ཁ་ཕྱོགས་མེད་ཀྱིས།
མདའ་ཚན་པ་ལགས།
ད་ཐེངས་ཁྱེད་ཀྱིས་བྱེད་འབྲེལ་དང་བྱེད་མེད་ཐད་གོ་བ་ལེན་སྟངས་དེ་ངོ་མ་བློ་ངོར་མི་འབྱོར་བ་ཞིག་དང་བོད་ཀྱི་བརྡ་སྤྲོད་སྤྱིའི་འགྲོ་སྟངས་དང་ཡང་འགལ་འདུག་སྙམ་ཡ།
བྱེད་འབྲེལ་ལས་ཚིག་ལ་བྱ་བྱེད་ཐ་དད་པ་དང་ཐ་མི་དད་གཉིས་ཡོད་ཚུལ་གྱི་ལུགས་དེ་སུ་ལུགས་རེད་ཕལ་ཆེར་ཁྱེད་རང་གི་བསམ་ཚུལ་ཡིན་རྒྱུ་རེད། བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་གང་དུ་ཡང་དེ་ལྟར་གསུང་མེད་ཅེས་བཤད་ཐུབ།
བྱེད་འབྲེལ་ལས་ཚིག་ཅེས་པ་བྱེད་པ་པོ་གཞན་དང་འབྲེལ་བའི་ལས་ཞེས་པའི་དོན་ཡིན། དེའི་ཕྱིེར་བྱེད་འབྲེལ་ལས་ཚིག་ཡིན་ན་བྱ་བྱེད་ཐ་དད་པ་ཡིན་པའི་ཁྱབ་པ་ཡོད། བོད་ཀྱི་བརྡ་སྤྲོད་གཞུང་ལུགས་གང་གི་ལུགས་ཡིན་ན་ཡང་དེ་ལ་བྱ་བྱེད་ཐ་མི་དད་པ་ཞིག་འཇོག་མི་སྲིད།
ལེགས་བཤད་ལྗོན་དབང་སོགས་ལས། བྱེད་ལས་ཙམ་དང་འབྲེལ་བ་ཡི།། དངོས་པོ་བདག་ལའང་འཇུག་པ་མཐོང།། དོན་དེ་བྱེད་འབྲེལ་ལས་ཚིག་ལ་གོ་རྒྱུ་མིན་པའི་གནད་དེ་མཁྱེན་པར་མཛོད།
བྱེད་འབྲེལ་ལས་ཚིག་ཡིན་ན་བྱ་བྱེད་ལས་གསུམ་ཚང་དགོས། དཔེར་ན། གཅོད་ལྟ་བུ།སྐབས་འདིར་ཁྱེད་ཀྱིས་འགྲོ་ཉལ་སོགས་བྱེད་འབྲེལ་ལས་ཚིག་ཡིན་པ་གང་ཞིག་ལ་བྱ་བྱེད་ཐ་མི་དད་པ་ཡིན་ཅེས་པ་མཐོང་དུས་རྒྱུན་དུ་ངའི་བསམ་ཡུལ་ན་ཡོད་པའི་མདའ་ཚན་པ་ཡང་ང་དང་རྒྱང་རིང་དུ་འགྲོ་སོང་ཡ། རྩེད་མཚར་ཡིན།
འགྲོ་སོགས་བྱེད་ལས་ཙམ་དང་འབྲེལ་བ་ཡི་དངོས་པོ་བདག་ལྟ་བུ་ཡིན་ཀྱང་བྱེད་འབྲེལ་ལས་ཚིག་མིན། དེ་གཉིས་ལ་ཁྱད་པར་ཆེན་པོ་ཡོད། ད་དུང་གསལ་བཤད་ཅིག་བྱས་ན། བྱེད་འབྲེལ་ཞེས་པའི་འབྲེལ་གྱི་དོན་ནི་བྱེད་པ་པོ་གཞན་དང་འབྲེལ་བའི་དོན་ཡིན།
བྱེད་འབྲེལ་ཡིན་ན་དེའི་ཐོག་ཏུ་བདག་གཞན་དུས་གསུམ་དང་བྱ་བྱེད་ལས་གསུམ་ཚང།
གོང་དུ་བཀོད་པའི་འགྲོ་ལྟ་བུ་ནི་བྱེད་ལས་ཙམ་དང་འབྲེལ་བའི་ལས་སུ་འདོད་ན་འགྲིག་པ་དེ་དབྱངས་ཅན་གྲུབ་པའི་རྡོ་རྗེ་སོགས་གསུངས། གང་ལྟར་བྱེད་ལས་ཙམ་ཞེས་པའི་ཙམ་སྒྲས་བྱ་བའི་ཡུལ་དང་འབྲེལ་བའི་ལས་གཅོད།
སྤྱིར་བྱ་བྱེད་གསུམ་གྱི་ནང་ཚན་དུ་གྱུར་བའི་ལས་ཆ་ཚང་ཞིག་གྲུབ་ན་དེ་བྱེད་འབྲེལ་ལས་ཚིག་ཟེར། བྱེད་འབྲེལ་ལས་ཚིག་ཡིན་ན་བྱེད་པ་པོ་ལ་ཡོད་པའི་ལས་དང་བྱ་བའི་ཡུལ་ལ་ཡོད་པའི་ལས་གཉིས་ཀ་ཚང་དགོས། དེ་ཚང་བའི་ལས་ཚིག་ཅིག་ཡིན་ན་བྱ་བྱེད་ཐ་མི་དད་པ་ཞིག་ཡོང་མི་སྲིད་པ་ཤེས་ན་གཞི་ནས་བྱེད་འབྲེལ་དང་བྱེད་མེད་ཅེས་ཁྱད་པར་ས་མཚམས་ཡོད་པའི་ཐོག་ནས་འབྱེད་ནུས་སྙམ།
ཡང་བསྐྱར་མདའ་ཚན་པ་ལ་བཤད་རྒྱུ་ཞིག་སྐུལ་ཚིག་ཅེས་པའི་དོན་ལ་བསམ་བློ་ཐོངས་དང་སྐུལ་ཚིག་འཇོག་སྟངས་ལས་སླ་བོའི་ངང་ནས་བློ་ངོར་འཆར་ཐུབ་ཀྱིེ་རེད་ཡ།
སྐུལ་ཚིག་འཇོག་སྐབས་ལས་ཚིག་ཅིག་བྱེད་འབྲེལ་བྱེད་མེད་ཡིན་མིན་ལ་བསམ་བློ་བཏང་ནས་བཀོད་དགོས་པའི་ཁྱེད་ཀྱི་ལུགས་འདི་ཡང་ངོ་མ་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་སྤྱིའི་རྣམ་བཞག་དང་མི་མཐུན་ལ་དོན་ལ་ཡང་བློ་ངོར་འབྱོར་བ་ཞིག་མ་རེད།
དེས་ན་སྐུལ་ཚིག་ཐོབ་མིན་སྐུལ་ཚིག་སྦྱར་ཡུལ་སེམས་ལྡན་སེམས་མེད་ཡིན་མིན་གྱི་ཐོག་ནས་འབྱེད་ན། ད་གཟོད་གོ་བདེ་ཞིག་ཡོང་གི་རེད། སེམས་ལྡན་དེ་ཡང་ངས་སྔོན་ནས་བཤད་པ་ལྟར་སྐུལ་ཚིག་སྦྱར་ཡུལ་གྱིས་སྦྱར་མཁན་གྱི་གང་བཤད་པའི་དོན་གོ་དགོས་ནི་རེད་དེ་མིན་སྐུལ་ཚིག་སྦྱར་ནའང་ནུས་པ་ཐོན་རྒྱུ་མ་རེད། གནད་འདི་རྟོགས་སོང་གཞི་ནས་སྐུལ་ཚིག་སྦྱར་སྟངས་ལས་སླ་མོ་ཤེས་འགྲོ་རྒྱུ་རེད།
སྙན་ངག་སྤྲིན་གྱི་ཕོ་ཉ་ལྟ་བུའི་ནང་དུ་སྐུལ་ཚིག་སྤྲིན་སེམས་མེད་ལ་སྦྱར་བ་སོགས་ནི་སྤྲིན་སེམས་ལྡན་གྱི་གཟུགས་སུ་བཀོད་ནས་སེམས་ལྡན་དངོས་དང་འདྲ་བ་བྱས་ནས་སྦྱར་བ་ཡིན་གྱི་སེམས་མེད་བེམ་པོ་དངོས་ལ་སྦྱར་བ་མི་ཡིན་པ་ཤེས་པར་གྱིས།
དེ་ལྟ་བུའི་དཔེ་མང་ཡོད་པས་རྒྱུ་མཚན་གྱིས་སྐུལ་ཚིག་སེམས་མེད་ལ་འཇུག་པར་འདོད་ན་དེ་ནི་གོ་བ་ལོག་པའོ།
ལས་ཞོར་དུ་བྲིས་པས་ད་དུང་གསལ་བཤད་བྱེད་མ་ཐུབ་ས་དང་ནོར་བ་ཡོད་ན་དགོངས་དག་རྗེས་སུ་ཞིབ་བྲིས་བྱེད་ཆོག བཀྲ་ཤིས་བདེ་ལེགས།
ཁ་ཕྱོགས་མེད་ལགས།
ངས་བཤད་པ་དེ་དག་བཤད་ཚུལ་འགའ་རེར་འགལ་ཟླར་ཕྱིན་ཡོད་པ་དེ་ངས་ཤེས་ཀྱི་ཡོད། ངས་་བྱ་ཚིག་ཚང་མ་བྱེད་འབྲེལ་དང་བྱེད་མེད་གཉིས་ཀྱི་ནང་བསྡུས་ནས་ཤོད་ཀྱི་ཡོད། བྱ་ཚིག་ཚང་མ་བྱེད་འབྲེལ་དང་བྱེད་མེད་གཉིས་ཀྱི་ནང་སྡུད་ཐུབ་ཀྱི་རེད་དམ་མ་རེད།
དེ་ལྟར་ཐུབ་པ་ཡིན་ན། འགྲོ་ལ་སོགས་པ་བྱེད་འབྲེལ་རེད་དམ་བྱེད་མེད་རེད། ངས་བལྟས་ན། འདི་བྱེད་པ་པོ་དངོས་དང་འབྲེལ་བའི་བྱེད་འབྲེལ་རེད། བྱེད་མེད་ལས་ཚིག་ཅིག་ཡིན་ཕྱིན། དེ་ལ་བྱ་བྱེད་ཐ་དད་མི་དད་ཅིག་དབྱེ་བ་ཁོ་རང་འབྱེད་རྒྱུ་ལྷག་ཡོད་པ་མ་རེད། བྱེད་མེད་ཡིན་པའི་རྒྱུ་མཚན་གྱིས།
གོང་གསལ་དུ། ཁྱེད་རང་གིས་བྱེད་འབྲེལ་ལ་བྱ་བྱེད་ལས་གསུམ་ཚང་དགོས་ཚུལ་བཤད་པ་དེ་དག། བྱ་བྱེད་ཐ་དད་པ་ལ་ཚང་དགོས་པའི་ཆ་རྐྱེན་རྐྱང་རེད། ང་ཚོའི་བརྡ་སྤྲོད་ཁག་ནང་འདི་ལ་དབྱེ་མཚམས་གསལ་པོ་ཞིག་དང་གཏན་ཁེལ་ཡག་པོ་ཞིག་གནང་དགོས་པ་འདུག
ཀ བྱེད་འབྲེལ། ༡ བྱ་བྱེད་ཐ་དད་པ། གཅོད།
༢ བྱ་བྱེད་ཐ་མི་དད་པ། འགྲོ
ཁ བྱེད་མེད། འདི་ནི་བྱེད་མེད་ཡིན་ཙང་། དེའི་ནང་བྱ་བྱེད་ཐ་དད་མི་དད་ཅིག་དབྱེ་བ་འབྱེད་རྒྱུ་མེད་པ་རེད། སྐུལ་ཚིག་ཀྱང་སྦྱོར་ཐབས་མེད་པ་རེད། ཆད། ཆག་ལྟ་བུའོ།
དེ་ནས་སྐུལ་ཚིག་དེ་སེམས་ལྡན་དང་སེམས་མེད་ཀྱི་ཐོག་ནས་བཞག་ན་ལན་པོར་མཐོང་དཀའ། བྱེད་འབྲེལ་ཡིན་མིནགྱི་ཐོག་ནས་འཇོག་དགོས་པར་མཐོང་། རླུང་གིས་གཏོར། ཡིན་ན་འདྲ། དགྲ་བོས་གཏོར་ཡིན་ན་འདྲ། སེམས་ལྡན་ཡིན་མིན་དེ་གཙོ་བོ་མ་རེད། གཙོ་བོ་གཏོར་དེ་བྱེད་འབྲེལ་ཡིན་པའི་རྒྱུ་མཚན་གྱིས་སྐུལ་ཚིག་ལ་འཇུག་པ་རེད། འགྲོ་ཡི་སྐུལ་ཚིག་སོང་ཞིག་ཟེར་ནའང་བྱེད་འབྲེལ་ཡིན་པའི་རྒྱུ་མཚན་གྱིས་སྐུལ་ཚིག་ལ་འཇུག་པ་རེད། དེ་མིན། ཆད། ཆག་སོགས་བྱེད་མེད་ཡིན་ཙང་སྐུལ་ཚིག་ལ་སྦྱོར་མི་བདེ་བ་རེད། ཆད་ཅིག ཆག་ཅིག་མི་ཟེར་བར། ཆད་པར་ཤོག ཆད་གྱུར་ཅིག་ཟེར་བ་ལྟར་རེད། འདི་ལ་གསལ་བཤད་བྱེད་དགོས་པ་ཞིག་ནི། ཆོད་ཅིག ཆོག་ཅིག་ནི་གཅོད་དང་གཅོག་གི་སྐུལ་ཚིག་ཡིན་པའོ།
ཁྱེད་རང་གིས་དཀའ་གནད་གསལ་མེ་སོགས་ཁྱེར་ཡོང་ནས་མུ་མཐུད་ཨུ་ཚུགས་རྒྱག་གི་ཡིན་ན་ང་ལ་རྩོད་པ་མེད། དཀའ་གནད་ནང་ནོར་འཁྲུལ་ཡོད་པ་གཅིག་ངས་ཁྱོད་བཤད། མ་ནིང་གཉིས་ཀ་ད་ལྟར་ཆེད་གསུངས་ཡོད་པ་རེད། དོན་དངོས་སུ་མ་ནིང་གཉིས་དུས་ད་ལྟ་ལས་མ་འོངས་པ་ལ་འཇུག་པ་ཤས་ཆེ་བ་ཡིན་པ་དེ། དུས་གསུམ་གྱི་རྣམ་གཞག་མང་པོ་ཞིག་མདུན་དུ་བཤམས་ནས་གཅིག་ལྟོས་དང་ཁྱེད་ཀྱི་བློ་ངོར་འཆར་རྒྱུ་ཞིག་ཡོད་པ་རེད།
འགལ་མི་ཉན་པ་རྐྱང་ལ་འཐམས་བསྡད་པ་ཡིན་ན། ང་ཚོའི་བརྡ་སྤྲོད་ལ་ཡར་རྒྱས་ཁྱོན་ནས་གཏོང་ཐབས་ཡོད་པ་མ་རེད། དེ་ཙམ་ཡིན། བརྡ་སྤྲོད་སྐོར་ལ་དོ་སྣང་གནང་བར་ཐུགས་རྗེ་ཆེ།
ད་རུང་ཁ་སྣོན་ཅུང་བྱེད་ཆོག་པ་གྱིས།
གོང་གསལ་ཁྱེད་ཀྱིས་དྲངས་པའི། བྱེད་ལས་ཙམ་དང་འབྲེལ་བ་ཡི། དངོས་པོ་བདག་ལའང་འཇུག་པ་མཐོང་། ཟེར་བ་འདི་རེད།
བྱ་ཚིག་ཚང་མ་བྱེད་འབྲེལ་དང་བྱེད་མེད་གཉིས་ལ་དབྱེ་ན། ངས་འགྲོ་དེ་བྱེད་འབྲེལ་ནང་བསྡུས་པ་དེའི་རྒྱབ་སྐྱོར་དུ་འགྲོ་གི་འདུག དངོས་པོ་བདག་ལའང་འཇུག་པ་མཐོང་། ཟེར་ནས་བྲིས་འདུག་ག
དངོས་པོ་བདག་ཟེར་ན། བྱེད་པ་པོ། བྱེད་པ། བྱེད་ལས་བཅས་ཚང་བ་ཞིག་ལ་ཟེར་གི་ཡོད་པ་རེད། ཡིན་ནའང་། འགྲོ་ལ་མཚོན་ན། བྱེད་པ་པོ་དང་བྱེད་ལས་ཤིག་དང་འབྲེལ་ཡོད་ནའང་། བདག་མཚན་ཉིད་ཡོངས་སུ་ཚང་བ་ཞིག་མིན་པ་རེད། དེ་བས། དབྱངས་ཅན་གྲུབ་པའི་རྡོ་རྗེ་ནས་འདི་ལྟ་བུ་ལ། བྱེད་ལས་ཙམ་དང་འབྲེལ་བའི་དངོས་པོ་བདག་གསུངས་པ་རེད། ངས་འདི་བྱེད་འབྲེལ་ནང་བསྡུས་པ་རེད། དེ་ཡིན་ན། བྱེད་འབྲེལ་ནང་བདག་གཞན་གྱི་དབྱེ་བས་ཁྱབ་ཐུབ་པའི་བྱ་བྱེད་ཐ་དད་པ་ཞིག་དང་བདག་གཞན་གྱི་དབྱེ་བས་ཁྱབ་མི་ཐུབ་པའི་བྱ་བྱེད་ཐ་མི་དད་པ་ཞིག་གཉིས་ཡོང་གི་ཡོད་པ་རེད།
ཡོངས་གྲགས་ལྟར། འགྲོ་ལ་སོགས་པ་བྱེད་མེད་ལས་ཚིག་ནང་བསྡུས་པ་ཡིན་ན། དེ་ན་མགོ་འཐོམས་གཞི་ཞིག་ཡོད་པ་རེད། དེ་ལ་རིགས་གཉིས་ཡོད་པ་རེད། བྱེད་ལས་ཙམ་དང་འབྲེལ་བའི་འགྲོ ཉལ། ཡོང་ལ་སོགས་དང་། གོང་གསལ་ལྟར། ཆད། ཆག་ལ་སོགས་བྱེད་པ་པོ་དང་མ་འབྲེལ་བའི་རིགས་ཤིག་ཡོད་པ་རེད།
༡ བྱེད་ལས་ཙམ་དང་འབྲེལ་བའི་དངོས་པོ་བདག་ཟེར་གི་ཟེར་གི་བྱེད་པ་པོ་དང་འབྲེལ་བ་ཡོད་པ་ཞིག་བྱེད་མེད་ལས་ཚིག་ནང་བསྡུ་བ་དེ་ཡིད་ལ་འཇུག་བདེ་བ་ཞིག་མ་རེད།
༢ གོང་དུ་བཤད་པ་ལྟར། བྱེད་མེད་ལས་ཚིག་ཟེར་བཞིན་དུ། བྱ་བྱེད་ཐ་མི་དད་པ་ཟེར་ནས། བྱ་བྱེད་གཉིས་ཁྱེར་ཡོང་བ་དེ་ཡང་བློ་ངོར་མི་འབྱོར་བ་ཞིག་རེད།
མགོན་ཕྱག་ལགས།
ངས་འདིར་བརྡ་སྤྲོད་ཀྱི་གཞུང་ལུགས་རེ་སོང་རེ་ཁྱེར་ཡོངས་ནས་ཁྱོད་ལ་རྩོད་པ་བརྒྱབས་ཀྱི་མེད། དེ་བས་ཀྱང་ལེགས་བཤད་ལྗོན་དབང་དུ་སྐྱོན་ཡོད་མེད་ལ་ངས་འགན་ལེན་བྱེད་མེད། སྤྱིར་བོད་རང་གི་བརྡ་སྤྲོད་ཀྱི་གཞུང་ལུགས་སུམ་རྟགས་གཉིས་དང་དེའི་འགྲེལ་བ་ཡང་འགྲེལ་མང་བོ་ཡོད་པ་དག་གིས་མ་འདང་ས་དང་གནད་ཇི་བཞིན་དཀྲོལ་མ་ཐུབ་ས་ཡོད་སྲིད་ཀྱང། སྐབས་འདིར་ངེད་གཉིས་ཀྱི་གང་གླེང་བའི་གཞི་དེ་ནི་མཁས་པ་རྣམས་ཀྱིས་འགྲེལ་ཕྱོགས་དང་དགོངས་ཚུལ་འདྲ་མིན་ཡོད་མེད་ལ་མ་བལྟོས་པར་དེང་སྐབས་ཡོངས་གྲགས་སུ་ཁྱབ་པའི་འདོད་ཕྱོགས་བློ་ངོར་འཛིན་བདེ་བ་ཞིག་དང་ས་མཚམས་ཡོད་པའི་ཐོག་ནས་གཏན་ཆགས་སུ་གྱུར་འདུག་སྙམ། དེའི་ཕྱིར་དེ་ལ་རྩོད་པ་བྱེད་དགོས་དོན་ཅང་མེད་མོད། འོན་ཀྱང་ཁྱེད་ཀྱིས་བཤད་ཕྱོགས་དེས་བརྡ་སྤྲོད་གཞུང་ལ་གོམས་འདྲིས་གཏིང་ཟབ་མེད་མཁན་དག་གི་མགོ་བོ་རྨོངས་སུ་འཇུག་པར་དོགས་ནས་ངས་གསལ་བཤད་ཀྱི་ཚུལ་དུ་འདི་ལྟར་བྲིས་པ་ཡིན། 》༼སྐབས་འདིར་ངའི་མཐའ་འཁོར་དུ་ཕར་ལྟ་ཚུར་ལྟ་བྱས་དུས་བོད་ཡིག་གི་བདེ་གཅིག་ཀྱང་མཐོང་རྒྱུ་མེད་པས་གཞུང་ལུགས་དྲངས་ནས་སྒྲུབ་བྱེད་བཀོད་ཐབས་མི་འདུག་ཡ།༽
ཡང་བསྐྱར་ངས་གསལ་བཤད་ཐེངས་གཅིག་བྱེད།
ཐོག་མར་བྱ་བྱེད་ཐ་དད་དང་ཐ་མི་དད་པ་ཞེས་པའི་བྱ་བྱེད་ཅེས་པའི་དོན་ལ་བསམ་བློ་ཐོངས། སྐབས་འདིའི་བྱ་ཞེས་པ་དངོས་པོ་གཞན་དང་བྱེད་ཅེས་པ་བྱེད་པ་པོ་དངོས་པོ་བདག་ལ་གོ་དགོས། གནད་དེ་ཤེས་སོང་ན་བྱ་བྱེད་ཐ་དད་དང་ཐ་མི་དད་པའི་གོ་དོན་ས་མཚམས་ཤིག་ཡོད་པའི་ཐོག་ནས་རང་བཞིན་གྱིས་ཤེས་འགྲོ།
བྱ་ཚིག་ཡིན་ན་བྱེད་འབྲེལ་ལས་ཚིག་གམ་བྱ་བྱེད་ཐ་དད་པ་དང་་བྱེད་མེད་ལས་ཚིག་གམ་བྱ་བྱེད་ཐ་མི་དད་པ་གཉིས་གང་རུང་གི་ནང་བསྡུས་དགོས་པ་ཁྱོད་ཀྱི་བཤད་ལྟར་རེད་དེ་ལ་རྩོད་པ་མེད།
འོན་ཀྱང། འགྲོ་ལྟ་བུ་ཁྱེད་ཀྱི་བཤད་པ་ལྟར་བྱེད་འབྲེལ་ལས་ཚིག་མ་ཡིན་པར་བྱེད་མེད་ལས་ཚིག་ཡིན། རྒྱུ་མཚན། འགྲོ་ལ་འགྲོ་པ་པོ་ལས་ལོགས་སུ་འགྲོ་བྱ་གཞན་སྟོན་རྒྱུ་མེད་དེར་བརྟེན་བྱེད་པ་པོ་གཞན་དང་འབྲེལ་བའི་ལས་མེད། བྱ་བྱེད་ཐ་དད་དུ་མེད་པའི་རྒྱུ་མཚན་གྱི་གནད་ཀྱང་འདི་ལ་ཐུག་ཡོད། དེ་ལ་བྱ་བྱེད་ཐ་མི་དད་པ་ཞེས་བརྗོད། སྤྱིར་འདི་མགོ་རྙོག་ཅིག་ཡོད་ཀྱང་སུམ་རྟགས་གོམས་འདྲིས་ཅུང་ཡོད་ན་གསལ་བོ་ཤེས་ཐུབ་རྒྱུ་རེད། དེ་མིན་རིགས་པས་དཔྱོད་ས་ཆེར་མི་འགྲོ་ཡ།
མགོན་ཕྱག་ལགས། སྐུལ་ཚིག་གི་སྐོར་ལ་ཡང་བསྐྱར་ཁྱོས་བསམ་བློ་ཞིག་ཐོངས་གཞན་དང་བགྲོ་གླེང་བྱེད་རོགས། གཙོ་བོ་ཞིག་ཡོང་དགོས་པའི་དགོས་དོན་ལ་སོམས།
ད་ལྟ་ཁྱེད་ཀྱི་བློ་ངོར་ཡོད་པའི་འདོད་ཕྱོགས་ལ་འགྱུར་བ་འགྲོ་ཐུབ་པའི་རེ་བ་ཡོད། དུས་ཚོད་བྱུང་ན་རྗེས་སུ་རྒྱས་པ་འབྲི་ཡོང། བཀྲ་ཤིས་བདེ་ལེགས།
ཆད་ནོར། གཙོ་བོ་སྐུལ་ཚིག་ཅིག་ཡོང་དགོས་པའི་དགོས་དོན་ལ་སོམས།
བྱ་ཚིག་ལ་དབྱེ་ན་རིགས་མ་འདྲ་བ་གསུམ་ཡོད་པ་དེ་གསལ་བོ་རེད།
གཅིག བྱེད་པ་པོ་དང་འབྲེལ་བའི་བྱ་བྱེད་ཐ་དད་པ། གཅོད། སྐོར། དཀྲི་ལྟ་བུ།
གཉིས། བྱེད་པ་པོ་དང་འབྲེལ་བའི་བྱ་བྱེད་ཐ་མི་དད་པ། འགྲོ འདུག ཉལ ཡོང་ལྟ་བུ།
གསུམ། བྱེད་པ་པོ་དང་དངོས་སུ་མ་འབྲེལ་བའི་བྱ་ཚིག ཆད། ཆག རྙིད། གྱུར་ལྟ་བུ་རེད།
ཡོངས་གྲགས་ལྟར། འགྲོ་སོགས་བྱེད་པ་པོ་ཞིག་དང་དངོས་སུ་འབྲེལ་ཡོད་པའི་བྱ་ཚིག་ཅིག་བྱེད་མེད་ཁོངས་བསྡུས་པ་ཡིན་ན་ཅུང་བློ་ངོར་མི་འཇུག་པ་ཞིག་མ་རེད་དམ།
བྱེད་འབྲེལ་དང་བྱེད་མེད་ནི། ཚིག་གི་ངོ་གདོང་རང་ནས་བལྟས་ན། བྱེད་པ་པོ་དང་འབྲེལ་མ་འབྲེལ་དང་བྱེད་པ་པོ་ཡོད་མེད་ཀྱི་གོ་དོན་མ་གཏོགས་གཞན་གང་ཡང་ཡོད་པ་མ་རེད། བདག་གཞན་གྱི་དབྱེ་བ་དེ་གཙོ་བོ་བྱ་བྱེད་ཐ་དད་མིན་གྱི་ཐོག་ནས་དབྱེ་གི་ཡོད་པ་རེད། ཁྱོད་ཀྱིས་བཤད་པ་ལྟར། དེ་ཡང་བྱ་དང་བྱེད་ཀྱི་ཐོག་ནས་ཡོང་གི་ཡོད་པ་རེད། དེ་བས། འགྲོ་སོགས་བྱེད་འབྲེལ་ཁོངས་བསྡུས་ན་འགལ་ཆ་མཐོང་གི་མི་འདུག
དེ་ཡིན་ན། བྱེད་འབྲེལ་ཟེར་ནས། དེའི་ནང་བྱ་བྱེད་ཐ་དད་མི་དད་གཉིས་ཡོང་གི་ཡོད་རེད།
དེ་ནས་བྱ་བྱེད་ཐ་དད་མི་དད་ནི། གཅོད་ལྟ་བུ་བྱ་བྱེད་ཐ་དད་པ་རེད། འགྲོ་ལྟ་བུ་བྱ་བྱེད་ཐ་མི་དད་པ་རེད། འགྲོ་བ་པོ། འགྲོ་བྱེད་ཟེར་ནས་བྱེད་ལས་ཙམ་དང་འབྲེལ་བའི་བདག་རེད།
ཆད། ཆག་གི་རིགས་འདི་ཚོ་བྱེད་འབྲེལ་མིན་པའི་རྒྱུ་མཚན་གྱིས་དེ་ལ་བྱ་བྱེད་དབྱེ་རྒྱུ་ཞིག་ཡོད་པ་མ་རེད། དེ་བས་བྱ་བྱེད་ཀྱི་མིང་འདི་མི་ཐོབ་ལ། དེ་མ་ཐོབ་ན་ཐ་དད་མིན་གྱི་མིང་འདི་ལྷག་ཏུའང་ཐོབ་དཀའ། འདིའི་སྐོར་འདི་ཚོ་བརྡ་སྤྲོད་ནང་གསལ་ཁ་བཏོད་དགོས་པར་མཐོང་།
ད་འགྲོ་དེ་བྱེད་འབྲེལ་ཁོངས་བསྡུས་ན་ཁྱོད་ཀྱི་བློར་མི་འཇུག་གི འགྲོ་དེ་བྱེད་མེད་ཁོངས་བསྡུས་ན་ངའི་བློ་ངོར་མི་འབབ་གི ད་དེར་མིང་གསུམ་པ་ཞིག་བཏགས་ནས། བྱེད་འབྲེལ་བྱེད་མེད་ནང་ནས་བཅིང་འགྲོལ་བཏང་བ་ཡིན་ན་ག་འདྲ་འདུག དངོས་གནས་ཞིབ་ཚགས་པོས་བསམ་བློ་ཞིག་བཏང་པ་ཡིན་ན། བྱ་བྱེད་ཐ་མི་དད་པ་ཟེར་ན། བྱེད་ལས་ཙམ་དང་འབྲེལ་བའི་བདག་ཁོ་ན་ལ་གོ་ན་འགྲིགས་ཀྱི་འདུག་སྙམ།
མཁས་དབང་རྣམས་ལ་དྲི་བ་ཐུང་ངུ་ཞིག་ཞུ་བ། ཐོན༽ཟེར་བ་འདིར་ཡང་གསང་བ་ཞིག་འདུག་པས་གསལ་བཤད་བཀའ་དྲིན་མ་ཆུང་། སྐབས་རེར་དུས་སུ་བབས་པ་ལྟ་བུ། སྐབས་རེར་འབྱུང་ཁུངས་། སྐབས་རེར་བདེ་འཇགས་སོགས་གོ་བ་ཐ་དད་པར་འདུག་པ་འདིར་ཚབ་ཚིག་གཅིག་རྙེད་དམ། དཔེར་ན། བསྟན་རིམ་ལས། འཆི་བ་མི་རྟག་པའི་ཐོན་ཆོས་འདི་བསྒོམ། ཞེས་དང་། མགོ་ཐོན་གཞུག་འཁྱོངས། ལམ་ཐོན་དུས་འཛོམས། གཞན་དུ། ཐོན་ཕྱག ཐོན་ཚད། ཐོན་ཡུལ། ཐོན་སྒོ། ཐོན་བབས། ཐོན་སྐྱེད། ཕྱིས་ཐོན། སྔོན་ཐོན་སོགས་ལ་དཔྱད་པ་ཅིག་གནང་འཚལ།
འདིར་དྲ་གྲོགས་རྣམས་ཀྱིས་བྱ་བྱེད་ལས་གསུམ་གྱི་སྐོར་བགྲོ་གླེང་མང་པོ་ཞིག་བྱས་བཞག ངས་ནི་ལེགས་བཤད་ལྗོན་དབང་ཐེངས་ལྔ་ཙམ་དང་དཀའ་གནད་གསལ་མེ་ཐེངས་གཉིས་ཙམ་དེ་བཞིན་སུམ་རྟགས་ཐེངས་གཉིས་རེ་སྦྱངས་ཁུལ་བྱས་ཀྱང་བྱ་བྱེད་ལས་གསུམ་གྱི་སྐོར་ཅུང་ཟད་ཙམ་ཡང་ཤེས་མ་སོང་། འདིར་དྲ་གྲོགས་རྣམས་ཀྱིས་སྤེལ་བའི་རྩོམ་ཡིག་དེ་དག་བཀླགས་ཀྱང་གོ་བ་ཅུང་ཙམ་ཡང་སྐྱེ་རོགས་བྱེད་ཀྱི་མིན་འདུག དེ་ཡིན་དུས་དྲ་གྲོགས་རྣམས་ཁོམ་པ་ཡོད་ན་བྱ་བྱེད་ལས་གསུམ་རེ་རེའི་སྐོར་དཔེར་བརྗོད་དང་བཅས་པའི་ངོ་སྤྲོད་གསལ་བཤད་རེ་གནང་རོགས་ཞུ་གི་ཡིན།
གཅིག་ནས་བལྟས་ན་བོད་ཀྱི་མཁས་དབང་རྣམ་པས་སོ་སོ་མཁས་འདོད་དང་གྲགས་འདོད་ལྟ་བུ་ཞིག་གི་ཐོག་ནས་བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་ལུགས་རྣམས་གོ་ཁག་པོ་བཟོས་པ་འདྲ་བུ་ཞིག་ཀྱང་མཐོང་གི་འདུག དཔེར་ན་དུས་གསུམ་གྱི་རྣམ་གཞག་འདྲ་བུ་ཞིག་ལ་དཔེ་མཚོན་ན་འདས་མ་འོངས་ད་ལྟ་གསུམ་གྱིས་མ་འཐུས་པ་ཞིག་མེད་ཀྱང་དེང་སང་དུས་གསུམ་སྤྱི་བྱེ་སོགས་ལྔར་དབྱེ་ཡོང་གི་འདུག དེ་ཚོ་ཤེས་པས་དགོས་པ་ག་རེ་ཡོད་རེད། དཔེ་ཆ་ཆེ་གེ་མོ་ཞིག་གི་ནང་དུ་མཁས་པ་ཆེ་གེ་མོ་ཞིག་གིས་དེ་འདྲ་གསུངས་ཡོད་རེད་ཅེས་ཤེས་པའི་དགོས་པ་ཙམ་མ་གཏོགས་དེ་ལས་ལྷག་པའི་ཕན་པ་ཅིག་ཡོད་མདོག་ཁག་པོ་མཐོང་གི་མིན་འདུག
དེ་ག་ནང་བཞིན་བདག་གཞན་གྱི་དབྱེ་བ་ཤེས་པས་ཀྱང་ཕན་ཐོགས་ག་རེ་ཡོད་རེད། བརྡ་སྤྲོད་ཀྱི་གཞུང་ཟེར་ཡ་དེ་ཡི་གེ་སྦྱོར་ཚུལ་སྟོན་པའི་གཞུང་ཞིག་རེད། དེ་ཚོ་ཤེས་པས་ཡི་གེ་སྦྱོར་ཚུལ་ཤེས་རྒྱུར་ཕན་ཐོགས་ག་རེ་ཡོད་རེད། དེ་བས་དེ་འདྲ་དགོས་མེད་ཀྱི་བདག་གཞན་དུས་གསུམ་སྐོར་གཡུག་ནས་མགོན་ཕྱག་གཉིས་པས་བཤད་པ་ལྟར་བཤད་ན་བོད་ཀྱི་བརྡ་སྤྲོད་པའི་གཞུང་ལུགས་ལ་གོ་བ་ལེན་སླ་པོ་ཆགས་ས་རེད་བསམ་གྱི་འདུག
བདག་གཞན་གྱི་དབྱེ་བས་མགོ་བོ་རྨོངས་ཚུལ་དཔེ་མཚོན་ཞིག་ཞུ་ན་ དཔེར་ན་ཁ་ཕྱོགས་མེད་ཀྱིས་བྱེད་འབྲེལ་ཞེས་པའི་གོ་དོན་བྱེད་པ་པོ་གཞན་དང་འབྲེལ་བ་ཞིག་ལ་གོ་དགོས་ཟེར་གསུངས་ཤིང་། ཡང་འོག་ཏུ་བདག་གཞན་གྱི་གོ་བ་བཤད་དུས་བྱེད་པོ་དང་དེ་དང་འབྲེལ་བའི་ལས་ཚང་མ་བདག་གཞན་གཉིས་ལས་བདག་ཡིན་ཞེས་གསུངས་འདུག
གང་འདྲས་མགོ་རྨོངས་ཀྱི་ཡོད་ཟེར་ན་གོང་དུ་བྱེད་པོ་དེ་བདག་གཞན་གཉིས་ནས་གཞན་ཡིན་པ་འདྲ་བུ་ཞིག་གསུངས་ཤིང་འོག་ལ་བྱེད་པོ་དེ་བདག་ཡིན་གསུངས་ཡོངས་དུས་བདག་ལྟ་བུའི་བློ་གསར་བུ་བ་རྣམས་མགོ་རྨོངས་འགྲོ་གི་འདུག
དེ་ཡིན་དུས་སྤྱིར་བདག་གཞན་གྱི་སྐད་ཆ་དང་ལྷག་པར་དུ་བྱེད་འབྲེལ་ལས་ཚིག་གི་སྐོར་བཤད་དུས་གཞན་གྱི་ཚིག་གཡུགས་ནས་ཐད་ཀར་དུ་བྱེད་པོ་དང་དངོས་སུ་འབྲེལ་བ་ཞེས་བརྗོད་ན་མི་ཆོག་པ་ག་རེ་ཡོད།
གང་ལྟར་དེ་དག་རྣམས་ནི་ངའི་བསམ་ཚུལ་ཙམ་ཡིན་པས་དྲ་གྲོགས་རྣམས་ཀྱིས་ལས་དང་པོ་བ་བདག་ལྟ་བུས་གོ་ཐུབ་པའི་ལན་དོན་མཐུན་ཞིག་གསུང་རོགས་ཞུ།
ཡང་གཅིག་ཞུ་རྒྱུ། མི་ཕམ་པའི་ས་མཐའི་རྣམ་དབྱེར། དུས་ཀྱི་དབང་གི་འདས་པའི་ཚིག་རྣམས་དང་། །སྐུལ་ཚིག་རྣམས་ལ་ས་མཐའ་རྟག་ཏུ་ཐོབ། །ཅེས་གསུངས་པ་ལརྟག་ན་དུས་གསུམ་ལ་བདག་གཞན་གཉིས་སུ་འདུས་པའི་དུས་གསུམ་དང་བདག་གཞན་གཉིས་སུ་མ་འདུས་པའི་དུས་གསུམ་གཉིས་སུ་དབྱེ་ཞིང་། བདག་གཞན་གཉིས་སུ་མ་འདུས་པའི་དུས་གསུམ་ཡིན་ན་འདས་པ་དང་སྐུལ་ཚིག་རྣམས་སུ་ས་མཐའ་ཐོབ་པས་ཁྱབ་ཅེས་ཁས་ལེན་ཐུབ་ཚུལ་འདྲ་བོ་ཞིག་གསུངས་འདུག དེ་འདྲ་ཨེ་ཡིན།
ཡང་དེའི་འོག་ཏུ་འདས་ཚིག་བཏེག་ལ་ས་མ་ཐའ་མི་ཐོབ་སྟེ་བཏེག་ཅེས་པའི་བྱ་ཚིག་དེ་བྱེད་པ་ཙམ་གྱིས་ཕྱེ་བའི་བྱ་ཚིག་ཡིན་པའི་ཕྱིར་ཞེས་དང་། བྱ་བའི་ཡུལ་ལ་རང་དབང་ཡོད་པའི་བྱེད་པ་ལ་བྱེད་པ་པོ་དང་བྱེད་པ་གཉིས་ལས་བྱེད་པ་པོ་གང་ཟག་གིས་བྱས་ཟིན་པ་ཡིན་ན་བཏེགས་ལྟ་བའི་འདས་ཚིག་ལ་ཡང་འཇུག་ས་མཐའ་སྦྱོར་དགོས་ཞེས་གསུངས་ཚུལ་ལ་བརྟགས་ན། བྱ་ཚིག་ལ་བྱེད་འབྲེལ་བྱེད་མེད་གཉིས་དང་བྱེ་པ་ཙམ་གྱིས་ཕྱེ་བ་སོགས་ཡོད་ཚུལ་འདུག
དེའི་སྐོར་གང་འདྲས་ཡིན་གསུངས་རོག་ཞུ།
ངའི་དོགས་པ་འདིར་དྲ་གྲོགས་སུ་ཞིག་གིས་དོ་སྣང་གནང་མིན་འདུག རྩོམ་ཡིག་ཡག་པོ་མེད་པས་ཡིན་ས་རེད། གང་ལྟར་ད་དུང་ངའི་བསམ་ཚུལ་ཐུང་ཐུག་ཞིག་བཀོད་ན་འདོད། ངའི་བསམ་ཚུལ་ལ་བྱ་བྱེད་ལས་གསུམ་ཟེར་བའི་བྱ་ནི་བྱ་ཡུལ་དང་བྱེད་ནི་བྱེད་པ་པོ། ལས་ནི་བྱ་ཡུལ་དང་བྱེད་པའི་ལས་གཉིས་ལ་གོ་བ་ཡིན་ནམ་སྙམ།
མགོན་ཕྱག་གཉིས་པས་བདག་གཞན་གྱི་དབྱེ་བ་དེ་གཙོ་བོ་བྱ་བྱེད་ཐ་དད་མིན་གྱི་ཐོག་ནས་དབྱེ་གི་ཡོད་པ་རེད་གསུངས་པའི་བྱ་ནི་བྱ་བ་དང་བྱེད་ནི་བྱེད་པ་པོ་ཡིན་ནམ་སྙམ། འགྲེལ་བཤད་དེ་དྲ་ཚིགས་ཀློག་པ་པོ་རྣམས་ལ་ངའི་གོ་བ་ལོན་ཚུལ་གྱི་རྒྱུགས་སྤྲོད་འབུལ་བ་ཡིན་པས་ཐེངས་གཅིག་གཟིགས་ནས་བཀའ་སློབ་བཟང་པོ་རེ་གསུངས་རོགས་གནང་།
ད་དུང་གཅིག་ཞུ་རྒྱུ་གོང་དུ་བདག་གཞན་གྱི་དབྱེ་བ་ལ་བྱ་བྱེད་ལས་གསུམ་ཀ་ཚང་དགོས་ཞེས་གསུངས་འདུག བྱ་བྱེད་ལས་གསུམ་ཀ་ཚང་ཚུལ་ནི་དཔེར་ན་ཤིང་གཅོད་པོས་ཤིང་གཅོད་པའི་དཔེ་ལ་མཚོན་ན། སྟ་རེ་འདེགས་འཇོག་བྱས་ནས་ཤིང་གཅོད་པར་བྱེད་པའི་གང་ཟག་དེ་བྱེད་པོ་དང་། གང་གཅད་པར་བྱ་བའི་ཤིང་དེ་བྱ་ཡུལ། དེ་བཞིན་བྱེད་པོ་གང་ཟག་དེས་སྟ་རེ་འདེགས་འཇོག་བྱེད་པ་དེ་བྱེད་པ་པོ་ལ་ཡོད་པའི་ལས་དང་། ཤིང་དུམ་བུར་ཆད་ནས་འགྲོ་བ་དེ་བྱ་བའི་ཡུལ་ལ་ཡོད་པའི་ལས་ཡིན་པ་རེད།
དེ་འདྲ་ཡིན་ན་འགྲོ་ལྟ་བུ་ཞིག་ལ་མཚོན་ན་ཡང་རྐང་པ་གོམ་སྟབས་རྒྱབ་ནས་འགྲོ་བར་བྱེད་པ་པོའི་གང་ཟག་དེ་བྱེད་པ་པོ་དང་། གང་ལ་འགྲོ་བའི་ཡུལ་ནི་བྱ་ཡུལ། བྱེད་པ་པོ་གང་ཟག་གིས་རྐང་པ་འདེགས་འཇོག་བྱེད་ནས་གོམ་པ་རྒྱབ་པ་དེ་བྱེད་པ་པོ་ལ་ཡོད་པའི་ལས་དང་། གང་དུ་འགྲོ་བའི་ཡུལ་ལ་ཐག་ཉེ་རུ་ཕྱིན་པ་ནི་བྱ་བའི་ཡུལ་ལ་ཡོད་པའི་ལས་ཡིན་ཞེས་བརྗོད་ཀྱང་འགྲིགས་པ་ལྟ་བུ་ཞིག་མཐོང་གི་འདུག
གལ་ཏེ་འགྲོ་ལ་བྱ་བྱེད་ལས་གསུམ་ཀ་ཚང་ན་བྱེད་ལས་ཙམ་དང་འབྲེལ་བའི་ལས་ཞེས་བརྗོད་དགོས་དོན་ག་རེ་ཡིན་ནམ། ཡང་སུམ་རྟགས་སི་ཏུའི་འགྲེལ་ཆེན་ནང་དུ་བདག་གཞན་གྱི་དབྱེ་བ་དེ་ཤེད་མཚུངས་མིན་གྱི་ཐོག་ནས་འཇོག་ཚུལ་ཞིག་གསུངས་ཡོད་ཚོད་རེད། ཤེད་མཚུངས་མི་མཚུངས་ཀྱི་གོ་བ་དེ་ཇི་ལྟར་ལགས། དྲ་གྲོགས་སུ་ཞིག་ཡིན་ན་ཡང་ངའི་དྲི་བ་དེ་ཚོ་བཏང་སྙོམས་ཀྱི་ངང་དུ་མ་བཞག་པར་ལན་ཅིག་གསུངས་རོགས་ཞུ་གི་ཡིན། ཐུགས་རྗེ་ཆེ།
༼ནོར་བཅོས་༽བྱེད་ལས་ཙམ་དང་འབྲེལ་བའི་ལས་ཞེས་པ་དེ་”བྱེད་ལས་ཙམ་དང་འབྲེལ་བའི་བདག་”ཅེས་བཅོས།
གཡུ་འབྲུག་ལགས།
༡ བྱ་བྱེད་ཐ་དད་པ་ཟེར་བའི་ནང་གི། བྱ་ནི་བྱ་བའི་ཡུལ་དང་། བྱེད་ནི་བྱེད་པ་པོ་ལ་གོ་དགོས་པ་འདྲ། གཅོད་ལྟ་བུར་མཚོན་ན། འདི་གཅོད་པ་པོ་རེད། འདི་གཅད་བྱའི་ཤིང་རེད་ཟེར་ནས། བྱེད་པ་པོ་དང་བྱ་ཡུལ་གཉིས་ཐ་དད་དུ་སོ་སོར་ངོས་འཛིན་དུ་ཡོད་པ་རེད། དེ་འདྲ་ཡིན་ཙང་འདི་དང་འདི་འདྲ་བའི་བྱ་ཚིག་ཚང་མ་བྱ་བྱེད་ཐ་དད་པ་རེད།
༢ འགྲོ་ལྟ་བུར་མཚོན་ན། བྱེད་པ་པོ་དང་བྱ་ཡུལ་གཉིས་ཐ་དད་དུ་ངོས་འཛིན་དུ་མེད་པར། འགྲོ་བ་པོ་ཟེར་ནའང་འདྲ། འགྲོ་བྱ་ཟེར་ནའང་། བྱ་བྱེད་གཉིས་ལོགས་སུ་དབྱེ་བ་འབྱེད་རྒྱུ་མེད་པར་བྱེད་པ་པོ་གཅིག་གི་ཐོག་ཏུ་གྲུབ་བསྡད་ཡོད་པ་རེད། དེ་བས་དེ་བྱ་བྱེད་ཐ་མི་དད་པ་ཡིན་པ་རེད། འདིའི་སྐབས་ཀྱི་བྱ་ཡུལ་དེ་འགྲོ་སའི་ས་ཆ་ལ་གོ་ན་ནོར་བ་རེད།
༣ ལས་ལ་བྱ་ལས་བྱེད་ལས་གཉིས་ཟེར་བ་ནི། རྟགས་འཇུག་ནང་། ལས་དེ་བྱ་ཡུལ་ལ་འཇུག་པའི་སྐབས་ཤིག་དང་བྱ་ཚིག་ལ་འཇུག་པའི་སྐབས་གཉིས་ཡོད་པ་ལས་འདིར་བྱ་ཚིག་ལ་འཇུག་པ་ཡིན། གཅོད་པར་བྱེད་ནི་བྱེད་པ་པོ་ལ་ཡོད་པའི་བྱེད་པའི་ལས་དང་། གཅད་པར་བྱ་ནི་བྱ་བའི་ཡུལ་ལ་ཡོད་པའི་བྱ་ལས་ཡིན་པ་རེད།
དེའི་རྒྱུ་མཚན་ནི། སྟ་རེ་འདེགས་འཇོག་སོགས་ཀྱི་བྱེད་ལས་ཚང་མ་གཅོད་མཁན་ལ་འབྲེལ་བསྡད་ཡོད་པས་བྱེད་པ་པོ་ལ་ཡོད་པའི་ལས་ཞེས་གསུངས་པ་འདྲ། དེ་ནི་ཁྱེད་ཀྱིས་གསུངས་པ་ལྟར་རེད།
གཅད་བྱའི་ཤིང་གཅད་པར་བྱ། ལྟ་བུར་མཚོན་ན། བྱེད་པ་པོས་རྔུལ་ནག་འདོན་བཞིན་བྱེད་བཞིན་པའི་ལས་ཤིག་མིན་པས་དེ་བྱེད་པ་པོའི་ཐོག་ཡོད་པ་མ་རེད། མ་འོངས་པ་དང་བྱ་ཡུལ་ཤིང་ལ་འབྲེལ་བ་ཡོད་པས་བྱ་ལས་ནང་བཞག་པ་ཡིན་པ་འདྲ།
བློ་ངོར་མི་འབྱོར་བ་ཞིག་ནི། ཤིང་དུམ་བུར་ཆད་ནས་འགྲོ་བ་དེ། བྱ་བའི་ཡུལ་ལ་ཡོད་པའི་ལས་ཡིན་ཟེར་བ་དེ་རེད། ཆད་ནི་བྱེད་མེད་ལས་ཚིག་རེད། དེ་ལ་བྱེད་ལས་བྱ་ལས་ཤིག་དགར་རྒྱུ་ཨེ་ཡོད་སྙམ། གཅོད་བཞིན་པ་དེ་བྱེད་ལས་ཡིན་པ་བཤད་ཟིན་པ་ལྟར་རེད།
སྤྱིར་བཏང་སྐབས་འདིར། བདག་གཞན་དང་བྱ་བྱེད་ཀྱི་དབྱེ་བ་གསལ་བར་བྱེད་པའི་ཕྱིར་ལས་ལའང་བྱ་ལས་བྱེད་ལས་གཉིས་དབྱེ་བ་མ་གཏོགས་གཞན་དུས་འདས་པ་དང་སྐུལ་ཚིག་ཚང་མ་བྱ་ལས་བྱེད་ལས་ནང་ལ་བསྡུ་དགོས་ན། སྐུ་མཉེལ་བོ་ཡོང་གི་རེད་བསམ། དཔེ་བཞག་ན། དུས་འདས་པ་ལྟ་བུར་མཚོན་ན། བཅད་ཚར་བའི་ལས་ཀ་དེ། བྱེད་པ་པོ་དང་བྱ་ཡུལ་ཤིང་གཉིས་ལས་གཅིག་གི་ཐོག་ཏུའང་མེད་པ་རེད། བཅད་ཚར་རེད། ལས་གྲུབ་རེད། ཞིབ་ཚགས་པོས་བལྟས་པ་ཡིན་ན། བྱ་ཚིག་གཅིག་ལའང་། བྱེད་པ་པོ་ཡོད་མེད་དང་དུས་ཀྱི་ཁྱད་པར་གྱིས་མི་འདྲ་བ་ཁག་དྲུག་སྟེ། གཅད་བྱ། གཅོད་བྱེད། བཅད་ཟིན། ཆོད་ཅིག ཆོད་པར་གྱུར། ཆད།
ཚང་མ་བྱ་ལས་བྱེད་ལས་ནང་བསྡུ་དགོས་ན་རྙོག་དྲ་གསར་པ་ཞིག་ཡིན་པ་འདྲ།
མགོན་ཕྱག་གཉིས་པ་ལགས། ཉིད་ཀྱིས་སྐུ་ངལ་འཛེམས་མེད་ཐོག་བདག་ལ་ལན་གསུངས་ནང་བ་ལ་ཐུགས་རྗེ་ཆེ་ཞུ།
ཡིན་ན་ཡང་ཁྱེད་ཀྱིས་ང་ལ་ད་དུང་དོགས་པ་ཞིག་གསར་དུ་སྐྱེ་རུ་བཅུག་སོང་། བྱ་བྱེད་ཐ་དད་ཟེར་བ་དེ་བྱེད་པོ་དང་བྱ་ཡུལ་ཐ་དད་ལ་ཟེར་བ་ནི་བློ་ལ་འཆར་མི་བདེ་བ་ཞིག་རེད་འདུག རང་གི་བསམ་པར་ནི་བྱེད་པ་པོ་དང་བྱ་བ་ཐ་དད་ཡིན་མིན་གྱི་སྐད་ཆ་མིན་ནམ་སྙམ་པ་ཡོད། ཡང་ཉིད་ཀྱིས་འདི་སྐབས་ཀྱི་བྱ་ཡུལ་འདི་གང་དུ་འགྲོ་བའི་ཡུལ་ལ་གོ་མི་ཉན་གསུངས། དེ་ལྟར་ན་རྣམ་དབྱེ་གཉིས་པའི་སྐབས་སུ་གསུངས་པའི་བྱ་ཡུལ་དང་སྐབས་འདིའི་བྱ་ཡུལ་ལ་གོ་བ་ཁག་ཁ་ལེན་དགོས་པ་འདྲ།
ད་ང་མགོ་འཁྲུགས་སོང་།
བྱེད་པ་ཙམ་གྱིས་ཕྱེ་བའི་བྱ་ཚིག་ཟེར་བ་ཞིག་གོང་དུ་ཞུས་ཡོད་པས་དེའི་སྐོར་དགོངས་ཚུལ་གསུང་རྒྱུ་ཡོད་ན་གསུངས་རོགས་ཞུ།
༡ རྣམ་དབྱེ་གཉིས་པའི་བྱ་ཡུལ་དང་བྱ་བྱེད་སྐབས་ཀྱི་བྱ་ཡུལ་གཉིས་གཅིག་པ་མ་རེད།
དཔེ་བཞག་ན། མགོན་པོ་ཕྱག་གཉིས་པས་ཁ་བརྡ་དྲ་ཁང་དུ་བྱེད་འབྲེལ་བཤད། ཟེར་ན
མགོན་པོ་ཕྱག་གཉིས་པ། བྱེད་པ་པོའམ་འཆད་པ་པོ་རེད།
ཁ་བརྡ་དྲ་ཁང་། སྐད་ཆ་བཤད་སའི་བྱ་ཡུལ་རེད།
དུ་ལ་དོན་གྱི་ཕྲད་རེད།
བྱེད་འབྲེལ་བཤད་པ། བྱ་བ་རེད། ཚིག་གྲུབ་འདི་རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་རེད།
འདིའི་ནང་། ལ་དོན་སྐབས་ཀྱི་བྱ་ཡུལ། ཁ་བརྡ་དྲ་ཁང་རེད།
བྱ་བྱེད་ཐ་དད་མིན་སྐབས་ཀྱི་བྱ་ཡུལ། བཤད་བྱའི་སྐད་ཆ་རེད།
ད་ཁྱད་པར་ཧ་གོ་སོང་ངམ།
༢ བྱ་བྱེད་ཐ་དད་པ་ཟེར་ན། བྱ། བྱ་བའི་ཡུལ་དང་། བྱེད། བྱེད་པ་པོ་རེད། ད་འདི་ནས་མར་བྱ་བའི་ཡུལ་དང་བྱེད་པ་པོ་གཉིས་ཇི་ལྟར་ཐ་དད་པ་ཡིན་པ་ངོ་སྤྲོད་བྱ།
བཤད་ཟེར་བའི་བྱ་ཚིག་འདི་བྱ་བྱེད་ཐ་དད་པ་རེད། དེ་བྱ་བྱེད་ཐ་དད་པ་ཡིན་པའི་རྒྱུ་མཚན་ནི། འདི་འཆད་པ་པོའམ་འཆད་མཁན་མགོན་པོ་ཕྱག་གཉིས་པ་རེད། དེ་ཁོས་བཤད་བྱའི་བྱེད་འབྲེལ་རེད། ཟེར་ནས་བྱེད་པ་པོ་དང་བྱ་བའི་ཡུལ་ཐ་དད་དུ་ངོས་འཛིན་དུ་ཡོད་པ་རེད། ཁག་ཁག་སོ་སོ་བྱས་ནས་ངོས་འཛིན་རྒྱུ་ཡོད་པ་རེད།
འགྲོ། ཉལ། ཉོབ། སྐོམ་ལྟ་བུ། བྱ་བྱེད་ཐ་མི་དད་པ་རེད། འདིའི་ནང་བྱེད་པ་པོ་ཞིག་ངོས་འཛིན་དུ་ཡོད་ནའང་། བྱེད་པ་པོ་ལས་ལོགས་སུ་དབྱེ་ནས། འགྲོ་བྱ། ཉལ་བྱ། ཉོབ་བྱ། སྐོམ་བྱ་ཟེར་བའི་བྱ་ཡུལ་ཞིག་ངོས་འཛིན་དུ་མེད་པ་རེད། དེ་འདྲ་སོང་ཙང་བྱ་བྱེད་ཐ་མི་དད་པ་རེད། ད་མགོ་ཚོས་སོང་ངམ།
ཡང་།གོང་གི་འགྲོ་ཉལ་དང་འབྲེལ་བ་ཡོད་པའི། མངག བསྙལ། ལྟ་བུ་བྱ་བྱེད་ཐ་དད་པ་ཡིན་པས། མངག་པ་པོ། མངག་བྱའི་ཕོ་ཉ། སྙོལ་པ་པོ། བསྙལ་བྱའི་བྱིས་པ་ཟེར་ནས་བྱ་བའི་ཡུལ་དང་བྱེད་པ་པོ་གཉིས་ལོགས་སུ་དབྱེ་བ་འབྱེད་རྒྱུ་ཡོད་པ་རེད། ད་འཐོམས་སངས་པའི་རེ་བ་ཡོད།
བྱེད་པ་པོ་དང་བྱ་བ་ཐ་དད་ཟེར་བ་ཞིག་ཡོད་པ་མ་རེད། བྱ་བ་ཚང་མ་བྱེད་པ་པོ་ཞིག་དང་འབྲེལ་བསྡད་ཡོད་པ་རེད། གཅོད་ཟེར་ནའང་བྱེད་པ་པོ་ཞིག་གིས་གཅོད་ཀྱི་ཡོད་པ་རེད། འགྲོ་ཟེར་ནའང་བྱེད་པ་པོ་ཞིག་འགྲོ་གི་ཡོད་པ་རེད།
བྱ་བྱེད་དང་བདག་གཞན་གྱི་དབྱེ་བ་གཏིང་ཟབ་ཟབ་འདྲ་བ་འདི་ཚོ། དོན་ངོ་མས་བྱེད་འབྲེལ་དང་བྱེད་མེད་ཀྱི་བྱ་ཚིག་འདི་ཚོའི་དོན་མ་འདྲེས་པར་གསལ་བར་བྱེད་པའི་ཆེད་དུ་ཡིན་པ་འདྲ་སྟེ། སྔོན་གྱི་གྲྭ་ས་ཁག་གི་དགེ་བཤེས་ཚོར་སྲོལ་རྒྱུན་གྱི་འགྲེལ་བཤད་རྒྱག་སྟངས་ལྟར་ཁྲིད་པ་ཡིན་ནའང་སྐྱོན་མེད་པ་འདྲ་ཡང་། ད་ལྟའི་ལོ་ཆུང་བྱིས་པ་ཚོར་མཚོན་ན། དོན་གང་ཞིག་དཀའ་རུ་བཏང་བ་ལས་འགྲེལ་བཤད་དམ་གསལ་བྱེད་དུ་མི་འགྲོ་བ་འདྲ།
དེ་བས་བྱེད་འབྲེལ་དང་བྱེད་མེད་རང་གི་ཐོག་ནས་འགྲེལ་བཤད་བརྒྱབ། དཔེ་བརྗོད་མང་ཟིག་བཞག ཚིག་གྲུབ་མང་ཟིག་བཟོ་བཅུག་ན་ལས་སླ་པོས་གོ་འགྲོ་གི་རེད་འདོད། བྱེད་འབྲེལ་དང་བྱེད་མེད་ཀྱི་དཔེ་མཚོན་ཁ་ཤས་འདིར་བཀོད་ཡོད་པས་ཅི་དགར་ལོངས་སུ་སྤྱད་པར་བྱ།
བྱེད་འབྲེལ། བྱེད་མེད། བྱེད་འབྲེལ། བྱེད་མེད།
སྒྲིག འགྲིག སྐོར འཁོར
གཅོད ཆད གཅོག ཆག
བསྙལ ཉལ བསྟུང ཐུང་
བསྙུང ཉུང གཏོར འཐོར
བགྲོངས གྲོངས སྒྲོལ གྲོལ
སྦྲེལ འབྲེལ ཕྲལ བྲལ
དཀྲི འཁྲི སློབ ལོབས
བསླང ལངས སྐོལ ཁོལ
བཤིག ཤིག སྐུམ འཁུམ
བསྒོས འགོས བསྒོར འགོར
སྒུལ འགུལ སྐོན གོན
སྐོན གོན སྐོར འཁོར
སྒྱུར འགྱུར སྒྱེལ འགྱེལ
སྐྱོན ཞོན བཀུག གུག
འགེངས གང བཀབ ཁེབས
བཀོད འཁོད སྒྲིམ གྲིམ
འགྲེལ ཁྲོལ སྒྲིབ འགྲིབ
བསྒྱང འགྱང སྒོམ གོམས
བཀུམ གུམ སྒྲེང འགྲེང
སྒར གར སྒྲུབ འགྲུབ
ཁ་ཕྱོགས་མེད་དང་མདའ་ཚན་པ་གཉིས་ཀས་བཀའ་མོལ་སྣང་བ་སྐྱིད་ནི་ཞིག་གནང་གི་འདུག ཁ་ཁོག་ཡངས་པོས་བགྲོ་གླེང་རེ་བྱས་ན། ལུས་སེམས་ཀྱི་འཕྲོད་བསྟེན་ལའང་ཕན་ངེས་ཡིན། ངས་བོད་ཀྱི་བརྡ་སྤྲོད་རིག་གཞུང་ཕལ་ཆེར་ཞིག་ལ་ལྟ་ཀློག་དང་སྦྱངས་པ་བྱས་མྱོང་། བོད་ཀྱི་བརྡ་སྤྲོད་རིག་པར་ང་རང་ཡག་ཐག་ཆོད་ཡོད་བསམས་ནས་ང་རྒྱལ་ཆེ་ནི་ཞིག་ཡིན། ད་ཁྱེད་ཚོ་གོ་བ་ཟབ་མོ་ཅན་ཚོས་འབྲུ་དེད་བྱས་ནས་ཅིག་གླེང་ཡོང་དུས། ངའི་སྤོབས་པ་དེ་འགྱུར་འགྲོ་འགྱུར་འགྲོ་བྱེད་བཞིན་འདུག ཁ་ཕྱོགས་མེད་ཀྱི་གོ་བ་དེ་ང་དང་གཅིག་མཚུངས་ལྟ་བུ་རེད། མདའ་ཚན་པས། བྱེད་འབྲེལ་ལ་བྱ་བྱེད་ཐ་དད་མི་དད་གཉིས་སུ་ཕྱེས་ནས། འགྲོ་ལྟ་བུ་བྱེད་འབྲེལ་ལས་ཚིག་ཐ་མི་དད་དུ་བཞག་པ་ལ། ལུང་གི་སྒྲུབ་བྱེད་ནི་མི་འགྲོ་ཚོད་རེད། རིགས་ཐོག་ནས་བཤད་ན། བྱེད་འབྲེལ་ལས་ཚིག་ཅེས་པ་བྱེད་པ་པོའམ་བྱེད་པ་གང་རུང་དང་འབྲེལ་བའི་བྱ་བ་ཞིག་ལ་གོ དགོས་ཤིང་། འགྲོ་ལྟ་བུ་འགྲོ་མཁན་དང་འབྲེལ་བ་ཙམ་གྱིས་བྱེད་འབྲེལ་དུ་ཆགས་མི་ཐུབ། འདི་བྱེད་འབྲེལ་ལས་ཚིག་མིན་རྟགས་བྱེད་སྒྲ་མི་ཐོབ། བྱེད་འབྲེལ་ཡིན་ན་བྱེད་སྒྲ་ཐོབ་པ། ངས་གཅོད་དང། ཁྱེད་ཀྱིས་བཤད་ལྟ་བུ་ཡིན། འགྲོ་དང་འཕུར་ལྟ་བུར་ངས་འགྲོ་དང་། ངས་འཕུར་ཞེས་སྦྱོར་མི་འོས་པ་ཡིན། གལ་སྲིད་འགྲོ་མཁན་དེ་བྱེད་པ་པོ་ཡིན་ཟེར་ན། རང་དང་ལྡོག་པ་ཐ་དད་པའི་བྱ་ཡུལ་ཞིག་ཡོད་དགོས་པ་མ་ཡིན་ནམ། འགའ་ཞིག་གིས་སྐབས་འདིའི་བྱ་ཡུལ་རྣམ་དབྱེ་གཉིས་པའི་ཡུལ་དང་དོན་གཅིག་ཏུ་འདོད་མཁན་ཡོད་ཀྱང་དེ་གཉིས་མི་འདྲ་བ་བརྡ་སྤྲོད་ལ་གོ་བ་ཡག་པོ་ཡོད་མཁན་ཞིག་ཡིན་ཚེ་གསལ་བོ་ཤེས་པར་སྙམ། དེ་ནས་ང་རང་ལ་དྲི་བ་ཁ་ཤས་ཡོད། གཅིག བྱེད་ལས་གསུམ་གྱི་ཟླས་ཕྱེ་བའི་བྱ་བ་ཡིན་ད་ལྟ་བ་ཁོ་ན་ཡིན་པས་ཁྱབ་ཅེས་སྨྲས་ན་སྐྱོན་ཡོད་དམ་མེད། ངས་བསམས་ན་གཅོད་ལས་བཅད་དང་ཆད་སོགས་ཟླས་ཕྱེས་པའི་བྱ་དེ་མ་ཡིན་པར་འདོད།
གཉིས། དེང་སང་བྱ་བྱེད་ཀྱི་ཚིག་མིང་དུ་ཆགས་པ་མང་བོ་ཞིག་འབྲི་གཏན་ངེས་ཅན་མེད་པར་ཅི་དགར་འབྲི་བཞིན་འདུག དཔེར་ན། འཛུགས་སྐྲུན་ལ། འཛུགས་བསྐྲུན། ལྟ་ཀློག་ལ་བལྟ་ཀློག ཆིབས་སྒྱུར་ལ་ཆིབས་བསྒྱུར་ལྟ་བུ། འདི་དག་ལས་གང་ཞིག་དག་པར་བརྩི་དགོས་པ་རེད། ངས་ནི་བྱ་ཚིག་མིང་དུ་ཆགས་ཚད་བྱེད་ཚིག་གི་ཐོག་ནས་བྲིས་ན་དོན་སྐྱོན་མི་འབྱུང་ཞིང་། ཡིག་ཚོགས་ཉུང་ལ་འབྲི་སྟབས་བདེ་བ་སོགས་དགེ་མཚན་མང་བོ་ཞིག་ཡོད་པར་འདོད།
གསུམ། སུམ་རྟགས་གཉིས་ཐོན་མའི་གསུང་ངོ་མ་ཞིག་ཡིན་ནམ་མིན། ལྷན་རྒྱས་དག་གིས་དགོངས་འཆར་རེ་གནང་རོགས་ཞུ།།
རྔ་བ་རྒྱལ་ཁམས་པ་ལགས།
ཕེབས་པ་ལེགས།
གཅིག ཁྱེད་རང་གི་ཟླས་ཕྱེ་བའི་བྱ་བ་ཡིན་ན་ད་ལྟ་བ་ཁོ་ན་ཡིན་པས་ཁྱབ་ཟེར་བའི་ཟླས་ཕྱེ་བའི་དོན་དག་ངས་གོ་མ་སོང་།
གཉིས། བྱ་ཚིག་གིས་གྲུབ་པའི་མིང་དེ་ཚོ། ངས་ཤེས་པ་ལྟར་ན། འདས། མ་འོངས། ད་ལྟ་ཚང་མས་གྲུབ་པའི་མིང་འདུག ད་ལྟ་བ་དེ་ཤུགས་ཆེ་བ་འདྲ་ཞིག་འདུག་བསམས ད་ལྟ་བ་བེད་སྤྱོད་བཏང་ན་སོར་ཡང་བའི་ཁྱད་པར་ཞིག་ཏན་ཏན་འདུག མིང་གཏན་ཁེལ་བ་འདྲ་ཞིག་མིན་ན་ད་ལྟ་བ་དེ་འཚམས་པར་མཐོང་།
གསུམ། སུམ་རྟགས་དེ་ཐོན་མིའི་གསུངས་ཡིན་མིན་ལ་ཐེ་ཚོམ་ཡོད། དེའི་སྐོར་དཔྱད་རྩོམ་མང་པོ་ཞིག་འདུག་ཀྱང་དེ་ཙམ་གྱིས་འདི་རེད་དང་དེ་མ་རེད་ཟེར་ནས་ད་རུང་ཁ་ཚོན་གཅོད་དཀའ་འོ།
ཐོན་མིའི་སྐབས། ཡི་གེ་གསར་བཏོད། ཐོན་མིའི་སྐབས། བརྡ་སྤྲོད་གསར་བཟོ། ཐོན་མིའི་སྐབས། ཡི་གེ་སྒྱུར་ཐུབ་པ་ཚང་མ་དུས་གཅིག་ལ་ཡོང་ཐུབ་པ་དེ་ངོ་མ་སྤྲུལ་བ་འདྲ་ཡིན་ན་གང་ཤེས་མ་གཏོགས། སྐད་ཀྱི་འཕོ་འགྱུར་གྱི་ཆོས་ཉིད་དང་འགལ་བ་ཞིག་ཡིན་པ་དེ་བཤད་མ་དགོས་པ་ཞིག་རེད། ང་ལ་མངོན་མཁྱེན་འདྲ་ཞིག་ཡོད་ན་མ་གཏོགས་ཁྱེད་རང་གི་དྲི་བར་ལན་ཐེབས་ཀྱི་མི་འདུག སྐུ་མདུན་ལ་དྲིས་དང། གཅིག་བྱས་ན་ཁོང་གིས་མཁྱེན་སྲིད།
མདའ་ཚན་པས་ཕྲལ་དུ་ལན་བཏབས་པར་ཐུགས་རྗེ་ཆེ་ཞུ། ངས་བཤད་པའི་ཟླས་ཕྱེ་ཞེས་པ། བྱ་བྱེད་ལས་གསུམ་ནང་ཚན་གྱི་བྱ་བ་ལ་དམིགས་གཏད་པ་ཡིན། དཔེར་ན། ཤིང་མཁན་གྱིས་ཤིང་གཅོད་སྐབས་ཤིང་གཅོད་པའི་བྱ་བ་དངོས་སུ་ཡོད། བཅད་ཟིན་པའམཆད་རྗེས་ཤིང་གཅོད་པའི་བྱ་བ་དེ་འགགས་ཚར་ནས་མེད་སྟབས། གཅོད་ཅེས་ད་ལྟ་བ་འདི་ལྟ་བུ་བྱ་བྱེད་ལས་གསུམ་གྱི་བྱ་བའི་བསྟན་དོན་རེད་སེམས་བཞིན་ཡོད། ངས་སེམས་ལ་ད་ལྟ་ང་ཚོས་བེད་སྤྱོད་བྱེད་བཞིན་སུམ་རྟགས་ཀྱི་རྩ་བ་གཉིས་པོ་དེ་ཐོན་མའི་གསུང་ཡིན་མིན་ལ་དོགས་པ་ཆེན་པོ་ཞིག་འདུག གལ་སྲིད་དེ་ཐོན་མའི་ཡིན་ན། ཏུན་ཧོང་གི་ཡི་གེ་ལྟ་བུའི་བརྡ་རྙིང་གི་ངོ་བོར་བཞུགས་པའི་དཔེ་རྙིང་ཞིག་ངེས་པར་ཡོད་དགོས་པར་འདོད། ང་སྔོན་མར་ལྷ་སར་འགྲོ་སྐབས། ངོ་ཤེས་ཤིག་ཏང་གི་གསང་ཡིག་སྡེ་ཚན་ནང་ལས་ཀ་གནང་བཞིན་འདུག ཁོང་གིས་སྡེ་ཚན་དེར་ད་སྔ་དཔེ་སྐྲུན་བྱས་མ་མྱོང་བའི་སུམ་རྟགས་ཀྱི་རྩ་འགྲེལ་དཅིག་པོར་སུམ་ཅུ་བཞི་བཅུ་ཞིག་ཡོད་རབས་གསུངས་སོང་། ཅིག་ཐེངས་ན་སྡེ་ཚན་དེ་འདྲའི་ནང་ཐོན་མའི་ཕྱག་བསྟར་གྱི་སུམ་རྟགས་ཀྱི་རྩ་བ་དེ་ཨེ་ཡོད་སྙམ་ནས་དོགས་པ་སྐྱེ་བཞིན་འདུག དེ་ཙམ་ཡིན་ད་ཉལ་དུ་འགྲོ་གི་ཡིན།
བསྐྱར་ཞུ། ངའི་གོང་གི་བྱ་བྱེད་ལས་གསུམ་གྱི་བྱ་བར་ད་ལྟ་བ་ཞིག་དགོས་པར་འདོད་པའི་བསམ་ཚུལ་དེ་ཕལ་ཆེར་ཨ་ལགས་དོར་ཞིའི་བརྡ་སྦྲོད་ཀྱི་གཞུང་ལས་གསུངས་ཡོད་བསམ་དྲན་སོང་། དེ་ཁུངས་ཞིག་བསྟན་པ་ཡིན།
དྲ་གྲོགས་རྔ་བ་རྒྱལ་ཁམས་པ་དང་མདའ་ཚན་པ་གཉིས་ལ།
དང་པོ་རིང་ནས་འདྲིས་པའི་གྲོགས་རྒྱལ་ཁམས་པ་ལགས། སྤྱིར་ཁྱེད་ཀྱིས་གོ་སྟོབས་དང་ཤེས་རབ་ལས་ང་རྒྱུས་མངའ་ཆེ་སྟབས་གུས་འདུད་ཞུ། དེ་རིང་ངས་ཁྱེད་ཀྱི་སྤེལ་བའི་མཆན་བུ་རགས་ཙམ་ཀློག་པ་ཡིན། འོན་ཀྱང་སྐབས་ལ་ལར་ཁྱེད་ཀྱི་བཤད་སྟངས་ལ་བལྟས་དུས་ཁྱེད་སུམ་རྟགས་ཀྱི་གཞུང་ལུགས་དང་ཁ་བྲལ་ནས་མི་ལོ་བཅོ་ལྔ་ཙམ་འདས་པའི་བརྒྱུད་རིམ་ཁྲོད་ནས་སྔོན་དུས་ཀྱི་ངེས་ཆ་དེ་ཅུང་ཡལ་བའི་རྣམ་པ་ཞིག་སྣང་གི། དེ་ཆོས་ཉིད་ཅིག་ཀྱང་ཡིན་སྲིད། གང་ལྟར་ང་ཡང་བསྡུར་ན་ཡི་གེའི་དག་ཆ་དང་གཞུང་ལུགས་ཀྱི་ངེས་ཆ་སོགས་ཉི་མ་རེ་རེ་བཞིན་ཉུང་ངུ་ཉུང་ངུར་འགྲོ་བཞིན་འདུག ད་སྐབས་དོན་གླེང།
གྲོགས་རྒྱལ་ཁམས་པ་ལགས། ༡ བྱ་བྱེད་ལས་གསུམ་གྱི་ནང་ཚན་དུ་གྱུར་བའི་བྱ་ཡིན་ན་དུས་མ་འོངས་པ་ཡིན་པའི་ཁྱབ་པ་ཡོད། སུམ་རྟགས་གཞུང་ལུགས་དང་དེའི་འགྲེལ་བཤད་ཚང་མའི་གཅིག་གྱུར་གྱི་དགོངས་དོན་ཡིན། དེ་ལ་རྩོད་པ་ཆེར་མེད། སྐབས་འདིའི་བྱ་ཞེས་པ་བྱ་བའི་ཡུལ་ལ་གོ་དགོས། དཔེར་ན། ཤིང་གཅོད་ལྟ་བུའི་སྐབས་ཀྱི་གཅད་བྱ་ཤིང་ལ་གོ་དགོས། བྱེད་ཅེས་པ་བྱེད་པ་པོ་ལ་གོ་དགོས། དཔེར་ན། ཤིང་གཅོད་ལྟ་བུའི་སྐབས་སུ་གཅོད་མཁན་ལ་གོ། གཅོད་བྱེད་ཀྱི་སྟ་རེའང་བྱེད་པ་པོ་མིན་ནའང་བྱེད་པ་ཡིན་པས་འདིའི་ཁོངས་སུ་བསྡུས་ཡོད།
ལས་ཞེས་པ་བྱེད་པ་པོ་ལ་ཡོད་པའི་ལས་དང་བྱ་བའི་ཡུལ་ལ་ཡོད་པའི་ལས་གཉིས་ཡོད། དཔེར་ན། བྱེད་པ་པོ་ལ་ཡོད་པའི་ལས་ནི་ཤིང་གཅོད་པའི་ཚེ་སྟ་རེ་འདེགས་འཇོག་བྱེད་པ་ལྟ་བུ་དང་བྱ་བའི་ཡུལ་ལ་ཡོད་པའི་ལས་ནི་ཤིང་བཅད་ནས་ཆད་འགྲོ་བའི་ཆ་ལྟ་བུར་གོ་དགོས། ངས་བལྟས་ན་སྐབས་འདིར་ཁྱེད་བྱ་དང་ལས་གཉིས་གོ་ས་ནོར་གྱི་ཡོད་པའི་རྣམ་པ་སྣང་གི་བརྟག་པར་འཚལ།
༢ མདའ་ཚན་པ་ལགས། བསྐྱར་དུ་ཡང་ངས་ཁྱོད་ལ་ཞུ་འདོད་པ་ནི།
རྣམ་དབྱེ་གཉིས་པའི་སྐབས་ཀྱི་བྱ་བའི་ཡུལ་དང་བྱ་བྱེད་ལས་གསུམ་གྱི་སྐབས་ཀྱི་བྱ་ཡུལ་གཉིས་མི་འདྲ་བ་ཤེས་དགོས། སྤྱིར་བྱ་གང་ཞིག་བྱས་པའི་ཚེ་དེ་ལ་རྒྱུ་དང་རྐྱེན་ཞིག་ཡོད་མོད། འོན་ཀྱང་འགྲོ་ལྟ་བུ་བྱེད་འབྲེལ་ལས་ཚིག་མིན་པའི་རྒྱུ་མཚན་སྐབས་འདིར་བྱེད་པ་པོ་དངོས་པོ་གཞན་དང་འབྲེལ་མེད་པས་ཡིན། གལ་ཆེན་གྱི་བསམ་བློ་གཏོང་སའི་གཞི་ཞིག་འདི་ཡིན། བྱེད་པ་པོ་དང་བྱ་བའི་ཡུལ་གཉིས་བལྟོས་འཇོག་གིས་གྲུབ་ཡོད། དངོས་ཤུགས་གང་རུང་དུ་བྱེད་པ་པོ་མེད་ན་བྱ་བའི་ཡུལ་མི་འབྱུང་ལ་བྱ་བའི་ཡུལ་མེད་ན་བྱེད་པ་པོ་མི་འབྱུང་དེ་གཉིས་བལྟོས་གྲུབ་ཡིན་དེ་བློ་ལ་ངེས་སོང་ན་འགྲོ་འཇོག་སའི་ཁོངས་གསུམ་པ་ཞིག་ངེད་གཉིས་ཀྱིས་འཚོལ་མི་དགོས་རྩེད་མོ་ཡིན་གྲོགས་པོ། འགྲོ་ཞེས་བརྗོད་པའི་ཚེ་འགྲོ་མཁན་ཞིག་མེད་པ་སུས་ཀྱང་མི་འདོད། འོན་ཀྱང་འགྲོ་བ་བོ་དེ་ལ་བྱེད་པ་པོའི་ཐ་སྙད་མི་འཇུག
གང་ལྟར་གྲོགས་ཀྱི་བྲིས་པ་ཡོངས་རྫོགས་ལ་ལྟ་ཁོམ་མ་བྱུང་བས་དགོངས་དག་རྗེས་སུ་ཚོུད་བྱུང་དུས་ཀློག་ཆོག
གྲོགས་ཁ་ཕྱོགས་མེད་ལགས། བྱ་བྱེད་ལས་གསུམ་སྐོར་སྦྱངས་བཤད་བྱས་པ་བཀའ་དྲིན་ཆེ། འོན་ཏེ། ང་གཉིས་ཀྱི་བྱ་མྱེད་ལས་གསུམ་ངོས་འཛིན་ཚུལ་དེ་ཅུང་མཐུན་མ་སོང་། ངས་ཡང་བསྐྱར་ཅིག་བཤད། བྱ་བྱེད་ལས་གསུམ་གྱི་བྱ་ཞེས་པ་བྱ་བ་དང་། བྱེད་ཞེས་པ་བྱེད་པ་པོ་དང་བྱེད་པ། ལས་ནི་བྱ་ཡུལ་གྱི་དོན་ལ་གོ་དགོས་པ་མ་ཡིན་ནམ། ཤིང་གཅོད་པའི་ལས་ལ་སྦྱོར་ན། ཤིང་མཁན་ནི་བྱེད་པ་པོ་དང་། སྟ་རེ་བྱེད་པ། དེ་གཉིས་བྱེད་པའི་ཁོངས་སུ་འདུ། ཤིང་ནི་ལས་དང་། ལག་པས་རྩོལ་བ་བསྐྱེད་ནས་སྟ་རེ་ཤིང་ཐོག་ཏུ་བརྒྱབ་པ་ལྟ་བུ་བྱ་བར་གོ་དགོས་པ་ཞིག་མ་ཡིན་ནམ། སླར་ཡང་གསལ་བོར་བཤད་ན། བཅད་ཅེས་པ་བྱ་ཚིག་ཡིན་པས། བྱ་ཞེས་པ་དང་དོན་གཅིག ཤིང་མཁན་ནི་བྱེད་པ་པོ་དང་། སྟ་རེ་བྱེད་པར་སོང་བས་བྱེད་ཅེས་པ་དེ་ཡིན། ཤིང་ནི་གཅད་བྱ་ཡིན་པས་ལས་ཞེས་པར་ངོས་འཛིན་དགོས། དོན་མདོར་བསྡུས་ན། སྐབས་འདིའི་བྱ་བ་དེ་བྱ་ལས་དང་བྱེད་ལས་ལ་གོ་དགོས་པར་འདོད། ངས་གོང་དུ་བྱ་བྱེད་ལས་གསུམ་གྱི་བྱ་བ་དེ་ད་ལྟ་བ་ཞིག་དགོས་པར་ཞུས་པ་དེར་དཔྱད་ཞིབ་ཚགས་དང་། འགྲེལ་བཤད་རིང་བོ་དགོས་སྟབས་ད་ལྟ་འདི་ནས་ངལ་བ་མི་བསྟེན། རྗེས་སོར་རིམ་པར་བྲིས་ཆོག གོང་དུ་ཉིད་འདོད་ཀྱི་འདོད་པ་དེའང་ཁོངས་ལྡན་ཞིག་ཡིན་པ་ཤེས་ཀྱིན་ཡོད། ང་ལ་འདི་སྐོར་སྔོན་དཔེ་ཁྲིད་སྐབས་ཀྱི་ཟིན་བྲིས་ཉག་ཉོག་མང་བོ་ཞིག་འདུག གང་ལྟར་རྗེས་སོར་རིམ་པས་གླེང་སློང་རེ་བྱེད་ཡ། དེ་ཙམ་ཡིན་ད་བདེ་མོ་གྱིས། ཨ་རོ་འདི་འདྲ་ཁོ་ནར་འབད་ནས་རྒན་མོ་ལ་རླུང་སློང་མི་ཉན་གོ།
གྲོགས་རྒྱལ་ཁམས་པ་ལགས།
ད་ལྟ་ངའི་མཐའ་འཁོར་དུ་སུམ་རྟགས་སོགས་ཀྱི་གཞུང་གཅིག་ཀྱང་མེད་པས་གཞུང་ལུགས་མང་བོ་ཁོངས་དྲངས་ནས་ཁྱོད་ལ་སྒྲུབ་ཐབས་བྲལ་ནའང་།
དྲན་ཡུལ་དུ་གསལ་བོ་ཞིག་ཡོད་པ་ནི་འདི་ལྟར་རེད། བྱ་བྱེད་ལས་གསུམ་གྱི་ནང་ཚན་དུ་གྱུར་བའི་བྱ་ཡིན་ན་བྱ་བ་ལ་གོ་རྒྱུ་མ་ཡིན་པར་གཅད་བྱ་ལྟ་བུར་གོ་རྒྱུ་ཡིན་པས་དངོས་པོ་གཞན་ཟེར།
སྤྱིར་བྱ་བ་ཟེར་བ་ལས་ཚིག་ཅིག་ཡིན་མོད། འོན་ཀྱང་སྐབས་འདིའི་བྱ་ཞེས་པ་གཅད་བྱ་ལྟ་བུའི་ཚིག་བསྡུས་པ་ཡིན་པས་བྱ་བ་ལ་མི་གོ་བར་བྱ་ཡུལ་ལ་གོ་དགོས།
ཡ་ད་མཚམས་འཇོག་ཁོམ་པོ་ཡོད་ན་རྗེས་སུ་དེའི་སྐོར་ནས་ཁྱེད་ཀྱིས་དཔྱད་བརྗོད་ཅིག་སྤེལ་གནང་མཛད་པའི་རེ་བ་ཡོད། ད་མང་བོ་མི་འབྲི་མ་གཏོགས་རྒན་མོས་ཅང་མི་བཤད་རུང་སེམས་སུ་ཅི་ཞིག་འཆར་གྱི་ཡོད་མེད་སུས་ཤེས།
བདེ་མོ་བྱོས།
ད་དུང་ཁ་སྣོན་ཅུང་ཙམ་བྱས་ན།
སྐབས་འདིའི་ལས་ལ་བྱེད་པ་པོ་ལ་ཡོད་པའི་ལས་དང་བྱ་བའི་ཡུལ་ལ་ཡོད་པའི་ལས་གཉིས་འཇོག གལ་ཏེ་ཁྱེད་ཀྱི་འདོད་པ་ལྟར་ལས་དེ་བྱ་ཡུལ་ལ་གོ་སོང་ན་ལས་དེའི་སྟེང་དུ་བྱ་ལས་དང་བྱེད་ལས་གཉིས་འཇོག་ཐབས་བྲལ།
དེ་ཙམ་ཡིན་ཡ།
ལས་ངོས་འཛིན་སྟངས་དེ། དཀའ་གནད་གསལ་བའི་མེ་ལོང་གི་འགྲེལ་ཚུལ་ལ་མི་མཐུན་པ་འདུག་པ་དེར་ཐུག་འདུག འདིའི་སྐོར་ཁ་ཕྱོགས་མེད་དང་ངེད་གཉིས་མཐུན། གོང་དུ། ལས་ལ་བྱ་ལས་བྱེད་ལས་གཉིས་ཟེར་ནས་ངས་དྲངས་པ་ལྟར་རེད།
དེས་ན་བྱ་བྱེད་གཉིས་བྱེད་པ་པོ་དང་བྱ་ཡུལ་ལས་གོ་ས་གཞན་ཡོད་པ་མ་རེད། རྒྱུ་མཚན་གཞན་ཞིག་བཤད་ན། བདག་གཞན་གྱི་དབྱེ་བ་མཛད་དགོས་པའི་རྒྱུ་མཚན་ཡང་། བྱེད་པ་པོ་དང་བྱ་བའི་ཡུལ་བསྡུ་བའི་ཕྱིར་དབྱེ་བ་དེ་མཛད་པ་རེད། བྱ་བྱེད་ཐ་དད་པ་ཟེར་བ་དེ་ཡང་འདི་ལ་བརྟེན་ནས་ཡོང་གི་ཡོད་པ་རེད། བྱེད་པ་པོ་དང་བྱ་ཡུལ་གཉིས་སོ་སོར་ངོས་འཛིན་རྒྱུ་ཡོད་པ་ཞིག་ལ་བྱ་བྱེད་ཐ་དད་པ་ཟེར་གྱི་ཡོད་པ་རེད། འགྲེལ་ཚུལ་གཅིག་གྱུར་ཅིག་མ་ཡོང་བ་དེ་སྲིད་དུ་ང་ཚོའི་རྩོད་པ་འདི་ལའང་ཚར་རྒྱུ་ཡོད་པ་མ་རེད། རྙོག་དྲ་འདི་ལས་ཐར་བར་འདོད་ན། བྱེད་འབྲེལ་དང་བྱེད་མེད་ཟེར་བའི་ཚིག་འདི་གཉིས་བེད་སྤྱོད་བཏང་ན་དེ་ལན་པོར་མཐོང་།
ཁ་ཕྱོགས་མེད།
རྣམ་དབྱེ་གཉིས་པའི་བྱ་ཡུལ་དང་འདིའི་སྐབས་ཀྱི་བྱ་ཡུལགཉིས་གཅིག་པ་མིན་པ་དེ། ངས་གོང་གི་མཆན ༡༣ ནང་། དཔེར་བརྗོད་བཞག་ནས་གསལ་བར་བཤད་ཡོད་པས་དེ་ལ་གཟིགས་འཚལ།
དྲ་གྲོགས་མགོན་ཕྱག་ལགས།
ད་ལྟ་ངས་ཁྱེད་ཀྱི་མཆན་༡༣་པ་དེ་རགས་ཀློག་ཙམ་བྱས་པ་ཡིན།
རྣམ་དབྱེ་གཉིས་པའི་སྐབས་ཀྱི་བྱ་ཡུལ་དང་བྱ་བྱེད་ལས་གསུམ་འཆད་སྐབས་ཀྱི་བྱ་ཡུལ་ངོས་འཛིན་སྟངས་ངེད་གཉིས་མཐུན་ས་རེད་དེ་ལ་རྩོད་པ་མེད་ཀི།
གསལ་བོ་ཆགས་སོང། འོན་ཀྱང་བྱེད་འབྲེལ་ལས་ཚིག་ཁྱེད་ཀྱི་འདོད་སྟངས་དེ་ད་དུང་ངའི་སེམས་སུ་འབབ་ཀྱི་མི་འདུག་ཡ།
མགོན་ཕྱག་ལགས། ཁྱེད་ད་ལྟ་དྲ་ཐོག་ཏུ་ཡོད་ན་ངས་ཁྱེད་ལ་དྲི་བ་ཞིག་བྱེད།
༡འགྲོ་ཞེས་པའི་སྐབས་ཀྱི་འགྲོ་བ་བོ་དེ་ལ་ཁྱེད་ཀྱིས་བྱེད་པ་པོ་ཐ་སྙད་བརྗོད་དམ་མི་བརྗོད།
༢ བྱེད་པ་པོ་ཟེར་བ་དེ་བྱ་བའི་ཡུལ་ལ་བལྟོས་ནས་འཇོག་དགོས་སམ་མི་དགོས།
༣ བྱ་ཡུལ་མེད་ན་ཇི་ལྟར་བྱེད་པ་པོ་ཐ་སྙད་ཐོབ།
ལན་ཞིག།
མདའ་ཚན་པ་ལགས།
བྱེད་འབྲེལ་དེ་བྱ་བྱེད་ཐ་དད་པ་དང་། བྱེད་མེད་དེ་བྱ་བྱེད་ཐ་མི་དད་པར་དོན་གཅིག་ཏུ་གོ་བ་བླངས་ན་གང་འདྲ་འདུག་གམ།
བྱེད་འབྲེལ་ལ་བྱ་བྱེད་ཐ་དད་པ་དང་ཐ་མི་དད་པ་གཉིས་སུ་ཕྱེ་བ་ནི་དངོས་གནས་གོ་ལོག་རེད་འདོད་དོ༎
འདིར་ཤོད་ཀྱིན་པའི་བྱེད་འབྲེལ་དང་བྱེད་མེད་ནི་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་མ་འབྲེལ་ལ་ཟེར་གྱིན་ཡོད་པས། འགྲོ་ལྟ་བུ་ལ་བྱེད་པ་པོ་གཞན་དང་འབྲེལ་མ་འབྲེལ་གྱི་དོགས་པ་ཡང་སླེབས་སྲིད་ཀྱི་མ་རེད། འདི་མིན་པར་ཁྱེད་ཀྱིས་རང་བཟོ་བྱེད་ཀྱིན་ཡོད་ན་ནི་ཅང་མི་བཤད་དོ༎
མགོན་པོ་ཕྱག་གཉིས་པས།
བྱ་ཚིག་ལ་དབྱེ་ན་རིགས་མ་ འདྲ་བ་གསུམ་ཡོད་པ་དེ་གསལ་བོ་རེད།
གཅིག བྱེད་པ་པོ་དང་འབྲེལ་བའི་བྱ་བྱེད་ཐ་དད་པ། གཅོད། སྐོར། དཀྲི་ལྟ་བུ།
གཉིས། བྱེད་པ་པོ་དང་འབྲེལ་བའི་བྱ་བྱེད་ཐ་མི་དད་པ། འགྲོ འདུག ཉལ ཡོང་ལྟ་བུ།
གསུམ། བྱེད་པ་པོ་དང་དངོས་སུ་མ་འབྲེལ་བའི་བྱ་ཚིག ཆད། ཆག རྙིད། གྱུར་ལྟ་བུ་རེད།
སི་ཏུའི་མཁས་པའི་མགུལ་རྒྱན་ལས།
འདིར་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་མ་འབྲེལ་ཞེས་སྨོས་པ་ནི། དངོས་པོ་གང་ཞིག་ལ་ལས་གང་ཞིག་བྱེད་པ་པོ་གཞན་གྱིས་དངོས་སུ་སྒྲུབ་པར་བྱེད་པ་དེ་ནི་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་ལས་ཏེ། དཔེར་ན། ལྕགས་གསེར་དུ་བསྒྱུར་ཟིན། བསྒྱུར་བར་བྱ། སྒྱུར་བར་བྱེད། ་་་་་་་་་།ཞེས་དང་།
དངོས་པོ་གང་ཞིག་ལ་ལས་གང་ཞིག་བྱེད་པོ་གཞན་དངོས་སུ་མེད་པར་རང་གི་ངང་གིས་འགྲུབ་པར་སྣང་བ་འདི་ནི་བྱེད་པ་པོ་གཞན་དང་དངོས་སུ་མ་འབྲེལ་བའི་ལས་ཏེ། དཔེར་ན། ལྕགས་གསེར་དུ་གྱུརད་ཟིན། འགྱུར་བཞིནཔ། འགྱུར་བར་འགྱུར་རོ། ་་་་་་་་སོགས་དང་། ཡང་།
གནས་ནས་བྱུང་། འབྱུང་བཞིན་པ། འབྱུང་བར་འགྱུར་རོ། ་་་་་་་་
དེ་ལས་སྔ་མའི་དོན་ནི་རྟོགས་སླ་ལ་ཕྱི་མ་ནི་དཔེར་ན་སྐཡེས་བུ་ཞིག་གི་མདུན་དུ་་་་སོགས་དང་། མུ་མཐུད་ནས།
སྐྱེས་བུ་གང་ཞིག་གནས་ནས་འབྱིན་པ་པོ་མེད་པར་རང་ཉིད་གནས་ནས་འབྱུང་བའི་ཚེ་རང་ཉིད་བྱེད་པ་པོ་ཡིན་མོད་ཀྱི་བྱེད་པ་པོ་གཞན་མེད་པ་སོགས་ཀྱིས་མཚོན་ནས་ཞིབ་མོའོ་བློས་ངེས་པར་བྱའོ། ་་་་།
དེས་ན་མགོན་ཕྱག་ལགས་ཀྱི་གཉིས་པ་དང་གསུམ་པ་གཉིས་གཅིག་ཏུ་བཞག་ནས་བྱེད་པ་པོ་དང་དངོས་སུ་མ་འབྲེལ་ཞིང་བྱ་ཚིག་ཐ་མི་དད་པ་ཞེས་། འགྲོ་ འདུག་ ཉལ། ཆད། ཆག རྙིད། གྱུར་ལྟ་བུ་གོ་དགོས་སྙམ།
ཁ་ཕྱོགས་མེད་ལགས།
༡ ངས་འགྲོ་བ་པོ་ལ་བྱེད་པ་པོ་ཟེར་གི་ཡིན། འགྲོ་བའི་ལས་བྱེད་མཁན་གྱི་བྱེད་པ་པོ་ཟེར་གི་ཡིན།
༢ བྱེད་པ་པོ་ཟེར་ན་ངེས་པར་བྱ་བའི་ཡུལ་ལ་བལྟས་ནས་འཇོག་དགོས་པ་མ་ཡིན། ང་འགྲོ་བཞིན་ཡོད་ཟེར་ན། ང་བྱེད་པ་པོའམ་འགྲོ་བ་པོ། འགྲོ་མཁན་དེ་ཡིན་པ་རེད། དེ་ལ་བྱ་ཡུལ་མེད་པ་རེད།
༣ བྱ་ཡུལ་མེད་ཀྱང་བྱེད་པ་པོའི་མིང་ཐོབ་ཚུལ་འདི་འདྲ་རེད། བྱ་བྱེད་ཐ་དད་པའི་སྐབས་ཡིན་ན་བྱ་ཡུལ་ཡོད་པ་རེད།
ཟླ་བ་གཞོན་ནུ་ལགས།
ཡོངས་གྲགས་ལྟར་ན། བྱེད་འབྲེལ་དང་བྱ་བྱེད་ཐ་དད་པ། བྱེད་མེད་དང་བྱ་བྱེད་ཐ་མི་དད་པ་གཉིས་ཀྱི་དོན་གཅིག་རེད།
ཡིན་ནའང་། བྱེད་འབྲེལ་དང་བྱ་བྱེད་ཐ་དད་པ་གཉིས་ཚིག་གི་ངོ་གདོང་རང་ནས་འགྲེལ་རྒྱབ་ན། གཅིག བྱེད་པ་པོ་ཞིག་དང་འབྲེལ་བ། ཅིག་ཤོས། བྱ་བའི་ཡུལ་དང་བྱེད་པ་པོ་ཐ་དད་པ་ཞིག་རེད།
འདི་གཉིས་ལ་ཚིག་གི་ནུས་པར་ཁྱད་པར་ཆེན་པོ་ཡོད་པ་མཐོང་། བྱེད་འབྲེལ་ཟེར་ན། བྱེད་པ་པོ་ཞིག་དང་འབྲེལ་ཚུན་ཆད་ཐ་སྙད་འདིའི་མིང་གིས་གདགས་པར་འོས་སྙམ། བྱ་བྱེད་ཐ་དད་པའི་བྱ་ཚིག་ཅིག་ཡིན་ན་བྱེད་པ་པོ་ ་་གཞན་་ ཞིག་དང་འབྲེལ་ཡོད་པ་རེད། བདག་དོན་ཕལ་བའི་སྐབས། བྱེད་པ་པོ་གཞན་ཞིག་དང་འབྲེལ་མེད་ནའང། བྱེད་པ་པོ་ཞིག་དང་འབྲེལ་ཡོད་པ་རེད། བྱེད་འབྲེལ་ཟེར་ན་བྱ་བྱེད་ཐ་དད་པ་ལས་ཁྱབ་ཆེ་བར་མཐོང་།
ཀརྨ་རྡོ་རྗེ་ལགས།
ངས་བལྟས་ན། བྱ་ཚིག་ལ་ནང་གསེས་ཀྱི་དབྱེ་བ་གསུམ་མཐོང་། དབྱངས་ཅན་གྲུབ་པའི་རྡོ་རྗེ་ནས་ཀྱང་བྱ་ཚིག་གསུམ་པ་ཞིག་མཐོང་ནས། བྱེད་ལས་ཙམ་དང་འབྲེལ་བའི་དངོས་པོ་བདག་ལའང་འཇུག་པ་མཐོང་། གསུངས་ཡོད་པ་རེད་ལ། དེ་ལ་བདག་དོན་ཕལ་བ་གསུངས་ཡོད་པ་རེད།
ཁྱེད་ཀྱིས་བལྟས་ན། བྱ་ཚིག་རིགས་མ་འདྲ་བ་གསུམ་འདུག་གམ་མིའདུག འདུག་ན་དེ་ལ་མིང་ག་འདྲ་ཞིག་གདགས་པར་འོས།
དྲ་གྲོགས་ཚོ་འདིར་ཕེབས་ནས་གླེང་མོལ་བྱས་པ་བཟང་གི།
སྤྱིར་ཡིན་ན་བོད་ཀྱི་སྐད་ཡིག་ལམ་ལུགས་ཀྱི་སྤུས་ཚད་ཀྱང་བརྡ་སྤྲོད་གཞུང་ལུགས་ལ་ཐུག་ཡོད་པས་གླེང་རིན་ཡོད་པ་ཞིག་དང་གླེང་དགོས་པ་ཞིག་ཡིན།
རྔ་བ་རྒྱལ་ཁམས་པ་དང་མགོན་ཕྱག བོད་ཀྱི་བརྡ་སྤྲོད་རིག་པའི་བྱུང་རིམ་དེ་རྙོག་འཛིང་ཅན་ཞིག་དང་དེ་སྔའི་སྤྱི་བཤད་ཕྱོགས་མཐའ་དག་ཚད་མར་འཛིན་དཀའ་བའི་ཚོད་དུ་ཡོད་པ་མང་ནའང་དེ་རིང་འདིར་ངས་མི་བཤད།
སྤྱིར་སྐད་བརྡ་རིག་པའི་འཕེལ་འགྱུར་གྱི་ཆོས་ཉིད་བསྟུན་ན་ལག་ལེན་གྱི་ཁྲོད་ནས་བརྡ་སྤྲོད་རིག་པ་བྱུང་ཞིང་སླར་ཡང་བརྡ་སྤྲོད་རིག་པས་ལག་ལེན་ལ་སྟངས་འཛིན་བྱེད་ཀྱི་ཡོད་པ་འདྲ། དེར་བརྟེན་ལག་ལེན་དང་གོམས་གཤིས་མཐའ་དག་ལ་རིགས་པའི་དཔྱད་བཟོད་བྲལ་པས་བརྡ་སྤྲོད་རིག་པ་འདི་ལའང་རིགས་པ་རྐྱང་བའི་དཔྱད་ཐབས་མེད་པར་སྣང། དེས་ན་མགོན་ཕྱག་ལགས། ཁྱེད་ཀྱི་འདོད་པར་བྱེད་འབྲེལ་ལ་བྱ་བྱེད་ཐ་དད་དང་ཐ་མི་དད་གཉིས་བཞག་པ་དེ་གོང་དུ་༼རྔ་བ་རྒྱལ་ཁམས་པས༽་དེ་ལ་ལུང་གི་སྒྲུབ་བྱེད་མི་འགྲོ་ཚོད་རེད་ཅེས་བཤད་འདུག་པས་གལ་ཏེ་དངོས་གནས་ལུང་གི་སྒྲུབ་བྱེད་མ་སོང་ན།
ཁྱེད་ཀྱི་རིགས་པ་རྐྱང་བའི་སྒྲུབ་ཀྱི་ཡོད་སྟབས་དེ་ཁྱེད་ལ་གནོད་དམ་མི་གནོད།
ཨོ་དེ་རིང་གཟའ་ཉི་མ་འདི་དེ་འདྲ་བྱས་ནས་ཚར་སོང། ད་ཡང་་་་་་་་་་་་་
མགོན་ ཕྱག་ལགས།
དེས་ན་ངས་ཡང་བསྐྱར་ཁྱོད་ལ་དྲི་བ་ཞིག་བྱེད།
༡ བྱ་བྱེད་ལས་གསུམ་གྱི་ནང་ཚན་དུ་གྱུར་བའི་བྱེད་པ་པོ་ཡིན་ན་དངོས་པོ་བདག་ཡིན་དགོས་སམ་མི་དགོས།
མགོན་ཕྱག་ལགས།
ཁྱེད་ལྟར་ན་བྱ་ཡུལ་མེད་པའི་བྱེད་པ་པོ་ཞིག་དང་བྱེད་པ་པོ་མེད་པའི་བྱ་ཡུལ་ཞིག་འཇོག་ཐུབ་ཀྱི་ཡོད་པ་འདྲ།
བདག་གཞན་གྱི་དབྱེ་བ་མཛད་པའང་གཙོ་བོ་བྱེད་པ་པོ་དང་བྱ་ཡུལ་བསྡུ་བའི་ཕྱིར་ཡིན་པས། བྱེད་པ་པོ་དེ་བདག་མ་རེད་སུ་ཡིས་ཟེར་ཐུབ།
མགོན་ཕྱག་ལགས།
སྤྱིར་འགྲོ་བ་བྱ་བ་ཡིན་ཀྱང་སྐབས་དེའི་བྱ་ཡུལ་རྣམ་དབྱེ་གཉིས་པའི་སྐབས་ཀྱི་བྱ་བའི་ཡུལ་ཡིན་དགོས། དཔེར་ན། དོན་འགྲུབ་ཤར་ཕྱོགས་སུ་འགྲོ་ལྟ་བུ།
སྐབས་འདིའི་དོན་འགྲུབ་འགྲོ་མཁན་ཡིན་ལ་འགྲོ་པ་པོ་ཡང་ཡིན། འགྲོ་ཡུལ་ཤར་ཕྱོགས་བྱ་བ་འཇུག་ཡུལ་ཡིན། དེ་དང་བྱ་བྱེད་ལས་གསུམ་སྐབས་ཀྱི་བྱ་བྱེད་གཉིས་འཇོག་སྟངས་མི་འདྲ།
བྱ་བྱེད་ཀྱི་ཐ་སྙད་ཀྱང་བལྟོས་གྲུབ་ཐོག་ནས་བཏགས་པ་ཡིན།
ལེགས་པར་སོམས་དང།
མགོན་ཕྱག་ལགས།
ད་འགྲིག་སོང། ཁྱེད་ཀྱིས་བྱེད་པ་པོ་དེ་བདག་གཞན་གཉིས་སུ་ཕྱེས་པའི་བདག་ཡིན་པ་ཁས་བླངས་སོང་ན། ད་བདག་གཞན་གཉིས་སུ་ཕྱེས་པའི་བདག་དེ་ཡང་གཞན་ལ་མ་བལྟོས་པར་འཇོག་ཐུབ་ཀྱི་ཡོད་པ་ཁས་ལེན་གྱི་ཡོད་པ་འདྲ།
དེ་ལ་བསམ་བློ་ཞིབ་མོ་ཐོངས་དང།
ཇི་ལྟར་བྱས་ནས་གཞན་ལ་མ་བལྟོས་པའི་བདག་ཅིག་འཇོག་སྐབས་འདིར།
བོད་ཀྱི་བརྡ་སྤྲོད་གཞུང་སོགས་སུ་བདག་གཞན་བལྟོས་འཇོག་བྱེད་ཚུལ་གསུངས་ཡོད་པ་དྲན་གྱི་འདུག།
ད་བར་དུ་ཁྱེད་ཚོས་ང་ལ་དྲི་བ་དྲིས་ནས། ལན་ཁ་ཆག་སྣ་རལ་ཅིག་རྒྱབ་བསྡད་པ་རེད། ད་ངས་ཁྱེད་ཚོར་དྲི་བ་འདྲི།
༡ བྱ་བྱེད་ཐ་དད་པའི་སྐབས་ཀྱི་བྱེད་འབྲེལ་བཤད་སྐབས། བྱེད་པ་པོ་ཞིག་དང་དངོས་སུ་འབྲེལ་བའི་བྱ་བ་མི་ཟེར་བར། བྱེད་པ་པོ་གཞན་ཞིག་དང་དངོས་སུ་འབྲེལ་བའི་བྱ་བ་ཟེར་ནས་། གཞན་ཚིག་ཅིག་ཁྱེར་ཡོང་ནས་འགྲེལ་བཤད་བྱེད་དགོས་པའི་རྒྱུ་མཚན་ཅི་རེད།
༢ བྱེད་པ་པོ་གཞན་དང་འབྲེལ་བའི་བྱ་ཚིག་ཟེར་བ་དེའི་ཤུགས་སུ། བྱེད་པ་པོ་གཞན་མིན་པའི་བྱེད་པ་པོ་ཞིག་ཡོད་པ་ཡང་ཤུགས་སུ་བསྟན་པ་མ་ཡིན་ནམ།
༣ དབྱངས་ཅན་གྲུབ་པའི་རྡོ་རྗེས། བྱེད་ལས་ཙམ་དང་འབྲེལ་བ་ཡི།། དངོས་པ་བདག་ལའང་འཇུག་པ་མཐོང་། ཟེར་བའི་ནང་གི། བྱེད་ལས་ལ་ཁྱེད་ཚོས་གོ་བ་ཇི་ལྟར་ལེན།
༤ འགྲོ་བ་པོ་དང་འགྲོ་བར་བྱེད། ཞེས་སོགས་བདག་དོན་ཕལ་བ་དང་། ཟེར་བའི་འགྲོ་བ་པོ་དེ་བྱེད་པ་པོར་ངོས་འཛིན་རྒྱུ་མིན་ནམ། བདག་དོན་ཕལ་བ་ཟེར་བའི་བདག་ལ་གོ་བ་ཅི་ལྟར་ལེན།
༥ བདག་ཟེར་ན་གཙོ་བོ་བྱེད་པ་པོ་ཞིག་སྟོན་གྱི་ཡོད་པ་རེད་དམ་མ་རེད།
༦ བྱེད་ལས་ཙམ་དང་འབྲེལ་བའི་དངོས་པོ་བདག་དང་། བདག་དོན་ཕལ་བ་ཟེར་བ་འདི་ཚོ་ནོར་ཡོད་པ་རེད་དམ།
༧ དེས་ན་ ་་ལས་གང་ཞིག་ལ་བྱེད་པ་པོ། །གཞན་དང་དངོས་སུ་འབྲེལ་བ་ཡི། །དབང་དུ་བྱས་ནས་་ བྱེད་པ་པོ་གཞན་ཞིག་དང་འབྲེལ་བའི་བྱ་བྱེད་ཐ་དད་པ་ཞིག་དང་། ་་དེ་བཞིན་བྱེད་པ་པོ་གཞན་དང་། །དངོས་སུ་འབྲེལ་མིན་ཇི་ལྟར་ཡང་་་ ་་འགྲོ་བ་པོ་དང་འགྲོ་བར་བྱེད་་ ལྟ་བུའི་བྱེད་པ་པོ་དང་འབྲེལ་ཙམ་གྱི་བྱེད་འབྲེལ་བྱ་བྱེད་ཐ་མི་དད་པ་ཞིག་ཡོད་ཤུགས་ཀྱིས་བསྟན་པ་མ་ཡིན་ནམ།
༨ སྤྱིར་བཏང་། བྱེད་འབྲེལ་གྱི་གོ་བ་ལེན་སྟངས་དེ། བདག་གཞན་གྱི་དབྱེ་བ་མཛད་སྐབས་ཀྱི་བྱེདའབྲེལ་གྱི་གོ་བ་ལེན་སྟངས་ལྟར་བླངས་ན་ནོར་བ་མ་རེད་དམ།
༩ ་་བྱེད་ལས་དང་འབྲེལ་ངག་གི་ནི། །སྦྱོར་བ་ཀུན་ལ་ཁྱབ་པ་ཡིན། །བདག་གཞན་དབྱེ་བས་དེ་ཙམ་དུ། །ཁྱབ་པ་མིན་ཡང་་་ ཟེར་བའི་ནང་གི། བྱེད་ལས་དང་འབྲེལ་བའི་ངག་དེ་ལ་བྱེད་འབྲེལ་ཟེར་ན་འགྲིག་གི་མེད་པ་རེད་དམ། དེར་ཁས་མི་ལེན་ན། གོང་གསལ་གྱི། བྱེད་ལས་ཙམ་དང་འབྲེལ་བ་ཡི།། དངོས་པོ་བདག་ལའང་འཇུག་པ་མཐོང་།། ཟེར་བའི་ནང་གི་བྱེད་ལས་ལ་འགྲེལ་ཇི་ལྟར་རྒྱག དེའི་དཔེ་བརྗོད་ལ། འགྲོ་བ་པོ་དང་འགྲོ་བར་བྱེད། ཟེར་ནས། འདི་ཚོར་བྱེད་ལས་ཙམ་དང་འབྲེལ་བ་གསུངས་འདུག་པ་ལྟར། བྱེད་ལས་ཙམ་དང་འབྲེལ་བའི་བྱ་ཚིག་ཅིག་ལ་བྱེད་འབྲེལ་བཏགས་ན་ནོར་སོང་བ་རེད་དམ།
༡༠ མདོར་དྲིལ་ན།། བྱེད་པ་པོ་གཞན་ཞིག་དང་འབྲེལ་བའི་བྱེད་འབྲེལ་ཞིག་དང་། བྱེད་ལས་ཙམ་དང་འབྲེལ་བའི་བྱེད་འབྲེལ་གཉིས་རང་བཞིན་གྱིས་ཡོང་ཡོད་པ་མ་རེད་དམ།
མགོན་པོ་ཕྱག་གཉིས་པ་ལགས།
བདག་གིས་ཀྱང་ཁྱེད་ཀྱིས་བྱེད་འབྲེལ་ཟེར་བ་བྱེད་པ་པོ་ཞིག་དང་འབྲེལ་བ་ཞིག་ཏུ་གོ་ནས་འདི་ལྟར་བྲིས་གནང་བ་རེད་བསམས་སོང་། སྤྱིར་བྱེད་འབྲེལ་དང་བྱེད་མེད་ཟེར་བ་ནི་ཁྱེད་ཀྱིས་གསུངས་པ་བཞིན་མིན་པར་ལས་གང་ཞིག་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བ་བསྡུས་ནས་བྱེད་འབྲེལ་དང་། དེ་བཞིན་དུ་ལས་གང་ཞིག་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་མེད་པ་ཞེས་པ་བསྡུས་ནས་བྱེད་མེད་ཅེས་བཏགས་པ་མ་ཡིན་པ་མཁྱེན་རྒྱུ་ཡང་གལ་ཤིན་ཏུ་ནས་ཆེ་བར་འདོད།
ཁྱེད་རང་ལ་དྲི་བ་ཞིག་འདྲི་འདོད་པ་ནི་ཁྱེད་རང་གིས་བྱེད་འབྲེལ་ཞེས་པ་བྱེད་པ་པོ་ཞིག་དང་འབྲེལ་བ་ཞེས་བྲིས་གནང་རྗེས་བྱེད་མེད་ལ་ཅིའི་ཕྱིར་བྱེད་པ་པོ་མེད་པ་ཞེས་ཚིག་ཟིན་དུ་འགྲེལ་མེད་པ་ཡིན་ནམ། ཁྱེད་ཀྱིས་བྱེད་འབྲེལ་ཞེས་པ་བྱེད་པ་པོ་ཞིག་དང་འབྲེལ་བ་ཞིག་ཏུ་གོ་བ་ལེན་གནང་གིན་ཡོད་ན་ནི་ཁྱེད་ཉིད་ཀྱི་གོ་བ་ལེན་སྐྱོན་ཡིན་པ་ཤིན་ཏུ་གསལ་ལོ།། ཁྱེད་ཀྱིས་ད་དུང་བྱེད་འབྲེལ་ཟེར་ན། བྱེད་པ་པོ་ཞིག་དང་འབྲེལ་ཚུན་ཆད་ཐ་སྙད་འདིའི་མིང་གིས་གདགས་པར་འོས་སྙམ་ཞེས་པ་ལས་ཁྱེད་ཀྱིས་དངོས་གནས་བྱེད་འབྲེལ་ཞེས་པ་བྱེད་པ་པོ་ཞིག་དང་འབྲེལ་བ་ཙམ་ཞིག་ཏུ་གོ་བ་ལེན་གནང་གིན་ཡོད་པ་གསལ་བས། ནོར་འཁྲུལ་གྱི་གཞི་མ་འདི་ཡིན་པར་འདོད་དོ།།
བྱེད་འབྲེལ་བྱེད་མེད་ཅེས་པ་དེ་ཙམ་ཞིག་མིན་པ་གོང་དུ་གསལ་བ་ལྟར་རོ།།
བྱེད་འབྲེལ་བྱེད་མེད་ཀྱི་ཐད་ནས་བདག་གིས་རང་གིས་རང་ལ་དོགས་སློང་གང་མང་བྱས་མྱོང་། དེའི་སྐོར་གྱི་རྩོམ་ཐུང་རེ་བྲིས་ཡོད་པ་རེག་ན་འདི་བ་ཞིག་ལ་འདོགས་ངེས་ཡིན། འདི་ལྟ་བུ་བགྲོ་གླེང་གནང་རྒྱུའང་ཤིན་ཏུ་གལ་ཆེ་བར་འདོད།
གཟིམས་འཇགས་གནང་།
དང་པོར་ངའི་མཆན་༣༧ པར་ཁྱེད་ཚོ་རེ་རེ་ནས་ལན་ཡག་པོ་ཞིག་གནང་རྗེས་ཡང་སྐྱར་བགྲོ་གླེང་བྱེད།
མཆན་སོ་བདུན་པ་ཞིག་གང་དུ་འདུག
བསྐྱར་དུ་ཡག་པོར་ཐེངས་གཅིག་གཟིགས་དང་།
མཆན ༣༥ རེད། དགོངས་དག དགོང་མོ་མཇལ་ཡོང་། ད་ང་སློབ་ཁྲིད་ཅིག་ལ་འགྲོ་དགོས།
དྲ་གྲོགས་ཚོའི་བོད་ཀྱི་སྐད་ཡིག་དང་བརྡ་སྤྲོད་སྐོར་ལ་བགྲོ་གླེང་གནང་བར་དགའ་བསུ་ཞུ། ངས་ཀྱང་བགྲོ་གླེང་འདིར་མ་སྐུལ་དང་བླང་གི་ཆ་ཤས་ལེན་འདོད་ཡོད
མགོན་ཕྱག་ལགས།
ཁྱེད་ཀྱི་རྩ་འཛིན་བྱེད་ས་དེ་ཡིན་པ་འདྲ་འོན་ཀྱང་ལུང་དེས་ཁྱོད་ཀྱི་འདོད་པ་ལྟར་སྒྲུབ་མི་ཐུབ།
༡ ལན། བྱེད་པ་པོ་གཞན་དང་འབྲེལ་ཞེས་པའི་གོ་དོན་ཁྱེད་ཀྱི་འདོད་ཚུལ་ལྟར་མིན་པར། སྐབས་འདིར་བྱ་ཡུལ་ལ་བལྟོས་ནས་བྱེད་པ་པོ་གཞན་དང་བྱེད་པ་པོ་བལྟོས་ནས་བྱ་བའི་ཡུལ་ལ་གཞན་ཞེས་པའི་ཐ་སྙད་འཇུག་གི་ཡོད།
༢ གསལ་མེ་ལས། གསུངས་ཀྱང་སྔོན་འཇུག་འ་ཡིག་སྐབས།། བྱེད་ལས་ཙམ་དང་འབྲེལ་བ་ཡི།། དངོས་པོ་བདག་ལའང་འཇུག་པར་མཐོང།།
ཞེས་པའི་སྐབས་འདིར་ཁྱེད་ཀྱིས་བྱེད་ལས་ལས་ཙམ་སྒྲ་བཀོད་མི་འདུག་པས་ཙམ་སྒྲའི་གཅོད་བྱ་ངས་སྔོན་ནས་ཁྱེད་ལ་འགྲེལ་བཤད་བྱས་ཟིན། ཙམ་སྒྲས་བྱེད་ལས་དངོས་མིན་པར་གཅོད།
༣ འགྲོ་བ་པོ་དང་འགྲོ་བར་བྱེད།། ཞེས་སོགས་བདག་དོན་ཕལ་བ་དང་།། ཞེས་པའི་བདག་དོན་ཕལ་བ་བདག་དངོས་ལ་གོ་རྒྱུ་མིན། བདག་དངོས་མི་ཡིན་པ་ལ་གོ་དགོས། འོན་ཀྱང་རིགས་ལམ་གྱིས་རྩོད་ན་བརྩད་རྒྱུ་ཡོད། དཔེར་ན། མི་ཕལ་བ་མི་ཡིན་མིན་སོགས་ལྟ་བུ་ཟེར་ཆོག འོན་ཀྱང་སྐབས་འདིར་དེ་ལྟར་བྱས་ནས་རྩོད་ས་མི་འགྲོ། གལ་ཏེ་དེ་འཐད་པར་བྱས་ན་གཞན་ལ་ཡང་གཙོ་ཕལ་འབྱེད་དགོས་ཐུག་སྲིད། སྐབས་འདིར་དབྱངས་ཅན་གྲུབ་པའི་རྡོ་རྗེས། འགྲོ་བ་པོ་དང་འགྲོ་པར་བྱེད་ཅེས་པ། བདག་གི་དོན་ཕྱོགས་ཙམ་སྟོན་པའི་བདག་དོན་ཕལ་བ་ཡིན་ཞེས་པ་ལས་བདག་དངོས་ཡིན་གསུངས་མེད། བདག་དོན་ཕལ་བ་ཡིན་ན་བདག་དངོས་ཡིན་མི་དགོས། དེ་གཉིས་ལ་ཁྱད་པར་ཆེ།
༤ བྱེད་ལས་ཙམ་དང་འབྲེལ་བའི་དངོས་པོ་བདག་དང་། བདག་དོན་ཕལ་བ་ཟེར་བ་འདི་ཚོ་ནོར་ཡོད་པ་རེད་དམ།
ལན། སྐབས་འདིར། ཙམ་སྒྲ་དང་ཕལ་སྒྲའི་དོན་ཡག་པོ་ཞིག་གོ་སོང་ན་ནོར་གྱི་མེད།
དྲི་བ་རྣམས་ཕྱོགས་བསྡོམས་བྱས་ནས་ལན་ཐེབས་ཆག་ཅིག་བརྒྱབས་ཁུལ་བྱས་ཡོད། དྲི་བ་མང་བོ་ཡོད་པས་ཚང་མར་རེ་རེ་བཞིན་ད་ལྟ་ལན་བརྒྱབས་མི་ཐུབ་པ་མ་ཟད་ཞིབ་ཀློག་ཀྱང་བྱེད་ཐུབ་མ་སོང། ད་འདིར་མཚན་གུང་ཡོལ་ཟིན་པས་གཉིད་ཁུག་ནས་ཡོང་གི་མི་འདུག
རྗེས་སུ་ཡང་བསྐྱར་ལན་འབྲི་ཆོག་པར་བྱོས།
སྤྱིར་བྱ་ཚིག་ལ་དབྱེ་ན་བྱེད་འབྲེལ་ལས་ཚིག་དང་བྱེད་མེད་ལས་ཚིག་གཉིས་སུ་མ་འདུས་པའི་ཕུང་གསུམ་པ་ཞིག་མེད་པར་སྣང་། འགྲོ་འདུག་ཉལ་མཆོངས་བཞུགས་སོགས་ནི་བྱེད་མེད་ལས་ཚིག་གི་ཁོངས་སུ་འདུ་བ་མ་ཟད། འདིའི་རིགས་ལ་བྱེད་ལས་ངོ་བོ་གཅིག་པའི་བྱ་ཚིག་ཟེར། ཡང་། ཆག་ཆད་འབར་སོགས་ལ་བྱ་ལས་ངོ་བོ་གཅིག་པའི་བྱ་ཚིག་ཟེར། བྱེད་ལས་ངོ་བོ་གཅིག་པ་དང་བྱ་ལས་ངོ་བོ་གཅིག་པ་གང་ཡིན་ཡང་བྱེད་མེད་ལས་ཚིག་གི་ཁོངས་སུ་འདུ། བྱེད་ལས་ངོ་བོ་གཅིག་པ་ཡིན་ན་བྱེད་པ་པོ་ལས་གཞན་པའི་ལས་ཤིག་ལོགས་སུ་མཐོང་རྒྱུ་མེད་པས་བྱེད་ལས་ངོ་བོ་གཅིག་པ་ཆགས་པ་རེད། ཡིན་ཡང་འདིའི་རིགས་ལ་སྐུལ་ཚིག་འཇུག་ངེས་རེད། བྱེད་པ་པོ་ཡོད་པས་རེད།
བྱ་ལས་ངོ་བོ་གཅིག་པ་ཡིན་ན་བྱ་ཚིག་དང་ལས་གཉིས་ངོ་བོ་གཅིག་པ་རེད་པ་རེད། འདིའི་རིགས་ལ་བྱེད་པ་ཙམ་ལས་བྱེད་པ་པོ་ཡོད་པ་མ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་འདིའི་རིགས་ཀྱི་བྱ་ཚིག་ལ་ནམ་ཡང་སྐུལ་ཚིག་ཐོབ་མི་སྲིད།
སྤྱིར་བཤད་ན། བྱེད་འབྲེལ་ལས་ཚིག་ཡིན་ན་རྣམ་དབྱེ་གསུམ་པའི་ཕྲད་ངེས་པར་དུ་སྦྱོར་དགོས་པ་དང་། བྱེད་མེད་ལས་ཚིག་ཡིན་ན་རྣམ་དབྱེ་གསུམ་པའི་ཕྲད་མི་འཐོབ་པའི་གནད་ཀ་འདིའི་ངའི་ལྟ་ཚུལ་གསར་བ་ཞིག་གི་ལྟ་སྟངས་ཡིན། དྲ་གྲོགས་ཚོའི་བྱེད་མེད་ལས་ཚིག་ལ་རྣམ་དབྱེ་གསུམ་པ་ཐོབ་པའི་དཔེར་བརྗོད་རེ་ཟུང་གསུང་དང་ང་ཚོའི་ག་ལེར་བགྲོ་གླེང་ལྷུག་པོར་གནང་ཆོག
ངས་ང་འགྲོ་ལྟ་བུར་མཚོན་ན། ཁ་བ་ནག་པོས་བཤད་པ་ལྟར་བྱེད་པ་པོ་ཡོད་པས་བྱེད་འབྲེལ་ཁོངས་སུ་བསྡུས་ཏེ། བྱེད་འབྲེལ་ནང་། བྱ་བྱེད་ཐ་དད་མི་དད་གཉིས་སུ་དབྱེ་བ་ཕྱེས་པ་རེད། དེ་ཕལ་ཆེ་བས་འགྲིགས་ཀྱི་མི་འདུག་མདོག་མདོག་ཅིག་ལབ་ཡོང་གི་འདུག ད་འགྲིག་གི་རེད། དེའི་སྐོར་ངས་རྩོད་པ་བྱེད་གི་མིན།
ད་འགྲོ་འདི་སྲོལ་རྒྱུན་གྱི་འགྲེལ་སྟངས་ལྟར་བྱེད་མེད་ཁོངས་སུ་བསྡུ། ད་དེ་ཡིན་ནའང་། བྱེད་མེད་ཁོངས་སུ་བྱ་ཚིག་མ་འདྲ་བ་གཉིས་ཡོང་གི་ཡོད་པ་རེད་དམ་མ་རེད། བྱེད་ལས་ཙམ་དང་དང་འབྲེལ་བའི་བྱ་ཚིག་ཅིག་དང་། བྱེད་པ་པོ་དང་བྱེད་ལས་ཙམ་དང་ཡང་མ་འབྲེལ་བའི་བྱ་ཚིག་གཉིས་ཡོད་པ་དེ་གསལ་པོ་མ་རེད་དམ། མདོར་དེད་ན། བྱ་ཚིག་གསུམ་ཡོད་པ་དེ་གསལ་པོ་མ་རེད་དམ།
བྱེད་པ་པོ་ཙམ་དང་འབྲེལ་བས་བྱེད་འབྲེལ་ཁོངས་སུ་བསྡུས་ནའང་འདྲ། བྱ་བྱེད་ཐ་མི་དད་པ་ཡིན་པས་བྱེད་མེད་ཁོངས་སུ་བསྡུས་ནའང་འདྲ། གང་ལྟར། བྱ་ཚིག་ལ་དབྱེ་བ་གསུམ་ཡོད་པ་དེ་གསལ་བོ་རེད་སྙམ།
ཁ་བ་ནག་པོས། རྣམ་དབྱེ་གསུམ་པའི་ཕྲད་ཐོབ་མི་ཐོབ་ཀྱི་ཐོག་ནས་བྱེད་འབྲེལ་ཡིན་མིན་གྱི་དབྱེ་བ་དེ་ཅུང་ཁ་གསལ་མི་གསལ་གྱི་ཁྱད་པར་ཅུང་འདུག་སྙམ། ཡིན་ནའང་། ཤེས་དགོས་པ་ཞིག་ལ། དཔེ་དེབ་འགའ་རེར། སྟག་གིས་མཆོངས་ཟེར་བ་ལྟ་བུ་བྲིས་ཡོད་པའང་ཡང་ཡང་མཇལ་རྒྱུ་འདུག དེ་དག་མི་དག་བཤད་ན་མི་ཤེས།
ད་ང་ཚོར་རྩོད་རྒྱུ་ཞེ་དྲག་མི་འདུག རང་རང་སོ་སོས་ལུང་གི་ཁ་འཛིན་སྲོག་ལས་གཅེས་པར་སྲུངས་ལ་གང་དགར་གྱིས་ཤིག
ཁྱེད་ཚོ་ཁ་ཤས་ཤིག་ནས་ད་བར་ང་ཚོས་བསླབས་ཡོང་པ་དེ་སྐྱར་ཟློས་ཡང་ཟློས་བྱས་བསྡད་ན་ཉན་མི་སྤྲོ། ང་རང་གིས་ཀྱང་ད་བར་དུ་དེ་ཚོ་བསླབས་ཡོང་པ་ཡིན། གཞན་ལ་ཁྲིད་ཡོང་པ་ཡིན། དེ་ཚོའི་གནད་འགག་མ་ཤེས་པར་བསྡད་མེད། དེའི་ནང་གསལ་ཁ་བཏོད་དགོས་པ་ཞིག་མཐོང་། དེ་ལའང་ལོ་བཅུ་གྲངས་ཁ་ཤས་ནང་བསམ་བློ་ཞིག་བཏང་ནས་བཤད་ཁུལ་བྱེད་པའི་ཁུལ་ཡིན། དེ་ལ་ངོས་ལེན་མེད་ན། ངའི་བསམ་ཚུལ་དེ་ཚོ་གཡུག་བཞག་ན་འགྲིག་གི་རེད།
དངོས་གནས་ཡིན་ན། བྱེད་པ་པོ་དང་འབྲེལ་བའི་བྱེད་འབྲེལ་དང་བྱེད་པ་པོ་གཞན་དང་འབྲེལ་བའི་བྱེད་འབྲེལ་གཉིས་ལ་ཁྱད་པར་ཞིག་དགོས་ཀྱི་ཡོད་པར་མཐོང་། ང་ཤར་ཕྱོགས་སུ་འགྲོ་ཟེར་ན། ང་དེ་བྱེད་པ་པོ་ཡིན་པ་རེད། དེའང་བྱ་བྱེད་ཐ་དད་པའི་བྱེད་པ་པོ་མིན་པར། བྱ་བྱེད་ཐ་མི་དད་པའི་བྱེད་པ་པོ་ཞིག་ཡིན་པ་རེད། ད་ཚིག་གཅིག་སྐྱར་ཟློས་ཡང་ཟློས་བྱས་བསྡད་ན་མི་གཞན་པ་ཚོའང་ཡིད་བསུན་སྲིད། དེ་ཙམ་བྱེད།
ཁ་ཕྱོགས་མེད།
བདག་དོན་གཙོ་ཕལ་གཉིས་ཡོད་ཙང་། ངས་ཀྱང་བྱེད་འབྲེལ་ནང་བྱ་བྱེད་ཐ་དད་མི་དད་གཉིས་དབྱེ་དགོས་བྱུང་པ་རེད། གང་ལྟར་གཅིག་པ་རེད། ཁྱེད་རང་གིས་བདག་དོན་ཕལ་བ་རྣམས་བྱེད་མེད་ཁོངས་སུ་བསྡུས་པ་ཡིན་ནའང་། དེའི་ནང་བྱེད་ལས་ཙམ་དང་འབྲེལ་བའི་བདག་དོན་ཕལ་བ་ཞིག་དང་། བདག་དོན་ཕལ་བ་ཙམ་ལའང་མི་འཇུག་པའི་བྱ་ཚིག་ཅིག་གཉིས་ཡོང་གི་ཡོད་པ་རེད།
སི་ཏུ་པཎ་ཆེན། ཁ་བ་ནག་པོ་དང་ང་ཚོ་གསུམ་གཅིག་མཚུངས་ལྟར་སོང་མི་འདུག་གེ ཙམ་སྒྲ་དང་། བདག་ཕལ་པ། དངོས་པོ་བདག་ལའང་འཇུག་སོགས་བསྒྲུབ་བྱར་བཞག་ན་ལེགས་སྙམ། ད་དུང་དཔྱད་རོགས་གནོངས།
ད་ང་ཚོ་འབབ་ས་ཞིག་ལ་བབ་ཡོང་གི་འདུག ཙམ་སྒྲ་དང་། བདག་ཕལ་བ། དངོས་པོ་བདག་ལ་འང་འཇུག་པ་མཐོང་ཟེར་བ་དག་ང་ཚོའི་རྩོད་གཞི་གཙོ་བོ་དེ་རེད།
འདི་དག་བྱེད་འབྲེལ་ཁོངས་བཞག་ན། བྱེད་པ་པོ་ཡོད་པ་གང་ཞིག་ལ་བྱ་བྱེད་ཀྱི་དབྱེ་བ་གཉིས་ཡོང་གི་ཡོད་པ་མ་རེད། བྱེད་མེད་ཀྱི་ཁོངས་སུ་བཞག་ནའང་། བྱེད་པ་པོ་ཞིག་དང་འབྲེལ་བསྡད་ཡོད་པ་རེད། དངོས་པོ་བདག་ལའང་འཇུག་པ་མཐོང་ཟེར་གི་ཟེར་གི། བྱེད་མེད་ཁོངས་བསྡུས་པ་ཡིན་ན་ཅུང་ཟད་བློ་ངོར་མི་བདེ་བ་ཞིག་རེད། ལོ་ཆུང་བྱིས་པ་ཞིག་ལ་སློབ་ཁྲིད་བྱེད་སྐབས། བྱ་བྱེད་ཐ་དད་མིན་གྱི་བ་རྙོག་འཛིངས་ཅན་དེ་ཚོ་ལས་བྱེད་འབྲེལ་དང་བྱེད་མེད་ཟེར་ནས་ཚིག་འདི་རང་བེད་སྤྱོད་བཏང་ན་གོ་བདེ་མིན་ལ་ཁྱད་པར་ཞིག་ཡོད་པ་རེད། ཡང་མགོ་རྙོག་གཞི་གཞན་ཞིག་ཡོད་པ་ནི། རྣམ་དབྱེ་གཉིས་པའི་སྐབས། ང་ཤར་ཕྱོགས་སུ་འགྲོ་ཟེར་ན། ང་དེ་བྱེད་པ་པོའམ་འགྲོ་བ་པོ་རེད་ཟེར་ནས་འགྲེལ་བཤད་རྒྱབ། རྟགས་འཇུག་སྐབས། བྱེད་མེད་རེད་ཟེར་ན་ཡང་སྐྱར་མགོ་འཐོམས་འགྲོ་གི་མ་རེད་དམ། ལས་ལ་ཡང་བྱ་བའི་ཡུལ་ལ་འཇུག་པའི་སྐབས་ཤིག་དང་། བྱ་ཚིག་ལ་འཇུག་པའི་སྐབས་ཤིག་གཉིས་ཡོད་པ་དེ་འདྲ་ཆུང་ཙག་རེས་ཀྱང་། རྟོག་གེ་མགོ་མཁྲེགས་འགའ་རེའང་འཐོམས་འདུག་ན།། ལོ་ཆུང་བྱིས་པ་རྣམས་ནི་བཤད་ཅི་དགོས།
ད་ཁྱེད་རང་ཚོས་ག་རེ་རྩོད་པ་གནང་གི་ཡོད་པ་ཧ་གོ་གི་མི་འདུག
བྱེད་འབྲེལ་བྱེད་མེད་ཀྱི་ཁྱད་དང་གསང་གནད་འདི་དག་མ་ཤེས་ནའང་སྐྱོན་ཆེན་པོ་མེད་པ་འདྲ།
ད་བར་བོད་ཡིག་འབྲི་ཀློག་ལ་དཀའ་ངལ་དམིགས་བསལ་ཞིག་འཕྲད་མ་སོང་།
མ་གཞི་ནས་སུམ་རྟགས་ཀྱི་གཞུང་འདིར་ང་ནག་འཐོམ་མེ་འདུག
བྱེད་འབྲེལ་བྱེད་མེད་ཀྱི་ཚིག་དུམ་གསར་པ་གཉིས་པོ་དེ་གཉིས། ང་ཚོའི་སུམ་རྟགས་ཀྱི་རྩིག་པར་བཅུགས་ན། རྡོ་རིལ་རྩིག་པའི་དཀྲུགས་ཤིང་འགྲོ་ཉེན་མི་འདུག་གམ། གསར་གཏོད་དགོས་ཀྱང་གསར་པ་ཐམས་ཅད་ཕན་པའི་ངེས་པ་མེད། ད་དུང་དཔྱོད་རོགས།
མགོན་ཕྱག་ལགས།
དེ་རིང་འདིར་ཚོུད་ཅུང་ཙམ་ཡོད་པས་ངས་ཡང་བསྐྱར་གསལ་བཤད་ཐེངས་གཅིག་བྱེད།
༡བྱེད་འབྲེལ་ལས་ཚིག་དང་བྱ་བྱེད་ཐ་དད་པ་དང་བྱེད་མེད་ལས་ཚིག་དང་བྱ་བྱེད་ཐ་མི་དད་པ་དོན་གཅིག་ཡིན་པའི་སྤྱིའི་འགྲོ་སྟངས་དེ་ཁྱོད་ཀྱིས་ཁས་ལེན་གྱི་མེད་པའི་གཞི་རྩ་ཐུག་ས། འགྲོ་ལྟ་བུ་བྱ་ཚིག་གི་སྐབས་སུ་འགྲོ་བ་བོ་ཞིག་ཡོད་པས་ཁྱེད་ཀྱི་བློ་ངོར་བབས་མ་བདེ་པ་ཡིན་པ་འདྲ། བྱེད་མེད་ལས་ཚིག་གམ་བྱ་བྱེད་ཐ་མི་དད་པའི་ནང་ཚན་གྱི་བྱ་ཚིག་ལ་རིགས་མང་བོ་ཡོད། འགྲོ་དང་སྐྱེས་ལྟ་བུ། འགྲོ་དང་སྐྱེས་གཉིས་བྱེད་མེད་ལས་ཚིག་ཡིན་པ་འདྲ་ནའང་བྱ་ཚིག་གི་རིགས་མི་འདྲ། འདིར་བྱེད་མེད་ལས་ཚིག་ཅེས་པའི་དོན་ཡང་བྱེད་པ་པོ་ཞིག་གཏན་ནས་མེད་པ་ལ་གོ་རྒྱུ་མིན། བྱ་བ་གང་ཞིག་ཡིན་ཀྱང་དེ་ལ་དངོས་ཤུགས་གང་རུང་དུ་རྒྱུ་དང་རྐྱེན་ཞིག་ཡོད་དེ་ཙམ་ལ་བསམ་ནས་འགྲོ་བྱེད་འབྲེལ་དུ་འགོད་ན་འགྲིག་ཐབས་མེད།
༢ བྱེད་འབྲེལ་ལས་ཚིག་དང་བྱེད་པ་པོ་གཞན་དང་འབྲེལ་བའི་ལས་ཞེས་པའི་དོན་གཅིག་པ་ཡིན། སྐབས་འདིར་གཞན་ཞེས་པ་རང་དང་ཕར་རོལ་བོ་ལྟ་བུར་གོ་རྒྱུ་མིན།
བྱེད་པ་པོ་ལ་བལྟོས་ནས་བྱ་བའི་ཡུལ་གཞན་དང་བྱ་བའི་ཡུལ་བལྟོས་ནས་བྱེད་པ་པོ་ལ་གཞན་གྱི་ཐ་སྙད་འཇུག
སྤྱིར་བོད་ཀྱི་བརྡ་སྤྲོད་རིག་པའི་ལུགས་ལ་བྱ་ཚིག་མཐའ་དག་བདག་གཞན་གྱི་དབྱེ་བ་དང་དེས་མ་ཁྱབ་པ་རྣམས་དུས་གསུམ་གྱི་དབྱེ་བའི་ཁོངས་སུ་བསྡུས་ཡོད། དེས་ན་བྱེད་འབྲེལ་ལས་ཚིག་མཐའ་དག་ལ་བདག་གཞན་གྱིས་དབྱེ་བའི་ཁྱབ་པ་དང་བྱེད་མེད་ལས་ཚིག་རྣམས་བདག་གཞན་གྱིས་དབྱེ་བའི་མ་ཁྱབ་པ་རྣམས་ཁོངས་ཤིག་ཏུ་བསྡུས་པའི་ཆེད་དུས་གསུམ་གྱི་དབྱེ་བ་མཛད་པ་ཡིན།
གནད་འདི་ཁྱོད་ཀྱི་ཁས་བླངས་ན་དེ་ནས་འགྲོ་ལྟ་བུའི་བྱ་ཚིག་དེ་གང་གི་ཁོངས་སུ་བསྡུ་དགོས་པར་ངེས་པ་རྙེད་སླ།
༣ མདོར་ན། སྐབས་འདིར་བྱེད་འབྲེལ་ལས་ཚིག་ཅེས་པའི་དོན་བྱེད་པ་པོ་གཞན་འབྲེལ་བའི་དོན་ལ་གོ་དགོས། བྱེད་པ་པོ་གཞན་འབྲེལ་ཞེས་པའི་ཐ་སྙད་དེ་ཡང་དངོས་པོ་གཞན་ལ་བལྟོས་ནས་གྲུབ་པ་ཡིན་པར་ངེས་དགོས། དེ་ལྟར་བྱུང་ན་གཞི་ནས་གོ་བ་ཞིག་རྙེད་ཡོང་། ཡ་ད་དེ་རིང་མཚམས་འདི་ནས་འཇོག
འགྲོ་འདི་བྱེད་པ་པོ་ཞིག་དང་འབྲེལ་འདུག་འབྲེལ་མི་འདུག བྱེད་པ་པོ་གཞན་དང་འབྲེལ་ཡོད་མེད་བཤད་མི་དགོས། དེ་ངའི་དྲི་བ་ཡིན།
ཁ་ཕྱོགས་མེད།
ཁྱོད་ཀྱིས་བྱེད་མེད་ལས་ཚིག་གམ་བྱ་བྱེད་ཐ་མི་དད་པའི་ནང་ཚན་གྱི་བྱ་ཚིག་ལ་རིགས་མང་བོ་ཡོད། ཟེར། ངའི་མང་པོ་ཡོད་པ་མཐོང་གི་མི་འདུག
འགྲོ་ནི་བྱེད་ལས་ཙམ་རེད། སྐྱེ་ནི་བྱ་ལས་རེད།
ཡོངས་གྲགས་ཀྱི་བྱེད་མེད་ལས་ཚིག་ནང་། བྱེད་ལས་དང་བྱ་ལས་གཉིས་ལས་ལྷག་ཡོད་པ་ཡིན་ན་ཁྱེད་རང་གིས་སྟོན་དང་།
སྤྱིར་བཏང་། ལས་ལ། བྱ་ལས་དང་བྱེད་ལས་གཉིས་སུ་དབྱེ་བ་ཕྱེས་ཡོད་པ་རེད། བྱ་ལས་ཀྱི་ནང་ལ་ཡང་སྐྱར་བྱ་ལས་ཤིག་དང་བྱེད་ལས་ཤིག་ཡོང་གི་ཡོད་པ་རེད། འགྲོ་བ་པོ་དང་འགྲོ་བར་བྱེད་དེ། ཁྱོད་ཀྱིས་བྱེད་འབྲེལ་ཡིན་པ་ཁས་མི་ལེན་ནའང་བྱེད་ལས་ཙམ་དང་འབྲེལ་བ་ཡིན་པ་དེ་ཁས་ལེན་གྱི་རེད་དམ།
མགོན་ཕྱག་ལགས།
ངས་བྱེད་མེད་ལས་ཀྱི་བྱ་ཚིག་ཡིན་ཚད་གྲུབ་ལུགས་གཅིག་པ་མ་རེད་ཅེས་བཤད་ནི། དཔེར་ན། འགྲོ་ལྟ་བུ་འགྲོ་བ་བོ་དངོས་སུ་ཡོད་མཁན་གྱི་རིགས་དང།
རྩ་སྐྱེས་དང་ཆར་བབ་ལྟ་བུ་འབྱུང་ཁུངས་འདྲ་བའི་བྱ་ཚིག་རིགས་ཤིག་དང་།
འཁོར་ལྟ་བུ་རང་བཞིན་གྱིས་འགུལ་བ་ལྟར་སྣང་བའི་རིགས་ཤིག་དང།
ཡང་ཤིང་བཅད་ནས་ཆད་པ་དང་འཁོར་ལོ་བསྐོར་ནས་འཁོར་བ་ལྟ་བུའི་བྱེད་འབྲེལ་ལས་ཚིག་གི་འབྲས་བུར་གྱུར་བའི་བྱེད་མེད་ལས་ཚིག་སོགས་མང་ཟེར་ནི་ཡིན།
ད་དུང་བཤད་རྒྱུར་འགྲོ་ཁྱེད་ཀྱིས་བྱེད་འབྲེལ་གྱི་ཁོངས་སུ་འཇོག་དོན་འགྲོ་མཁན་བྱེད་པ་པོའམ་གང་ཟག་ཅིག་ཡོད་པས་ཆ་ནས་ཡིན་ན། དེ་ལ་བྱེད་འབྲེལ་ཟེར་བ་ལས་བྱེད་ཡོད་ལས་ཚིག་ཅེས་ཐ་སྙད་གསར་བ་ཞིག་ཁྱེད་ཀྱིས་བཟོས་དགོས་བྱུང་ས་རེད།
སྐབས་འདིར་འབྲེལ་ཟེར་བ་གོ་རྒྱུ་ཆེན་པོ་ཡོད་ཅེས་ངས་ཐེངས་མང་བཤད་ཀྱང་ནུས་པ་མི་ཐོན་གི་ཡ།
རྩྭ་སྐྱེས། འཁོར་ལོ་འཁོར། ཤིང་ཆད། དེ་ཚོ་ཚང་མ་གཅིག་པ་གཅིག་རྐྱང་རེད། དེ་ཚོ་བྱ་ལས་རེད། ཨ་དྲིན་ཆེན་པོ།
ཁྱེད་ཀྱི་འབྲེལ་དེ་ལ་གོ་རྒྱུ་ཆེན་པོ་ཡོད་ན། བྱེད་ལས་ཙམ་དང་འབྲེལ་བ་ཡི། ཞེས་པའི་འབྲེལ་འདིས་ཁྱེད་ཀྱི་འབྲེལ་གོ་རྒྱུ་ཆེན་པོ་ཡོད་པ་དེ་དེ་ལས་ཀྱང་ཆེ་རུ་བཏང་བ་རེད། ཁྱེད་ཀྱི་འབྲེལ་དེར་གོ་རྒྱུ་ཆེན་པོ་ཡོད་ན་མེད་ན། བྱེད་པ་པོ་གཞན་དང་འབྲེལ་ཟེར་བ་དེ་རེད། དེའི་ཐོག་ངའི་འབྲེལ་འདི་བཞག་པ་ཡིན་ན། ཏག་ཏག་འབྲེལ་ནང་། འབྲེལ་མ་འདྲ་བ་གཉིས་ཡོད་པ་མ་རེད་དམ།
ཁྱེད་རང་གིས་ཨང་རྩིས་ཤེས་གི་ཡོད་པ་རེད་པ།
བྱེད་པ་པོ་གཞན་དང་འབྲེལ་བ + བྱེད་པ་པོ་ཙམ་དང་འབྲེལ་བ=བྱེད་འབྲེལ
ངས་བལྟས་ན་ཁ་ཕྱོགས་མེད་ཀྱིས་ཁ་ཕྱོགས་ཤིག་མཐོང་འདུག
བྱེད་འབྲེལ་དང་བྱེད་མེད་ཟེར་བའི་དོན་ཅི་ཡིན་ནམ། འདིའི་དོན་ནི་བྱེད་པ་པོ་ཡོད་མེད་ཟེར་གི་མེད། ཅི་ཞིག་གང་ལ་འབྲེལ་བ་ཡོད། ཅི་ཞིག་གང་ལ་འབྲེལ་བ་མེད་ཟེར་བའི་ལྡེའུ་ཞིག་འཇོག
ཡིན་རྒྱུ་ནི། བྱེད་པ་པོ་དང་ལས་གཉིས་ཐ་དད་དུ་ཡོད་ན་བྱེད་པ་པོ་དང་ལས་གཉིས་ལ་འབྲེལ་བ་ཡོད་པས་རྟགས་རེད། དཔེར་ན། བཀྲིས་ཀྱིས་རི་མོ་བྲིས། ལྟ་བུར་མཚོན་ན་བཀྲིས་བྱེད་པ་པོ་དང་། ལས་རི་མོ་གཉིས་ཐ་དད་དུ་ངོ་བོ་གཅིག་པ་མིན་པར་གནས་ཡོད་པ་དེ་ལྟ་བུ་བྱེད་འབྲེལ་ཟེར། འདི་རིགས་རྣམ་དབྱེ་གསུམ་པའི་ཕྲད་ངེས་པར་དུ་འཐོབ་པ་ཡིན།
༢ བྱེད་མེད་ལས་ཚིག་ནི་བྱེད་པ་པོ་ཡོད་མེད་ཀྱི་གནད་ཀ་མ་རེད། བྱེད་པ་པོ་དང་ལས་གཉིས་ཐ་མི་དད་པར་ངོ་བོ་གཅིག་ཏུ་གྱུར་པའམ། བྱེད་པ་པོ་དང་ལས་གཉིས་འབྲེལ་བ་མེད་པས་རྒྱུ་མཚན་གྱིས་བྱེད་མེད་ལས་ཚིག་ཟེར།
དཔེར་ན། ང་འགྲོ་ལྟ་བུ་རེད། བྱེད་པ་པོའམ་འགྲོ་བ་བོ་ཙམ་ལས་དེ་ལས་ཐ་དད་པའི་ལས་ཞིག་སྟོན་རྒྱུ་མེད་པས་བྱེད་མེད་ལས་ཚིག་ཟེར། འདི་རིགས་ལ་རྣམ་དབྱེ་གསུམ་པ་རྩ་བ་ནས་མི་འཐོབ།
ཆར་བབས་ལྟ་བུ་ལ་མཚོན་ལ་ལས་ཡོད་པ་ཙམ་ལས་དེ་ལས་ཐ་དད་པའི་བྱེད་པ་པོ་ཞིག་སྟོན་རྒྱུ་མེད་པས་འདི་ལ་ཡང་བྱེད་མེད་ལས་ཚིག་ཟེར།འདིའི་རིགས་ལའང་རྣམ་དབྱེ་གསུམ་པའི་ཕྲད་མི་འཐོབ་བོ།
ད་དགོད་ཤོར་གྱི་འདུག དེ་ལྟར་མིང་རེ་རེའི་དོན་དག་ལ་བལྟས་ནས་དབྱེ་བ་ཕྱེ་དགོས་ན། ཧ་ལས་པའི་མང་པོ་ཡོད་པ་རེད།
སྐྱེས། གུག ཆད། གསལ། ཐོབ། འཐོར། ཐུལ། འབྱོར། སོགས་གྲངས་ཀྱིས་མི་ལོངས། དེ་རེ་བཞིན་དབྱེ་བ་འབྱེད་རྒྱུ་ཡོད་པ་རེད། ཡིན་ནའང་། འདི་ཚང་མ་བྱ་ལས་རེད། འགྲོ མཆོངས་ལྟ་བུ་བྱ་ལས་མ་རེད།
༡ ཁ་བ་ནག་པོ། སྣ་འཐེན་ནས་ཁ་ནང་དུ་སླེབས་ཐབས་ཡོད་པ་རེད། དེས་ན། བྱེད་ལས་ཙམ་དང་འབྲེལ་ཟེར་བའི་འབྲེལ་འདིར་འགྲེལ་ཞིག་རྒྱོབས་དང།
བྱེད་འབྲེལ་བྱེད་མེད་བརྩད་ནས་འབབ་ས་གང་རེད། བྱ་རྒོད་པོས་ནམ་འཕང་བསྟད་ནས་འབབ་ས་ཞིག་དང་གཟས་ས་ཞིག་དགོས་ངེས་རེད། ད་ང་ཚོ་འབབ་ས་གང་རེད།
བདག་གཞན་གྱི་གོ་བ་ལེན་སྟངས་དང་རྣམ་དབྱེ་གསུམ་པའི་སྦྱོར་སྟངས་ཀྱི་གནད་ཀ་འདི་རེད། དེང་སང་མང་པོ་ཞིག་གིས། བྱེད་མེད་ལས་ཚིག་ལ་རྣམ་དབྱེ་གསུམ་པའི་ཕྲད་སྙན་འདོགས་ཁ་བོ་ལབ་ཀྱིན་འདུག དཔེར་ན། ཁྱེད་རང་བཞུགས་དང་། ངས་འགྲོ་དགོས་ལྟ་བུ།
ཡང་། བྱེད་འབྲེལ་ལས་ཚིག་རྣམ་དབྱེ་གསུམ་པ་མ་སྦྱར་བར་སྐད་ཆ་སྟབས་བདེ་བོ་འདི་འདྲ་གླེང་མཁན་མང་། དཔེར་ན། ང་ཟ་ཚར་བ་ཡིན། ལྟ་བུ་བཤད་མཁན་མི་མང་པོ་ཡོད། འདི་ནི་བྱེད་འབྲེལ་བྱེད་མེད་མ་ཤེས་པའི་ཉེར་ལེན་ལས་བྱུང་བ་རེད། ང་ཚོས་གཟས་ས་འདི་འདྲའི་གྲངས་རེད། དྲ་གྲོགས་ཚོས་བསམ་གཞིགས་གནོང་དང་།
ད་མང་པོ་བཤད་རྒྱུ་མེད།
ཁ་སང་ཁྱེད་རང་གིས་ཀྱང་། བྱེད་མེད་ནང་། བྱེད་ལས་ཤིག་དང་བྱ་ལས་ཤིག་ཡོད་པ་བཤད་སོང་ང། ང་ལ་དེས་འགྲིགས།
མགོན་པོ་ཕྱག་གཉིས་པ་ལགས། སྐུ་ཉིད་ཀྱིས་བྱེད་ལས་ཙམ་དང་འབྲེལ་བའི་ལས་ཞེས་པའི་སྐབས་ཀྱི་འབྲེལ་ཟེར་བ་གང་ལ་གོ་དགོས་ཟེར་བར། ཉེ་སྔོན་ཁྱེད་ཀྱིས་གསལ་བཤད་ཀྱི་ཚུལ་དུ་གསུང་བའི་དཔེར་བརྗོད་ཐུང་ངུ་ཞིག་གི་སྟེང་ནས་གྲོས་བསྡུར་ཞིག་བྱ། སྟག་མཆོངས་དང་། ཝ་བྲོས་ལྟ་བུར་མཚོན་ན་ཁྱེད་ཀྱིས་གསུང་བ་ལྟར་བྱ་ལས་མ་རེད། འདིའི་ཕྱོགས་ནས་ངེད་གཉིས་ཆུ་དང་ཉ་རེད།
འདིའི་རིགས་ནི། བྱེད་ལས་ངོ་བོ་གཅིག་པ་རེད། བྱེད་པ་པོ་དང་ལས་གཉིས་ཐ་དད་དུ་སྟོན་རྒྱུ་མེད་པ་རེད། སྟག་མཆོངས་ལྟ་བུར་མཚོན་ན། མཆོངས་པ་པོ་སྟག་རེད། གང་མཆོངས་པར་བྱ་རྒྱུའི་ལས་སམ་དངོས་པོ་གཞན་ཡང་སྟག་ལས་གཞན་པའི་དངོས་པོ་ཞིག་སྟོན་རྒྱུ་མེད་པས་བྱ་བྱེད་ཐ་མི་དད་པ་རེད། དེ་འདྲའི་འབྲེལ་བ་ཙམ་ལས་བྱེད་པ་པོ་དང་ལས་གཉིས་ཁ་ཁ་སོ་སོར་སྟོན་རྒྱུ་ཡོད་པ་མ་རེད།
རྒྱུ་མཚན་འདི་འདྲ་ལ་བསྟེན་ནས་དབྱངས་ཅན་གྲུབ་པའི་རྡོ་རྗེ་ཡིས་ཀྱང་བྱེད་ལས་ཙམ་དང་འབྲེལ་བ་ཡིས། དངོས་པོ་བདག་ལ་འཇུག་པ་མཐོང་། ཞེས་འདི་འདྲའི་རིགས་ལ་བདག་དོན་ཕལ་བ་ཞེས་མིང་གསར་བ་ཞིག་འདོགས་དགོས་བྱུང་བ་རེད།
ཁ་ནག།
མཆན ༦༠ལ་ང་གཉིས་རྩོད་པ་མེད། བྱེད་ལས་ངོ་བོ་གཅིག་པ་ཟེར་ན་ལན་པོ་འདུག བྱ་བྱེད་ཐ་མི་དད་པ་ཡང་རེད། ངས་མཆོངས་སོགས་བྱ་ལས་རེད་གང་ན་ལབ་འདུག ཅིག་སྟོན་དང་། གཅིག་བྱས་ན་ངས་ནོར་ཡིན་རྒྱུ་རེད།
བྱེད་ལས་ཙམ་དང་འབྲེལ་བ་ཡི། ཞེས་པའི་ནང་གི་འབྲེལ་ལ་འགྲེལ་ཞིག་རྒྱོབས་ཟེར་གི་ཡོད། བྱེད་ལས་ཙམ་དང་འབྲེལ་བ་ཞིག་ཡིན་ན་བྱེད་འབྲེལ་ཟེར་དགོས་རྒྱུ་ལ་དེ་ལྟར་མི་ལབ་པར་བྱེད་མེད་ཟེར་ནས་འགྲེལ་བ་དེ་ཅི་རེད། བྱ་བྱེད་ཐ་དད་མི་དད་ལ་སྐྱར་འགྲེལ་བྱེད་དགོས་དོན་མི་འདུག
བདག་དོན་ཕལ་བ་ཟེར་ནས་བདག་དང་འབྲེལ་བའི་མིང་ཞིག་བཏགས་འདུག་པ་ལས་གཞན་དང་འབྲེལ་བའི་མིང་ཞིག་བཏགས་མི་འདུག་ག ཨ་དྲིན་ཆེན་ནོ།
བོད་མི་རིགས་ཀྱི་ཆོས་སྲིད་རིག་གནས་དཔལ་འབྱོར་བཅས་གོང་འཕེལ་ཡོང་ཕྱིར་བོད་རིགས་ཡོངས་ལ་སྤྱི་སྐད་གོ་བདེ་ཞིག་ངེས་པར་དགོས་སོ།
ལྷ་སའི་ཕྱོགས་ནས་གི་ལ་གིས་ཞེས་འབོད།
བྱེད་འབྲེལ་ཐ་དད་འབྱེད་པའི་སྒྲ་གདངས་མེད།
ནང་ཆེན་པ་ཡིས་འབྲུ་ལ་འབུ་ཞེས་འབོད།
ར་བཏགས་ཡོད་མེད་འབྱེད་པའི་སྒྲ་གདངས་མེད།
མགོ་ལོག་གསེར་རྟས་ཤིང་ལ་ཤང་ཞེས་འབོད།
གི་གུ་ཡོད་མེད་འབྱེད་པའི་སྒྲ་གདངས་མེད།
མངའ་རིས་ཕྱོགས་ནས་མེད་ལ་མེ་ཞེས་འབོད།
རྗེས་འཇུག་ཡོད་མེད་འབྱེད་པའི་སྒྲ་གདངས་མེད།
མཚོ་སྔོན་ཕྱོགས་ནས་མཆོད་ལ་མཆོལ་ཞེས་འབོད།
རྗེས་འཇུག་ད་ཡི་སྒྲ་གདངས་ཕལ་ཆེར་མེད།
ལྷོ་ཁའི་ཕྱོགས་ནས་སྤྲེལ་ལ་སྤེལ་ཞེས་འབོད།
ར་བཏགས་ཡོད་པའི་སྒྲ་གདངས་ཤིན་ཏུ་དཀོན།
རྫ་ཆུ་ཁ་དང་མི་ཉག་འབྲོག་པ་ཚོས།
གསལ་བྱེད་༼ག༽ལ་༼ཀ་ཆུང༽་ཞེས་སུ་བཏགས།
གསལ་བྱེད་༼ཆ་༽ལ་༼ཅ་རིལ་༽ཞེས་སུ་བཏགས
གསལ་བྱེད་༼ད་༽་ལ་ཏ་གཟེད་ཅེས་སུ་བཏགས།
དེ་ལྟར་ཡུལ་ལུང་སོ་སོའི་འདོན་ཚུལ་དང་།
སྐད་གདངས་སོགས་ལ་བརྟགས་ཅིང་དཔྱད་པ་ན།
གཞུང་དང་མཐུན་ཞིང་ཀུན་གྱིས་གོ་བདེ་བའི།
སྡེ་དགེའི་བོད་སྐད་ཕུན་སུམ་ཚོགས་པར་མཐོང་།
སུམ་བརྟགས་གཞུང་བཞིན་སྒྲ་གདངས་ཐོན་པ་དང་།
བོད་ཀྱི་བཙན་པོའི་ཡིག་སྐད་མ་ཉམས་པ།
སྨྲ་བའི་སྡེ་དགེའི་སྐད་ཀྱི་སྒྲ་གདངས་འདི།
གངས་ཅན་སྤྱི་སྐད་འོས་པའི་སྐད་གདངས་ཡིན།
དབུས་གཙང་ཨ་མདོ་ཁམས་དང་འབྲུག་པ་ཚོས།
སྡེ་དགེའི་སྐད་འདི་མྱུར་དུ་གོ་ཐུབ་པས།
བོད་ཁམས་བསྟོད་སྨད་བར་གསུམ་ཐམས་ཅད་ལས།
སྡེ་དགེའི་སྐད་འདི་སྤྱི་སྐད་འདེམས་པར་འོས།
དེ་ལྟར་ཡིན་མིན་ཡུལ་ལུང་སོ་སོ་ཡི།
མི་རྣམས་མཉམ་དུ་འཛོམས་ནས་དཔྱད་ན་ཤེས།
སོ་སོའི་ཡུལ་སྐད་རྒྱུན་འཛིན་བྱེད་བཞིན་དུ།
བོད་པའི་སྤྱི་སྐད་དར་བའི་བཀྲ་ཤིས་ཤོག །
བོད་རིགས་ཡོངས་ལ་སྤྱི་སྐད་གོ་བདེ་ཞིག་ངེས་པར་དགོས་སོ།
མགོན་ཕྱག་ལགས། ཚབ་ཚོམ་མ་བྱེད། སྟག་མཆོངས་ཟེར་བའི་དཔེར་བརྗོད་འདི་ཁྱེད་ཀྱི་གསུང་བ་ལྟར་བྱེད་ལས་ངོ་བོ་གཅིག་པ་རེད། བྱ་ལས་ངོ་བོ་གཅིག་པ་མ་རེད་ཅེས་ངས་གསལ་བར་བྲིས་ཡོད། ཁྱེད་ཀྱིས་གོ་བ་ལེན་སྟངས་ནོར་འདུག སྟག་མཆོངས་ཟེར་བ་འདི་བྱ་ལས་ངོ་བོ་གཅིག་པ་མ་རེད། བྱེད་ལས་ངོ་བོ་གཅིག་པ་རེད། འདིའི་ཕྱོགས་ལ་ངེད་གཉིས་ཀྱ་བསམ་ཚུལ་མཐུན་པ་ཆུ་དང་ཉ་རེད་ལབ་ཡོད་པ་ལས། ཁྱི་དང་ར་རེད་ལབ་མེད།
བྱེད་ལས་ཙམ་དང་འབྲེལ་ཟེར་བའི་འབྲེལ་གྱི་དོན་ནི། བྱེད་པ་པོ་དང་ལས་གཉིས་ཀ་ངོ་བོ་གཅིག་པ་ཆགས་སོང་བ་རེད། དེ་གཉིས་ཁ་ཁར་སྟོན་རྒྱུ་མེད་སོང་བ་རེད། བྱེད་ལས་ངོ་བོ་གཅིག་པ་ཆགས་པ་ཙམ་ལ་བྱེད་ལས་ཙམ་དང་འབྲེལ་ཟེར་བ་རེད། འདི་ལ་བདག་གཞན་གྱི་དབྱེ་བ་དགར་ན་བདག་ཙམ་མ་གཏོགས་དེའི་ཁ་གཏད་ཀྱི་གཞན་འཇོག་རྒྱུ་ཡོད་པ་མ་རེད། དེར་བརྟེན། འདི་ལ་རྣམ་དབྱེ་གསུམ་པའི་ཕྲེད་ཀྱང་མི་འཐོབ་པ་རེད། འདི་ལ་བྱེད་ལས་གཉིས་ཐ་དད་དུ་ཡོད་པའི་འབྲེལ་བ་ཡོད་པ་མ་རེད། ངོ་བོ་གཅིག་པའི་འབྲེལ་བ་ཙམ་ལ་ཟེར། ཨ་རིག་རྒོད་པོ།
མགོན་པོ་ཕྱག་གཉིས་ལགས། ཁྱེད་ཀྱིས་དཔེ་དེབ་འགར་སྟག་གིས་མཆོངས་ཟེར་བ་མཇལ་མྱོང་ཟེར། བྱེད་འབྲེལ་དང་བྱེད་མེད་ཀྱི་དབྱེ་བ་ཤེས་མཁན་ཞིག་གི་ངོས་ནས་འདི་རིགས་རྩྭ་ཡན་ཆུ་ཡན་དུ་བཏང་ན་མ་དག་རྒྱུན་འབྱམས་སུ་འགྲོ་བ་དངོས་པོའི་གཤིས་ཉིད་རེད། འདིའི་རིགས་འགྲིག་ཡོད་ན། བྱེད་ལས་ངོ་བོ་གཅིག་པ་ཚང་མར་རྣམ་དབྱེ་གསུམ་པ་སྦྱོར་དགོས་པ་ཆགས་འགྲོ། དཔེར་ན། ངས་འགྲོ་ཆོག དོན་གྲུབ་ཀྱིས་ཉལ་སོང་། སྟག་གིས་ཤི་སོང་། རྟ་ཕོ་ཡིས་རྒྱུགས། ང་ཡིས་ཞོགས་པ་སྔ་བོ་ཡར་ལ་ལངས་། བླ་མ་ཡིས་ནང་དུ་བཞུགས་འདུག་སོགས་ཟེར་སྲོལ་མེད་བཞིན་དུ་ཁས་ལེན་དགོས་པ་རེད། འདི་གནད་འགག་གང་ལ་ཐུག་པ་རེད། འདིའི་ཕྱོགས་ལ་ང་ཚོའི་ནུས་བ་ཞིག་ཐོན་ན་བཟང་གི
ཁ་ནག
བྱེད་ལས་ངོ་བོ་གཅིག་པའི་བྱ་ཚིག་ལ་རྣམ་དབྱེ་གསུམ་པའི་ཕྲད་བཞག་ཡོད་པ་དེ་འདྲ། སྔོན་གྱི་དཔེ་དེབ་ཁག་ནང་ཐེངས་ཁ་ཡར་མཐོང་མྱོང་། དེ་གཅིག་བྱས་ན། སྐད་གཞན་པ་དེ་འདྲའི་ནང་མེད་འགྲོ་བསམ་གི་ཡོད། ཨ་མདོའི་སྐད་དང་བརྡ་སྤྲོད་ཀྱི་འགྲོ་སྟངས་བྱས་ན་ནོར་འདུག སྐད་ཅིག་གི་ནང་སྔོན་མ་ནས་རྒྱ་ཁྱབ་ཏུ་བེད་སྤྱོད་གཏོང་གི་ཡོད་ན་དེ་ནོར་འདུག་ཟེར་ས་ཡོད་པ་མ་རེད། དེ་སྐད་ཀྱི་འགྲོ་སྟངས་རེད།
མགོན་ཕྱག་གཉིས་པ་ལགས། ང་ཁ་བརྡ་སྒང་ལ་སླེབས་མ་ཐུབ་པར་ཉིན་ཤས་སོང་བས་ཁྱེད་ཀྱིས་ང་ལ་སློབ་ཁྲིད་གནང་བར་མཇལ་ཐུབ་མ་སོང་། དེ་རིང་ངས་ཁྱེད་ལ་ཤིན་ཏུ་ནས་བཀའ་དྲིན་ཆེ་ཞུ། ཁྱེད་ཀྱིས་ང་ལ་སློབ་ཁྲིད་གནང་བ་ནང་བཞིན་སྔར་ངའི་དགེ་རྒན་གྱིས་ཀྱང་གནང་མ་སོང་། ང་སྔར་འཛིན་གྲྭར་འགྲོ་དུས་ནས་དགེ་རྒན་སྐུ་ཉིད་འདྲ་བུ་ཞིག་རག་ཡོད་ན་ངས་ཀྱང་དེ་རིང་ཁ་བརྡ་འདིར་ཁྱེད་ནང་བཞིན་གྱི་རྩོད་པ་རྒྱག་ཡོད་རྒྱུ་རེད། ཡིན་ན་ཡང་ངའི་ལས་དབང་ལྟ་བུ་ཞིག་གིས་དགེ་རྒན་ཁྱེད་ལྟ་བུ་ཞིག་རག་མེད་པར་བརྟེན་དེ་རིང་ཁྱེད་རྣམ་པའི་རྩོད་པ་ལ་ལྟད་མོ་བལྟས་ནས་མ་སྡོད་ཀ་མེད་བྱུང་སོང་། ཨ་ཁ་ཁ་ཞོར་དུ་རང་གི་དགེ་རྒན་ལ་ཁ་ངན་བཏང་ནས་ཁ་སྡིག་གསོག་འགྲོ་གི་འདུག
གང་ལྟར་ཁྱེད་ཀྱིས་དགོངས་པ་དེ་ལོན་ཐུབ་སོང་། ཡིན་ན་ཡང་དྲ་ཚིགས་འདིར་བྱེད་འབྲེལ་བྱེད་མེད་སྐོར་གཅིག་གཅིག་མང་མང་མང་པོ་ཞིག་བཤད་འདུག་པས་གོ་བ་དཔྱིས་ཕྱིན་པ་ཞིག་ལོན་ཐུབ་མ་སོང་ཡང་བློ་བསྐྱེད་གསར་པ་རེ་སྐྱེ་བར་ཕན་གྱི་འདུག དེས་ན་ད་དུང་ངས་རྨོངས་འཆར་ཞིག་འགོད་རྒྱུ་ཡིན།
གོང་དུ་དྲ་གྲོགས་འགས་ཤིང་གཅོད་པ་པོ་ལྟ་བུ་ཞིག་ལ་མཚོན་ན་གཅོད་པ་པོ་དེ་བྱེད་པ་པོ་དང་། སྟ་རེ་དེ་བྱེད་པ་ཡིན་ཟེར། ངས་དྲན་པ་ལྟར་ན་དཀའ་གནད་གསལ་མེར་གཅོད་པ་པོ་གང་ཟག་དེ་བྱེད་པོ་གཙོ་བོ་དང་སྟ་རེ་ནི་ཕལ་པ་རེད་ཅེས་གསུངས་ཡོད་པ་ལྟ་བུ་ཞིག་རེད། དེ་བཞིན་འགའ་ཞིག་གིས་བྱ་ཡུལ་ཁོ་ན་གཞན་དང་བྱེད་པ་པོ་ཁོ་ན་བདག་ཡིན་པ་འདྲ་ཞིག་ཀྱང་བཤད་ཡོང་གི་འདུག དེ་ཡང་དཀའ་གནད་གསལ་མེར་གཅད་པར་བྱ་བའི་ཤཱིང་དང་ཤིང་གཅད་པར་བྱ་བ་ལྟ་བུ་གཉིས་ཀ་གཞན་དང་། ཤིང་གཅོད་པ་པོ་དང་གཅོད་པར་བྱེད་ལྟ་བུ་གཉིས་ཀ་བདག་ཡིན་པར་གསུངས་ཡོད་ཚོད་རེད།
ཡང་འགའ་ཞིག་གིས་བདག་གཞན་གཉིས་ལྟོས་གྲུབ་རེད་གསུངས་སོང་། དེས་སྔར་ངའི་ཟུར་སྦྱོང་གི་དགེ་རྒན་གྱིས་གསུངས་པ་ཞིག་ཀྱང་དྲན་དུ་བཅུག་སོང་། དེ་ཡང་ཁོང་གིས་ འགྲོ་བ་པོ་ཆོས་ཅན། བདག་མ་ཡིན་ཏེ། དེའི་ཁ་གཏད་གཞན་མེད་པའི་ཕྱིར། ཞེས་གསུངས་ཚུལ་ཡད་ཡུད་ཙམ་དྲན་གྱི་འདུག
ཡང་འགའ་ཞིག་གིས་བྱེད་མེད་ལས་ཚིག་ལ་རྣམ་དབྱེ་གསུམ་པ་མི་ཐོབ་གསུངས་སོང་། འོ་ན་ངས་ན་ཁུལ་བྱེད་ཀྱི་ཡིན། ཁོས་ཤི་ཁུལ་བྱས་སོང་། ཁོས་མ་ཤེས་ཤེས་མདོག་ཁག་པོ་བྱེད་ཀྱི་འདུག ལྟ་བུ་ཞིག་བརྗོད་རྒྱུ་ཡོད་ཚོད་རེད། དེ་ནོར་བ་ཡིན་ནམ། གལ་ཏེ་འདིའི་སྐབས་ཀྱི་བྱ་ཚིག་དེ་ན་ཤི་ཤེས་རྣམས་མ་རེད་ཟེར་ན། འོ་ན་བདག་གཞན་གཉིས་སུ་དབྱེ་རྒྱུ་ཡོད་དམ་མེད། ཡོད་ན་ཇི་ལྟར་དབྱེ། ན་ཁུལ་བྱེད་པ་པོ། བྱེད་པར་བྱ་བའི་ན་ཁུལ། ཞེས་དབྱེ་རྒྱུ་ཡིན་ནམ།
ཡང་ཁ་ཅིག་གིས་ནི་བྱེད་པ་པོ་དང་འབྲེལ་མ་འབྲེལ་གྱི་ཁྱད་པར་དེ་བྱེད་པ་པོས་ཆེད་དུ་རྩོལ་བ་དགོས་མི་དགོས་ཀྱི་ཁྱད་པར་ཙམ་ཡིན་པར་ཡང་འགྲེལ་བཤད་རྒྱག་གི་འདུག དེ་ལྟར་ན་ཤེས་ཟེར་བའི་བྱ་ཚིག་དེ་བྱེད་འབྲེལ་བྱེད་མེད་གང་ཞིག་ཡིན། དཔེར་ན་ཁྱེད་ཀྱིས་བོད་སྐད་ཤེས་སམ་ཟེར་དུས་ངས་ཤེས་ཞེས་བརྗོད་པ་ལྟར་ན་སྐབས་འདིའི་ཤེས་པ་ལ་བྱེད་པ་པོས་ཆེད་དུ་རྩོལ་བ་གང་ཡང་བྱེད་མི་དགོས་བསམ། དེ་ལྟར་ན་དེ་ནི་བྱེད་མེད་ལས་ཚིག་ཡིན་དགོས་པ་རེད། བྱེད་མེད་ལས་ཚིག་ཏུ་འདོད་ན་ཁ་བ་ནག་པོའི་དགོངས་པ་དང་འགལ་ཏེ་དེ་ལ་རྣམ་དབྱེ་གསུམ་པ་སྦྱར་བའི་ཕྱིར་རོ། གལ་ཏེ་ཤེས་དེ་བྱེད་མེད་ལས་ཚིག་ཏུ་འདོད་ན་ཤེས་པའི་ཕྱིར་དུ་སྦྱང་དགོས་པས་ཆེད་དུ་རྩོལ་བ་གཏན་ནས་མེད་པ་ཞིག་ཀྱང་རེད་མིན་འདུག ཤེས་ཟེར་བའི་བྱ་ཚིག་དེ་བྱེད་འབྲེལ་བྱེད་མེད་གཉིས་ཀར་འདོད་ན་འགའ་ཞིག་གིས་བྱ་ཚིག་ཡིན་ན་བྱེད་འབྲེལ་བྱེད་མེད་གང་རུང་ཡིན་པར་ཁྱབ་པར་འདོད་པ་དང་ཡང་འགལ་ཞིང་། བྱེད་འབྲེལ་བྱེད་མེད་གཞི་མཐུན་པར་འདོད་ན་ཡང་ཆེས་མི་འགལ་ལམ་སྙམ།
དེ་རྣམས་ནི་དྲྭ་ཚིགས་འདི་ཀློག་དུས་ངའི་སེམས་ལ་རང་བཞིན་གྱིས་ཤར་བའི་རྨོངས་འཆར་ཡིན་གྱི་རྩོད་ཡིག་མ་ཡིན་པས་མཁས་དབང་རྣམ་པས་དགོངས་འཇགས་འཚལ་ཞུ་བ་ལགས།
མགོ་ན་སོང་ཡ། བྱེད་མེད་ལས་ཚིག བྱེད་འབྲེལ་ལས་ཚིག ཐ་དད་པ། ཐ་མི་དད་པ། དེ་ཚོ་ཚང་མ་དབྱིན་ཇི་སྐད་འདྲ་པོ་སྟབས་བདེ་པོ་བཟོ་རོགས།
དབྱིན་ཇིའི་སྐད་ལ་ཡང་སྟབས་བདེ་པོ་རང་ཡོད་ས་མ་རེད་གོ་གྲོགས་པོ་ལགས།
གང་ལ་གོམས་པ་དེ་ལ་མཁས། །ཟེར་བ་ལྟར་ཁྱེད་རང་བོད་སྐད་ལ་གོམས་འདྲིས་མེད་སྟབས་དབྱིན་ཇི་སྟབས་བདེ་པོ་འདྲ་མཐོང་གི་ཡོད་ས་རེད། ཞིབ་ཏུ་དཔྱད་དེབལྟས་ན་དབྱིན་བོད་གཉིས་ཀ་ལ་སྟབས་མི་བདེ་བའི་ཆ་ཡོང་གི་རེད།
ཁྱེད་ཀྱིས་དབྱིན་ཇི་ཤེས་མདོག་གིས་རང་གི་མིང་ལ་ཡང་དབྱིན་ཇིའི་ཕྲུ་གུ་ཞེས་སྦྱར་ཡོད་ན་ཡང་ཁྱེད་ཀྱིས་ཤེས་པའི་དབྱིན་ཇི་དེ་ཟ་ཁ་འཐུང་ཁ་ཙམ་མ་གཏོགས་དབྱིན་ཇིའི་བརྡ་སྤྲོད་གཞུང་ལུགས་ཀུན་ཁོང་དུ་ཆུབ་པ་མིན་ངེས་ཞེས་ངས་ཡིད་གཉིས་ཐེ་ཚོམ་མེད་པར་བརྗོད་ཐུབ།
བོད་སྐད་ལ་ཡང་ཟ་ཁ་འཐུང་ཁ་ཙམ་གྱི་ཆེད་དུ་ནི་གོང་གི་བྱེད་འབྲེལ་བྱེད་མེད་སོགས་ཤེས་མི་དགོས་ཤིང་བརྡ་སྤྲོད་གཞུང་ལུགས་སྦྱངས་པ་ཡིན་ན་དབྱིན་ཇི་ལ་ཡང་བོད་སྐད་དང་འདྲ་བའི་རྙགས་དྲ་རྙོགས་དྲ་མང་པོ་ཡོད་ཐག་ཆོད།
དབྱིན་ཇི་ཕྲུག་གུ་ཟེར་པ་འདིས་མི་རིགས་གཞན་གྱི་བརྡ་སྤྲོད་ཕར་ཞོག་མི་རིགས་རང་གི་ཐུན་མིན་བརྡ་སྤྲོད་ཀྱི་རྣམ་གཞག་ལའང་རྒྱུས་མངའ་ཏོག་ཙམ་ཡང་མེད་པ་འདྲ། སྤྱིར་བོད་དབྱིན་གཉིས་གཞི་རྩའི་སྐད་ཐ་དད་སོང་བརྡ་སྤྲོད་ཀྱི་འགྲོས་མང་པོ་ཞིག་ཀྱང་ལོགས་ཀ་ཡིན་མོད། དབྱིན་སྐད་ཀྱི་བརྡ་སྤྲོད་ལའང་བྱ་ཚིག་ལ་བྱེད་འབྲེལ་བྱེད་མེད་ཀྱི་དབྱེ་བ་དང་དེ་བཞིན་བྱ་ཚིག་གི་དུས་ཀྱི་དབྱེ་བའི་རྣམ་གཞག་ནི་བོད་སྐད་ལས་མགོ་རྙོག་ཚ བ་ཡོད་པ་དོན་དངོས་དབྱིན་ཇིའི་བརྡ་སྤྲོད་ལ་ལྟོས་དང་ཤེས། འོན་ཀྱང་དབྱིན་ཇིའི་བརྡ་སྤྲོད་དེ་དངོས་ཡོད་འཚོ་བའི་རྒྱུན་སྤྱོད་སྐད་ཆ་དང་ཉེ་བ་ནི་དངོས་ཡོད་རེད་ལ། ང་ཚོས་སློབ་སྦྱོང་བྱེད་དགོས་སའང་མང་པོ་ཞིག་ལོས་ཡོད། བོད་ནང་དུ་དོར་ཞིའི་བརྡ་སྤྲོད་ཅེས་པ་དེ་སྐད་གྲགས་ཡོད་པའང་གཙོ་བོ་ཕྱི་ལུགས་ཀྱི་བརྡ་སྤྲོད་ཀྱི་རིགས་ལམ་འགས་བོད་ཀྱི་སྐད་ཡིག་ལ་རྣམ་གཞག་བཟོས་པ་ཙམ་རེད་ལོ།