དུས་བབ་དྲྭ་ཐོག་གི་ཟིན་བྲིས་ནང་དུ། ༼བོད་ཀྱི་གཞས་ཚིག་ཕྱོགས་སྒྲིག་གི་ཟིན་བྲིས་༽ཤིག་ཕྲན་པ་འཆམ་ར་དྲི་མེད་རྒྱལ་མཚན་གྱིས་གཉེར་འཆར་ཡོད།
དེའི་དགོས་པ་དང་དམིགས་ཡུལ་ནི།
སྤྱིར་ན་བཙན་བྱོལ་སྤྱི་ཚོགས་ནང་། སྐད་ངག་སྙན་པའི་གཞས་པ་མེད་པ་མ་རེད་ལ། སྒྱུ་རྩལ་རྒོད་པའི་རྩོམ་པ་པོ་མེད་པའང་དེ་བས་ཀྱང་མ་རེད་མོད། གཞས་གཏོང་མཁན་དང་རྩོམ་པ་པོའི་བར་ན་སྟོང་ཆ་ཆེན་པོ་ཞིག་ལུས་འདུག་པ་དེས། བཙན་བྱོལ་ནང་གི་གཞས་ཕལ་མོ་ཆེར་བྲོ་བ་ཟེར་ཅང་མེད་པ་ལན་གཅིག་མཉན་རྗེས་ཡང་སྐྱར་ཉོན་འདོད་མེད་པ་ཞིག་ཆགས་ཡོང་གིན་འདུག དེར་བརྟེན་གུས་པས་བོད་ཀྱི་སྐད་ཡིག་དང་ཡ་རབས་བཟང་སྤྱོད་། དེ་བཞིན་དེང་རབས་ཀྱི་དཔལ་ཡོན་ལ་བརྒྱུད་བསྐུལ་གཏོང་ཐུབ་མཁན་དང་། ཆོས་རིག་གི་བྲོ་བ་ཡོད་པའི་རིན་ཐང་ཅན་གྱི་གཞས་སྣ་རེར་ཡོང་ཐུབ་ན་བསམས་ནས་ཡིན་ལ། ད་རུང་གཞིས་ལུས་ཀྱི་སྤུན་ཟླ་ཚོས་རེ་སྒུག་དང་དྲན་གདུང་སྟོང་གི་གླུ་དབྱངས་སྐྱོ་ལྷང་ལྷང་ངང་ལེན་ཡོང་དུས། འདི་ཕྱོགས་ནས་ཀྱང་རྣམ་འགྱུར་ཞིག་སྟོན་གལ་ཆེ་བར་མཐོང་བ་དག་ནི་དགོས་དམིགས་་གཙོ་བོ་ཡིན། དེ་བཞིན་རྩོམ་པ་པོས་གཞས་པ་ཚོའི་མགྲིན་པ་བེད་སྤྱོད་ཐུབ་པ་དང་། གཞས་པ་ཚོས་རྩོམ་པ་པོའི་རྣམ་དཔྱོད་བེད་སྤྱད་དེ་དེ་གཉིས་ཆིག་བསྒྲིལ་བར་གྱི་ཁེ་ཕན་དེས་བོད་ལ་ཞབས་འདེབས་ཤིག་འགྲུབ་ན་བསམས་ནས་གཉེར་བཞིན་ཡོད།
དེས་ན་སྨྱུག་ཐོག་པ་ཚོས་བོད་ཡིག་གི་ལམ་ནས་རོ་བཅུད་ལྡན་པའི་གཞས་ཚིག་གང་མང་ཞིག་མྱུར་འཕྲིན་ཁ་བྱང་འདིའི་སྟེང་བསྐུར་རོགས་གནང་ཞུ་རྒྱུ་ཡིན།
གུས་པར་ལག་སོན་བྱུང་བའི་གཞས་ཚིག་ཁག་ཟིན་བྲིས་ཐོག་རྒྱབ་ཁྱབ་ཏུ་བཀྲམས་ནས་བོད་ཀྱི་གླུ་བ་ཚོར་འབུལ་རྒྱུར་ཡིན། དེའང་རིན་མེད་ཐོག་གདམ་ཁ་རྒྱག་ཆོག་པའི་གཞས་ཚིག་གང་མང་ཞིག་གི་མཐུན་རྐྱེན་བསྐྲུན་རྒྱུར་ཡིན་པས་གཞས་པ་ཚོ་ཡང་ངེས་ཕེབས་གནང་བར་ཞུ།།
bodkyishetsik@yahoo.com
གཞས་ཚིག་གསར་པ།
མཱའོ་ཙེ་ཐུང་སྡིག་ཆེན་རེད། །
ཅཱའོ་ཨེ་ལེན་གཡོ་སྒྱུ་ཅན། །
ཏཱིང་ཤཱའོ་ཕིང་ཁ་གཏིང་འཕྱུགས། །
དད་མེད་དྲང་མེད་སྙིང་མེད་གསུམ། །
ཅཱང་ཙེ་མིན་ཀླད་མེད་དཔོན། །
ཧུའི་ཅན་ཐོ་དྲང་ཁྲིམས་མེད། །
ཤེས་རྒྱ་ཆུང་ལ་བདུག་རྩུབ་ཅན། །
མགྱོགས་མྱུར་ཕོབ་ལ་ཡར་རྒྱས་ཐོང་། །
སྐུ་ཞབས་འཆམ་ར་དྲི་མེད་རྒྱལ་མཚན་ལགས།
ཁྱེད་ཀྱི་ལས་གཞི་འདི་འདྲ་ཞིག་སྤེལ་བའི་བློ་སྟོབས་ལ་དགའ་བསུ་ཞུ།
ངས་བལྟས་ན། ཁྱེད་རང་གི་གཞས་ཚིག་ཕྱོགས་བསྒྲིགས་ཀྱི་ཀུན་སློང་དེས། གཞི་བྱེས་བོད་མིའི་མཐུན་སྒྲིལ་ལ་ཚབ་ཤིན་དུ་ཆེ་བའི་སྟོར་གཤིག་ཤིག་མི་ཡོང་བའི་ངེས་པ་མིན་འདུག ཞིབ་འཇུག་དང་དཔྱད་པ་མེད་པར་”བཙན་བྱོལ་ནང་གི་གཞས་ཕལ་མོ་ཆེར་བྲོ་བ་ཟེར་ཅང་མེད་པ་ལན་”གསུང་ན་གཞི་བྱེས་གཉིས་ལ་དབྱེ་བ་བྱེད་པའི་ཐེན་ཁྱེར་གྱི་སྐད་ཆ་ལ་འགྲོ བོད་ཀྱི་དུས་བབ་དྲ་རྒྱ་ཡང་མཉམ་དུ་ནག་ཉེས་ནང་ལྷུང་བའི་ངེས་པ་མིན་འདུག་
༡༽ ཁྱེད་ཀྱི་ལྟ་བ་ལ། བཙལ་བྱོལ་ནང་གི་གཞས་ཚིག་རྣམས་ལ་དོན་སྙིང་མེད་པ་དང་བོད་ནང་གི་གཞས་རྣམས་ལ་དོན་སྙིང་ཡོད་པ་ཤུགས་ལ་བསྟན་གྱི་འདུག དེ་བདེན་པ་མ་རེད། ངའི་ལྟ་ཚུལ་ལ་བོད་ནང་གི་གཞས་ཚིག་ཡར་རྒྱས་འགྲོ་ས་དེ་བཙན་བྱོལ་ནང་ནས་ཕར་འགུལ་བ་བཏང་སོང་སྙམ།
དཔེར་ན། ༡༩༧༠ནང་དང་། ༡༩༨༠ཡི་ནང་ལ། སུད་སིའི་སྤྲིན་འཁོར་དང་། རང་བཙན་གཞོན་ནུ། ད་དུང་༡༩༩༠ནང་ནས་མགོ་ཚུགས་ནས་རྩ་བའི་བླ་མ་ཟེར་བའི་ཊེབ་ཐག་འཁོར་ལོ་དང་། ༢༠༠༠ནས་མགོ་ཚུགས་ནས་”ཨ་མ་རྗེ་བཙུན་པད་མ།”། དེ་བཞིན་བསྟན་འཛིན་འོད་ཟེར་གྱི་རེ་བ་སོགས་ཀྱི་གཞས་ཚིག་རྣམས་དང་གདངས་ཚང་མ་བོད་ཕྱི་ནང་ཚང་མས་དགའ་པོ་བྱེད་བཞིན་ཡོད།
༢༽ ལྷག་པར་དུ། ཉེ་འཆར་བསྟན་འཛིན་འོད་ཟེར་གྱི་སྡེར་མ་གསར་པ་ཨ་ཕ་ཟེར་བ་དང་། དེ་བཞིན་སྤེན་ཚེའི་སྡེར་མ་གསར་པ་དེའི་གཞས་ཚིག་དང་གདངས་ཚང་མ་བོད་ཀྱི་བུ་ཕྲུག་ཚོས་ཤིན་དུ་དགའ་པོ་བྱེད་མུས་ལ། བོད་ནང་ལ་ཡང་ཁྱབ་བསྒྲགས་འགྲོ་བཞིན་ཡོད་མུས། ཁྱེད་རང་རྒྱ་ནག་དང་བོད་ནང་གི་གཞས་སྒྲ་བཅུག་བྱེད་སའི་དྲ་རྒྱ་དག་ལ་ཕེབས་ན། འདི་ཚོ་བརྙེད་ཐུབ། སྤྱིར་གཞས་དེ་ཚོ་མང་ཆེ་བ། 印度歌曲ཟེར་བའི་སྡེ་ཚན་ནས་འཐོན་གྱི་འདུག
ང་ཚོས་དང་པོ་མི་མང་པོའི་བསམ་འཆར་བསྡུས། དེ་ནས་དེ་ལ་དཔྱད་པ་བྱས། མཐའ་མ་མཇུག་སྡོམ་ཞིག་སྐྱོན་ན་ལེགས་མོད། དེ་མིན་བརྟག་དཔྱད་གཅིག་ཀྱང་མེད་པའི་མཇུག་སྡོམ་གནང་ན་གནོད་པ་ལས་ཕན་པ་ཨེ་ཡོད།
༣༽ ༢༠༠༧ནང་ལ་ང་རང་ལྷོ་ཁ་ས་ཁུལ་གྱི་ས་ཆ་ཁུག་ཀྱོག་ཁ་ཤས་ལ་བསྐྱོད་པ་ཡིན། དེའི་སྐབས་ལ། བོད་ནང་གི་ན་གཞོན་ཚོས་དགའ་ཤོས་བྱེད་པའི་གཞས་གཙོ་བོ་ནི། བཙན་བྱོན་ནང་ནས་ལེན་པའི་”ཨ་མ་རྗེ་བཙུན་པད་མ།” དེ་བཞིན། ཀྲི་ཕུར་བུ་རྣམ་རྒྱལ་སོགས་ཀྱི་གཞས་ལ་ཡང་ཤིན་དུ་དགའ་པོ་བྱེད་བཞིན་འདུག སྤྱིར་ཡར་གདོང་དང་ཀུན་དགའི་གཞས་དར་པོ་འདུག་ཀྱང་། གཞས་ཚིག་མང་པོ་རྒྱ་ཡིག་ཡིན་སྟབས། གྲོང་གསེབ་ཁུལ་ལ་འདི་ཙམ་དར་པོ་མིན་འདུག ཕན་པོ་དང་ཡར་འབྲོག་ཁུལ་ལ་འགྲོ་སྐབས། “ཆུང་གསེབ་སྐྱིད་པའི་སྒྲོལ་མ་ལྷ་ཁང་།”ཟེར་བ་འདིས་གང་སར་གོ་རྒྱུ་འདུག རྗེས་སུ་འདི་བལ་ཡུལ་ནང་ལ་ཡོད་པའི་ཚེ་དབང་འགྱུར་མེད་ཀྱིས་ལེན་པ་ཤེས་བྱུང་།
ད་དུང་ཨ་འཇམ་དབྱངས་ཚུལ་ཁྲིམས་ཀྱི་”བོད་ཁམས་ཉུལ་བ།”ཟེར་བའི་ནང་ལ་ཡང་བོད་ནང་གི་ཟ་ཁང་མང་པོའི་ནང་བཙན་བྱོལ་ནང་གི་གཞས་གཏོང་གི་ཡོད་པ་བྲིས་འདུག
མཇུག་སྡོམ་བརྒྱབ་ན། ངས་རྡོག་རྡོག་ག་རེ་བཤད་ཟེར་ན། གཞས་ཚིག་བསྡུས་ན་ལེགས་མོད། བོད་ཕྱི་ནང་གཉིས་ཀྱི་དབར་ལ་གཅིག་ལེགས་པ་དང་གཅིག་སྡུག་པའི་སྐད་ཆ་ཞིག་གི་ཐོག་ནས་ལས་ཀ་སྤེལ་ན། ཀུན་སློང་ལ་སྐྱོན་ཤོར་གྱི་འདུག འདི་ལྟར་བྱུང་ན། བོད་ཀྱི་མཐུན་སྒྲིལ་ལ་གནོད་ཀྱི་འདུག
ཕུར་བུ་རྣམ་རྒྱལ་གྱིས་ག་རེ་བྱས་ནས་བོད་ཀྱི་ཆབ་སྲིད་གནས་སྟངས་མཚོན་པའི་གཞས་གཏོང་གི་མེད་པ་རེད།
གོང་དུ་རྩོམ་མཁན་ནས་རྩོམ་པ་པོ་ཚོས་གཞས་པ་ཚོའི་མགྲིན་པ་བེད་སྤྱོད་གཏོང་ཐུབ་པ་དང་གཞས་པ་ཚོས་རྩོམ་པ་པོ་ཚོའི་རྣམ་དཔྱོད་བེད་སྤྱོད་བཏང་ནས་བོད་ཀྱི་སྤྱི་ཚོགས་ལ་ཞབས་འདེགས་ཞུ་དགོས་བའི་སྐོར་གྱི་སྐད་ཆ་དེ་གལ་ཆེན་རེད་དྲན།
བཙན་བྱོལ་དང་བོད་ནང་གཉིས་བསྡུར་ན། གཞས་ཀྱི་ཚིག་དང་གཞས་ཀྱི་གདངས། གཞས་གཏོང་མཁན་བཅས་ཕྱོགས་ཚང་མ་ན་ཁྱད་པར་ཆེན་པོ་ཤོར་འདུག
དང་པོ། བོད་ནང་དུ་གཞས་གཏོང་མཁན་ཆེད་ལས་པ། གཞས་ཚིག་རྩོམ་མཁན་ཆེད་ལས་པ། གདངས་རྩོམ་མཁན་ཆེད་ལས་པ་བཅས་འདུག འོན་ཀྱང་། བཙན་བྱོལ་དུ་མི་འདུག
གཉིས་པ། བོད་ནང་དུ། གཞས་གཏོང་མཁན་ཕལ་ཆེ་བའི་འཚོ་བའི་ཡོང་སྒོ་དང་འགྲོ་སོང་གཉིས་ཀ་སོ་སོའི་གཞས་ཀྱི་སྒང་ན་འགྲོ་ཐུབ་ཀྱི་ཡོད་པ་འདྲ། ཚིག་རྩོམ་མཁན་ཚོས་ཀྱང་གཞས་ཚིག་ལ་བརྟེན་ནས་ཡོང་སྒོ་བསགས་ཐུབ་ཀྱི་འདུག དཔེར་ན། དེ་རིང་སང་ཉིན། བོད་ནང་དུ་གཞས་ཚིག་ཡག་པོ་ཞིག་རྩོམ་དུ་བཅུག་ན། རྒྱ་སྒོར་ཉིས་སྟོང་ལྷག་རེད་ཟེར། གཞས་དེ་ལ་དབྱངས་ཤིག་རྩོམ་དུ་བཅུག་ན། དེ་ལ་ཡང་འགྲོ་སོང་ཆེན་པོ་ཞིག་འགྲོ་གི་ཡོད་པ་འདྲ། རྒྱུ་མཚན། དེའི་ཕྱོགས་ལ་ཆེད་ལས་པ་ཡོད་པས་རེད་འདོད། བཙན་བྱོལ་དུ་མི་འདུག
གསུམ་པ། བོད་ནང་དུ་གཞས་པ་གཞས་མ་རྣམས་ཀྱིས་སོ་སོའི་མི་རིགས་ཀྱི་བདེ་སྡུག་སོགས་གཞས་ཀྱི་ལམ་ནས་ཕྱི་ལ་སྟོན་གྱི་འདུག དེ་ཡང་སོ་སོའི་མི་རིགས་ཀྱི་ཆེད་དུ་གཞས་གཏོང་མཁན་རེ་བྱུང་ན། གཞས་པ་དེ་ཡང་སྐད་གྲགས་ཆགས་སླ་བ་འདུག་ཟེར། དཔེར་ན། ཉེ་བའི་ལོ་ཤས་ནང་སྐད་གྲགས་ཆགས་པའི་གླུ་བ་སོག་ཕྲུག་བཀྲ་ཤིས་དོན་གྲུབ་ལྟ་བུ་རེད། བཙན་བྱོལ་དུ་་དེ་ལྟར་མ་རེད། ཕོ་མོའི་དབར་གྱི་བརྩེ་དུང་འདྲ་བོ་གཞས་ཚིག་ནང་ལ་བཅུག་ནས་བཏང་ན། དེ་ལ་དགའ་མོས་བྱེད་ཀྱི་རེད། གཞས་ཚིག་དེ་ཡང་སུས་བརྩམས་བརྩམས་འདྲ་ཞིག་རེད།
གཏོང་མཁན་དེ་ཡང་། སྐད་ངག་ཡོད་མེད་གཉིས་ཀས་གཏོང་གི་འདུག
བཞི། བཙན་བྱོལ་གྱི་གཞས་པ་དང་གཞས་ཚིག གཞས་ཀྱི་གདངས་བཅས་བོད་ནང་གི་རྗེས་ཟིན་དགོས་ན། ད་དུང་ལོ་ངོ་བཅུ་ཕྲག་འགའ་འགོར་ས་རེད།
གཞན། བཙན་བྱོལ་ནས་བོད་ནང་ལ་ཤུགས་རྐྱེན་ཐེབས་རེད་ཟེར་བ་དེར་ཞིབ་འཇུག་བྱེད་རྒྱུ་ཞིག་འདུག་སྙམ། བོད་ནང་གི་ན་གཞོན་ཚོས་བཙན་བྱོལ་ནང་གི་གཞས་ལ་དགའ་མོས་བྱེད་ཀྱི་འདུག་ཟེར་བ་དེ་ཡང་བདེན་པ་རེད་དྲན། ལྷག་པར་དུ་དབུས་གཙང་གི་ཕྱོགས་སུ་ཤུགས་ཆེ་བ་འདུག མདོ་སྟོད་སྨད་གཉིས་སུ་ཡང་ཅུང་ཙམ་ཡོད་པ་འདྲ། བོད་ནང་གི་གཞས་པ་ཚོའི་ནང་ན་ཡང་བཙན་བྱོལ་གྱི་ལད་མོ་བྱེད་མཁན་རེ་གཉིས་ཐོན་ཡོང་གི་འདུག འོན་ཀྱང་། སྤྱི་ཡོངས་ལ་ཤུགས་རྐྱེན་ད་དུང་སླེབས་མི་འདུག་བསམ།
ལྔ་། བཙན་བྱོལ་དུ་གཞས་ཀྱི་ཚིག་ལ་གསར་བརྗེ་ཆེན་པོ་ཞིག་བྱེད་དགོས་རེད་དྲན། དཔེར་ན། ན་ནིང་ལྟ་བུར་མཚོན་ན། བོད་ནང་དུ་ཞི་རྒོལ་བྱུང་བ་དེར། བཙན་བྱོལ་ནང་གི་གཞས་པ་ཚོས་གཞས་སྟོང་ཕྲག་འགའ་རྩོམ་དགོས་བའི་ཚད་རེད་དེ། གཞས་རེ་གཉིས་ཤིག་མ་གཏོགས་གོ་རྒྱུ་མི་འདུག རེ་གཉིས་དེ་ཡང་དེ་འདྲ་དེ་འདྲ་ཞིག་རེད།
མདོར་ན། བཙན་བྱོལ་ནང་གི་གཞས་པ་ཚོར་གཞས་ཚིག་གི་ཕྱོགས་ནས་བཙན་བྱོལ་ནང་གི་རྩོམ་པ་པོ་ཚོས་རོགས་རམ་བྱེད་དགོས་བའི་དུས་ཚོད་ཅིག་ལ་སླེབས་ཡོད་པ་འདྲ།
དེ་ཙམ་ཞུ།
བོད་ནང་དུ་སོག་ཕྲུག་བཀྲ་ཤིས་དོན་འགྲུབ་ཟེར་བ་ཞིག་རྩ་ནས་གོ་མ་མྱོང་། ཐེངས་དང་པོར་རྩད་གཅོད་དུས་དེ་འདྲ་ཞིག་ཡོད་པ་མ་རེད་སོག་ཕྲུག་ཤེས་རབ་ཡིན་རྒྱུ་རེད་ཟེར། དེས་ན་བཀྲ་ཤིས་དོན་འགྲུབ་ཟེར་བ་ཞིག་ཡོད་རེད་པས་དྲིས་པར། ཨོ་ཡོད་རེད། འུ་ཆ་བོའི་འདི་ནས་ཁོ་ལ་སོག་ཕྲུག་བཀྲ་ཤིས་དོན་འགྲུབ་ཟེར་གི་མ་རེད་ཟེར། སོག་ཕྲུག་ཤེས་རབ་བ་ཚང་མས་སོག་ཕྲུག་ཤེས་རབ་ཡིན་ན་ཅིག་ཟེར་གི མ་བརྒྱ་སྡེ་བརྒྱ་བོས་སོག་ཕྲུག་ཤེས་རབ་ཟེར་གི གཉིས་ཀ་ནོར་གོད་ནི་ཡིན་རྒྱུ་རེད་གོ་ཟེར། གོ་བརྡ་མ་འཕྲོད་ལ་དཀའ་ད་ཡ། སོག་ཕྲུག་ལ་བལྟས་ནས་ཤེས་རབ་རེད་བསམས། བཀྲ་ཤིས་དོན་འགྲུབ་ལ་བལྟས་ནས་དེ་ཡིན་རྒྱུ་རེད་བསམས། ཕར་ནས་ཕར་ནས་ཧ་མ་གོ།
ཕྱི་ལོགས་འདི་ནས་མྱི་ཁ་ཤས་ཀྱིས་རང་གང་འདོད་ལྟར་མྱི་མྱིང་བརྗེས་ཕྱིན་དུས་མྱི་ཞིག་རྩད་གཅོད་དགོས་ན་ར་གཤིས་གིས་དཀའ་གི དེ་ཚུལ་མཐུན་ཞིག་ཡིན་མིན་ར་མི་ཤེས།
ཕུར་བུ་བཀྲིས་རྣམ་རྒྱལ་གྱི་གཞས་དེ་ཚོའི་ནང་ན་། ཁྱོན་ནས་བོད་ཀྱི་ཆབ་སྲིད་སྐོར་མེད་པ་དེ་འདྲ་རེད་མི་འདུག
དཔེར་ན། ཁོང་གི་འཁོར་ཐག་བདུན་པ་”མཇལ་ཡོང་”ཟེར་བ་དེའི་ནང་ན་གཞས་ཚིག་ཡག་པོ་མང་པོ་འདུག གཞས་ཚིག་རྩོམ་མཁན་ཡང་ཆབ་བྲག་ལྷ་མོ་སྐྱབས་ཡིན་བསམ།
ཁོང་གི་གཞས་ཚིག་ལ་འགྱུར་བ་ཞིག་འགྲོ་གིན་འདུག་དྲན། གཞན། རང་བཙན་གྱི་གཞས་གཏོང་མཁན་ཁ་ཤས་འདུག དཔེར་ན། ཆོས་གྲགས་དང་བསྟན་འཛིན་ཐོགས་མེད་ལྟ་བུ་རེད།
ཕུར་བུ་བཀྲིས་རྣམ་རྒྱལ་གྱིས་ཕོ་མོའི་བརྩེ་དུང་གི་གཞས་མང་པོ་བཏང་བ་དང་དེ་ལ་དགའ་མོས་བྱེད་མཁན་མང་པོ་ཡོང་བའི་རྐྱེན་འདྲ་ཞིག་བྱས་ཏེ། དེ་རིང་སང་ཉིན།
བཙན་བྱོལ་ནང་གི་གཞས་པ་གསར་བ་ཚོའི་ནང་ན་ཡང་ཁོང་ལ་ལད་མོ་བྱེད་མཁན་རེ་གཉིས་ཐོན་ཡོང་གི་འདུག ཀུན་དགའ་བསྟན་འཛིན་ལྟ་བུ་རེད།
བཙན་བྱོལ་ནང་གི་གཞས་པ་བློ་བསྟན་རྣམ་གླིང་དང་ཚེ་རིང་འགྱུར་མེད། བཀྲིས་ཆུང་། མགོན་པོ་དོན་གྲུབ་སོགས་ལ་སོ་སོའི་ཁ་ཕྱོགས་འདྲ་ཞིག་འདུག་དྲན།
ཨ་རོ། མགོན་ཕྱག། ཁ་སྔོན་བཀྲ་ཤིས་དོན་གྲུབ་མདའ་ཚན་ནས་རེད་ཟེར་མཁན་དེ་ཁྱོད་མ་རེད་དམ།
སོག་ཕྲུག་ཤེས་རབ་ཡིན་ན་འདྲ། བཀྲ་ཤིས་དོན་གྲུབ་ཡིན་ན་འདྲ། གཉིས་ཀ་དཔའ་བོ་ངར་མ་གཉིས་རེད།
སོག་ཕྲུག་ཤེས་རབ་ཀྱིས་དྭང་བླང་སྒོས་མཐོ་སྒང་གི་བུད་མེད་ལོ་ཆུང་ཚོར་སྒྲ་སྙན་རྡུང་ལེན་སློབ་ཀྱིན་ཡོད་པའི་སྐོར་ཞིག་མཚོ་སྔོན་བརྙན་འཕྲིན་ཁང་གི་ཚེ་སྒྲོན་གྱིས་གཙོ་སྐྱོང་གནང་བའི་མེ་ཏོག་གངས་ལྷའི་ལེ་ཚན་ཟེར་བ་དེའི་ཁོངས་སུ་ཐེངས་གཅིག་མཐོང་མྱོང་།
བཀྲ་ཤིས་དོན་འགྲུབ་དང་སོག་ཕྲུག་ཤེས་རབ་གཉིས་མི་གཉིས་རེད། གླུ་བ་གཉིས་རེད།
བཀྲ་ཤིསདོན་འགྲུབ་ལ་ཉེ་ཆར་ལོ་གཅིག་དང་ཟླ་ ༧ རིང་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད། དེའི་སྐོར་དུས་བབ་དྲ་ཐོག་ཏུ་གནས་ཚུལ་སྤེལ་འདུག བཀྲ་ཤིས་དོན་འགྲུབ་ཀྱིས་བླངས་པའི་ཕྱི་ལོ་ཉིས་སྟོང་བརྒྱད་ཀྱི་ལོ་ཞེས་པའི་གཞས་དེ་བཙན་བྱོལ་དུ་ས་ཁྱབ་རྡོ་ཁྱབ་ལྟ་བུ་རེད། དེ་ཡང་མ་གོ་ཟེར་ན་ཉན་མཁན་གྱི་རྣ་བ་དབོན་སོང་བ་ལོས་ཡིན།
ལ་ཞེན་དང་བརྩེ་བས་ཕྱུགས་པའི་དྲྭ་གྲོགས་ཚོ་ཕེབས་པར་མཐོང་བྱུང་
ཡང་ཡང་གླེང་མོལ་གནང་རོགས།
སྐུ་ཉིད་ཀྱིས་མ་མཁྱེན་པ་ཡིན་མི་སྲིད་ཀྱང་། དྲན་སྐུལ་ཞུ་རྒྱུ་ཞིག་ལ་ད་བར་བོད་ཀྱི་གཞས་ཚིག་ཕྱོགས་སྒྲིག་དེབ་ཕྲེང་གསུམ་ཙམ་བཏོན་ཟིན་འདུག་ལ། དེ་ལྟའི་ཕྱོགས་སྒྲིག་གནང་མཁན་གྱིས་ད་དུང་མུ་མཐུད་ནས་དེབ་ཕྲེང་བཞི་པ་ཡང་འདོན་སྲིད་པ་རེད།
ངས་འདིར་ག་རེ་ཞུ་འདོད་ཡོད་དམ་ཟེར་ན། བཙན་བྱོལ་ནང་གི་གཞས་ཚིག་གི་ནང་དོན་དང་ཚིག་གི་སྒྱུ་རྩལ་གང་ཅིའི་ཐད་ནས་ཞན་ཆ་ཡོད་ལ། གཞས་པ་ཚོར་གཞས་ཚིག་མ་རག་པའི་དཀའ་ངལ་ཡོད་རབས་གླེང་གིན་ཡོད་སྟབས། སྨྱུག་ཐོགས་པ་ཚོར་གཞས་ཚིག་གསར་རྩོམ་དགོས་པའི་གསལ་བསྒྲགས་དང་རེ་སྐུལ་ཞུས་ན་གཞས་ཚིག་སྣ་ཚོགས་ཤིག་ཡོང་ངེས་པས། དེ་རིགས་ལས་ལེགས་གྲས་རྣམས་གཞས་པ་དང་གཞས་མ་ཚོས་བེད་སྤྱོད་གནང་ན། སྐུ་ཉིད་ཀྱི་ཕྱག་ལས་ལ་གྲུབ་འབྲས་མི་དམན་པ་ཙམ་ཐོན་སྲིད་དོ།།
ད་ལྟའི་དུས་སྐབས་སུ་རང་རེའི་གཞས་གཏོང་མཁན་དང་རྩོམ་མཁན་གཉིས་ཀའི་ཆ་ནས་བསམ་བློ་གཏོང་གལ་ཆེ་བ་ཞིག་ལ་གཞས་ཚིག་གི་ནང་དོན་དེ་དག་བོད་མི་རིགས་ཀྱི་མཐུན་སྒྲིལ་ལ་ཕན་གནོད་ཆེ་མིན་ཐད་བསམ་གཞིག་ཡག་པོ་གཏོང་དགོས་པ་ཤིན་ཏུ་གལ་ཆེ་སྙམ། གང་ལ་ཟེར་ན། ཉེ་ཆར་བོད་ནང་གི་ཨ་མདོའི་གཞས་པ་ཤེར་བསྟན་གྱིས་ཁམ་ཀ་ཐོག་དགོན་པའི་བསྟོད་གླུ་ཞིག་བཏང་བའི་ནང་བོན་པོ་ལ་སྡུག་ཅག་ཞིག་བཏང་འདུག་པས་བོན་པོའི་མི་མང་མང་པོ་ཞིག་གི་སེམས་ལ་ཕོག་ཐུག་བཏང་བས་ཁོང་ལ་རྙོག་དྲ་མང་པོ་བཟོ་བཞིན་པ་མ་ཟད་ལྷ་སའི་ནང་མ་ཞིག་གི་ནང་ནས་བོན་པོའི་ཕོ་སར་ཁ་ཤས་ཀྱིས་ཤེར་བསྟན་བརྡུང་རེད་ཅེས་གོ་རྒྱུ་འདུག་པས་གལ་ཏེ་བདེན་ཚེ་གཞས་པ་རྣམས་ཀྱིས་ཀྱང་བོད་མིའི་ནང་ཁུལ་ལ་གནོད་པའི་གཞས་ཚིག་རིགས་གཏོང་རྒྱུར་གཟབ་གཟབ་གནང་གལ་ཆེ་སྙམ།