རེ་མདོ་སེངྒེ་།
ཡོ་རོབ་ཏུ་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐེངས་བཅུ་བཞི་པར་བསྐྱོད་པའི་སྐབས་ཀྱི་མཐོང་ཐོས་འགའ་ཤས། {ཚན་པ་ལྔ་པ།}
༄༅།།སྤྱིར་སིད་སུའི་རྒྱལ་ཁབ་འདི་མི་རིགས་སྣ་མང་མཉམ་འདུས་ཀྱི་རྒྱལ་ཁབ་ཅིག་ཡིན་འདུག་ཀྱང༌། ཁྲིམས་ཐོག་ནས་རྒྱལ་ཁོངས་སུ་མི་རིགས་མ་འདྲ་བ་ཅི་ཙམ་ཡོད་མེད་དང༌། མི་རིགས་སོ་སོ་ལ་མི་འབོར་ག་ཚད་ཡོད་མེད་བཅས་གཏན་འབེབས་མཛད་པའི་གྲངས་བཅད་ཅིག་མེད་རབས་འདུག སྔོན་གྱི་ལོ་རྒྱུས་དབང་དུ་བྱས་ན་ཕྱི་ལོ་༡༨༤༨ ལོ་ཡས་མས་སུ་མངའ་སྡེ་མཉམ་འབྲེལ་བཅའ་ཁྲིམས་ཀྱི་རང་བཞིན་ལྡན་པའི་རྒྱལ་ཁབ་ཐོག་མར་བཙུགས་འདུག་ཀྱང༌། སྐབས་དེར་མངའ་སྡེ་སོ་སོའི་འཛིན་སྐྱོང་དང་དཔལ་འབྱོར་གྱི་གནས་སྟངས་ཡོངས་རྫོགས་རང་མགོ་ལྟ་བུ་ཡིན་པ་ལས་གཞུང་གཅིག་གི་སྟངས་འཛིན་འོག་ཏུ་གནས་ཐུབ་ཀྱི་མེད། དཔེར་ན། སྐབས་དེ་དག་ཏུ་ཡང་མངའ་སྡེ་སོ་སོའི་སྒོར་མོ་མ་འདྲ་བ་ཡིན་པའི་གནས་སྟངས་ལ་འགྱུར་བ་མེད་པར་མུ་མཐུད་གནས་འདུག་པར་མ་ཟད། རྒྱལ་ཁབ་ཀྱི་འཛིན་སྐྱོང་ལ་སྟངས་འཛིན་ཐུབ་པའི་གྲོས་ཚོགས་ཀྱི་ལམ་ལུགས་ཀྱང་བཙུགས་ཐུབ་མེད་སྟབས། མངའ་སྡེ་མཉམ་འབྲེལ་ཁང་ཞེས་པའི་ཐོག་ནས་རྒྱལ་ཁབ་ཀྱི་གལ་ཆེའི་ལས་དོན་རིགས་ཐག་གཅོད་བྱེད་དགོས་ཀྱི་ཡོད།མ་ཟད་སྐབས་དེར་བུད་མེད་ཚོར་འོས་ཤོག་འཕེན་པ་སོགས་ཆབ་སྲིད་ཀྱི་ལས་དོན་ནང་མཉམ་ཞུགས་བྱེད་པའི་ཐོབ་ཐང་མེད།
ཕྱི་ལོ་ ༡༩༩༩ ལོར་སིད་སུའི་རྒྱལ་ཁབ་ཀྱི་སྔོན་མའི་ཁྲིམས་ལུགས་ལ་འགྱུར་བ་བཏང་སྟེ། མངའ་སྡེ་ཡོངས་རྫོགས་གཅིག་མཚུངས་ཀྱིས་གཞུང་གཅིག་གི་འཛིན་སྐྱོང་འོག་ཏུ་གནས་དགོས་པ་དང༌། མང་ཚོགས་ཀྱི་ཐོབ་ཐང་འདྲ་མཉམ། གྲོས་ཚོགས་གོང་འོག་གི་ལམ་ལུགས་གསར་འཛུགས། མང་གཙོའི་ཀ་བ་གསུམ་ཕན་ཚུན་ལྗིད་མཉམ་སྟངས་འཛིན་ཡོད་པའི་ལམ་ལུགས་གསར་གཏོད་སྒོས་ལག་བསྟར་མཛད་འདུག་པར་མ་ཟད། སྐབས་དེར་རྒྱལ་ཁབ་འདིས་ནག་ཉེས་ཅན་ལ་སྲོག་ཁྲིམས་མི་གཅོད་པའི་ཁྲིམས་སྲོལ་གཏན་འབེབས་མཛད་འདུག་པ་ནི། འཛམ་གླིང་ཐོག་སྲོག་ཁྲིམས་འགོག་པའི་རྒྱལ་ཁབ་སྔ་ཤོས་ཆགས་ཡོད་པ་རེད་ཟེར་བའི་ཤོད་སྲོལ་མཆིས།
སིད་སུའི་རྒྱལ་ཁབ་ཀྱི་ཁྱད་ཆོས་མ་འདྲ་བ་གཞན་ཞིག་ནི། རྒྱལ་ཁབ་འདི་ལ་གླ་དམག་མ་གཏོགས་གཞུང་སྒྲིག་གི་དམག་མི་མེད་སྟབས། ཕྱི་ལོ་ ༡༨༡༥ ལོ་ནས་འཛམ་གླིང་གི་དམག་འཁྲུག་ཆེ་ཆུང་ཡོངས་རྫོགས་ནང་སིད་སུའི་རྒྱལ་ཁབ་ཞུགས་དགོས་བྱུང་མེད། འོན་ཀྱང་དམག་ཆེན་གཉིས་པའི་སྐབས་འཇར་མན་གྱིས་སིད་སུར་བཙན་འཛུལ་བྱེད་ཐུབ་པར་འབད་བརྩོན་བྱས་འདུག་ཀྱང༌། ཁོང་ཚོའི་ཐབས་མཁས་པའི་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་དངོས་སུ་འཇར་མན་གྱི་བཙན་འཛུལ་འོག་ཏུ་ཤོར་མེད།
སིད་སུའི་རྒྱལ་ཁབ་ཀྱི་རིག་གཞུང་གི་གནས་སྟངས་ནི། སྔོན་མ་ཡོ་རོབ་ནུབ་མའི་རིག་གཞུང་གི་ངོ་བོ་ཡིན་འདུག་ཅིང༌། སྙན་ངག་མཁས་པ་དང༌། མཛེས་རྩལ་པ། ཁང་བཟོའི་ལག་རྩལ་པ། རོལ་དབྱངས་གསར་རྩོམ་པ་བཅས་འཛམ་གླིང་ཐོག་སྙན་གྲགས་དང་ཤུགས་རྐྱེན་ཆེན་པོ་ཡོད་པའི་མཁས་པ་མང་པོ་བྱོན་འདུག་ལ། རྒྱལ་ཁབ་འདི་རིག་གཞུང་ཤིན་ཏུ་ཕུན་སུམ་ཚོགས་པ་ཡིན་པའི་མཚོན་རྟགས་ལྟ་བུར། ཡུལ་འདིར་རིག་གཞུང་འགྲེམ་སྟོན་ཁང་དགུ་བརྒྱ་ལྷག་ཡོད་པ་རེད་ཅེས་ཁོང་ཚོའི་ཡུལ་མི་རྣམས་ཀྱིས་སྤོབས་པ་བྱེད་ཀྱི་འདུག
རིག་གཞུང་གི་བརྒྱུད་ལམ་ལྟ་བུར་སྐད་ཡིག་ཁྱབ་ཆེ་བ་གསུམ་ཡོད་པ་ནི། འཇར་མན་གྱི་སྐད་ཡིག་དང༌། ཧྥ་རན་སིའི་སྐད་ཡིག ཨེ་ཊ་ལེའི་སྐད་ཡིག་བཅས་ཡིན་ཞིང༌། མང་ཚོགས་ཁྲོད་ཁྱབ་ཆེ་བ་དང་གཞུང་འབྲེལ་གྱི་སྐད་ཡིག་ནི་འཇར་མན་གྱི་སྐད་ཡིག་ཡིན་པ་དང༌། དེང་རབས་ཀྱི་རིག་གཞུང་གསར་པ་རྣམས་སུ་མ་ཟད། གནའ་སྔ་མོའི་རིག་གཞུང་རྙིང་པ་མང་ཆེ་བ་ཡང་འཇར་མན་གྱི་སྐད་ཡིག་གི་བརྒྱུད་ལམ་དུ་ཡོད་པ་རེད་ཟེར།
དེ་བཞིན་ཆོས་ལུགས་ཀྱི་དབང་དུ་བྱས་ན་ཡི་ཤུའི་ཆོས་ལུགས་དང༌། གནམ་བདག་ཆོས་ལུགས། ཁ་ཆེ་ཆོས་ལུགས་བཅས་ཆོས་ལུགས་མ་འདྲ་བ་འགའ་ཤས་ཡོད་འདུག་ཀྱང༌། མང་ཚོགས་བརྒྱ་ཆ་མང་ཆེ་བས་དད་པ་ཞུ་ཡུལ་ནི་ཡི་ཤུའི་ཆོས་ལུགས་ཡིན་འདུག་ཅིང༌། གཞན་ཡང༌། ནང་ཆོས་སོགས་ཆོས་ལུགས་གཞན་དག་ལ་དད་པ་ཞུ་མཁན་ཡང་ཉུང་ཤས་ཤིག་ཡོད་ཚོད་འདུག
ནུབ་ཕྱོགས་དང་ཡོ་རོབ་རྒྱལ་ཁབ་རྣམས་སུ་ཤེས་ཡོན་སྲིད་བྱུས་གཅིག་པ་ཅན་དང༌སྣ་ཚོགས་ཅན་གཉིས་ཡོད་པ་ལས། སིད་སུའི་རྒྱལ་ཁབ་ལྟ་བུར་མཚོན་ན་ཤེས་ཡོན་སྲིད་བྱུས་སྣ་ཚོགས་ཅན་ཡིན་པས། ཤེས་ཡོན་སྲིད་བྱུས་གཏན་འབེབས་ཐད་མངའ་སྡེ་སོ་སོར་རང་དབང་ཡོད་སྟབས། མངའ་སྡེ་སོ་སོའི་རང་གི་གནས་སྟངས་དང་འཚམས་པའི་ཤེས་ཡོན་སྲིད་བྱུས་མ་འདྲ་བ་རེ་བཟོ་བཞིན་ཡོད་འདུག་ཀྱང༌། བྱིས་པ་ལོ་དྲུག་ལོན་པ་སྟེ་སློབ་ལོ་ཟིན་པའི་རྗེས་ངེས་པར་སློབ་གྲྭར་གཏོང་དགོས་པ་ནི་མངའ་སྡེ་ཡོངས་རྫོགས་གཅིག་གྱུར་ཡིན།
ངས་ཤེས་ཚོད་ལ་ཁོང་ཚོའི་གཞུང་འཛིན་སྔ་ཕྱི་སུ་ཡིན་ཡང་ནུས་པ་ཡོད་ཚད་ཀྱིས་དཔལ་འབྱོར་དང་འཛུགས་སྐྲུན་ཡར་རྒྱས་གཏོང་ཐབས་བྱེད་པ་མ་གཏོགས། འཚར་ལོངས་ཡོང་དང་ཡོང་བཞིན་པའི་མི་རབས་གསར་པའི་བསམ་བློ་དང་ཀུན་སྤྱོད་ཐད་དགོས་ངེས་ཀྱི་འགན་ལེན་བྱེད་ཀྱི་མེད་པ་དང༌། སྤྱི་ཚོགས་ཀྱི་གཏིང་རིམ་ནས་མིའི་མི་ཚེའི་སྙིང་པོ་དང་རིན་ཐང་གི་ལྟ་བའི་ཐད་ངོས་འཛིན་ནོར་འཁྲུལ་ཅན་ཞིག་ཡོད་པ་མཁྱེན་གྱི་ཡོད་ཚོད་ཀྱང༌། དེ་ལ་བྱེད་ཐབས་གང་གི་ཐོག་ནས་བཅོས་ཐབས་དང་གདོང་ལེན་བྱ་དགོས་པའི་ལམ་སྟོན་རྔོ་ཐོགས་པ་ཞིག་འཚོལ་སྒྲུབ་ཀྱི་འབད་བརྩོན་བྱེད་ཀྱི་མེད་ཚོད་འདུག
གཉུག་མར་གནས་པའི་ཕོ་མོ་རྒན་གཞོན་སུ་འདྲ་ཞིག་ཡིན་ཡང་ཕལ་ཆེ་བ་བྲེལ་སྟབས་ཀྱིས་རྒྱུག་འདུར་བྱེད་མཁན་ཞིག་མ་གཏོགས། བཅོས་མིན་གྱི་འཛུམ་མདངས་དང་བག་ཕེབས་སྤྲོ་སྣང་ལྡན་པ་ཞིག་ཤིན་ཏུ་མཐོང་དཀོན། འདི་ཁོང་ཚོའི་དངོས་པོའི་འཛུགས་སྐྲུན་དང་དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་སྒུལ་ཤུགས་ཆེན་པོ་ཞིག་ཡིན་ངེས་ཀྱང༌། དཔལ་འབྱོར་གྱི་བྲན་གཡོག་ངོ་མར་གྱུར་པའི་མི་ཞིག་ལ་མཚོན་ན་དཔལ་འབྱོར་ཇི་ཙམ་ཡོད་ཀྱང་དེས་རང་ཉིད་ལ་དགོས་མཁོ་ཆེ་བའི་སྐྱིད་སྣང་ངོ་མ་ཉིན་གཅིག་ཀྱང་སྤྲོད་མི་ཐུབ་པས། རྒྱུག་འདུར་ཆེ་བའི་བྲེལ་འཚུབ་འདིས་རང་གི་མི་ཚེ་ལ་ཕན་ཐོགས་ཅི་ཞིག་བྱུང་ཡོད་མེད་ངེས་པར་སེམས་དགོས་པ་ཞིག་རེད།
དེང་སྐབས་སིད་སུའི་རྒྱལ་ཁབ་ཀྱི་སའི་རྒྱ་ཁྱོན་ནི། སྤྱི་ལེ་གྲུ་བཞི་མ་ ༤༡.༢༨༤ དང༌། མི་འབོར་ནི། ༨.༢༡༡.༧༠༠ ཡིན་པས། ས་ཆ་སྤྱི་ལེ་གྲུ་བཞི་མ་གཅིག་གི་ཐོག་མི་གྲངས་ ༡༩༨ ཀྱིས་འཚོ་བ་བསྐྱེལ་དགོས་ཀྱི་ཡོད་པར་བརྟེན། མི་འབོར་ལ་དཔག་པས་ས་ཁྱོན་ཤིན་ཏུ་ཆུང་ཡང༌། རྒྱལ་ཁབ་ཀྱི་ཐོན་ལས་རིན་ཐང་དང་སྦྱར་ན་མི་སྒེར་བའི་ཡོང་འབབ་མཐོ་ཤོས་ཀྱི་གྲས་ཡིན་པས། འཛམ་གླིང་གི་རྒྱལ་ཁབ་ཕྱུག་ཤོས་ཤིག་ལ་ཡོངས་གྲགས་ཀྱིས་ངོས་འཛིན་བྱེད།
དཔལ་འབྱོར་གྱི་ཡོང་ཁུངས་གཙོ་བོའི་གྲས་ནི། རྫས་འགྱུར་བཟོ་བསྐྲུན་དང༌། སྨན་རྫས། ཚད་མཐོའི་སྒྲ་སྙན་བཟོ་བསྐྲུན། འཕྲུལ་ཆས། གློག་ཆས། ཆུ་ཚོད་ཀྱི་རིགས། ཞབས་འདེགས་ཚོང་ལས། ཡུལ་སྐོར་ཚོང་ལས། འགན་ལེན་ཚོང་ལས་བཅས་ཡིན་ཞིང༌། འདི་དག་ནི་ལས་རིགས་མི་འདྲ་བའི་རྣམ་གྲངས་ཙམ་མ་ཡིན་པར་འཛམ་གླིང་ཐོག་སྙན་གྲགས་ཡོད་པ་ཤ་སྟག་ཡིན། དཔེར་ན། འཛམ་གླིང་ཐོག་ཆུ་ཚོད་སྐད་གྲགས་ཆེ་ཤོས་བཅུ་ཐམ་པ་ཡོད་པ་ལས་གཅིག་ཧྥ་རན་སི་ནས་ཡིན་པ་མ་གཏོགས། ལྷག་མའི་ཆུ་ཚོད་སྐད་གྲགས་ཅན་དགུ་པོ་གསར་གཏོད་དང༌། བཟོ་བསྐྲུན། དར་སྤེལ་བཅས་ཡོངས་རྫོགས་སིད་སུ་ནས་ཡིན་པ་ལྟ་བུ་ཡིན།
དེང་སང་སིད་སུའི་རྒྱལ་ཡོངས་སུ་ EURO བཀོལ་སྤྱོད་ནུས་ཀྱང་ཁོང་ཚོས་རྒྱུན་སྤྱོད་ཀྱི་ཤོག་སྒོར་ནི་ FRANC ཞེས་པའི་སྒོར་མོ་ཞིག་ཡོད་པ་འདི་ཡིན། གནའ་སྔ་མོ་འཛམ་གླིང་གང་སར་དངོས་པོ་ཕན་ཚུན་ཚོང་སྒྱུར་བྱ་བ་མ་གཏོགས། སྒོར་མོ་མེད་པས་དངོས་པོ་དང་སྒོར་མོ་ཚོང་སྒྱུར་བྱ་བའི་སྲོལ་མེད་ཀྱང༌། ཕྱིས་སུ་རིམ་པས་སྤྱི་ཚོགས་ཀྱི་དགོས་མཁོ་དང་བསྟུན་ནས་སྒོར་མོ་ཞེས་པའི་དངོས་པོའི་རིན་ཐང་མཚོན་བྱེད་འདི་བྱུང༌། སིད་སུ་ལྟ་བུར་མཚོན་ན་སྔ་མོ་ནས་མངའ་སྡེ་སོ་སོར་སྒོར་མོ་རེ་ཡོད་འདུག་ཀྱང༌། ལོ་རྒྱུས་ཐོག་ནས་སིད་སུ་རྒྱལ་ཡོངས་ལ་ཁྱབ་པའི་གཅིག་གྱུར་གྱི་སྒོར་མོ་ཐོག་མར་གཏན་འབེབས་བྱེད་པ་ནི། ཕྱི་ལོ་ ༡༨༥༠ ལོར་རྒྱལ་ཁབ་འདིའི་དཔལ་འབྱོར་གྱི་ལམ་ལུགས་གཅིག་མཚུངས་དང༌། བརྟན་པོ་ཡོང་བའི་ཐབས་སུ་རྒྱལ་ཡོངས་ལ་ཁྱབ་པའི་སྒོར་མོ་ཞིག་ཁྲིམས་ཐོག་ནས་གཏན་འབེབས་བྱས་པ་འདི་ཡིན། སྐབས་དེར་བཟོ་སྐྲུན་བྱས་པའི་སྒོར་མོ་དེ་ FRANC ཞེས་པའི་སྒོར་མོ་འདི་ཡིན་མིན་གསལ་པོ་མ་ཤེས།
སིད་སུ་རྒྱལ་ཁབ་འདི་རང་དབང་དཔལ་འབྱོར་སྲིད་བྱུས་ཀྱི་གནས་སྟངས་ཡོ་རོབ་གླིང་གི་རྩེ་ཕུད་ཡིན་པས་ཡིན་ནམ། གང་ལྟར་འཛམ་གླིང་གི་ཚོང་ལས་ལྟེ་གནས་སྙན་གྲགས་ཅན་མང་པོ་ཞིག་སིད་སུའི་རྒྱལ་ཁབ་འདིར་རྟེན་གཞི་བྱས་ཡོད་པར་མ་ཟད། རྒྱལ་ཁབ་འདི་རྒྱལ་སྤྱིའི་རོགས་སྐྱོར་དང༌། ཞི་བདེའི་ལས་འགུལ་དར་སྤེལ་བྱེད་མཁན་གྱི་ཚོགས་པ་ཁག་མང་པོའི་ལྟེ་གནས་གཙོ་བོ་ཞིག་ཏུ་གྱུར་ཡོད། དཔེར་ན། རྒྱལ་སྤྱིའི་རྒྱ་ཁྲམ་དམར་པོའི་ཚོགས་པ་དང༌། ལྗི་ནེས་ལྦར་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དོན་གཅོད། ཡོ་རོབ་ཀྱི་རང་དབང་ཚོང་ལས་མཉམ་ཚོགས་ཀྱི་ལྟེ་གནས་སོགས་སྙན་གྲགས་ཅན་གྱི་ཚོགས་སྡེ་དང་སྒྲིག་འཛུགས་མང་པོ་ཞིག་འདིར་རྟེན་གཞི་བྱས་ཡོད།
དེ་དག་ལས་འཛམ་གླིང་ཐོག་ཤིན་ཏུ་སྐད་གྲགས་ཆེ་བའི་རྒྱ་གྲམ་དམར་པོའི་ཚོགས་པ་ལྟ་བུར་མཚོན་ན། སྔོན་མ་ཕྱི་ལོ་དུས་རབས་བཅོ་བརྒྱད་པ་བཅུ་དགུ་པའི་ནང་བྱོན་པའི་ཧྥ་རན་སིའི་རྒྱལ་པོ་ནཱ་ཕོན་ལོན་ Napoleon ནི། སྐབས་ཤིག་ལ་དཔལ་འབྱོར་དང་དམག་དོན་གང་ཅིའི་ཐད་ནས་ཡོ་རོབ་གླིང་གི་སྟོབས་འབྱོར་ཆེ་ཤོས་སུ་གྱུར། ཁོས་གང་སར་དམག་གིས་བཙན་འཛུལ་བྱས་པ་ལ་བརྟེན་ནས་འཐབ་འཁྲུག་ས་ཁུལ་གྱི་མང་ཚོགས་རྣམས་བསམ་ཡུལ་ལས་འདས་པའི་དཀའ་ཁག་གི་གནས་སུ་གྱར་བ་ན། ལྗི་ནེས་ལྦ་ལ་རྟེན་གཞི་བྱས་པའི་ཚོང་བ་ཆེན་པོ་ཞིག་གིས་སྐབས་དེའི་རྨས་མར་སྨན་བཅོས་དང༌། འཐབ་འཁྲུག་དབང་གིས་བྲོས་བྱོལ་དུ་འབྱོར་བ་རྣམས་སྐྱབས་བཅོལ་དུ་ལེན་རྒྱུ་སོགས་ཀྱི་དོན་དུ། ཕྱི་ལོ་ ༡༨༥༩ ལོའི་ཟླ་ ༦ ནང་སྤྱི་ཚོགས་ཞབས་ཞུ་བའི་ངོ་བོའི་ཐོག་ནས་རོགས་སྐྱོར་ཚོགས་པ་ཞིག་གསར་འཛུགས་བྱས། འདི་ནི་ཕྱིས་སུ་རིམ་པས་འཕེལ་རྒྱས་སུ་ཕྱིན་ཏེ་ཤིན་ཏུ་སྙན་གྲགས་ཆེ་ཞིང༌། རྒྱལ་སྤྱིའི་རང་བཞིན་ལྡན་པའི་རྒྱ་ཁྲམ་དམར་པོའི་ཚོགས་པའི་ངོ་བོར་གྱུར།
སིད་སུའི་གྲོང་ཁྱེར་ལྗི་ནེས་ལྦ་ལ་ཉིན་གཉིས་བསྡད་པའི་རིང་གྲོང་སྲང་གསར་རྙིང་འགའ་ཤས་ལ་ལྟ་སྐོར་བྱས་པ་ཡིན་ལ། ཉིན་གཅིག་གི་དུས་ཚོད་རིང་ཤོས་ལྗི་ནེས་ལྦ་ལ་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་དང༌། དེ་དང་འདབས་འབྲེལ་བའི་གླིང་ག མཚོ་མཐའ་བཅས་ལ་ལྟ་སྐོར་དུ་ཕྱིན།
མཉམ་འབྲེལ་རྒྱལ་ཚོགས་ལ་ལྟ་སྐོར་དུ་འགྲོ་བའི་ལམ་འགྲམ་དུ་སེམས་དཔའ་ཆེན་པོ་གྷན་ངྷིའི་འདྲ་སྐུ་ཞིག་བཞེངས་འདུག་པ་མཇལ། སྔོན་མ་མཁས་དབང་ཟམ་གདོང་རིན་པོ་ཆེ་གྷན་ངྷིའི་སྐུ་འདྲ་ཞིག་གི་མདུན་དུ་སྐུ་པར་བསྒྲོན་པ་མཇལ་མྱོང་ཡང༌། དེ་ནི་རྒྱ་གར་གྱི་ས་ཆ་ཞིག་ཏུ་ཡིན་ཤག་བྱས་པ་མ་གཏོགས་ལྗི་ནེས་ལྦ་ལ་ཡིན་པའི་དོགས་པ་ཙམ་ཡང་འཆར་མ་མྱོང༌། གང་ལྟར་ང་ཚོ་གྷན་ངྷིའི་སྐུ་འདྲའི་དྲུང་དུ་བཅར་བའི་སྐབས། དེར་སློབ་མ་བུ་མོ་གཉིས་ཀྱིས་ལག་ཏུ་སྨྱུ་གུ་དང་འབྲི་དེབ་བཟུང་ནས་འདུག་ལ། དེ་གཉིས་ཀྱིས་ང་ལ་གྷན་ངྷི་ཟེར་ན་སུ་རེད་ཅེས་དྲིས་བྱུང༌བས། ངས་གྷན་ངྷི་ནི་རྒྱ་གར་དུ་འཁྲུངས་ཤིང༌། འཛམ་གླིང་ཐོག་འཚེ་མེད་ཞི་བའི་སྤྱོད་པ་ཉམས་བཞེས་མཛད་མཁན་གྱི་སྐྱེས་བུ་ཤིན་ཏུ་མཚན་སྙན་ཆེན་པོ་ཡོད་མཁན་ཞིག་རེད།
རྒྱ་གར་གྱི་ལོ་རྒྱུས་ཐོག་ཆབ་སྲིད་དང་སྤྱི་ཚོགས་ཀྱི་རྙོག་དྲ་ཆེན་པོ་ཡོད་པའི་སྐབས། ཁོང་གིས་འཚེ་མེད་ཞི་བའི་ཐབས་ལམ་ཁོ་ན་ལ་བརྟེན་ནས་བཙན་འཛུལ་བ་མཐར་སྐྲོད་མཛད་དེ། རང་དབང་དང་རང་བཙན་ཕྱིར་རྒྱ་གར་པའི་ལག་ཏུ་བླངས་པ་རེད་ལ། རྒྱ་གར་སྤྱི་ཚོགས་ནང་ཁུལ་གྱི་ཆོས་ལུགས་དང་རིགས་རུས་ཀྱི་རྙོག་གླེང་མང་པོ་ཞིག་ཁོང་གིས་འདུམ་སྒྲིག་མཛད། འཛམ་གླིང་ཐོག་ལ་ཡིན་ན་ཡང་གྷན་ངྷིས་འཚེ་མེད་ཞི་བའི་བག་ཆགས་དང་ཤུགས་རྐྱེན་ཆེན་པོ་བཞག་གནང་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ནས་གྷན་ངྷི་ནི་འཛམ་གླིང་ཐོག་འཚེ་མེད་ཞི་བའི་མཚོན་རྟགས་ལྟ་བུ་ཤིག་ཏུ་ཆགས་ནས་ཡོད་པ་རེད་ལ། འདིར་ལྗི་ནེས་ལྦ་ལ་གྷན་ངྷིའི་འདྲ་སྐུ་བཞེངས་འདུག་པའི་རྒྱུ་མཚན་ཡང་ངས་གོང་དུ་བཤད་པའི་གནས་ལུགས་དེ་དག་དང་འབྲེལ་བ་ཡོད་པ་རེད་བསམས། ཞེས་ཤོད་བཞིན་པའི་སྐབས། རྒྱ་གར་གྱི་བུད་མེད་ཅིག་ཀྱང་ང་ཚོ་ཡོད་སར་འབྱོར་ཏེ་མོས་ང་ཚོའི་སྐད་ཆ་ལ་ཉན་པའི་རྗེས། ཁྱེད་ཚོ་བོད་པ་ཡིན་འདུག་པས་གང་ནས་ཕེབས་པ་ཡིན་ཟེར། ང་རྡ་རམ་ས་ལ་ནས་ཡོང་བ་ཡིན་པ་སོགས་མོའི་དྲི་དོན་མཐའ་དག་ང་ཚོས་ལན་འདེབས་བྱས། མོས་ང་ཚོར་དགའ་བའི་རྣམ་འགྱུར་སྟོན་ལུགས་ལ་བལྟས་ན། ང་ཚོའི་ལན་འདེབས་དེ་དག་མོའི་བློ་ལ་འཐད་པོ་བྱུང་འདུག་སྙམ་པ་བྱུང༌། དེ་མིན་བཤད་འདོད་པའི་སྐད་ཆ་འགའ་ཤས་ཡོད་ཀྱང་ངའི་སྐད་ཆ་ཡོངས་རྫོགས་སྐད་སྒྱུར་ལ་བརྟེན་དགོས་ཀྱི་ཡོད་སྟབས། དུས་ཚོད་རིང་པོར་འགོར་འགྲོ་བས་གྷན་ངྷི་ངོ་སྤྲོད་དེ་ཙམ་གྱིས་འཐུས་པར་བྱས།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ལྟེ་བ་ནི་ཨ་རིའི་ནེའུ་ཡོག་ཏུ་ཡོད་ཅིང༌། ལྗི་ནེས་ལྦ་ལ་ཡོད་པ་འདི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དོན་གཅོད་ལྟ་བུ་ལ་ངོས་འཛིན་བྱེད་ཀྱི་འདུག གང་ལྟར་ང་ཚོ་ནང་དུ་འགྲོ་བའི་སྐབས་ལྟ་སྐོར་བ་ཡོངས་རྫོགས་ལ་སྔོག་གཤེར་ཞིབ་ཚགས་བྱེད་ཀྱི་འདུག་ལ། མི་ཉི་ཤུ་སུམ་ཅུ་ཡས་མས་ཀྱིས་ཚན་པ་རེ་བཟོས་ཏེ་སྣེ་ཤན་པས་འགྲེལ་བཤད་བྱེད་བཞིན་ཁྲིད་ཀྱི་འདུག
ང་ཚོའི་སྣེ་ཤན་པ་བུ་མོ་ལོ་ཆུང་ཞིག་ཡིན་པ་དེས་ངོ་སྤྲོད་བྱས་པ་ལྟར་ན། ༡༽ མཉམ་འབྲེལ་རྒྱལ་ཚོགས་ནི་ཕྱི་ལོ་ ༡༩༤༥ ལོའི་ཟླ་ ༡༠ ཚེས་ ༢༤ ཉིན་དབུ་བརྙེས་པ་དང༌།
༢༽ མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཏན་འཇགས་ཀྱི་རྒྱལ་ཁབ་ལྔ་ནི། ཨ་རི་དང༌། ཧྥ་རན་སི། དབྱིན་ཇི། རྒྱ་ནག ར་ཤི་ཡ་བཅས་ཡིན་ཅིང༌། རྒྱལ་ཁབ་འདི་ལྔ་པོ་གང་རུང་ཞིག་གིས་མོས་མཐུན་མ་བྱས་ཚེ་རྒྱལ་ཚོགས་ཀྱིས་ལས་དོན་གལ་ཆེན་པོ་གང་ཡང་ཐག་གཅོད་བྱེད་མི་ཐུབ།
༣༽ རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དབྱིན་ཇིའི་སྐད་ཡིག་དང༌། རྒྱའི་སྐད་ཡིག ར་ཤི་ཡའི་སྐད་ཡིག ཨ་རབ་བྷི་ཡའི་སྐད་ཡིག སི་པན་གྱི་སཀད་ཡིག ཧྥ་རན་སིའི་སྐད་ཡིག་བཅས་སྐད་ཡིག་མི་འདྲ་བ་དྲུག་བེད་སྤྱོད་གཏོང་གི་ཡོད།
༤༽ དེང་སྐབས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་སུ་རྒྱལ་ཁབ་བརྒྱ་དང་དགུ་བཅུ་གོ་གསུམ་ཡོད་ཀྱང༌། དེ་དག་ལས་པ་ལི་སི་ཐན་དང་ཨེ་བཟི་ར་གཉིས་རྒྱལ་ཚོགས་ཁོངས་ཀྱི་གཏན་འཇགས་ཆ་ཤས་སུ་ཚུགས་མེད། དེར་བརྟེན་རྒྱལ་ཚོགས་ཀྱི་སྒོ་ཆེན་མདུན་ངོས་སུ་རྒྱལ་ཚོགས་ཁོངས་ཀྱི་རྒྱལ་ཁབ་སོ་སོའི་རྒྱལ་དར་བསྒྲེངས་ཡོད་ཀྱང༌། འདིའི་གྲས་སུ་གོང་གསལ་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་མེད།
༥༽ དེ་བཞིན་རྒྱལ་ཚོགས་ཀྱི་ཚོགས་ཁང་སོ་སོའི་ཁྱད་ཆོས་དང༌། དེ་དག་གི་བཟོ་འགོད་པ་དང་རི་མོ་པ་སུ་དང་སུ་ཡིན་མིན། བཟོ་འགོད་དང་རི་མོ་དེ་དག་གི་མཚོན་དོན། ཚོགས་ཁང་སོ་སོའི་ནང་དུ་དེ་སྔ་གལ་གནད་ཆེ་བའི་ལས་དོན་གང་དང་ཐག་གཅོད་མཛད་པའི་ཚུལ་ཡང་ངོ་སྤྲོད་བྱས་བྱུང༌།
༦༽ རྒྱལ་ཚོགས་ནང་དུ་ལས་ཁུངས་ཆེ་ཆུང་སྟོང་ཕྲག་བརྒལ་བ་ཡོད་པ་དང༌། ཉིན་རེ་བཞིན་ཚོགས་འདུ་བརྒྱ་ཕྲག་འགའ་ཤས་ཚོགས་ཀྱི་ཡོད་པ་རེད་ཅེས་སོགས་ངོ་སྤྲོད་ཞིབ་རྒྱས་བྱེད་ཀྱི་འདུག ང་ཚོ་དེར་ལྟ་སྐོར་འགྲོ་བའི་སྐབས་སུ་ཚོགས་ཁང་འགའ་ཤས་ནང་དུ་ཚོགས་འདུ་ཚོགས་བཞིན་འདུག
རྒྱལ་ཚོགས་ནས་མདུན་གྱི་སྒོ་ཆེན་ཕྱོགས་སུ་ཡོང་བ་ན། རྒྱལ་ཚོགས་ཀྱི་ཁོངས་སུ་ཡོད་པའི་རྒྱལ་ཁབ་མང་ཆེ་བའི་རྒྱལ་དར་བསྒྲེངས་འདུག་ལ། དེ་ནས་སྒོ་ཆེན་གྱི་ཕྱིར་ཐོན་པ་ན་རྐུབ་བཀྱག་ཚོས་གཞི་དམར་པོ་ཅན་རྐང་པ་གཅིག་རྩབ་ཧྲལ་དུ་ཕྱིན་པ་དེ་དེར་འདུག རྐུབ་བཀྱག་འདི་བལྟས་ཚོད་ཀྱིས་དེ་ཙམ་ཆེན་པོ་མིན་ཡང་མཐོ་དམའ་ལ་སྨི་ཁྲི་བཅུ་གཉིས་ཡོད་པ་རེད་ཟེར། རྐུབ་བཀྱག་འདི་ཐོག་མར་འཆར་འགོད་གནང་མཁན་རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་ཚོགས་པའི་ཚོགས་གཙོ་ PAUL VERMEULEN ཕོལ་བུར་མཱ་ལེན་ཟེར་བ་ཡིན་འདུག་ཅིང༌། དངོས་སུ་ལག་བསྟར་ནས་བཟོ་མཁན་ནི་སིད་སུའི་སྒྱུ་རྩལ་པ་ངྷ་ནེས་བྷོ་སེ་ཊི་ཞེས་པ་ཡིན། ཁོང་གིས་བཟོས་གྲུབ་པའི་རྗེས་ཕྱི་ལོ་ ༡༩༩༧ ལོའི་ཟླ་ ༨ ནས་ཟླ་བ་གསུམ་གྱི་རིང་ཡོ་རོབ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒོ་ཆེན་མདུན་དུ་བཞག་འདུག
རྒྱུ་མཚན་ནི་སྐབས་དེར་ཁ་ན་ཊའི་གྲོང་ཁྱེར་ Ottawa ལ་འཛམ་གླིང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་མི་འདྲ་བ་བརྒྱ་ལྷག་ལྷན་འཛོམས་ཀྱིས། འཛམ་གླིང་གི་རྒྱལ་ཁབ་སུ་གང་གིས་ཀྱང་ Landmines ཞེས་པའི་འགས་རྫས་རིགས་བཟོ་སྐྲུན་དང་བེད་སྤྱོད་གཏན་ནས་མི་ཆོག་པའི་ཁྲིམས་ཡིག་གཏན་འབེབས་བྱས་འདུག་ཅིང༌། ཡིག་ཆ་དེའི་མིང་ལ་ Ottawa treaty ཞེས་པ་རེད་ཟེར། གང་ལྟར་གནས་སྟངས་དེ་འདྲ་ཞིག་གི་འོག་ནས་རིམ་པས་རྐུབ་བཀྱག་འདི་ལྗི་ནེས་ལྦ་རྒྱལ་ཚོགས་མདུན་ཐང་དུ་གཏན་འཇགས་ལྟ་བུར་གྱུར་པ་ཡིན་ཚོད་འདུག འདིས་དབང་པོ་སྐྱོན་ཅན་གྱི་མི་ཞིག་མཚོན་གྱི་འདུག་སྙམ་པ་རྐུབ་བཀྱག་མཐོང་བ་དང་ཡིད་ལ་རང་བཞིན་གྱིས་འཁོར་ཡོང་བ་ཞིག་འདུག
མཚོ་རྒྱུད་ཀྱི་གླིང་ག་བརྒྱུད་ནས་འགྲོ་བའི་སྐབས་ཡོངས་གྲགས་ཀྱི་བཤད་སྲོལ་ལ། སིད་སུ་ནི་ཡོ་རོབ་གླིང་གི་རང་བྱུང་མཛེས་སྡུག་གི་མཚོན་རྟགས་སམ་སྙིང་བཅུད་ཡིན་པ་དང༌། ཧྥ་རན་སི་དང་ཨེ་ཊ་ལེ་གཉིས་ནི་ཡོ་རོབ་གླིང་གི་གནའ་བོའི་རིག་གནས་འཕེལ་རྒྱས་ཀྱི་མཚོན་རྟགས། འཇར་མན་ནི་ཡོ་རོབ་ཀྱི་དེང་རབས་རིག་གནས་དང་གྲོང་ཁྱེར་གྱི་མཚོན་རྟགས་ཡིན་ཟེར་བའི་བཤད་སྲོལ་ཡོད་པ་ལྟར། སིད་སུ་ལ་མཚོན་ན་ཤིན་ཏུ་དོན་ལ་གནས་པ་ཞིག་རེད་སྙམ་པའི་ཚོར་སྣང་མ་བཅོས་པ་ཞིག་རང་བཞིན་གྱིས་ཡོང་གི་འདུག་ལ། སིད་སུ་ལ་ཡོ་རོབ་གླིང་གི་སྐམ་སའི་རི་རྒྱུད་ཀྱི་རྒྱལ་ཁབ་ཅེས་སྙན་གྲགས་ཆེན་པོར་བརྩི་བའི་རྒྱུ་མཚན་ཡང་མ་བཅོས་ལྷུན་ཆགས་ཀྱི་རང་བྱུང་གི་མཛེས་སྡུག་འདི་འདྲ་ལ་བསམ་པ་ལོས་ཡིན་སྙམ་པ་ཡོང་གི་འདུག མཚོ་འགྲམ་དེར་བཅོས་མའི་བཀོད་མ་རྒྱང་རིང་པོ་ནས་མཐོང་ཐུབ་པ་ཞིག་འདུག་ཅིང༌། འདིའི་མཐོ་ཚད་སྨི་ཁྲི་བརྒྱ་དང་བཞི་བཅུ་ཡོད་པས་འདི་ནི་འཛམ་གླིང་ཐོག་ཆུ་གྱེན་ལ་འཕྱོ་བ་མཐོ་ཤོས་དེ་རེད་ཟེར།
༼་་་་་མུ་འགོད།༽
རྩོམ་འདིའི་ཁ་བྱང་ཉིན་མང་པོའི་སྔོན་ཞིག་ནས་མཐོང་མྱོང་། ཡིན་ཡང་དེ་ཙམ་དོ་སྣང་བྱེད་འདོད་མ་སྐྱེས། རྒྱུ་མཚན་ཡོད་དེ་བཙན་བྱོལ་ནང་གི་རྩོམ་མང་པོ་ཞིག་བཀླགས་ན་དེས་རང་ལ་ཅུང་ཟད་འབྱར་ཡོད་པའི་རྩོམ་འབྲིའི་ནུས་པ་དེ་རྦད་དེ་ཉམས་དམས་སུ་གཏོང་བའི་ཉེར་ལེན་འབའ་ཞིག་ཏུ་རློམ་པས་བཙན་བྱོལ་ནང་གི་རྩོམ་སྟེ་ངེས་པར་ཀློག་དགོས་པ་ཞིག་ཡིན་ན་མ་གཏོགས་ཀློག་གི་མེད། དེ་ཕྱིར་དགེན་གྱིས་བྲིས་པའི་རྩོམ་ཡང་དེ་འདྲ་ཞིག་ཏུ་རློམ། ཡིན་ཡང་དེ་རིང་གཟའ་ཉི་མ་ཡིན་ཁར་ཁོམ་གླགས་འདུག་པས་དྲ་བ་འདིར་ཞུགས་པས་ཐོག་དང་པོ་རྩོམ་ཡིག་འདི་མཐོང་བས་དེ་མུར་མིག་སྔུན་གྱི་བརྗོད་བྱ་དག་བམ་ཀློག་ཙམ་བྱས་པས་ལྟ་རིན་འདུག་སྙམ་སྟེ་རྗེས་སུ་ཞིབ་ཀློག་གཅིག་བྱས་ཡོད།