ཤར་ཕྱོགས་ཁུག་རྟ།
སྔོན་གླེང།
སྲིད་སྐྱོང་བློ་བཟང་སེང་གེ་ལགས་ལ་ཁོང་ཉིད་ཡང་བསྐྱར་སྲིད་སྐྱོང་ཐོབ་རྒྱུར་ཐུགས་ཁྲལ་ཆེན་པོ་ཡོད་པའི་སྐབས་འདིར། རྒྱུད་ལམ་ཁག་ནས་ཁོང་གི་རྒྱབ་སྐྱོར་བ་གླེན་པ་ཁ་ཤས་དང། གཞན་༧གོང་ས་མཆོག་ལ་མཚན་སྨོད་ཞུ་མཁན་གྱི་དམ་ཉམས་རང་བཙན་རྩོད་པར་ཁས་འཆེ་བའི་ཧུར་བརྩོན་ཅན་ཁ་ཤས་ཀྱིས། ང་ཤར་ཕྱོགས་ཁུག་རྟ་ནས་མགོ་བཙུགས་ཏེ་བློ་བཟང་སེང་གེ་ལགས་ལ་སྐྱོན་བརྗོད་བྱེད་མཁན་ཚོ་འདྲེ་ཡིན་རབ་དང། རྒྱ་ནག་གི་སོ་པ་ཡིན་རབ་སོགས་ཁོག་ཏུ་མི་ཆུད་པའི་ཞེ་འཁོན་ཞིག་ཡོད་ས་རེད་བསམས་པ་ལྟ་བུའི་ངན་སྨོད་ཞུ་སྟངས་དེ་ནི། དངོས་གནས་རང་བདག་ལ་མི་སྙན་བརྗོད་པ་དེ་དག་ལའང། བདག་ནི་ལྷག་པར་མ་བཞིན་བྱམས་གྱུར་ཅིག ཅེས་པའི་སེམས་བསྐྱེད་ཆེན་པོ་འདིས་སྔ་ཕྱི་བར་གསུམ་དུ་རང་སྟེང་ནས་སྙིང་རྗེ་བ་ལ་ཨང་བསམ་པ་ཞིག་ཏུ་བསྒྱུར་གྱི་འདུག་མོད། ད་ལམ་ཨིན་ཡིག་གི་མིང་ Tibet Mirrow ཟེར་བ་ཞིག་གིས་ངེད་ཀྱི་ངོ་དེབ་དུ་༼ འབུར་དུ་ཐོན་པའི་གྲུབ་འབྲས་ཆེན་པོ་བཅུ་༽ཞེས་པའི་དྲ་དེབ་ཤོག་ལྷེ་ ༡༩ ཅན་ཞིག་བཏང་རྗེས། ཨིན་ཡིག་ཐོག་ ”Seems you don’t have much work so read well before you post anything. Enjoy Shatchok khupta’’ཞེས་བྲིས་ཏེ་གང་མིན་ཚད་བཤད་ཡོད། ད་ཁྱོད་འགུལ་ས་མེད་མདོག་མདོག་གི་རྣམ་འགྱུར་བསྟན་སོང། གྲུབ་འབྲས་ཆེན་པོ་བཅུ་ཟེར་བ་དེ་ཁ་སྔོན་ལས་བྲེལ་ནང་རྒྱུད་ལམ་གཞན་ཞིག་ཏུ་མཐོང་སོང་མོད། སྔོན་གླེང་ཅུང་ཙམ་བཀླགས་པས་ཡི་གེ་དེ་འབྲི་རྒྱུར་བཀོད་སྒྲིག་བྱེད་མཁན་བློ་བཟང་སེང་གེ་ལགས་རང་ཉིད་ཡིན་པ་གསལ་བོ་ཧ་གོ་གི་འདུག དེ་ནི་ནམ་རྒྱུན་ཁོས་གཏམ་བཤད་རང་བསྟོད་གནང་སྟངས་ཤིག་ཡོད་པ་དེའི་གཟུགས་རིས་ཇི་མ་ཇི་བཞིན་སླེབས་འདུག ད་དུང་གླེང་བརྗོད་དེའི་ཤོག་ངོས་ ༣ པར་༼ དཔལ་ལྡན་སྲིད་སྐྱོང་མཆོག་གིས་འདས་པའི་མི་ལོ་བཞིའི་རིང་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དམིགས་དཔེར་དུ་བཟུང། ༽ཟེར་བ་ལྟ་བུ། བཤད་མཁན་ངོ་མི་ཚ་རུང། ཀློག་མཁན་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེས་ཏེ་སྤྱན་ཆབ་ཀྱང་དབང་མེད་ཤོར་འགྲོ་བ་ཞིག་རེད་བསམས་ནས་མ་བཀླག་པར་གཡུག་བཞག་པ་ཡིན། ཡིན་ནའང། དེ་རིང་གོང་གི་དབྱིན་མིང་ཅན་དེས་བསྐྱར་དུ་ཀྱག་ཀྱག་གིས་བསྐུར་བ་ཡིན་ཙང། གཅིག་བྱས་ན་ང་ལ་སྨོད་ཁུལ་གྱིས་དགོས་རྒྱུ་ངའི་ས་ནས་ལན་ཞིག་རེག་ནའང་བསམ་གྱི་ཡོད་སྲིད་མོད། གློག་ཀླད་ཁ་ཕྱེས་ཏེ་ཀློག་ཞོར་དུ། འགལ་འདུ་དང་ཧེ་བག མི་བདེན་པ། བེད་སྤྱོད་ལོག་པར་བཏང་ཡོད་པ་རྣམས་ཁ་ཐུག་གོ་བདེར་འཁྱོག་པོ་དྲང་པོར་བྱས་བཞག་ན་བསམས་ཏེ་ཡི་གེ་འདི་བྲིས་པ་ཡིན།
གླེང་བརྗོད་ནང་༧སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་མིག་དཔེར་བཟུང་ཞེས་པ་ནི་སྐྱག་རྫུན་རེད། བཟུང་ཡོད་ན་མ་སེམས་ཅན་མིག་མེད་བློ་མེད། ཤེས་མེད་ལྐུགས་པ་མིན་ཙང་མི་གཅིག་གིས་དེ་ལྟར་མཐོང་ཆོག་མོད། མཐོང་མཁན་གཅིག་ཀྱང་བྱུང་མེད། དེ་ལས་ལྡོག་སྟེ་བློ་བཟང་སེང་གེ་རང་ཉིད་ཀྱིས་༧རིན་པོ་ཆེ་མཆོག་གིས་ཁྱོད་རང་གིས་ག་རེ་ཡིན་ན་འགྱུར་བ་བཏང་ཆོག་ཅེས་གསུངས་སོང་ལབ་སྟེ། མིག་དཔེ་འཛིན་རྒྱུ་ལས་འགྱུར་བ་གཏོང་དགོས་པ་རྐྱང་ཡོད་ཚུལ་སྲིད་སྐྱོང་ལངས་མ་ཐག་ནས་བཤད་ཡོད་ལ། བཀའ་བློན་ལས་རོགས་བདེ་སྐྱིད་ཆོས་དབྱངས་སོགས་རྒྱུད་བཀའ་ཤག་སྔོན་མར་སྒྲིག་གཞི་མང་དྲག་ནས་ལས་ཀ་བྱེད་ས་མི་འགྲོ་ཚུལ་བསྒྲགས་ཡོད། ངས་གོ་ས་དེ་བདེ་ཆོས་ནས་ཆང་ས་ཞིག་གི་སྐབས་བཤད་པ་དེ་ཡིན། དེ་བཞིན་བློ་སེང་གིས་ ༢༠༡༢ ལོའི་རྡོར་གདན་དུས་དབང་སྐབས་རྒྱ་རི་རིན་པོ་ཆེ་དང་སྤེན་པ་ཚེ་རིང་གཉིས་ལ་སྣེ་ལེན་ཁང་དུ་ལམ་དབུ་མ་དང། བོད་རྒྱ་འབྲེལ་མོལ་སྐོར་བཀའ་སློབ་གནང་རྒྱུར་ཆོག་མཆན་གནང་མེད། སྐབས་དེར་ཁོས་གསར་འབྱོར་ཚོར་༧ཟམ་གདོང་རིན་པོ་ཆེ་དང་ངེད་གཉིས་ལ་གྲྭ་བ་དང་མི་སྐྱའི་ཁྱད་པར་ལས་གཞན་གང་ཐད་ནས་གཅིག་པ་ཡིན་ཞེས་བཤད། ཚང་མས་བརྙན་སྡེར་ལ་གཟིགས་དང་གསལ་བོ་ཡིན། དེ་འདྲའི་མི་ཞིག་གིས་༧རིན་པོ་ཆེ་མཆོག་མིག་དཔེར་བཟུང་ཟེར་འདོད་པ་ནི། འུ་ཐུག་དུས་ངོ་ཚ་མེད། ཟེར་བ་ལྟར་མདོ་དོན་༧རིན་པོ་ཆེ་མཆོག་གི་མཚན་སྙན་གྲགས་ཅི་མི་སྙམ་པར་བེད་ལོག་ཏུ་སྤྱོད་འདོད་པ་མ་རེད་དམ། གླེང་བརྗོད་ཐད་དེ་ཙམ་གྱིས་འཐུས་པ་བྱས་ཏེ་གཤམ་དུ་ང་ཚོས་དོན་ཚན་རེ་རེར་དབྱེ་ཞིབ་ཅུང་ཙམ་རེ་བྱེད།
གྲུབ་འབྲས་ཆེན་པོ་དང་པོ།
གྲུབ་འབྲས་ཡོད་རབ་བཤད་རྒྱུའི་མགོ་ཚུགས་སྟངས་དེ་བློ་བཟང་སེང་གེ་རང་ཉིད་ཀྱི་ཁ་བཏོན་དེ་བསྐྱར་དུ་བཏོན་ནས་བཙུགས་འདུག ༧གོང་ས་མཆོག་གིས་ངོས་ཀྱི་སྙིང་ལ་བརྣགས་པའི་འདོད་པའི་དོན་གཅིག་འགྲུབ་སོང་ཕེབས་པ་དེ། ༧གང་ཉིད་ཀྱི་རྒྱལ་སྲིད་ཐུགས་འགན་རྣམས་འོས་འདེམས་བྱས་པའི་མགོ་ཁྲིད་ལ་རྩིས་སྤྲོད་གནང་ཐུབ་པ་ནི་རིང་ནས་བསམས་པའི་འདོད་དོན་གཅིག་འགྲུབ་སོང་ཞེས་པར་གོ་དགོས་པ་ལས། བློ་བཟང་སེང་གེ་ཡག་སྡུག་གི་སྐད་ཅ་གང་ཡང་མ་རེད། སྲིད་སྐྱོང་མི་གཞན་ཞིག་སླེབས་ཡོད་ནའང་༧གོང་ས་མཆོག་གིས་དེ་ལྟར་བཀའ་གནང་གི་རེད། མི་མང་གིས་འོས་འདེམས་བྱས་པའི་མི་སུ་འདྲ་ཞིག་ཡིན་ཡང་ང་ལ་ཁྱད་པར་གང་ཡང་མེད་ཅེས་༧གོང་ས་མཆོག་གིས་སེ་རྭ་བླ་སྤྱིའི་འདུ་ཁང་དུ་གཞུང་མང་ཚོགས་ཆེན་གྱི་མཇུག་སྡོམ་སྟེང་བཀའ་ཕེབས་ཟིན་པ་མིན་ནམ། བརྗེད་སོང་ངམ། དེ་འདྲ་ཡིན་ཙང། གྲུབ་འབྲས་ཆེན་པོ་དང་པོའི་ནང་གི་༧གོང་ས་མཆོག་གི་བཀའི་ཕེབས་སྒོ་ཚང་མ་དེ་དེ་བཞིན་མང་གཙོའི་ལམ་སྲོལ་ཆ་ཚང་ཞིག་ལག་བསྟར་བྱེད་ཀྱི་ཡོད་པའི་གནས་ཚུལ་རྐྱང་གསུང་གནས་རེད་འདུག་པ་ལས། བློ་བཟང་སེང་གེར་བསྟོད་བསྔགས་ཀྱི་གནས་ཚུལ་མ་རེད། ༧གོང་ས་མཆོག་གི་བཀའ་ལ་ལོག་འགྲེལ་བྱེད་པ་འདི་མཐར་གཏུག་ན་རང་ཉིད་ལ་སྲིད་སྐྱོང་ཐོབ་ཆེད་རེད། ༧གོང་ས་མཆོག་ལས་ཀྱང་ཁྱོད་ལ་སྲིད་སྐྱོང་ཐོབ་རྒྱུ་གལ་ཆེའམ། གྲུབ་འབྲས་ཆེན་པོ་དང་པོ་ནི་འུར་བསྟོད་ཙམ་ལས་གཞི་འཛིན་ས་གང་ཡང་མེད་པ་དེ་ལྟར་རེད།
གྲུབ་འབྲས་ཆེན་པོ་གཉིས་པ།
བློ་བཟང་སེང་གེ་ལགས་ཨ་རི་དང་ཡོ་རོབ་སོགས་རྒྱལ་ཁབ་ ༢༠ ལྷག་ཙམ་ནང་རང་ལུས་མེར་སྲེག་གཙོས་བོད་ནང་གི་གནས་སྟངས་སྙན་སྒྲོན་ཆེད་ཕེབས་པ་རེད་ཟེར། དེ་མ་བཤད་ནའང་ཚང་མས་ཤེས་ཤེས་པ་རེད། ལོ་བཞི་ལ་ཕྱི་རྒྱལ་རྐྱང་རྐྱང་ལ་ཕེབས་བསྡད་པ་རེད། ཡིན་ནའང། རྒྱ་ཆེའི་མི་མང་གིས་ག་རེ་གསུང་གི་ཡོད་པ་རེད་ཟེར་ན། ཕྱི་རྒྱལ་ལ་ཕེབས་ནས་གྲུབ་འབྲས་ག་རེ་བྱུང་སོང་ཟེར་གི་ཡོད་པ་རེད། དེ་གསལ་བོ་བྲིས་མེད་དོན་ཅི་རེད། དེའི་ཆ་ནས་དྲི་བ་རང་འཇགས་རེད། སྙན་གྲགས་ཆེ་བའི་རྒྱུད་ལམ་ཁག་ཏུ། CNN,BBC,NDTV,Washington Post,སོགས་ནང་ཐ་ན་སྲིད་སྐྱོང་མཆོག་གི་སྐུ་ཚེའི་ལོ་རྒྱུས་ཚུན་ཆད་ཐོན་ཏེ་རྒྱལ་སྤྱིའི་ནང་ཁྱབ་བསྒྲགས་བྱས་པ་རེད་ཟེར། ངས་དེའི་ཉེར་ལེན་ལས་བོད་ལ་ཕན་ཐོགས་ཅི་ཞིག་བྱུང་སོང་ཞེས་མུ་མཐུད་དྲི་བ་གཏོང་གི་ཡོད། ད་འོ་ན། ༼རང་སྲེག་གཏོང་མཁན་ཚོའི་བློས་གཏོང་ཆུད་ཟོས་གཏོང་གི་མིན། ང་ཚོ་ཁྱོད་ཚོའི་རྒྱབ་ཏུ་ཡོད། ༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་གི་ཡིན་ཟེར་བ་འདི་དག ༽སྲིད་སྐྱོང་ཁྱོད་ཀྱིས་གསུངས་ངོ་མ་ཡིན་པཱ། དེ་དུས་བཞེས་རག་མཆོད་མེད་པཱ། སོ་སོའི་ཁས་བླངས་པ་མ་འགྲུབ་པ་བཞག་ནས། གྲུབ་འབྲས་ཆེན་པོ་ལོན་ཡོད་ཅེས་གསུང་ཕོད་དམ། ལོ་རྒྱུས་སྟེང་ནས་བཤད་ན། རང་སྲེག་ཐད་རྒྱ་ནག་གཞུང་དང་མཉམ་སྲིད་སྐྱོང་ཁྱོད་ལའང་ནག་ཉེས་དང་འགན་འཁུར་གཅིག་མཚུངས་སུ་ཡོད། དེ་ངས་གནའ་ནས་ཞུས་ཟིན། བསུབ་ཐུབ་ག་ནས་ཡོད། ཞོར་དུ། རྩེད་མཚར་ཞུས་ན། ཝ་ཞིན་ཏྲོན་པོ་སི་ཏྲི་ལ་བདག་པོ་རྒྱག་གི་ཡོད་ན་༼སྐུ་ངོ་མཆོག་གི་ཁང་པ་ཉོས་པའི་སྐོར་དང་འབྲེལ་ནས་རུལ་སུངས་ཆགས་འདུག་ཅེས་ཀྱང་བཀོད་འདུག༽་པས། དེ་ཅི་བྱ། བདག་པོ་རྒྱག་གི་མིན་ནམ། གཞན་ལྡི་ལིར་གཞུང་མང་ལས་འགུལ་སྤེལ་སྐབས་ཀྱང་འབོད་ཚིག་སོགས་དབུ་མའི་ལམ་དང་མཐུན་པ་མ་བྱས་དོན་ཅི་ཡིན། ཁྱོད་རང་ཡིད་ཆེས་མེད་པས་ཡིན་ནམ། དེ་ནི་རྒྱ་ནག་གཞུང་གིས་ལམ་དབུ་མར་སྐྱོན་བརྗོད་བྱེད་གཞིར་ཆགས་འདུག་པ་མཁྱེན་མེད་དམ།
གྲུབ་འབྲས་ཆེན་པོ་གསུམ་པ།
དབུ་མའི་ལམ་གྱི་སྐོར་རེད། སྲིད་སྐྱོང་གི་ཐུགས་འགན་བཞེས་པ་ནས་གོ་རྟོགས་སྤེལ་ཡོད་ཟེར། སྲིད་བྱུས་ཉམས་ཞིབ་ཁང་ཡང་དབུ་མའི་ལམ་གྱི་ཆེད་དུ་རྒྱ་བསྐྱེད་བཏང་བ་ལྟ་བུ་གསུངས་འདུག དེ་ལྟར་ཉི་མ་ཁ་དཀར་ངོ་དཀར་ལ་རྫུན་གཏམ་ན་མི་མང་གིས་འོས་ལྡུགས་ཀྱི་རེད་དམ། ༢༠༡༡། ལོར་རྒྱ་མིའི་ཚེས་གྲངས་དང་བསྟུན་ནས་དམ་འབུལ་ཞུས་པ་ནས། ༢༠༡༣ ལོའི་འཁྲུངས་ལྷ་དབྱར་གསོལ་བར་དབུ་མའི་ལམ་གྱི་སྐོར་ཚིག་ཧྲིལ་བོ་གཅིག་ཀྱང་སྲིད་སྐྱོང་གི་ཞལ་ནས་ཕེབས་མེད་པཱ། ཡོད་ན་ཡིག་ཆ་སྟོན་རོགས། ཐད་ཀར་སྟོན་མི་ཐུབ་ན། མི་མང་ཚོགས་པ་ཟེར་བའི་རྒྱབ་སྐྱོར་བ་ཡིན་མདོག་མདོག་གནང་མཁན་དེ་ཚོས་བསྟན་ཀྱང་ཆོག དོན་དངོས་སུ་༧གོང་ས་མཆོག་གིས་ས་ལུ་གྷར་དང་ལ་དྭགས་སོགས་སུ་ཐུགས་ཕམ་ཆེན་པོའི་བཀའ་སློབ་གནང་དུས། སྲིད་སྐྱོང་གིས་ག་རེ་གསུངས་ཡིན། རྣམ་འགྱུར་ག་རེ་བསྟན་ནམ། བཀའ་ཤག་སྔོན་མའི་ལངས་ཕྱོགས་མུ་མཐུད་ཡོད་དམ། ཁུ་སིམ་པོར་ལྷིང་འཇགས་པོས་གཡོལ་ཨེ་ཐུབ་གནང་ཡིན་པཱ། དེ་རྒྱ་ཆེའི་མི་མང་གི་ཐུགས་ན་ཧ་ཅང་གསལ་བོ་རེད། དེའི་རྗེས་༢༠༡༤ ལོར་བཀའ་དྲིན་རྗེས་དྲན་ལོ་ཞེས་སྔོན་ལ་བཏགས། ལས་རིམ་རྗེས་ལ་སྒྲིག་པ་དེའི་སྐབས་བཀའ་བློན་དྲུང་ཆེ་རྣམ་པ་དབུ་མའི་ལམ་གྱི་སྐོར་གཏམ་བཤད་གནང་དུ་ཕེབས་པ་དེ་བདེན་པ་རེད། ཡིན་ནའང། དབུ་མའི་ལམ་གཏམ་བཤད་ཞུ་རུ་མ་སོང་སྔོན་གོ་བརྡ་འཕྲོད་མཁན་སུ་ཡིན་མིན་བཀའ་ཤག་ནས་ཞིབ་དཔྱད་མ་གནང་དོན་ཅི་ཡིན། འཕྲོད་བསྟེན་བཀའ་བློན། ཕྱི་དྲིལ་བཀའ་བློན། ཆོས་རིག་བཀའ་བློན་སོགས་ཀྱིས་དབུ་མའི་ལམ་ཤོད་སོང་ངམ། གདན་ས་ཁག་དང་གཞིས་ཆགས་ཁག་ལ་བཀའ་འདྲི་ཞུས་དང། ཐ་ན་སྲིད་སྐྱོང་རང་ཉིད་ཀྱིས་དོལ་རྒྱལ་དང་དབུ་མའི་ལམ་གྱི་སྐོར་བཀའ་སློབ་ཏག་ཏག་ཅིག་གནང་མ་ཤེས་པས་གྲོས་ཚོགས་ནང་དྲི་བ་བཏོན་མེད་དམ། སྲིད་སྐྱོང་མཆོག་གི་དམ་ཚིག་གཅིག་པའི་སྤྱི་འཐུས་ཕྱག་སྦྲེལ་སྨོན་ལམ་མཐར་ཕྱིན་དང། བསྟན་པ་ཡར་འཕེལ་སོགས་ཀྱིས་དབུ་མའི་ལམ་གྱི་དེབ་དཀར་པོ་གསར་པ་བཏོན་པ་དེའི་ནང་གི་ནོར་འཁྲུལ་རྩ་ནས་བྲུས་མེད་དམ། སྐུ་མཁྱེན། བློ་བཟང་སེང་གེ་ལགས། ཁྱོད་ཀྱིས་འོས་ཤོག་གི་ཆེད་དུ་རྦད་དེ་ཞལ་རྫུན་མ་གསུངས་རོགས། མི་མང་ལྐུགས་པ་མ་རེད། སྐུ་ཉིད་ཀྱང་དབུ་ཁྲིད་ཚད་ལྡན་ཞིག་ཨེ་འཁྱོངས་ལྟོས་ན་བུ་རབས་ཚ་རྒྱུད་ལའང་སྤོབས་པ་སྐྱེ་གི་རེད། དེ་བཞིན་སྲིད་བྱུས་ཉམས་ཞིབ་ཁང་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་མཐུན་འགྱུར་ག་རེ་གནང་ཡོད་དམ། དབུ་མའི་ལམ་གྱི་སྐོར་ག་རེ་ཞིབ་འཇུག་བྱས་ཡོད་དམ། གཅིག་ཀྱང་གནང་མེད་པ་ཀུན་གྱིས་ལོས་ཤེས།
གྲུབ་འབྲས་ཆེན་པོ་བཞི་པ།
གཙོ་བོའི་ནང་གི་ཡང་སྙིང་བོད་རྒྱ་འབྲེལ་མོལ་སྐོར་རེད། བོད་རྒྱ་འབྲེལ་མོལ་སྐོར་གྱི་སྲིད་སྐྱོང་གི་གྲུབ་ འབྲས་བཤད་སྐབས། རྒྱབ་སྐྱོར་གནང་མཁན་གྱི་གཞུང་འབྲེལ་བསྒྲགས་གཏམ་དང་གྲོས་ཆོད་ཀྱི་གྲངས་ཀ་ལུང་འདྲེན་བྱས་པ་ཙམ་གྱིས་ཕན་གི་མ་རེད། གཙོ་བོ་བཀའ་ཤག་སྔོན་མའི་སྲིད་བྱུས་ལྟར་མ་སོང་བས། ༼ རྒྱུད་ལམ་གཅིག་དང་གྲོས་གཞི་གཅིག་༽་ཅེས་བློ་བཟང་སེང་གེ་ལགས་ཀྱིས་ཞལ་ནས་གསུངས་བ་ཙམ་རེད། རྒྱུད་ལམ་གཅིག་ཟེར་བ་ནི་འབྲེལ་མོལ་གནང་མཁན་དང་འབྲེལ་མོལ་མཐུད་མཁན་ཉིས་ཀའི་འགན་ཡོད་ལ་གོ་དགོས་པ་རེད། ཅིའི་ཕྱིར་སྐུ་ཚབ་བསྐོ་བཞག་མ་གནང་བ་རེད་དམ། དམིགས་བསལ་སྐུ་ཚབ་ཟུར་བ་རྒྱ་རི་རིན་པོ་ཆེར་ཅིའི་ཕྱིར་རྣམ་འགྱུར་ཡག་པོ་མ་བསྟན་པ་རེད་དམ། འགལ་ཟླ་དེས་བོད་སྤྱིའི་རྩ་དོན་ལ་གནོད་ཡོད། དེ་བཞིན་མི་མང་དང་གྲོས་ཚོགས་ཀྱི་དྲི་བར་གཡོལ་ཆེད་༧སློབ་དཔོན་ཟམ་གདོང་རིན་པོ་ཆེ་ཐེངས་གཅིག་ཞུ་མོལ་ཚོགས་འདུའི་སྟེང་གདན་ཞུ་གནང་བ་རྒྱ་བསྒྲགས་སྦིར་བསྒྲགས་གནང་ཡོད། ཡིན་ནའང་༧སློབ་དཔོན་ཆེན་པོ་ཟམ་གདོང་རིན་པོ་ཆེས་དེ་ནས་ཡུན་རིང་མ་ལོན་པར་ཞི་མོལ་ཚོགས་ཆུང་ནས་རྩ་དགོངས་ཞུས་དོན་ཅི་རེད། བློ་བཟང་སེང་གེ་ལགས་ལ་བཀའ་ལན་གནང་ཡ་ཡོད་དམ། དེ་བཞིན་༧གོང་ས་ཆེན་པོས་སྐུ་སྒེར་ནས་རྒྱ་ནག་དང་འབྲེལ་བ་གནང་བཞིན་པའི་སྐོར ༢༠༡༤། ༧། ནང་ཡོ་རོབ་ཏུ་རྒྱ་རིགས་མཁས་པའི་མཉམ། ༼ ཐུན་མོང་གི་གཞི་རྟེན་འཚོལ་བ་༽ཞེས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་སྐབས་གསར་འགོད་པར་བཀའ་གནང་བ་རེད། དེའི་རྗེས་སུ་རྒྱུད་ལམ་ཁག་ཅིག་ཏུ་རྒྱ་གཞུང་དང་འབྲེལ་མོལ་གནང་གཏན་འཁེལ་བའི་གནས་ཚུལ་ཞིག་ཡོད་པ་མི་མང་པོས་ཧ་གོ་ཡོད་པ་རེད། འོན་ཀྱང་བློ་བཟང་སེང་གེ་ལགས་ཀྱིས་ཅིའི་ཕྱིར་དེར་མོས་མཐུན་མ་གནང་བ་ཡིན་ནམ། དྲི་བ་བརྩེགས་མ་ཡོད་པ་འདི་དག་གིས་སྲིད་སྐྱོང་མཆོག་ལ་བོད་རྒྱ་འབྲེལ་མོལ་ཐད་གྲུབ་འབྲས་ཆེན་པོ་ཡོད་པ་ལྟ་ཞོག དེ་ལས་ལྡོག་སྟེ་ནག་ཉེས་ཆེན་པོ། འཐུས་ཤོར་ཆེན་པོ་ཡོད་པ་གསལ་བཤད་བྱས་མི་འདུག་གམ།
གྲུབ་འབྲས་ཆེན་པོ་ལྔ་པ།
རྒྱ་གར་གཞུང་དང་འབྲེལ་ལམ་གསར་གཏོད་ཀྱི་སྐོར་རེད། འདིའི་ནང་སྲིད་སྐྱོང་ལགས་རྒྱ་གར་སྲིད་བློན་གྱི་ཁྲི་འདོན་མཛད་སྒོར་ཕེབས་པ་ཚུན་བྲིས་འདུག་ཀྱང། དེ་དག་གླེང་དགོས་ན་ང་ལ་དུས་ཚོད་མི་འདུག གཙོ་བོ། [Tibetan Rehabilitation Policy 2014] དང། [R.C] ལོ་ལྔའི་ཕར་འགྱངས། ངྷ་ས་ནས་མེག་གྷན་བར་གྱི་གཞུང་ལམ་ལ་ [Potala Road] བཏགས་པ་སོགས་གསར་གཏོད་དང་བྱས་རྗེས་ཁོངས་སུ་བྲིས་འདུག བོད་མིའི་གཞིས་ཆགས་བསྐྱར་གསོའི་སྲིད་བྱུས་ཟེར་བ་ནི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ཀྱིས་རང་གི་འགན་བབ་དང་འབྲེལ་ནས་རྒྱ་གར་གཞུང་ལ་ཐབས་ཤེས་ཡོད་རྒུས་སྙན་གསེང་ཞུས་ཏེ་ཐག་གཅོད་གནང་བ་ཞིག་ལས་སྲིད་སྐྱོང་གིས་གནང་བཞག་པ་ཞིག་མ་རེད་ལ། རྒྱ་གར་གཞུང་དང་ནང་སྲིད་བཀའ་བློན་ཉིས་ཀར་༧གོང་ས་ཆེན་པོས་ཀྱང་ཐུགས་རྗེ་ཆེ་ཞེས་དམིགས་བསལ་གྱིས་བཀའ་གནང་ཟིན། སྐྱབས་བཅོལ་ལག་དེབ་ལོ་ལྔ་ཕར་འགྱངས་ནི་བཀའ་ཤག་སྐབས་སྔོན་མའི་སྐབས་ནས་མགོ་བཙུགས་པ་ཞིག་ཡིན་ལ། བཀའ་ཤག་གོང་མ་མ་སླེབས་བར་བོད་ནས་གསར་དུ་འབྱོར་མཁན་ཚོའི་སྐྱབས་བཅོལ་ལག་དེབ་ཚང་མ་ཁྲིམས་འགལ་རྐྱང་ཡིན། བཀའ་ཤག་གོང་མས་ཁྲིམས་མཐུན་དུ་བསྒྱུར་ཏེ་ལག་དེབ་སྟེང་དོ་བདག་གི་གནས་ཚུལ་ཆ་ཚང་དྲང་མོར་བཀོད་ཆོག་པ་ཞིག་དང། དེ་ཡང་རྒྱ་གར་གཞུང་ནས་ངོས་ལེན་ཡོད་པ་ཞིག་གནང་ཐུབ་པ་བྱུང་ཡོད། དེའི་སྐབས་ནས་ལོ་ལྔ་ཕར་འགྱངས་ཀྱི་ལས་འཆར་བཏང་ཟིན་པ་མ་ཟད་རྒྱ་གར་གཞུང་ལ་སྙན་ཞུ་རིམ་པ་ཁ་ཤས་ཞུས་འབྲས་ཞལ་བཞེས་ཀྱང་ཐོབ་འདུག ཡིན་ནའང། དངོས་སུ་ལག་ལེན་བསྟར་རྒྱུ་བློ་བཟང་སེང་གེའི་སྐབས་དང་འཁེལ་བ་རེད། གཞན་གད་མོ་འཆོར་བ་ཞིག་ནི། ངྷ་ཞོལ་ནས་མེག་གྷན་བར་གྱི་ལམ་ཁའི་མིང་པོ་ཏཱ་ལར་བརྗེ་བསྒྱུར་བྱས་པ་དེ་རེད། པོ་ཏཱ་ལ་ནི་ལེགས་སྦྱར་སྐད་ཡིན་ལ་རྒྱ་གར་གྱི་བྱུང་རབས་ནང་སྤྱན་རས་གཟིགས་ཀྱི་གནས་རིར་གྲགས། རི་དེར་དེང་སང་ཤྲི་ལངྐ་དང་ཉེ་སར་འཁེལ་གྱི་ཡོད་ཅིང། སྤྱན་རས་གཟིགས་ཀྱི་གནས་རིར་གྲགས་པས་བོད་མི་ཚོས་མིང་དེ་ལྷ་སའི་ཕོ་བྲང་པོ་ཏཱ་ལ་བཞེངས་སའི་རི་དེར་དཔེར་ལྟོས་ཀྱིས་བཏགས་ཤིང། གྲུ་འཛིན་གཉིས་པའི་གཞལ་མེད་ཁང་ཆེན་པོ་ཕོ་བྲང་པོ་ཏཱ་ལ་ཞེས་འབོད། དོན་དངོས་ཧི་མ་ཅལ་མངའ་སྡེའི་བློན་ཆེན་གྱིས་བློ་བཟང་སེང་གེས་གོང་གི་བྱུང་རབས་ཐུང་ངུ་དེ་མི་མཁྱེན་པ་ཤེས་ཏེ། ཕྲུ་གུར་ཅི་རིལ་སྤྲོད་སྤྲོད་ཀྱིས་མགོ་བསྐོར་བཏང་བ་ཙམ་ཡིན་ཡང། སྲིད་སྐྱོང་བློ་བཟང་སེང་གེ་ལགས་ནས་ལམ་ཁའི་མིང་པོ་ཏཱ་ལ་བཏགས་པ་འདི་ཡང་གསར་གཏོད་ཡིན་ཟེར་ན་མ་རེད་ལབ་དགོས་དོན་མི་འདུག
གྲུབ་འབྲས་ཆེན་པོ་དྲུག་པ།
དྲི་བ་རང་འཇགས་རེད། ངས་དོན་ཚན་འདིའི་ནང་ཤེས་ཡོན་སྐོར་གྱི་གྲུབ་འབྲས་གང་འཚམས་རེ་འབྲི་རྒྱུ་རྙེད་ཡོད་པ་རེད་བསམས་ནས། གཟབ་ནན་གྱིས་བཀླགས་པ་ཡིན། འོན་ཀྱང། སྔར་བཞིན་གཅིག་མཚུངས་རེད། ཤེས་ཡོན་གྱི་གྲུབ་འབྲས་ནི་རང་ལུས་མེར་སྲེག་གཙོས་བོད་ནང་དཀའ་ངལ་ཡོད་རབ་ཀྱིས། ཨ་སྒོར་སློང་མོ་རྒྱབ་པ་དེ་ཚུར་འཕྱར་ན་ག་ནས་འགྲིག བོད་ཡིག་གི་ཡིག་རྩལ་གྲུབ་འབྲས་བརྒྱ་ཆ་དྲུག་ཅུ་ལོན་མེད་པའི་སྲིད་སྐྱོང་སློབ་ཡོན་ཐོབ་མཁན། ཡིག་རྩལ་གྲུབ་འབྲས་བརྒྱ་ཆ་དགུ་བཅུ་ལོན་མཁན་སློབ་ཕྲུག་ལྔ་བཅུ་བྱུང་ནའང། བོད་མི་རིགས་ཀྱིས་དེ་ཡ་མཚན་དུ་ག་ནས་འཛིན། དེའི་ཆ་ནས་ད་བར་བོད་ཕྱི་ནང་གཉིས་ནས་སྐྱོན་བརྗོད་རྩོམ་ཡིག་ཆར་བ་འབབ་འབབ་བྱས་པ་རེད་འདུག་པས། དེ་དག་ལ་བསམ་ཤེས་གནང་རོགས། ཐུགས་སྣང་གནང་སྟེ་གནད་དོན་རང་སྟེང་ལ་དགོངས་པ་བཞེས་རོགས་ཞེས་ཞུ།
གྲུབ་འབྲས་ཆེན་པོ་བདུན་པ།
དཔལ་འབྱོར་འདུ་འགོད་ནི་སྒྲིག་འཛུགས་ཤིག་ལ་མེད་དུ་མི་རུང་བའི་མཐུན་རྐྱེན་ཡིན་སྟབས། ག་ཚོད་མང་ན་དེའི་ཚོད་ཀྱིས་ཡག་པོ་ཡོད་སྲིད་མོད། འོན་ཀྱང་འགྲོ་གྲོན་གཏོང་ཕྱོགས་ཚད་ལྡན་མེད་ན་ཆུད་ཟོས་རེད། གང་ལྟར་དེ་རིང་སང་ཉིན་གཙོ་བོ་༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་དང། གཉིས་ནས་གཞིས་ལུས་མི་མང་གི་དྲིན་གྱིས་སྒོར་མོ་སློང་ས་དཀའ་ངལ་མེད་པའི་ཁུལ་རེད་དེ། དངོས་གནས་རང་དཔལ་འབྱོར་ཐད་རང་ཁ་རང་གསོ་བཟོ་གི་ཡིན་ན། ད་ལྟའི་འགྲོ་སྟངས་འདིས་ནམ་རིང་སྒྲུང་གིས་མི་འཁྱོལ་བ་གསལ་བོ་རེད་ལ། སྲིད་སྐྱོང་ལགས་ནས་འདི་ནས་ཉུང་མཐར་ལོ་བཅུའི་ནང་ཚུན་གྱི་དཔལ་འབྱོར་གནས་བབ་ཐག་གིས་བཅད་མེད་པ་ནི་ཚང་མས་ཤེས་གསལ་ཡིན་སྟབས། འཕྲལ་དུ་ཕྲ་ལ་ཕྲན་བུ་གནང་སྦྱིན་སྟེར་རྒྱུའི་ཁས་བླངས་པ་ཙམ་ནས་སྲིད་སྐྱོང་གིས་ལག་ཏུ་ཐོབ་ཡོད་པ་འདྲ་བོ་མདོག་མདོག་གསུངས་ཏེ། གྲོས་ཚོགས་ནང་གསུངས་ཟིན་པའི་རོགས་དངུལ་ཁ་ཤས་ད་དུང་ལག་ཏུ་ཐོབ་མེད་པ་དེ་འདྲའང་ཡོད་པ་གསལ་བོ་རེད། ཞིབ་འཇུག་མཁན་ཚོ་གངས་སྐྱིད་དུ་ཕེབས་དང་མཁྱེན་ཡོང་ངེས།
གྲུབ་འབྲས་ཆེན་པོ་བརྒྱད་པ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞིས་ཆགས་ཁག་སྲ་བརྟན་སྐོར་རེད། གཞིས་ཆགས་སྲ་བརྟན་སྐོར་གོང་དུ་བཤད་པའི་སྲིད་བྱུས་གསར་པ་དེ་དང། མ་ཇུན་ཀྲི་ལ་གནས་སྤོས་མ་དགོས་པར་བརྟན་བརླིང་བཟོས་པ་སོགས་ལ། གྲོས་ཚོགས་འཐུས་མི་ཚོས་ནང་སྲིད་བཀའ་བློན་ལགས་ལ་བསྟོད་བསྔགས་གནང་བ་ལྟར། སྲིད་སྐྱོང་གི་བྱས་རྗེས་ཡིན་དང་ནང་སྲིད་བཀའ་བློན་གྱི་བྱས་རྗེས་ཡིན་མིན་མི་མང་གིས་གཟིགས་ཀྱི་རེད་ལ། ངས་སྐབས་འདིར་ཞུ་འདོད་པ་ནི། བཀའ་བློན་རང་ཉིད་ལ་བབ་འཁྲིའི་འགན་ཙམ་དུ་མ་ཟད། ཡར་རྒྱས་དང་རིག་པ་གསར་པ་ཅི་ཡོད་ལ་བསམ་གཞིགས་ཀྱིས་ཧུར་ཐག་འབད་ཐག་གནང་བ་ནི་དངོས་གནས་ཡག་པོ་རེད། བཀའ་དྲིན་ཆེ་ཞུ་རྒྱུ་དེ་ཡིན།
གྲུབ་འབྲས་ཆེན་པོ་དགུ་པ།
བོད་ནས་གསར་དུ་ཕེབས་མཁན་ཚོར་སྦིར་ཅོན་ཏཱ་རར་ཁྱིམ་ཚང ༧༣ ལ་གཞིས་ས་གསར་ཉོ་དང་སྡོད་ཁང་གསར་རྒྱག སྦེལ་ཀོབ་དང་མོན་གྷོ་གཉིས་སུའང་དེ་བཞིན་གསར་འབྱོར་ཚོར་གཞིས་ས་མཁོ་སྤྲོད། བཙོན་ཟུར་ཚོར་སྡོད་ཁང་གསར་རྒྱག གསོག་སྒར་སློབ་གྲྭའི་དུས་ཡུན་ཕར་འགྱངས་བྱས་པ་སོགས་ནི་དགོས་ངེས་ཅན་ཡིན་ཡང། ངྷ་རམ་ས་ལའི་གསར་འབྱོར་བ་ཚོའི་སྙན་ལམ་དུ་གནས་ཚུལ་འདི་དག་སྦྲང་སྐད་ཙམ་མ་གྲགས་པར་ལག་བསྟར་བྱེད་ས་མི་འགྲོ་ལ། ཁ་ནས་གསར་འབྱོར་ཟེར་བཞིན་ཆ་རྐྱེན་ལུང་པ་གང་བཞག་སྟེ་ཐོབ་ཡུལ་གཞན་ཞིག་ཡིན་མིན་ལ་གཞི་ནས་ལྟ་དགོས་པ་རེད། དེའི་ཆ་ནས་ལག་བསྟར་ཟེར་བའི་ཚིག་དེ་བེད་སྤྱོད་གཏོང་རྒྱུའི་དུས་ལ་སླེབས་མི་འདུག གསོག་སྒར་སློབ་གྲྭ་ལའང་རྩ་བའི་ཆ་ནས་འགྱུར་བ་ཆེ་ཙམ་གཏོང་དགོས་ཤིང། དེ་ཡང་སློབ་མ་ཚོའི་དགོངས་ཚུལ་གཞི་ལ་བཞག བོད་དང་རྒྱ་ནག་ནང་གི་སློབ་གྲྭའི་ལམ་སྲོལ་ལ་མིག་དཔེ་ལྟོས་ན་མ་གཏོགས། ད་བར་རྟ་གསོ་རྒྱུ་ལྟ་ཞོག རྟ་རྣམས་བོང་བུ་བཟོ་བཞིན་པ་མཁྱེན་གསལ་རེད། གང་ལྟར་མདོ་དོན། གསར་འབྱོར་ཚོ་སློང་རྟེན་བྱས་ཏེ། ཐ་ན་ཨ་རིའི་ཕོ་བྲང་དཀར་པོའི་བོད་དོན་འབྲེལ་མཐུད་པ་ཕེབས་དུས་ཀྱང། གསོག་སྒར་སློབ་གྲྭར་ཉིན་འཁྱོངས་བཞུགས་དགོས་པ་ལྟ་བུའི་མཛད་འཆར་སྒྲིག་དགོས་ཐུག་གི་ཡོད་པ་བཞིན། མིག་སྨན་མིག་ཐོག་ཅིག་ཡོང་ཕྱིར་འགྲོ་སོང་གང་ལ་གང་འཚམས་བཏང་སྟེ། མི་ཚེའི་ཕུགས་ཕན་ཡོང་བ་ཞིག་མ་གནང་དུས། མ་འོངས་པར་མུ་མཐུད་སྣེ་ལེན་ཁང་ཕར་ཟད། དབུས་ཀྱི་ལས་ཁུངས་ཁ་ཤས་ལའང་ལས་ཀ་མེད་པ་ཆགས་མི་སྲིད་པ་ཅི་ལ་ཡོད། ང་ཁ་སང་བལ་ཡུལ་ལ་ཞིབ་འཇུག་ཆེད་བསྐྱོད་སྐབས། ཆེད་མངགས་སྣེ་ལེན་ཁང་དུ་སོང་དུས་མི་གསུམ་ལས་མི་འདུག ཕར་གཏན་ལོག་བྱེད་མཁན་ཅི་ཙམ་ཡོད་པ་ངས་ཞུ་མ་དགོས་པ་རེད། དེའི་ཆ་ནས་གསར་དུ་འབྱོར་མཁན་ཚོར་ཧེབ་སློང་བ་ལས། དོན་དག་མིག་གིས་མཐོང་རྒྱུ་ཡོད་པ་ཞིག་གནང་དགོས་ཀྱང། དེ་གནང་མེད་པ་ཤེས་གསལ་རེད།
གྲུབ་འབྲས་ཆེན་པོ་བཅུ་བ།
མཐའ་མ་དེར་ཁོང་གིས་༧གོང་ས་མཆོག་གི་སྐུ་ཕྱྭའི་སྐོར་གླེང་རྒྱུ་བརྗེད་མི་འདུག ཡིན་ནའང། མཐའ་མར་བཞག་པ་དེ་བློ་ཕམ་ཡོད། སྐུ་ཕྱྭའི་སྐོར་མང་པོ་མི་བཤད། ཨ་རིའི་སན་ཕ་རན་སི་སི་ཁོད་དུ་བཞུགས་གནས་མགྲོན་ཁང་ནང་༧གོང་ས་མཆོག་གི་འཁྲིས་སུ་དོལ་རྒྱལ་རྗེས་འབྲངས་པ་སླེབས་པ་དེ། སྲུང་སྐྱོབ་ཀྱི་རིགས་པའི་གཞུང་ལུགས་དང་ཡོངས་སུ་འགལ་འཛོལ་ཆེན་པོ་བྱུང་བ་སྐབས་དེ་དུས་ནས་ཞུས་ཟིན་ལ། བློ་བཟང་སེང་གེས་སྲིད་སྐྱོང་གནང་བ་ནས་དོལ་ཚོགས་ཀྱི་ཁ་ཇེ་དར་ལ་སོང་བ་ནི། མདོར་བཤད་ན་བཀའ་ཤག་གོང་མ་བཞིན་ལན་འདེབས་ཁ་གཏད་མ་བཅག་པས་ཡིན་པ་གསལ་བོ་རེད་ལ། སྲིད་སྐྱོང་ལགས་ཀྱིས་ངྷ་སྟེང་བོད་ཁྱིམ་དུ་མཐོ་རིམ་སློབ་མ་ཚོར་དོལ་རྒྱལ་སྐོར་གཏམ་བཤད་གནས་ཚད་སྐྱོ་བོ་གང་འདྲ་ཞིག་གནང་མིན་ཞུ་རྒྱུར་སུན་སྣང་ཡང་ཡོང་གི་འདུག དེ་བཞིན། དབུས་བོད་མིའི་སྒྲིག་འཛུགས་དྲྭ་རྒྱར་དོལ་རྒྱལ་རྗེས་འབྲངས་པ་ཐེར་འདོན་སྐོར་བཀོད་དགོས་པའི་བཀའ་ཤག་གི་ཐག་གཅོད་དེར། སྲིད་སྐྱོང་དང་ཕྱི་དྲིལ་བཀའ་བློན། ཨ་རིའི་དོན་གཅོད་ཀེ་རྡོར་སོགས་ཀྱིས་སྒེར་གཅོད་ཀྱིས་ཐེངས་གཅིག་བསུབ་དགོས་པ་བཟོས་པ་མི་མང་གིས་མཁྱེན་གྱི་ཡོད་པ་རེད་ལ། མདོར་ན། ཨ་རིའི་སན་ཕ་རན་སི་སི་ཁོད་མགྲོན་ཁང་དུ་འཐུས་ཤོར་དེ་འདྲ་ཆེན་པོ་ཞིག་ཡོང་དགོས་དོན་ཡང། དབུ་དཀར་ཚང་ཀེ་རྡོར་གྱི་བྱས་ཉེས་ཡིན་པ་འཛམ་གླིང་གིས་ཤེས་ཀྱང། ཉེས་ཆད་གང་ཡང་བཅད་མེད་པ་དག་ནི་སྲིད་སྐྱོང་ལགས་༧གོང་ས་མཆོག་གི་སྐུ་ཕྱྭར་ཐུགས་ཁྲལ་རྣམ་དག་ཡོད་པས་རེད་དམ། བཀའ་ཤག་གོང་མ་མིག་དཔེར་བཟུང་བ་རེད་དམ། མི་མང་གིས་ཐག་གཅོད་གནང་རོགས།
ཞེས། ༼མི་དམངས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེར་རྒྱབ་སྐྱོར་ཚོགས་པ་༽ཟེར་བ། དོན་ལ་བློ་བཟང་སེང་གེ་ཁོང་གིས་བཀའ་གནང་ནས་གཤམ་འོག་ཅིག་གིས་བྲིས་ཤིང་སྤེལ་བའི། ༼་འབུར་དུ་ཐོན་པའི་གྲུབ་འབྲས་ཆེན་པོ་བཅུ་དང་རྒྱུ་མཚན་ཁག་ཅིག་ལ་བརྟེན་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་མུ་མཐུད་སྲིད་སྐྱོང་གི་འགན་བཞེས་རོགས།༽ཞེས་བཏགས་པའི་དྲ་དེབ་ཤོག་ངོས་ ༡༩ ཅན་དེ། བདེན་པ་མིན་པ་དང་འུར་བསྟོད། རིག་པ་དང་མི་མཐུན་པ། ཞེན་ཁོག་ཕྱོགས་རིས་ཀྱི་རྣམ་པ་ཚང་བའི་བཀའ་མོལ་བརྒྱ་ཆའི་ལྔ་བཅུ་བརྒལ་འདུག་སྟབས། བོད་ཀྱི་མཁས་པ་ཚོའི་ལུགས་ལ་བཅོས་མིན་ཡིད་ཆེས་ཐོབ་ཅིང། སྲིད་སྐྱོང་མ་ཐོབ་སྔོན་དུ་མཐོང་ཡང་མ་མྱོང་ངོ་ཡང་མི་ཤེས་པའི། སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་སྲིད་འགན་འཁུར་བ་ནས་གང་གི་ལས་དོན་ཐད། ལས་དང་སྨོན་ལམ་གྱིས་སྐྱོན་བརྗོད་པར་བསྐོས་པ་ལྟ་བུ། ཡོངས་གྲགས་ཤར་ཕྱོགས་ཁུག་རྟས་ཀུན་སློང་བཟང་པོས་རྒྱས་བཏབས། སྲུང་ཞིང་སྐྱོང་བའི་དམ་ཚིག་ཅན་གྱི་དམར་ནག་གཉིས་ལ་སྤྱན་འདྲེན་བསྐང་གསོའི་དམིགས་པ་གཏད་དེ་བོད་ལ་ཕན་ཕྱིར་ཤར་མར་ཡི་གེར་བགྱིས།།
འདི་ཡི་དགེ་བས་བདག་གཞན་མགོ་ནག་བོད།།
མ་རིག་མུན་པའི་འཐོམས་ནས་མྱུར་སངས་ཏེ།།
༧རྒྱལ་བའི་ལམ་སྟོན་ཆོས་སྲིད་མཛད་བཟང་ཉིད།།
དུས་ཀྱི་མཐར་ཡང་འཛིན་པའི་སྙིང་ཐོབ་ཤོག།
༢༠༡༥། ༨། ༡༠།། ཕྱི་དྲོར།། ཇཡནྟུ།།
གྲུབ་འབྲས་ཆེན་པོ་བཅུ་དང་འདི་གཉིས་བསྡུར་ནས་ལྟོས་པས། སེམས་ལ་འཛིན་ཡ་ཅིག་རེག་སོང། སེང་གེ་དང་ཁུག་རྟ་གཉིས་ལ་ཐུགས་ཆེ་ཞུ།
ད་ནས་བཟུང་བོད་མི་ཚོས་ཚིག་ཡག་པོ་སྤྱད་དེ་བགྲོ་གླེང་བྱོས།
བློ་སེང་གི་མགོ་རྔ་གཉིས་ལ་རྔུབ་པ་འདི་རྒྱ་ནག་ལ་དགོས་བའི་ལས་ཀ་རེད་ལ་རྒྱ་གར་དུ་དེ་བྱེད་མཁན་གཙོ་བོ་ཞིག་རྒྱ་ཁུག་མཆོག་ཡིན་པ་རེད།
རྒྱའི་དར་ཆ་ཁྱེར་མཁན་ཞིག་གི་སྐད་ཆ་ངོ་མ་བཤད་འདུག ལག་གི་དར་ཆ་དང་ཁ་ནས་བཤད་པ་གཉིས་ཏག་ཏག་ཅིག་མཚུངས་རེད། འོན་ཀྱང་ཁག་ཅི་ཡོད། རྡ་སའི་གསར་འབྱོར་ཞིག་ལ་མཚོན་ན་སོ་སོའི་འཚོ་བརྟེན་གྱི་ལས་དཀའ་ལས་གནས་བྱུངས་བཏང་བའི་སྡུག་སྔལ་ལས་ཆེ་བའི་དཀའ་ངལ་གང་ན་ཡོད། འོན་ཀྱང་སླར་ཡང་ལོ་ལྔའི་རིང་ལ་སེང་གེ་བཀའ་ཤག་གི་ལམ་ཁར་ངུ་ཟུག་རྒྱག་དགོས་འཁེལ་བ་ཐག་བཅད་ཐུབ་ནི་རེད། ཤར་ཁུགས་ལ་མི་གཞི་དང་ངོ་ཚ་ཟེར་བ་རྩ་བ་ནས་མི་འདུག
ཤར་ཁུག་ལ་ཁག་མི་འདུག་།
ལས་ཀ་ཡག་པོ་ཤོར་བའི་ན་ཟ་རང་རེད་།
ཚེ་འདི་ལ་ཤར་ཁུག་གི་བློ་སེང་ནམ་ཐུབ་མ་སོང་
ཤར་ཕྱོགས་ཁུག་རྟ་ཟེར་བ་འདིར་སྙིང་རྗེ་ཡ་རང་རེད། སྒེར་གྱི་ན་ཟུག་དེ་མ་གཟོད་པར་ཉིན་མཚན་མེད་པ་བློ་བཟང་སེང་གེར་ཟུག་ནས་སྡོད་ཀྱི་འདུག མི་འདིར་ཐང་ཆད་རྒྱུ་ཞིག་མི་འདུག འདས་པའི་ལོ་བཞི་རིང་ཟུག་ནས་བསྡད་པ་རེད། ད་དུང་ལོ་ལྔ་དྲུག་ཅིག་ལ་ཟུག་དགོས་ཁེལ་པ།
ཤར་ཕྱོགས་ཁུག་རྟ་ལགས། ད་སྐུ་མཁྱེན་སྒེར་ནད་དོན་དུ་བོད་སྤྱི་པ་མ་དཀྲུགས་རོགས། ད་ཁ་རོགས་སྡོད་རོགས། ཆོ་མེད་རྐྱང་བྱེད་ནས་མ་སྡོད། དུས་ཚོད་དེ་རང་ཉིད་དང་བོད་སྤྱིའི་ཆེད་དུ་གཏོང་ན་ལེགས། སྲིད་སྐྱོང་ལ་ཁ་གཏོང་ན་བོད་སྤྱི་པ་དང་ཁྱེད་སྒེར་གཉིས་ཀར་ཕན་ཐོགས་མེད། ཁྱེད་རང་ཉིད་གད་སྙིགས་ནང་གཡུག་བཞིན་འདུག
ཤར་ཁུགས་ལགས་ནི་ཉམས་ཞིབ་པ་མཁན་ཡོན་ཅན་ཞིག་ཡིན་པ་མ་ཟད། རྩ་དོན་ཐོག་སེམས་འཁུར་ཆེན་པོ་ཡོད་མཁན་ཞིག་ལ་ངོས་འཛིན་ཞུ་ཆོག་པ་ཡིན། ཁོང་ནས་རྒྱུན་དུ་བཀའ་ཤག་གི་ལས་དོན་གནང་ཕྱོགས་རྣམས་རྒྱུ་མཚན་བཀོད་ནས་ཐེར་འདོན་གནང་མཁན་ཞིག་ཡིན་པས་སུས་རྣ་བར་འག྄ོ་མི་འག྄ོ་ཁྱད་པ་སྤུ་ཙམ་མེད། དོན་ངོས་སུ་སྤྱི་བར་ཕན་པ་ལའ་གནོད་རྒྱུ་གང་ཡང་མ་མཐོང་བས། སྲིང་སྐྱོང་བླ་བཟང་སེང་གེ་ལགས་ནས་འོས་ཐོབ་དམིགས་ཏེ་མི་མང་ལ་ཇི་རིལ་མངར་མོའི་སྐད་ཆ་བཤད་བཞིན་པ་དེ་དག་མང་ཚོགསམགོ་བསྐོར་ཐེབས་ཀྱི་མ་རེད་མཁྱེན་པར་མཛོད། དེས་ན་ལས་རྒྱུ་འབྲས་སྤང་པོར་བཞག་ནས་བཀའ་མོལ་གནང་རོགས།
༑འདིར་རྙོགས་མ་གཏིང་སློང་ལྟ་བུ་ཞིག་ལ། རང་ལ་སྐྱོན་བརྗོད་བྱས་པའི་རྒྱུ་མཚན་གྱིས་ལས་གནས་ནས་ཕྱིར་ཕུད་གཏོང་པའི་བྱེད་སྤྱོད་ལ་བལྟས་ན། སྐད་གྲགས་ཆེ་བའི་གཙུག་ལག་སློབ་ཆེན་ཞིག་ནས་ཁྲིམས་ལུགས་སྦྱངས་ནས་ཐོན་པ་རེད་ཟེར་ན་ཨ་མཚར་མཚར་དགུ་མ་རེད་དམ། མི་འདྲི་འདྲ་ལ་གལ་སྲིད་རྒྱ་ནག་གི་དཔོན་རིགས་ལྟར་ལག་ན་རྒྱལ་ཁབ་ཅིག་གི་སྲིད་དབང་དང་དམག་དཔུང་ཡོད་ཚེ། རང་དང་གཞུང་སྲིད་ལ་སྐྱོན་རྗོད་མཁན་ཚོར་བཙོན་འཇུག་དང་མནར་གཅོད་སོགས་ཁྲིམས་ཆད་སྣ་ཚོགས་པ་གཏོང་སྲིད་པ་རེད། ཡིན་ན་ཡང་འདིར་ནི་གཞན་ལ་སྐྱབས་བཅོལ་བའི་སྤྱི་ཚོགས་ཆུང་ཆུང་ཞིག་ལས་མ་ཡོད་སྟབས། ཁ་གཏད་པ་ལས་དབྱུང་བཏང་བ་ཙམ་ལས་བྱེད་མ་ཕོད་པ་རེད།
ང་བོད་འབངས་བསོད་ནམས་ཟད་པས། རང་གི་སྲིད་སྐྱོང་ལ་མི་བློ་སྤོབས་ཅན། དྲང་པོ་དྲང་བཞག སྐྱོན་བརྗོད་དང་ལེན་ཕོད་མཁན་ཞིག་རྙེད་རྒྱུ་མིན་པ་འདྲ། འདིའི་ཐད་ནས་ཤར་ཁུག་ལ་ཁག་རྩ་ནས་མེད། ཉེས་མེད་ཕམ་ཁ་མྱངས་པའི་མི་ཞིག་རེད། སྙིང་རྗེ། །
བློ་སེང་གི་ཧམ་བཤད་དང་རྒྱབ་སྐྱོབ་བ་ཚོས་ཕྱོགས་ཞེན་གྱི་དྲི་ངན་གང་སར་བྲོ་བཞིན་འདུག དྲང་བོར་བཤད་ན་ལྐོག་ཟ་རུལ་སུང་བྱས་ཡོད་པ་ཤེས་བཞིན་དུ་ད་དུང་སྲིད་སྐྱོང་ལ་འདུག་དགོས་ཟེར་བ་ནི་སྤྱང་ཀི་ལ་དཔའ་དར་འཐེན་པ་དང་གཅིག་མཚུངས་རེད།
རང་བཙན་རྩོད་མཁན་ལ་དམ་ཉམས་དང་། གོང་ས་མཆོག་གི་བཀའ་སློབ་ལ་ལོག་འགྲེལ། སྐུ་ངོ་སྲིད་སྐྱོང་དང་འབྲེལ་བའི་ལས་ཀ་ཐ་དག་གི་བྱུང་སྟངས་བློ་བཟོ་བྱས་པ་ནི་ཚད་ལས་བརྒལ་འདུག ཡིན་ཡ་དེ་ཉེ་སྔོན་ཆོས་འབྱོར་ཞུ་བ་ཞིག་ལ་རེབ་གོང་འཐབ་ཕྱོགས་གཅིག་གྱུར་ཁང་གིས་སྣེ་ལེན་གཟབ་རྒྱས་གནང་གིན་འདུག་ཟེར་པ་དེར་འབྲེལ་བ་ཡོད་ཤག་རེད།
སྲིད་སྐྱོང་གི་གྲུབ་འབྲས་ཆེན་པོ་བཅུ་ཞེས་པ་དེར་ཞིབ་འཇུག་ནན་པོ་བྱས་འདུག་བསམ། རྩ་བའི་མི་སུ་ཞིག་ཡིན་ཡང་བསྟོད་པ་ལ་མི་དགའ་མཁན་ཉུང་ཡང་། འདི་ལྟར་རང་གིས་མ་བྱས་པ་དང་མ་འཇོན་པ། ནོར་འཁྲུལ་རིགས་རྣམས་སྐུང་ནས། ཧམ་བཤད་དུ་གྱུར་པའི་གྲུབ་འབྲས་ཆེན་པོ་ཞེས་པ་དངོས་གནས་ཁོང་དགོད་འཆོར་བ་ཞིག་རེད།
རང་བཙན་རྩོད་མཁན་ལ་དམ་ཉམས་ཞེས་ལབ་མེད། ༧གོང་ས་མཆོག་ལ་གཞི་མེད་མཚན་སྨོད་ཞུ་མཁན་གྱི་དམ་ཉམས། རང་བཙན་ཁ་ལ་འཁྱེར་མཁན་ཞེས་ལབ་ཡོད། མིང་དགོས་ན་གཅིག་གཅིག་གཉིས་གཉིས་ཀྱིས་ཞུས་ཆོག གཞན་རྒྱ་ནག་དབུས་སའི་འཐབ་ཕྱོགས་གཅིག་གྱུར་ཁང་སུས་ངར་སྣེ་ལེན་ཞུས་ན། ང་དེ་ལ་ལོས་དགའ། ང་ཚོ་དབུ་མའི་ལམ་ལ་གདོང་གཉིས་མེད། ཕྱི་གསལ་ནང་གསལ་ཡིན། བསམ་རྒྱུ་རང་སྐྱོང་སྒྲུབ་རྒྱུ་རང་སྐྱོང་ལས་མེད། ངས་ལོ་འགའི་སྔོན་ནས་དབུ་མའི་ལམ་གྱི་གཞོན་སྐྱེས་རྩོམ་པ་པོ་སྐོར་ཞིག་བོད་ནང་དུ་གཞུང་འབྲེལ་ཐོག་ལྟ་སྐོར་དུ་ཡོང་འཇུག་རོགས་ཞེས་ཡིག་ངག་གཉིས་མ་ཟད། སྙན་ཞུ་དང་གསར་འགོད་བསྒྲགས་གཏམ་སོགས་སུ་ཐེངས་མར་ཞུས་ཟིན། ངས་ནམ་ཡང་རྒྱ་རིགས་འབྲེལ་མཐུད་ལས་གཞི་འདི་དབུ་མའི་ལམ་གྱི་ལས་འགུལ་ཨང་དང་པོར་ངོས་འཛིན་བྱེད་ཀྱི་ཡོད། རྒྱ་ཕྱོགས་ཀྱི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་མི་སྣ་ཚུར་ངྷ་རམ་ས་ལར་ཕེབས། དབུ་མའི་ལམ་གྱི་སྐོར་ག་རེ་ཤེས་འདོད་ཡོད་ན་ཤེས་རྒྱུའི་མཐུན་རྐྱེན་བསྐྲུན། བོད་ཕྱོགས་ནས་ཕར་རྒྱལ་ནང་དང་བོད་ཀྱི་ས་ཁུལ་གང་སར་དབུ་མའི་ལམ་གྱི་མངོན་འདོད་ཡུལ་གྱི་བདག་པོ་བོད་མི་ཚོར་ལབ་རྒྱུའི་གོ་སྐབས་བྱུང་ན་དེ་ལས་ཡག་པོ་ཞིག་གནམ་གྱི་འོག་འདིར་ཡོད་སྲིད་དམ། ངས་ག་དུས་ཡིན་ན་དེ་འདྲ་ཞིག་རེ་བ་བྱས་བསྡད་ཡོད་ལ། དེའི་ཆེད་རང་གི་ནུས་པ་ཆ་ཚང་བཏང་སྟེ་བསྡད་ཡོད། གལ་སྲིད་དེ་འདྲ་ཞིག་བྱུང་བ་ཡིན་ན། རྩ་དོན་ཐོག་ཕན་འབྲས་མངོན་གསལ་དོད་པོ་ཡོད་པའི་བོད་རྒྱ་འབྲེལ་མོལ་ཞིག་ཡོང་རྒྱུ་ཡིན་པ་ཚད་མས་གྲུབ། དེ་ཙམ་ཞུ། དབུ་མའི་ལམ་རྒྱལ་ལོ།།
རྒྱ་ནག་གཞུང་གིས་རྒྱབ་ཤ་དཀར་པོའི་དེབ་བཏོན་ནས་དབུ་མའི་ལམ་ཟེར་བ་ཞིག་ལ་ངོས་ལེན་མེད་ཅེས་འཛམ་གླིང་ལ་ཡོངས་བསྒྲགས་ཟིན་རྗེས། ཁྱོད་རང་བོད་ནང་ཆས་ནས་རེབ་གོང་ཁུལ་འཐབ་ཕྱོགས་གཅིག་གྱུར་ཁང་ལ་ངོ་དགའ་སྤ྄ེལ་ལད་འཁྲབ་དོན་ཅི། དེ་ནི་དབུ་མའི་ལམ་ལ་ཁྱད་གསོད་རྡོག་བརྫིས་མ་རེད་དམ།
ཤར་ཕྱོགས་ཁུག་རྟ་ལགས་ཀྱིས་བསམ་ཚུལ་སྤེལ་བ་ལ་གུས་བརྩི་ཡོད།
གུས་པ་བློ་དམན་ཡིན་སྟབས། ཁྱེད་ཀྱིས་ “དེ་བཞིན་༧གོང་ས་ཆེན་པོས་སྐུ་སྒེར་ནས་རྒྱ་ནག་དང་འབྲེལ་བ་གནང་བཞིན་པའི་སྐོར ༢༠༡༤། ༧། ནང་ཡོ་རོབ་ཏུ་རྒྱ་རིགས་མཁས་པའི་མཉམ། ༼ ཐུན་མོང་གི་གཞི་རྟེན་འཚོལ་བ་༽ཞེས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་སྐབས་གསར་འགོད་པར་བཀའ་གནང་བ་རེད། དེའི་རྗེས་སུ་རྒྱུད་ལམ་ཁག་ཅིག་ཏུ་རྒྱ་གཞུང་དང་འབྲེལ་མོལ་གནང་གཏན་འཁེལ་བའི་གནས་ཚུལ་ཞིག་ཡོད་པ་མི་མང་པོས་ཧ་གོ་ཡོད་པ་རེད། འོན་ཀྱང་བློ་བཟང་སེང་གེ་ལགས་ཀྱིས་ཅིའི་ཕྱིར་དེར་མོས་མཐུན་མ་གནང་བ་ཡིན་ནམ།” སྐོར་ལ་འགྲེལ་བཤད་ཐུང་ཐུང་ཞིག་ཡོད་པར་མཁྱེན།
དྲ་གྲོགས་ཀརྨ་བློ་གསལ་ལགས། བློ་སེང་བོད་ཆེན་པོའི་ལོ་རྒྱུས་ཀྱི་རྡོ་རིང་ཐོག་ཏུ་སྐྱག་པ་བཏངས་མཁན་རེད། ཁུག་རྟ་བོད་རྒྱལ་ཁབ་ཀྱི་རྒྱལ་དར་གྱི་ཐོག་ཏུ་སྐྱག་པ་བཏང་མཁན་རེད། ཁོ་རང་གཉིས་ལ་རྩོད་བཅུག
ཤ་ཕྱོགས་ཁུག་རྟའི་སྐད་ཆ་ཚང་མ་བདེན་པ་ཡིན་མིན་མིཤེས། ཡིན་ནའང་ཁོང་གིས་བཤད་པའི་སྐད་ཆ་ཁ་ཤས་གནས་ལུགས་རྒྱུ་མཚན་ཡོད་པ་མཐོང་། ཚང་མས་ཕྱོགས་ཞེན་མེད་པར་བོད་སྤྱི་པའི་དོན་ལ་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག
དྲ་གྲོགས་ཅོ་རི་ལགས་ཕེབས་པ་བཟང་། དེ་དེ་བཞིན་བྱེད་དོ།
ད་རྒྱ་དར་འཁྱེར་ནས་ད་ལོ་པེ་ཅིན་ལ་སོང་བ་དེ་ད་དུང་ཡ་མཚན་སྒྲུབ་མདོག་བཤད་ཀི་འདུག ངོ་མ་ངོ་ཚ་ཟེར་རྒྱུ་ཞིག་མིན་འདུག
མི་ལོ་བཞི་སྟོང་ལྔ་སྟོང་གི་ལོ་རྒྱུས་ཡོད་པའི་བོད་ཀྱི་ལོ་རྒྱུས་ནག་སུབ་བཏང་བ་མ་རེད་དམ་། མ་འོང་བོད་མི་རིགས་ཀྱིས་མདུན་ལམ་ནག་པོ་བཟོས་པ་མ་རེད་དམྈ།
བོད་དོན་ལ་བསམ་མནོ་བཏང་སྟེ་བཤད་ཀྱིས་ཡོད། ཁུག་རྟ་དབུ་མའི་ལམ་གྱི་ལས་བྱེད་ཡིན་བཞིན་དུ་ད་ལོ་རྒྱ་ནག་ལ་འགྲོ་ཐུབ་པ་མ་ཟད་རེབ་གོང་རྫོང་གིས་སྣེ་ལེན་བྱས་རབས་ཟེར། ད་དུང་ཚུར་ཡོང་སྟེ་བཙོན་བྱོལ་དུ་སྲིད་སྐྱོང་ལ་སྐྱོན་བརྗོད་བྱེད་སྟངས་རྐྱང་ལ་ལྟས་ན། དོལ་རྒྱལ་ཚོགས་པའི་གངས་ཅན་བླ་མ་ཁོ་གཉིས་ཁྱད་པར་གཏན་ནས་མི་འདུག ཁོའི་རྒྱབ་ཏུ་སུ་འདུག་ཞིབ་བཤིར་བྱེད་པའི་དུས་ལ་བབ་འདུག
སྔོན་མ་ཤར་ཕྱོགས་ཁུག་རྟ་ཡག་པོ་ཞིག་མཐོང་སོང་། འོན་ཀྱང་ཁུག་རྟ་འདིས་རྒྱ་མི་དར་ཆ་ཁྱེར་བ་མཐོང་བ་ནས་བཟུང་། རྡ་སའི་ཁྱི་ལྡོམ་ཚོ་ལས་སྐྱོ་བ་ཞིག་མཐོང་སོང་། མ་ཟད་ཁོས་བོད་ལ་མཐའ་གཅིག་སེམས་ཤུགས་ཡོད་པའི་ཚེ་བརྟན་རྡོ་རྗེ་ལ་རྒྱ་མི་དར་ཆ་ཁྱེར་བཅུགས་པས་ཚེ་བརྟན་རྡོ་རྗེ་ནུས་མེད་ཆགས་པ་རེད། གལ་སྲིད་ཚེ་བརྟན་རྡོ་རྗེ་ནས་ཁུག་རྟའི་ཇུས་ལ་ཉན་མེད་ཚེ། བོད་མི་ཡོངས་ཀྱིས་ཚེ་བརྟན་རྡོ་རྗེ་ལ་རྒྱབ་སྐྱོར་བྱེད་ངེས་རེད།
རྡ་སའི་རི་ཀླུང་གསེབ་ནས།།
སེང་གེས་ངར་སྐད་སྒྲོགས་དུས།།
ལས་ངན་ཤར་ཕྱོགས་ཁུག་རྟའི།།
ངུ་ཟུག་རྣ་བར་གཟན་པ།།
ད་ལོ་ཁུག་རྟ་རྒྱ་ནག་ལ་སོང་ནས་ལས་འགུལ་སྣ་ཚོགས་ཅིག་སྤེལ་བར་གྲ་སྒྲིག་ཡོད་པར་ཤེས་སླ། སྔོན་ཆད་ནས་ཁུག་རྟའི་ཨ་མའི་བུ་ཞེས་པའི་དེབ་དེའི་སྦྱིན་བདག་རྒྱ་མིའི་རྒྱུགས་ཁྱི་རྟ་སྲས་ཚུལ་ཁྲིམས་ཡིན་པ་རེད། གནད་དོན་འདི་དག་གི་ཐད་ཁུག་རྟས་འགྲེལ་བཤད་བྱེད་རོགས
ཤར་ཁུག་གི་བཤད་པ་མ་རེད་ཟེར་རྒྱུ་མི་འདུག དངོས་གནས་སྡུག་ཤོས་ཤིག་ལ་ངོ་ཚ་ཡ་མི་འདུག
རྒྱུ་མཚན་དང་གནས་ལུགས་ལྡན་པའི་སྒོ་ནས་གསུང་འདུག་དཔྱད་ཞིབ་བྱེད་ན་དེ་འདྲ་བྱེད་དགོས་རེད། རྒྱུ་མཚན་དང་གནས་ལུགས་མེད་པར་མི་གཞི་ལ་དམའ་འབེབ་བྱས་ན་ཕན་ཐོག་མེད་པ་མ་ཟད་རང་གི་མདོག་སྐྱལ་སྟོན་གི་ཡོད་པ་རེད། ཤར་ཕྱོགས་ཁུག་རྟའི་རྒྱུ་མཚན་ལྡན་པའི་ཐོག་ནས་གསུང་བ་ལ་བཀའ་དྲིན་ཆེ་ཞུ་ཡ་ཡིན།
“ཁུག་རྟ་དབུ་མའི་ལམ་གྱི་ལས་བྱེད་ཡིན་བཞིན་དུ་ད་ལོ་རྒྱ་ནག་ལ་འགྲོ་ཐུབ་པ་མ་ཟད་རེབ་གོང་རྫོང་གིས་སྣེ་ལེན་བྱས་རབས་ཟེར།”
“སྔོན་ཆད་ནས་ཁུག་རྟའི་ཨ་མའི་བུ་ཞེས་པའི་དེབ་དེའི་སྦྱིན་བདག་རྒྱ་མིའི་རྒྱུགས་ཁྱི་རྟ་སྲས་ཚུལ་ཁྲིམས་ཡིན་པ་རེད། གནད་དོན་འདི་དག་གི་ཐད་ཁུག་རྟས་འགྲེལ་བཤད་བྱེད་རོགས”
འདི་ལ་རྒྱ་ཁུག་གིས་གསལ་བཤད་མཐིལ་ཕྱིན་པ་བྱེད་དགོས་མ་གཏོགས་དེ་རིང་ནས་རྒྱ་ཁུག་དངོས་མ་དེ་ཆགས་སོང
ངོ་བསྟོད་ལ་དགའ་བའི་བོད་མིའི་ནང་ཤར་ཕྱོགས་ཁུག་རྟ་ཅན་རེ་གཉིས་ཡོད་ན་བོད་ལ་མང་གཙོའི་སེམས་ཁམས་འཁྲུངས་རྒྱུ་རེད།
དེ་མིན། རང་གིས་མི་ཤེས་པ་ཡོན་ཏན་དུ་རློམ་མཁན་ལྐུགས་པ་ཨུ་ཚུགས་ཅན་ཤ་སྟག་རེད་འདུག
ཤར་ཕྱོགས་ཁུག་རྟ་ཁོང་ནི་སྲིད་སྐྱོང་མཆོག་ལ་ཚེ་སྔོན་ལས་ཀྱིས་དེད་པའི་དྲེགས་པ་ཅིག་ཡིན་པ་འདྲ། འོན་ཀྱང་གོང་གི་དོན་ཚན་བཅུ་པོའི་དགག་པ་ཕལ་ཆེ་བར་ཞིབ་འཇུག་བྱེད་རིན་ཡོད་པ་ཞིག་ཏུ་མཐོང་བས་ཆོས་སྲུང་ཞིག་ཀྱང་ཡིན་པ་འདྲ།
ཁུག་རྟས་དབུས་འཐབ་ཕྱོགས་གཅིག་གྱུར་པུས་སྣེ་ལེན་མ་བྱུང་རབས་ཟེར། གཅིག་ན་འདི་བདེན་པ་ཡིན་རྒྱུ་རེད། རྒྱུ་མཚན་ཁོ་ཚོར་དགོས་རྒྱུ་དེ་ཡུལ་བགྱར་མགོ་གཅིག་དང་རྒྱལ་ནང་ལ་མགོ་གཅིག་བྱས་པའི་མགོ་གཉིས་མ་འདི་རིགས་མི་དགོས་བདེན་པ་རེད། འོན་ཀྱང་རྒྱབ་ཤ་དཀར་པོའི་དེབ་དེས་ཀྲུང་ནན་ཧེའེ་ལ་ལམ་དབུ་མའི་རང་སྐྱོང་ཟེར་བ་ཞིག་མེད་པ་གསལ་པོ་དག་པོ་བྱས་ནས་བཤད་ཀྱང་ད་དུང་ཁོས་དབུས་འཐབ་ཕྱོགས་གཅིག་གྱུར་སྣེ་ལེན་ལ་རེ་བཞིན་པ་ནི་དགོད་སྤྱད་མ་རེད་པས། དེ་དང་ཆབས་གཅིག་ཡ་མཚན་སྐྱེ་གཞི་གཅིག་ཏེ་ན་ནིང་ད་ལོ་བོད་དུ་གཉེན་འཕྲད་དུ་སྐྱོད་རྒྱུར་དམ་སྒྲག་ཧ་ཅང་ཆེན་པོ་ཡོད་པ་མ་ཟད་བོད་དུ་གཉེན་འཕྲད་དུ་བསྐྱོད་ཧ་ཅང་ཉུང་ཉུང་རེད། ཁུག་རྟ་བརྒྱུད་རིམ་ཇི་ལྟར་བྱས་ནས་སོང་བ་ཡིན་ནམ།
འགན་ཁུར་ཞིག་དང་འབྲེལ་ནས་དངོས་སུ་མདུན་དུ་ཐོན་ཏེ་གནས་ལུགས་བརྗོད་མཁན་ཤར་ཕྱོགས་ཁུག་རྟས། ནམ་ཡང་གཞན་གྱི་མི་གཞི་ལ་ཚིག་ངན་དང་དམའ་འབེབ་བྱེད་རྒྱུ་ལས་ཅི་ཡང་མི་ནུས་པའི་ཕྱོགས་ཞེན་ཅན་འགའ་རེའི་ཁ་ལ་རྒྱ་གྲམ་བཏབ་འདུག
ཤར་ཕྱོགས་ཁུག་རྟས་དཔྱད་པ་བཏང་སྟངས་དེ་གཞན་དང་མི་འདྲ་བ་ཞིག་འདུག་ག་དུས་ཡིན་ནའི་རྒྱུ་མཚན་ལྡན་པའི་ཐོག་ནས་བཀའ་མོལ་གསུངས་ཀྱིན་འདུག་གཞན་ཚིག་རྩུབ་དང་འཁྱོག་བཤད་ཀྱི་ཅང་ཕན་པ་ཡོད་མ་རེད་འདོད་དོ
ཤར་ཁུག་འདི་མི་བློ་གྲོས་ཅན། བསམ་ཕོད་པ། བཤད་ཕོད་པ། སྒྲུབ་ཕོད་མི་ཞིག་འདུག མདོ་སྨད་སྤྱི་འཐུས་ལ་ལངས་རོགས་གནང་། ངེད་ཚོར་མི་འདི་འདྲ་མཁོ་འདུག
སྐད་ཆ་ངོ་མ་བཤད་ན། དེང་སང་ངོ་དེབ་དང་སྐད་འཕྲིན། སྤྱི་ཚོགས་དྲ་ཚིགས་བཅས་ཀྱི་ནང་སྲིད་སྐྱོང་མཆོག་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་ཀྱིས་བོད་མིའི་རྩ་དོན་དང་ཆིག་སྒྲིལ་ཁ་ནང་འཁྱེར་ཏེ།དྷ་སའི་རི་གྲོང་གི་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་ནས་ཤར་ནུབ་གང་སར་ཁྱབ་བརྡལ་གྱིས་བོད་མིའི་ཆིག་སྒྲིལ་ངོ་མ་གཏོར་བཤིག་གཏོང་བའི་ཚོར་སྣང་བྱུང་།
སྦྱིར་འགྲོ་སྟངས་ཤེས་མཁན་ཞིག་དང་བསམ་བློ་གཏོང་ཤེས་མཁན་ཞིག་ཡིན་ན། ཤར་ཕྱོགས་ཁུག་རྟས་ཅི་ཞིག་བཤད་པ་དེས་ཅི་ཞིག་སྒྲུབ་ཀྱི་ཡོད་པ་གཙོ་བཟུང་བྱེད་དགོས་པ་ལས་ཤར་ཁུག་སྲིད་སྐྱོང་སེང་གེ་མཆོག་ལ་སྙིང་ནད་ཡོད་སྟབས་སྐྱོན་བརྗོད་བྱས་པ་ཟེར་ན་གནད་དོན་གཙོ་བོ་མ་རེད།
དཔེར་ན། སྔོན་མའི་འོས་བསྡུ་སྐབས། ད་ལྟའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཁོང་སྔོན་མ་རྒྱ་ནག་གི་གྲོང་ཁྱེར་ཧྲེང་ཧེ་དང་པེ་ཅིན་ཕེབས་ནས་རྒྱ་རིགས་ཤེས་ཡོན་ཅན་ཚོར་གྲོས་བསྡུར་བྱས་ཡོད་ཚུལ་བརྗོད་ནས་མི་མང་གི་རྒྱབ་སྐྱོར་རག་ཐབས་བྱས་པ་རེད། ཡིན་ནའང་། ཕྱིས་སུ་སྐབས་དེར་ཁོང་རྒྱ་ནག་དུ་ཕེབས་དུས་ཁོང་གིས་ཕྱི་སྡོད་རྒྱ་རིགས་ཀྱི་མིང་ཐོག་ནས་རྒྱ་ནག་ནང་ཕྱིན་པ་གསལ་བོ་ཡིན་པ་གསར་འགྱུར་བརྒྱུད་ལམ་ཁག་ནང་གསལ་བོ་ཆགས་པ་རེད།
གང་ལྟར་དེང་སང་བོད་མི་ཚོ་སྤྱང་པོ་ཆགས་ཏེ། རྐང་སྤོལ་རྩེད་ན་སངས་རྒྱས་ཀྱི་དབུ་ལ་གཞུས་ཀྱི་མེད་པ་གསལ་གསལ་རྗེན་རྗེན་རེད།
ཁུག་རྟས་དབུ་མ་བཤད་ནས་རྒྱ་དམར་ཚང་ལ་མགོ་རྒུ་ལུས་འབུལ་བྱས། དོལ་ཚོགས་ཀྱི་ཆོས་དད་བཤད་ནས་རྒྱ་དམར་ཚང་ལ་མགོ་འབུལ་ལུས་འབུལ་བྱས་པ་འདི་གཉིས་ལ་དོན་དུ་ཁྱད་པར་སྤུ་རྩེ་ཙམ་ཡང་མི་འདུག། དབུ་མ་ཁ་སྟོངས་ཁོང་སྟོངས་ཀྱིས་བོད་མི་གཏོར་བ་དང་དོལ་རྒྱལ་ལྷ་མིན་འདྲེ་མིན་གྱིས་བོད་མི་གཏོར་བ་གཉིས་ལ་ཡང་ལྕི་ཡངས་མི་འདུག། ཁུག་རྟ་སོགས་དབུ་མ་ཁོག་སྟོངས་རྣམས་ཀྱིས་རྒྱ་དམར་དང་འབྲེལ་བ་བྱེད་ཆོག་ན་དོལ་རྒྱལ་ཁ་སྟོངས་ཀྱིས་རྒྱ་དམར་དང་འབྲེལ་བ་མི་ཆོག་རྒྱུ་བཤད་པ་དེ་རིགས་འཚམས་འཇོག་དགོས་སོ།།
བོད་མི་སུ་འདྲ་ཞིག་ཡིན་རུང་དངོས་ཡོད་ལ་རྒྱབ་སྐྱོར་དང་དོན་ཡོད་ན་ངེས་ལེན་ཞུ་དགོས།ཤར་ཁུག་གིས་གསུང་བའི་དོན་དག་ལ་གནས་ལུགས་ཀྱིས་དགག་པ་རྒྱག་ཐུབ་ན་ཨ་མའི་བུ་རེད།དེ་མིན་མི་གཞི་ལ་སྐྱོན་བཤད་མཁན་རྣམས་དེ་འདྲ་ཞིག་རེད།
ཞབས་མཆན་པ་འདི་ཚོས་ཤར་ཁུག་གི་བྲིས་པའི་དཔྱད་རྩོམ་ལ་དགག་པ་མི་རྒྱག་པར་་ཁོོ་རྒྱ་མིའི་རྒྱུག་ཁྱི་རེད་ཟེར་བ་འདྲ་བོ་རྐྱང་རྐྱང་བཤད་འདུག་་་་དེ་ལ་ལྟོས་ན་་ཤར་ཁུག་ཁྱོད་ཚོ་ལས་་རྒྱལ་འདུག
ཤར་ཕྱོགས་ཁུག་རྟ་ལགས་ཀྱི་རྩོམ་བྲིས་གནང་གསལ་གནད་དོན་དག་ལ་མིན་རབས་གསལ་བཤད་ཡོད་ན་རྒྱབ་ཤོག་དེ་མིན་ཁོང་རྒྱ་མི་རྒྱུག་ཁྱི་རེད་ལྟ་བུ་བཤད་བསྡད་ན་སུ་ལའང་ལེ་མ་རེད། དྲ་གྲོགས་ཚོ་བདེན་པ་ལ་རྒྱབ་སྐྱོར་ཞུ་དགོས་པ་ལས་ཕ་ཡུལ་དང་ཆོལ་ཁ་གཅིག་པ་ཡིན་ལུགས་ཀྱི་ཕྱོགས་རི་བྱ་ན་རྩ་དོན་ལ་ཕན་གྱི་མ་རེད་ལ། སྤྱི་བ་འཕུང་ཆེད་ལས་མ་འདས་ན་དེ་ལུགས་བསམ་བློ་ཡག་པོ་མཐོང་རོགས།
ཤར་ཕྱོགས་ཁུག་རྟས་ངུ་འབོད། །སེངྒེའི་བ་སྤུ་མི་གཡོ།
དེ་ལས་ཤར་ཁུག་རང་ཉིད། །གཉིད་དུ་ཡུར་ན་དགའ་ཡོང་། ཧ་ཧ།
ད་སྲིད་སྐྱོང་ལ་རྒྱབ་ནས་སྐྱོར་མཁན་དག་གིས་གྲུབ་འབྲས་ཆེན་པོ་བཅུ་རེ་རེ་ནས་དགག་ལན་འབྲི་ཐུབ་ན་ཧ་ཅང་བཟང་གི དེ་འདྲ་བྲིས་ཤོག་དང་ང་ཚོའི་སྲིད་སྐྱོང་གི་འཇོན་ཐང་ངོ་མ་དེ་མཐོང་ཡ་ཕན་ཐོགས་ཆེན་པོ་འདུག དེ་མིན་ཤར་ཁུག་གི་མི་གཞི་ལ་དམའ་རང་འབེབ་འདུག་མཁན་དག་ལ་སྙིང་པོ་ཅི་ཡང་ཡོད་མ་རེད། ཤར་ཁུག་ལགས་ཀྱིས་སྲིད་སྐྱོང་ལ་ཚིག་གི་བརྗོད་སྟངས་ཐད་གུས་ཞབས་དང་བཅས་བྲིས་ཡོད་པ་ནི་དགའ་འོས་སུ་གནས། དེ་མིན་སྲིད་སྐྱོང་དང་ཀླུ་བྱམས་སོགས་ཀྱི་རྒྱབ་སྐྱོར་བ་ནང་བཞིན་སྤེན་ཚེ་ལ་གང་སྡུག་སྡུག་དང་པར་རིས་འདྲ་མིན་བཟོས་ནས་བཀྲམ་པ་དག་ནི་སྙིང་རྗེ་བའི་གནས་སོ།།
ཤར་ཁུག་གིས་བཤད་ཚད་ཕྱོགས་ཞེན་རེད་ཟེར་མཁན་ཚོ་གནས་ལུགས་བཤད་མི་མཁན་གྱི་ཕྱོགས་ཞེན་ཅན་ཚོ་རེད། ཤར་ཁུག་གིས་གནས་ལུགས་དང་། རྒྱུ་མཚན་ལ་་་་ དཔང་རྟགས་མངོན་སུམ་པས་རྒྱབ་མནན་ནས་བཀོད་འདུག་པ་འདི་རེད། མ་གཞི་ནས་བློ་སེང་རྒྱབ་སྐྱོར་ཡིན་མདོག་དང་། ཡང་རང་བཙན་ལ་རྒྱབ་སྐྱོར་ཡིན་མདོག་བྱེད་མཁན་བྱེད་མཁན་ཚང་མ་དོན་ལ་བཙན་བྱོལ་སྒྲིག་འཛུགས་དང་། རྒྱལ་བ་རིན་པོ་ཆེར་ཐད་ཀར་དགག་པ་བརྒྱབ་མ་ཐུབ་པར། དོན་དག་ཆེ་ཆུང་སྣ་ཚོགས་དང་། ཀླུ་མཁར་བྱམས་ལྟ་བུའི་མི་བཀོལ་སྤྱོད་བྱེད་པ་རེད།
ཤར་ཁུག་གིས་འདིར་བཤད་པ་བརྒྱ་ཆ་བརྒྱ་བདེན་པ་རེད།
ཤར་ཕྱོགས་ཁུག་རྟས་བྲིས་བྲིས་ཀྱི་ནང་ན་བོད་རྒྱ་ཆེའི་མི་མང་དང་བོད་སྤྱི་པ་ལ་ཕན་པའི་རྩོམ་ཡིག་རྐང་གཅིག་མེད་པར་དུས་ནས་དུས་སུ་བློ་བཟང་སེང་གེའི་སྒང་ལ་ཁྱི་བཞིན་འཆའ་བ་འདི་བོད་ཕྱི་ནང་གཉིས་ལ་ཕྱི་གྲགས་ནང་གྲགས་རེད། རྩོམ་འདིའི་ནང་གི་ཐ་སྙད་རྫོབ་པོ་འདི་ཚོར་གཟིགས་དང་་་
ཤར་ཕྱོགས་ཁུག་རྟའི་རྩོམ་གྱི་རྨང་གཞིའི་ཐ་སྙད་རྣམས་གཤམ་གསལ།
(གླེན་པ། དམ་ཉམས། སྐྱག་རྫུན། སེམས་ཅན་མིག་མེད་བློ་མེད། ཤེས་མེད་ལྐུགས་པ། བཀའ་ལ་ལོག་འགྲེལ། འུར་བསྟོད། བཞེས་རག་མཆོད་མེད་པཱ། རྫུན་གཏམ། ནག་ཉེས་ཆེན་པོ། མགོ་སྐོར་བ། ཧེབ་སློང་བ། འུར་བསྟོད། ཕྱོགས་རིས།)
བཙན་བྱོལ་ནང་གི་གཞོན་སྐྱེས་ཤེས་ཡོན་ཅན་ཁྲོད། ཤར་ཁུག་ལྟ་བུའི་གཞུང་དྲང་དང་། ལྷག་བསམ། ཆོད་སེམས། ནམ་ཡང་བོད་མི་རིགས་དང་འཐབ་རྩོད་ཀྱི་དགོས་དམིགས་ཡང་དག་གཙོ་བོར་འཛིན་ཐུབ་མཁན་ཉུང་ཤས་ལས་མི་འདུག ཤར་ཁུག་གིས་འདིར་བྲིས་པ་ཆ་ཚང་བསམ་བློ་ཡང་དག་དང་། དཔང་རྟགས་ཁུངས་འཕེར། ཉ་ཉུང་མཉམ་བསྲེ་མེད་པ་ཤ་སྟག་རེད་འདུག
སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱི་གྲུབ་འབྲས་ཆེན་པོ་བཅུ། ཤར་ཁུག་ང་རང་གིས་མཐོང་བ་བཅུ་ནི།
གྲུབ་འབྲས་ཆེན་པོ་དང་པོ།
་་་་་་་་་་་ གྲུབ་འབྲས་ཆེན་པོ་དང་པོའི་ནང་གི་༧གོང་ས་མཆོག་གི་བཀའི་ཕེབས་སྒོ་ཚང་མ་དེ་དེ་བཞིན་མང་གཙོའི་ལམ་སྲོལ་ཆ་ཚང་ཞིག་ལག་བསྟར་བྱེད་ཀྱི་ཡོད་པའི་གནས་ཚུལ་རྐྱང་གསུང་གནས་རེད་འདུག་་་་་་་་་་་་་
གྲུབ་འབྲས་ཆེན་པོ་གཉིས་པ།
བློ་བཟང་སེང་གེ་ལགས་ཨ་རི་དང་ཡོ་རོབ་སོགས་རྒྱལ་ཁབ་ ༢༠ ལྷག་ཙམ་ནང་རང་ལུས་མེར་སྲེག་གཙོས་བོད་ནང་གི་གནས་སྟངས་སྙན་སྒྲོན་ཆེད་ཕེབས་པ་རེད་ཟེར། དེ་མ་བཤད་ནའང་ཚང་མས་ཤེས་ཤེས་པ་རེད་་་་་་་་་་་་་་་་་་
གྲུབ་འབྲས་ཆེན་པོ་གསུམ་པ།
དབུ་མའི་ལམ་གྱི་སྐོར་རེད། སྲིད་སྐྱོང་གི་ཐུགས་འགན་བཞེས་པ་ནས་གོ་རྟོགས་སྤེལ་ཡོད་ཟེར། སྲིད་བྱུས་ཉམས་ཞིབ་ཁང་ཡང་དབུ་མའི་ལམ་གྱི་ཆེད་དུ་རྒྱ་བསྐྱེད་བཏང་བ་་་་་་་་་་་་་་་་་
གྲུབ་འབྲས་ཆེན་པོ་བཞི་པ།
གཙོ་བོའི་ནང་གི་ཡང་སྙིང་བོད་རྒྱ་འབྲེལ་མོལ་སྐོར་རེད། བོད་རྒྱ་འབྲེལ་མོལ་སྐོར་གྱི་སྲིད་སྐྱོང་གི་གྲུབ་ འབྲས་བཤད་སྐབས། རྒྱབ་སྐྱོར་གནང་མཁན་གྱི་གཞུང་འབྲེལ་བསྒྲགས་གཏམ་དང་གྲོས་ཆོད་ཀྱི་གྲངས་ཀ་ལུང་འདྲེན་བྱས་པ་་་་་་་་་་་་
གྲུབ་འབྲས་ཆེན་པོ་ལྔ་པ།
རྒྱ་གར་གཞུང་དང་འབྲེལ་ལམ་གསར་གཏོད་ཀྱི་སྐོར་རེད། འདིའི་ནང་སྲིད་སྐྱོང་ལགས་རྒྱ་གར་སྲིད་བློན་གྱི་ཁྲི་འདོན་མཛད་སྒོར་ཕེབས་པ་་་་་་་་་་་་་་
གྲུབ་འབྲས་ཆེན་པོ་དྲུག་པ།
དྲི་བ་རང་འཇགས་རེད། ངས་དོན་ཚན་འདིའི་ནང་ཤེས་ཡོན་སྐོར་གྱི་གྲུབ་འབྲས་གང་འཚམས་རེ་འབྲི་རྒྱུ་རྙེད་ཡོད་པ་རེད་བསམས་་་་་་་་་་་་་
གྲུབ་འབྲས་ཆེན་པོ་བདུན་པ།
དཔལ་འབྱོར་འདུ་འགོད་ནི་སྒྲིག་འཛུགས་ཤིག་ལ་མེད་དུ་མི་རུང་བའི་མཐུན་རྐྱེན་ཡིན་སྟབས། ག་ཚོད་མང་ན་དེའི་ཚོད་ཀྱིས་ཡག་པོ་ཡོད་སྲིད་མོད། འོན་ཀྱང་འགྲོ་གྲོན་གཏོང་ཕྱོགས་ཚད་ལྡན་མེད་ན་ཆུད་ཟོས་རེད། གང་ལྟར་དེ་རིང་སང་ཉིན་གཙོ་བོ་༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་དང། གཉིས་ནས་གཞིས་ལུས་མི་མང་གི་དྲིན་གྱིས་སྒོར་མོ་སློང་ས་དཀའ་ངལ་མེད་པའི་ཁུལ་རེད་་་་་་་་་་་་་་་་་་
གྲུབ་འབྲས་ཆེན་པོ་བརྒྱད་པ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞིས་ཆགས་ཁག་སྲ་བརྟན་སྐོར་རེད། གཞིས་ཆགས་སྲ་བརྟན་སྐོར་གོང་དུ་བཤད་པའི་སྲིད་བྱུས་གསར་པ་དེ་དང། མ་ཇུན་ཀྲི་ལ་གནས་སྤོས་མ་དགོས་པར་བརྟན་བརླིང་བཟོས་པ་སོགས་་་་་་་་་
གྲུབ་འབྲས་ཆེན་པོ་དགུ་པ།
བོད་ནས་གསར་དུ་ཕེབས་མཁན་ཚོར་སྦིར་ཅོན་ཏཱ་རར་ཁྱིམ་ཚང ༧༣ ལ་གཞིས་ས་གསར་ཉོ་དང་སྡོད་ཁང་གསར་རྒྱག སྦེལ་ཀོབ་དང་མོན་གྷོ་གཉིས་སུའང་དེ་བཞིན་གསར་འབྱོར་ཚོར་གཞིས་ས་མཁོ་སྤྲོད། བཙོན་ཟུར་ཚོར་སྡོད་ཁང་གསར་རྒྱག གསོག་སྒར་སློབ་གྲྭའི་དུས་ཡུན་ཕར་འགྱངས་བྱས་པ་་་་་་་་་་་་་་
གྲུབ་འབྲས་ཆེན་པོ་བཅུ་བ།
མཐའ་མ་དེར་ཁོང་གིས་༧གོང་ས་མཆོག་གི་སྐུ་ཕྱྭའི་སྐོར་གླེང་རྒྱུ་བརྗེད་མི་འདུག ་་་་་་་་་་་་་
ངེད་རང་བོད་སྤྱི་དོན་ལ་བསམ་ཚུལ་ལེགས་ཉེས་ཇི་ཡིན་ཁ་རེ་ཁར་ཐུག་བཤད་མཁན་ཞིག་ཡིན། དེ་བཞིན་བློ་བཟང་སེངྒེ་ལགས་ལ་སྐྱོན་མཐོང་ཞིང་སྐྱོན་བརྗོད་བྱེད་མཁན་ཞིག་ཀྱང་ཡིན། ནིའུ་ཡོག་ལྟ་བུའི་གནད་འགན་ཆེ་བའི་དོན་གཅོད་དུ་ཉམས་མྱོངས་དང་འཇོན་སྟངས་གང་ཡང་བསྟན་རྒྱུ་མེད་པའི་རང་གི་ལུང་ཕྱོགས་གཅིག་པ་དང་མཛའ་བོ་ངོ་ཤེས་བསྐོ་བཞག། དེ་བཞིན་འཕྲོད་བསྟེན་བཀའ་བློན། ཨ་རིར་ཁང་པའི་མ་དངུལ། དེ་སྔ་རྒྱ་ནག་ཏུ་བསྐྱོད་པ་དང་རྒྱ་རིགས་བློ་མཐུན་གྲིགས་པོ་ཡོད་པ་སོགས་ཀྱི་སྐོར་ཡོ་བསྲངས་སྐྱོན་བརྗོད་ཐེར་འདོན་བགྱིས་ན་འོས་ཤིང་མཚམས།
འོན་ཀྱང་དྲང་པོ་བཤད་ན། གོང་གསལ་དོན་་ཚན་བཅུ་འཁོད་སྐྱོན་བརྗོད་དག་གང་ཐད་ནས་ཕྱོགས་ལྷུངས་སུ་སོང་པར་མངོན། ཕྱོགས་ལྷུངས་གི་སྐད་ལ་བདག་མི་དགའ། དཔེར་ན་ཟམ་གདོང་རིན་པི་ཆེ་ལ་བརྩི་་བཀུར་མ་ཞུས་པ་དང། ནང་སྲིད་བཀའ་བློན་རྒྱ་རི་སྒྲོན་ལ་མིང་འདོན་གྱིས་བསྟོད་བསྔགས་སྟེང་བཀའ་ཤག་དང་བཀའ་བློན་ཁ་བྲལ་གཏོང་བ་སོགས་ནི་བརྒྱ་ཆ་༡༠༠% ཇབ་མེད་ཕྱོགས་ལྷུངས་སྤྲེལ་ལད་ཀྱི་གཏམ་དུ་འགྲོ། ཨ་རིའི་བོུ་མའུ་རིཡ། མོ་ནི་ཧིན་གྱིས་ཐེར་འདོན་བགྱིས་པའི་སྐྱོན་བརྗོད་་རྣམས་ལུང་འདྲེན་གྱི་འདིར་བརྗོད་མི་ཐུབ་པ་ཅིའི་སླད་?
གོང་མི་འདིས་གོ་ཐོས་ཚང་མ་ཡིག་ཐོག་ཏུ་བཀོད་ནས་འདི་བྱས་སོང་ཟེར་དང་དེ་བྱས་སོང་ཟེར་ནས་རང་ཉིད་ཀྱིས་ཞིབ་འཇུག་གང་ཡང་བྱས་མི་འདུག་ ལྷ་རབ་བྱུང་ན་རང་ཉིད་ཀྱིས་ཞིབ་འཇུག་ཡག་པོ་རེ་བྱེད་རྒྱུ་ཧ་ཅང་གལ།
ཤར་ཕྱོགས་ཁུག་རྟས་དོན་དངོས་ཀྱི་རྩོམ་ཡིག་ཡག་པོ་ཞིག་བྲིས་འདུག དྲ་འབུ་ཁ་ཤས་ཀྱི་ཀླད་པའི་ནང་ཝ་རེ་སི་མང་དྲག་ནས་ལེགས་ཉེས་དབྱེ་འབྱེད་ཀྱི་བློ་མིག་སྡོངས།