རྩོམ་པ་པོ། མདའ་ཚན་པ་བླ་མ་སྐྱབས།
དགོང་ས་རྩ་རུབ་ནས་ཡོང་དུས།། ངའི་ཞེ་རྩ་རྟ་བོའི་བྲེལ་རེད།།
སེམས་འབུ་ལྟར་སྙི་བའི་སེམས་པ། ཉི་འོད། ཆར་རྒྱུན། རྩྭ་རྩི་ཤིང་། བསེར་བུ་དང་ས་སྲོད་སོགས་རང་བྱུང་ཁམས་ཀྱི་རྡུལ་ཕྲན་ཀུན། རྫི་ཁུ་བཞིན་ཐིམ་འགྲོ་སའི་སེམས་པ། ན་ཟུག་དང་བདེ་ཟུག་སྤེལ་མའི་དྲན་གདུང་། ཅི་ཙམ་འཕྲུག་ཀྱང་དེ་ཙམ་མི་ཚིམ་པའི་བརྩེ་གདུང་། སྤྱི་གཙུག་ནས་རྐང་མཐིལ་བར་འཁོར་བའི་ཟུངས་ཁྲག་བཞུ་བྱེད་ཚོར་འདུ་དེ། ལུས་སེམས་སྦྲིད་པར་བྱེད་པའི་ལོ་ཆང་ཁམ་པ། འཆར་སྣང་རྒྱ་ཡན་དུ་གཏོང་བྱེད་ཀྱི་ཚོར་འདུའི་ཤ་འོད།
དར་གོས་བཞིན་འཇམ་ལ་མྱེ་ཁ་བཞིན་དྲོ་བའི་ཤ་རྗེན་གྱི་འཐམ་འཁྱུད་དེ་དང་པད་འདབ་ཀྱི་མཆུ་སྒྲོས་དེ་ཚོ། ས་རུབ་དུས་འདུར་གྱིན་པའི་རྟ་བོའི་རྨིག་སྒྲ་དང་སྙིང་གི་འཕར་རྩར་སྡོང་སྟེ་དྲན་ཡོང་བའི་ལ་གཞས་ཚིག་རྐང་གཅིག་གི་ལུང་བསྟན་ནམ་འགྲེལ་བཤད་ཐ་ཐོར།
བླ་མ་སྐྱབས་ལགས།
ཁྱེད་ཀྱིས་དུག་སྦྲང་ལ་བྲིས་པའི་སྙན་ངག་དེ་ད་དུང་དྲན་ངོས་ན་འདུག
ཉིད་ནས་བོད་ཡིག་ཐོག་ཆེད་རྩོམ་ཞིག་སྤེལ་རོགས་གནང་།
མྱེ་ཁ།
ལུས་ཀྱི་ཕྱི་ཤུན་དྲོས་ཐུབ་པའི་མྱེ་ཁ།
ནང་གི་སེམས་དྲོས་ཐུབ་པའི་མྱེ་ཁ།
རྩ་ནང་གི་ཁྲག་འཁོལ་ཐུབ་པའི་མྱེ་ཁ།
ལུས་སེམས་གཉིས་ཀ བདེ་བ་ཆེན་པོའི་དབྱིངས་སུ་སྐྱེལ་བའི་མྱེ་ཁ
མྱེ་ཁ། མི་ཡུལ་དུ་འབར་བཞིན་པའི་དག་ཞིང་གི་མྱེ་ཁ།
མྱེ་ཁ་ལ་བསྲོ་རྒྱུ་མང་དྲགས་པས། བླ་མའི་གདོང་པའི་སྐྱི་ཤུན་་ཡང་དམར་པོར་གྱུར་འདུག
མྱེ་ཁ། མྱེ་སྟག མྱེ་ལྕེ། མྱེ་དུག མྱེ་དུག མྱེ་དུག
ད་འདི་དངོས་གནས་ཚད་མཐོན་པོ་ཞིག་བྲིས་པ་ཡིན་ས་རེད། ཚར་གཉིས་བཀླགས་པ་ཡིན་ཏེ་གང་ཡང་གོ་ཐུབ་མ་སོང་། གཅིག་གིས་གཉིད་ལབ་བརྒྱབ། གཅིག་གིས་དཔོད་བྲིས་བྱས་པ་འདྲ་བོ་འདུག བྱུང་ན་རང་འགྲེལ་ཞིག་རྩོམ་རོགས།
རབ་འབྱམས་པ་ཁྱེད་རང་བོད་ཡིག་གི་ནང་ལ་ལོག་ཕེབས་པར་སེམས་པ་དགའ་།
མུ་མཐུད་ནས་རྩོམ་ཡིག་སྤེལ་ཐུབ་ན་ཀུན་གྱི་སྐལ་བཟང་ཡིན།
ལྗང་བུ་ནས།
ཀློག་མཁན་ལགས།
ཚིག་རྐང་གཅིག་ཅེས་པ་དེ་ཚིག་རྐང་གཉིས་ཞེས་བཅོས་རོགས་གནང་།
བོད་ཀྱི་བུ་ལགས།
ངས་ཡང་དུག་སྦྲང་གི་སྙན་ངག་དེ་དྲན་གི་འདུག ད་དེ་གཡག་གུའི་ཧུར་སྒྲ་དང་མཉམ་དུ་གང་ཞིག་ལ་ཡལ་སོང་བ་ཡིན་ནམ།
བོད་ཡིག་ཐོག་རྩོམ་འདྲ་མིན་འབྲི་ཨེ་ཐུབ་ལྟ་ལགས།
རྒན་མདའ་ཚན་པ་ལགས།
ཁྱེད་ཀྱིས་མྱེ་ཁ་ཡག་པོ་ཞིག་བསྲོ་ཐུབ་ཡོད་པས་ཁོ་བོ་གློ་བ་དགའ། མྱེ་དུག་ཕོག་ཡོད་ན། ད་དུང་མུ་མཐུད་དུ་མྱེ་ཁ་བསྲོ་རོགས། མྱེ་དུག་མྱེ་ཡིས་སེལ།
ཁང་གསར་རྡོ་རྗེ་ལགས།
ངས་ཅིག་འབྲི་ཁུལ་བྱས་པ་འདི། ལ་གཞས་ཚིག་རྐང་དེ་གཉིས་ཀྱི་འགྲེལ་ཡིན་ནམ། ལ་གཞས་ཚིག་རྐང་གཉིས་དེ་ངའི་སེམས་འགྱུ་འགའ་དང་ཚོར་འདུ་འགའི་འགྲེལ་ཡིན་ནམ། མེ་ལོང་མའི་ཚིག་ཅིག་གཡར་ན་ཁོ་བོ་འཕྱང་མོ་ཉུག
ཨ་ཀ་ལྗང་བུ་ལགས།
བཀའ་དྲིན་ཆེ། བོད་ཡིག་གི་ནང་ནས་ཅི་ནུས་ཀྱིས་འཕག་ར་ཞིག་བྱེད། ཡར་ལངས་མ་ཐུབ་ན་རྔོག་མ་ནས་འཐེན་རེ་དང་། རྔ་མ་ནས་སྐྱོར་རོགས་རེ་མཛོད་རོགས།
རྒན་མདའ་ཚན་པའི་དྲིན་ལ། ལྗང་བུ་ལགས་དང་མདའ་ཚན་པ་བླ་མ་སྐྱབས་གཉིས་ཀ་ཁ་བརྡའི་སྒང་ལ་སླེབས་འདུག
ཁྱེད་གཉིས་ཀ་ཡང་ཡང་ཕེབས་པའི་རེ་བ་ཡོད། ཡོང་ཞོར་ལ་རྩོམ་རེ་བསྣམས་ནས་ཡོང་རྒྱུ་ཡང་རེ་བ་ཡིན།
ངག་ལྐུགས་པའི་དུས་ཀྱི་སྐད་སྒྲ
ལྗང་བུ།
ཧ་ཅང་ཐག་རིང་ཐག་རིང་གི་ས་ནས
དྲ་ངོས་ཀྱི་གསར་འགྱུར་རེ་རེ་ཀློག་གིན
ངའི་སེམས་ལ་ན་ཟུག་སྐྱེ་བའི་ཚོར་བ་ཡང་མི་འདུག
ཆག་སྒོ་དེ་སླེབས་པ་མགྱོགས་དྲག་པས
ངའི་མིག་ལ་མཆི་མ་འཁོར་བའི་བརླན་གཤེར་ཡང་མི་འདུག
སྡུག་བསྔལ་དེ་ལྕི་ཐལ་བས
སྐད་ཅིག་མ་དེ་ལ
ཁྱོད་ཀྱིས་ཇི་ལྟར་སྨྲེ་སྔག་འདོན་པ་དེ
ང་ཡིས་ཐོས་ཐབས་བྲལ་མོད་ཉམས་སུ་མྱོང་ཐུབ
ཁྱོད་ཀྱིས་ཇི་ལྟར་སྐྱབས་འཇུག་ཞུ་བ་དེ
ང་ཡིས་མཐོང་ཐབས་བྲལ་མོད་ཚོད་དཔག་ཞུ་ཐུབ
ང་ཡིས་མཐོང་ཐུབ་པ་ནི
ཁྱོད་ཀྱིས་གཉེན་ཉེ་འཚོལ་བའི་མུན་ནག་ཁྲོད་ཀྱི་མིག་ཟུང་དེ་ཡིན
ང་ཡིས་ཐོས་པ་འབའ་ཞིག་ནི
ང་རང་གཉིས་ཀྱི་སྙིང་ཁམས་ཀྱི་འཕར་རྩ་མགྱོགས་པོ
སྐད་སྒྲ་མེད་པའི་ངང་བར་མེད་དུ་མཉམ་ལྡིང་བྱེད་ཀྱིན་པ་དེ་ཡིན
ཁྱོད་ཕྱིན་སོང
ང་བཞག་སོང
ཚོར་བ་ཡོད་ཚད་ང་རང་གཉིས་ཀྱིས་ཕྱེད་ཕྱེད་ཁུར་ན་ཅི་འདྲ་འདུག
ཁྱོད་ཚོ་ཕྱིན་སོང
ང་ཚོ་བཞག་སོང
གང་ལྟར་དོན་དག་བྱུང་སོང
དེ་ནི་བདག་གི་སྨྲ་ལྕེ་གཅོད་བྱེད་རེད
༢༠༡༠ལོའི་ཟླ༤པའི་ཚེས་༡༧ཉིན་སྐྱེ་རྒུའི་ས་ཡོམ་རྗེས་ཀྱི་ཉིན་གསུམ་པར་དབྱིན་ཇིའི་དབེན་ཙར་ཞེས་པའི་གྲོང་རྡལ་ཞིག་ཏུ་བྲིས།
ཨ་ལྗང་ལགས།
བཀའ་དྲིན་ཆེ། ཤི་གསོན་གཉིས་དང་རང་རང་སོ་སོ་ལ་དྲན་སེམས་གསོས་པར་རིན་ཐང་བྲལ། དྲན་པ་དེ་སྐྱོ་བ་ལ། ལབ་སྟངས་དེས་ཕན་པ་ལ། ངག་འདི་འདྲ་ཡང་ཡང་གོ་བར་སྨོན།
ཨ་རོ། མྱེ་ཁ་བསྲོ་རྒྱུ་མ་མང། ཁ་བརྡ་དྲ་ཁང་ནས་ཕྱི་ལ་ཐོན། གནམ་ཐག་གི་འཕྱ་རུ་བརྟོལ་ལ་སྦྲ་སྒོ་ཕྱེས་དང་ཁ་བརྡ་བྱེད།
ལོ་མང་སྔོན་གྲོགས་པོ་ཞིག་གིས་བདག་ལ་འདི་སྐད་དུ།
སྙན་ངག་ལ་དགའ་ནས་སྙན་ངག་འབྲི་བ་བདེ་སྐྱིད་དང་།
སྙན་ངག་ཅིག་འབྲི་དགོས་བསམས་ནས་སྙན་ངག་འབྲི་བར་རྩོམ་པ་སྡུག་བསྔལ་ཡིན་ཟེར།
དོ་དགོང་ངས་ཀྱང་སྙན་ངག་ཅིག་འབྲི་ཕྱིར་བསམ་གཞིགས་ཀྱི་འཕག་འཚག་བྱེད།
སྙན་ངག་ལ་དགའ་ནས་སྙན་ངག་འབྲི་བའི་ལོ་ཟླ་ཞིག་ང་ལ་བྱུང་མ་མྱོང་ལ།
མི་ཚེ་ནང་ཧ་ཅང་སྐྱོ་ནས་སྙན་ངག་འབྲི་བའི་དུས་ཚོད་ནི་མང་པོ་བྱུང་།
སྙན་ངག་ཅིག་འབྲི་དགོས་བསམ་ནས་ཁ་སྔོན་ནས་གྲ་སྒྲིག་བྱས་ཀྱང་།
ཡིག་ཐོག་ཏུ་ཤར་མར་སྤེལ་བའི་སྙན་ངག་ཅིག་ད་དུང་ཡང་ཡིད་ལ་མ་འཁོར།
གལ་སྲིད་ཤོག་ངོས་བཅུ་གྲངས་ལོངས་བའི་སྙན་ངག་ཅིག་སྤེལ་ནའང་།
སྙན་ངག་རྫུན་མ་ཞིག་ཡིན་རྒྱུར་ཐེ་ཚོམ་མེད།
འཇིག་རྟེན་ན་དགའ་བ་དང་སྐྱོ་བའི་སྙན་ངག་གི་བརྗོད་བྱ་ནི་བགྲང་ལས་འདས་ནའང་།
བདག་གིས་ད་དུང་སྙན་ངག་རྐང་གཅིག་འབྲི་མ་ཐུབ།
སྙན་ངག་པ་ཀླུ་སྨྱོན་གྱིས་བདུན་ཕྲག་རེར་སྙན་ངག་རེ་འབྲི།
མགོ་བོ་བཏུད་དེ་མྱ་ངན་ཞུ་ཟེར་བའི་དེབ་དེའང་སྙན་ངག་གིས་ཁེངས་ཡོད་འདུག
མདང་དགོང་སྙན་ངག་པ་ལྗང་བུས་ཀྱང་ཁ་བརྡ་དྲ་རྒྱ་སྟེང་སྙན་ངག་ཅིག་བཀོད་འདུག
ཡིན་ནའང་།
ང་ལ་ད་དུང་སྙན་ངག་གི་སེམས་ཚོར་ཞིག་སྐྱེས་མ་སོང་།
སྐྱོ་ཞིང་ཡིད་སྨྲེང་བའི་འཆར་སྣང་ཞིག་ཡིད་ལ་ལན་མང་བྱས་ཀྱང་སེམས་མི་འགུལ།
དགའ་ཞིང་སྐྱིད་སྣང་གིས་ཁེངས་བའི་དུས་ཤིག་ལ་འབོད་པ་བཏང་ཡང་ཡིད་མི་འཕྱོ།
བདག་ཤི་ཚར་བ་མིན་ན། དབང་རྩ་ལ་བཟི་སྨན་ཤོར་འདུག
ཤི་ཟིན་པ་རེད་ལབ་ན་དབུགས་ཀྱི་རྒྱུ་བ་ནི་རྒྱུན་ལྡན་རེད་ལ།
ཀློག་ཀླད་ངོས་ཀྱི་ཡི་གེའང་གསལ་བོར་མཐོང་གི་འདུག།
ང་བཟི་ཡང་མེད་པ་འདྲ།
མཐེབ་གཞོང་ནང་ཡི་གེ་གནོན་དུས་གང་ལ་དམིགས་པ་དེར་མཛུབ་མོས་ཏག་ཏག་སླེབས་ཀྱི་འདུག
ཨ་སྒོར་ས་ཡ་བརྒྱ་ལྷག་གི་རྒྱན་ཤོག་ཅིག་མ་ཐོབ་པར་ངའི་དབང་རྩ་འདིར་འཕར་ལྡིང་ཞིག་མེད་པ་འདྲ་བས་།
ངའི་སྡུག་བསྔལ་བའི་སྙན་ངག་ཁྱོད་རེ་ཞིག་དབུགས་དབྱུང་མཛོད།
གངས་སུལ་ནས་མེ་ཕུང་ཞིག་སྦར་ཏེ།
མྱེ་ཁ་གསོ་བཞིན།
ཀ་ཁའི་ཁ་བ་སྤུངས་བའི་མུ་ཁྱུད་ལ་རྒྱང་བལྟ་བྱེད།།།