་ཀྱིན་མེད་པ་འདི་ཐུན་མོང་གི་གནད་དོན་ཞིག་རེད། འདི་ནས་སློབ་ཁྲིད་ཏོག་ཙམ་བྱེད།
༡ ན་རེ་འདྲེན་པའི་རྟགས་ནི་༼” “༽ དང་༼“ ”༽ཡིན། ན་རེ་ནང་ནས་ན་རེ་གཞན་ཞིག་ལུང་འདྲེན་ན་རྟགས་མཚན་འདི་༼’ ‘༽འཇོག་དགོས། ཀླུ་སྨྱོན་གྱིས་ཚེ་རིང་སྐྱིད་ལ་ན་རེ། “འགྲོ” ལྟ་བུའོ།
༢ དཔེ་དེབ་གྱི་མིང་འགོད་སྐབས་རྟགས་མཚན་༼<>༽འདི་འཇོག་པ་ནི་ཡོངས་གྲགས་ཡིན་མོད་དབྱིན་ཇི་བས་གསེག་ཡིག་བྲིས་ནས་རྟགས་མཚན་འདིའི་དོད་བྱེད། ≪རྒྱུད་བཞི།≫ ལྟ་བུའོ།
༣ ངོ་མཚར་ཨ་མཚར་གྱི་རྣམ་འགྱུར་མཚོན་བྱེད་ལ་རྟགས་༼!༽འདི་འཇོག ཧྲ་ཀི! ལྟ་བུའོ།།
༤ ༼?༽དྲི་བ་མཚོན་པའི་རྟགས། འབི་ལི? ལྟ་བུའོ།
ཁོམ་དུས་མུ་མཐུད་ནས་ཁྲིད་ཡ།
དབྱིན་རྩོམ་དེ་འདིར་འདོད་རོགས། དེ་ནས་བཟང་ངོ་།
ཅོག་མིས་ཁ་བརྡ་དྲ་བའི་ནང་དུ་་་<>འདི་འགྱུར་འགྲོ་བ་མ་ཤེས་པ་འདྲ།
འབི་ལི། འབི་ལུའི་ལུ་ནི་ལ་གི་གུ་ལི་ཡིན་པའི་རྒྱུ་མཚན་ལུང་འདྲེན་བྱོས་ཤོག། ཅོག་མྱི། སྐྱག་རྒྱུ་མེད་པར་འབྲི་རྒྱུ་ཞིག། བྲིས་བ་ཅམས་ཅད་ནོར་བ་ཞིག། དེ་འདྲ་གང་ཡིན་ནམ།
གནམ་ལགས། ཀརྡོ་ཉེར་ཕྱག་ཚང་གིས་ནམ་རྒྱུན་དེ་ལྟར་འབྲི་བཞིན་འདུག ཁོང་ཚང་ལ་སྐད་ཆ་ཕྲིས།
འགྲེངས་བསྡད་པའི་མཇེ་ལ་འབི་ལི་ཟེར།
སྦུབ་ཏུ་བསྣུབས་པའི་མཇེ་ལ་འབུ་ལུ་ཟེར། ཁྱད་པར་དེ་འདྲ་ཞིག་རེད།
ཉེར་ཕྱག་ལ་སྐྱག་རྒྱུ་མེད། ཁོང་ལ་ཨུ་ཚུགས་ཆེ། འབི་ལུའི་ལུ་ནི་རིལ་བུའི་བུ་ནས་བྱུང་། རིལ་བུའི་བུ་ལས་རིལ་ལུ་བྱུང་། འདི་ཨམ་སྐད་དང་འབྲེལ་བ་ཡོད་པ་ཞིག་རེད། འབི་ལུ་ཅན་ཚོས་གཟབ་གཟབ་བྱས་ནས་ཉོན། ཅོག་མྱི་ལགས།