ཉེ་ཆར་མཚོ་སྔོན་ཆབ་ཆ་ས་ཁུལ་ནས་སློབ་གྲྭའི་དགེ་རྒན་དང་སློབ་མ་དག་གིས་ཚད་མའི་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཞིག་བསྡུས་ཏེ་མཐོ་སྒང་གི་རྩྭ་ཐང་ནས་ཚད་མ་རིག་པའི་བགྲོ་གླེང་གྲ་རྒྱས་པོ་ཞིག་བྱས་འདུག
རྒྱ་ཡིག་གི་དྲ་བར་གཟིགས་འདོད་ན་གཤམ་དུ་ཕེབས།
http://www.amdotibet.com/html/2010-06/10495.html
ཆབ་པ་སེང་གེའི་རྩོད་རིགས་བསྟན་པ་རྟག་ཏུ་རྒྱས་གྱུར་ཅིག །
ད་དཀོན་མཆོག་གསུམ། ལུང་པ་གཞན་ལ་ཤོར། རྒྱུ་ནོར་གཞན་ལ་ཤོར། དབང་ཆ་གཞན་ལ་ཤོར། ད་དུང་རྒྱ་གར་བས་དོར་ཟིན་པའི་ཚད་མ་རིག་པ་ཟེར་བ་འདིར་མགོ་འཁོར་ནས་བསྡད་བཞག བཞེད་སྣང་།
དཔར་འདི་མཐོང་བ་དང་ངུ་ཤོར་གྲབས་འདྲ་པོ། བགོད་ཤོར་གྲབས་འདྲ་པོ། གཅིག་ཤོད་འདོད་པ་ལ་ཁོང་ཁྲོ་ཟ་ཡོང་མཁན་ར་པོ། སྐབས་སྐབས་ལ་བགད་མོ་ཤོར་ནས་ཁ་ཟུམ་མི་ཐུབ་པ་ལྟ་བུ། གང་ལྟར་འཚོར་བ་ཡ་མཚན་ཞིག་སྤྲད་བྱུང་།
བླ་མ་ཚོས་ཚད་མ་རིག་པ་སློབ་ཟེར། ང་ལ་འདྲི་བ་འདི་ཡོད། ད་དེང་དུས་ཀྱི་ཚན་རིག་པ་ཚོས་མ་བརྙེད་པ་དང་། སྔར་གྱི་མཁས་པ་ཚོས་མ་ཤེས་པ། ཕྱིས་ཀྱི་མི་རབས་གསར་པ་དག་གིས་མ་རྟོགས་པའི་གནས་ལུགས་གང་ཞིག་ཚད་མ་རིག་པ་བརྒྱུད་ནས་ཤེས་ཐུབ་བམ།
དེང་དུས་བོད་པའི་བླ་མ་དང་དཔོན་པོ་ཚང་མའིབུ་ཕྲུག་དང་སྤུན་ཉེ་རྣམས་ཕྱི་རྒྱལ་ལ་སློབ་གྲྭར་གཏོང་གི་འདུག སྤུལ་སྐུ་ཚང་མ་ཕྱི་རྒྱལ་ལ་སྐྱབས་བཅོལ་བཞིན་འདུག རྒྱལ་བ་རིན་པོ་ཆེ་ཡང་མོ་ཊ་དང་གནམ་གྲུ་བཞུགས་ནས་ཕེབས་པའི་ཚན་རིག་གི་དུས་སྐབས་ལ་བོད་མི་དམངས་ཉམས་ཆུང་དེ་ཚོ་ལ་ཚད་མ་རིག་པ་སྦྱོང་ཟེར་ན། ཏོག་ཙམ་མ་བདེ་བ་བྱེད་ཀྱི་མིན་འདུག་གམ།
བླ་ཆེན་ཚོའི་བུ་ཕྲུག་དང་ཚ་བོ་བཅུ་ཕྲག་དེ་འདྲ་ཡོད་པའི་ནང་ནས། སུ་ཚད་མ་རིག་པ་སློབ་པར་བཏང་སོང་ངམ། ཚང་མར་ཕྱི་རྒྱལ་ལ་དེང་དུས་ཀྱི་སློབ་གསོ་སྤྲད་སོང་། འདིས་གཅིག་སྟོན་གྱི་མིན་འདུག་གམ།
སྔོན་མ་ཕྱི་རྒྱལ་དེབ་འབྲི་མཁན་ཞིག་གིས་ང་ལ་རྒྱལ་བ་རིན་པོ་ཆེའི་སྐུ་མཆེད་ནང་གྲྭ་པ་དང་དགོན་པ་འགྲིམ་མཁན་གྱི་མི་ཨེ་ཡོད་ཟེར། ངས་མེད། ཚང་མ་དེང་དུས་ཀྱི་སློབ་གྲྭར་བཏང་བ་རེད་ཟེར་སྐབས། ཨ་འདི་ངོ་མ་ཨེ་རེད་ཟེར་ནས་ཁོ་ཧོན་ཐོར་ཐོར་བྱེད་ཀྱི་འདུག སྐབས་འདི་དུས་བསམ་བློ་གང་ཡང་འཁོར་མ་བྱུང་། རྗེས་མ། ང་རང་སློབ་གྲྭར་འགྲོ་བའི་གོ་སྐབས་ཤར་དུས། གཞི་ནས་སློབ་སྦྱོང་དེ་རྩ་བ་ཆེན་པོ་ཡིན་པ་རྟོགས་དུས། དགོན་པ་ལ་འགྲོ་དགོས་ཟེར་མཁན་གྱི་མི་ཚང་མ་ལ། ཁོ་རེ། དང་པོ་ཁྱེད་ཀྱི་བུ་སྤུན་ཚོ་དགོན་པ་ལ་གཏོང་ཨེ་ཐུབ་ལྟོས་ཟེར་རྒྱུ་བྱུང་།
སྤྱིར་ན་ཚད་མ་སྦྱང་ཁུལ་བྱེད་པ་དེས་ཆོས་འཇིག་རྟེན་གཉིས་ཆར་ལ་ཅི་ཡང་ཕན་གྱི་མི་འདུག ངས་ཀྱང་པར་འདི་མཐོང་དུས་ངུ་དགོད་གང་བྱེད་དགོས་མི་ཤེས་པའི་ཚོར་སྣང་ཞིག་བྱུང་སོང་། དེང་སང་སློབ་ཚན་མང་དྲགས་ཡོད་པའི་དུས་འདིར་ཚད་མ་རིག་པ་འདིས་ག་རེ་ཕན་པ་ཡིན་ནམ། བསྡུས་ཚན་རྩོད་པའི་བསྟན་པ་ཉམས་གྱུར་ཅིག
འདི་ལོ་ཤས་སྔོན་རེད། སློབ་གྲའི་ནང་ཚད་མའི་རིག་ལམ་སྤྱང་བ་་རྡ་ས་ནས་ད་ལྟ་གཞི་ནས་རེད། རྗེས་ལུས་ཐེབས་འདུག
དམར་སྲུང་དམག་མི་ཚོས་ཇི་བཤད་ན་བཤད་། ཆབ་ཆའི་སློབ་མ་ཚོས་ཚད་མ་རྩོད་གོ་བལྟོས་ན་ཉམས་དགའ་ནི་རེད། འདི་ལ་་་་་་་་་་
http://www.youtube.com/watch?v=ly-zcYsdD78&feature=related
དང་
http://www.youtube.com/watch?v=5g2hUr43TvI&feature=related
ཨ་རོགས་ཚོ། ཚད་མ་ཟེར་བ་དེ་ཅི་ཞིག་རེད། རང་རེས་ཚད་མ་རིག་པ་ཟེར་བ་དང་དེང་སྐབས་མཚན་ཉིད་རིག་པ་ཟེར་བ་གཉིས་ལ་ཁྱད་པར་དེ་ཙམ་འདུག་གམ། གལ་སྲིད་མི་འདུག་ན་མཚན་ཉིད་རིག་པ་སྦྱོང་མི་དགོས་པའི་རྒྱུ་མཚན་ཅི་ཞིག་ཡོད་དམ། བསྡུས་གྲྭའི་བསྡུས་ཚན་དང་པོ་རང་གི་ནང་དུ། རྡུལ་ཕྲ་རབ་ཆོས་ཅན། ཁྱོད་རྡུལ་རྫས་བརྒྱད་འདུས་ཀྱི་གོང་བུ་ཡིན་པར་ཐལ། ཁྱོད་འདོད་པའི་ཁམས་ཀྱི་བེམ་པོ་ཡིན་པའི་ཕྱིར། ཞེས་པ་ཞིག་ཡོད་ལ། སྤྱི་དང་བྱེ་བྲག་ཅེས་པའི་བསྡུས་ཚན་གྱི་ནང་དུ། བུམ་པ་ཆོས་ཅན། ཁྱོད་དངོས་པོའི་བྱེ་བྲག་ཡིན་པར་ཐལ། ཁྱོད་དངོས་པོ་ཡིན། ཁྱོད་དངོས་པོ་དང་བདག་གཅིག་ཏུ་འབྲེལ། ཁྱོད་མ་ཡིན་ཞིང་དངོས་པོ་ཡིན་པའི་གཞི་མཐུན་པ་དུ་མ་ཡོད་པའི་ཕྱིར། ཞེས་པའི་ཐལ་འགྱུར་འདི་གཉིས་ཙམ་གྱིས་ཀྱང་། ནང་བསྟན་མཚན་ཉིད་རིག་པ་འདིས་རྡུལ་ཕྲ་རབ་རེ་རེའི་སྟེང་དུ་ས་རྡུལ་ཆུ་རྡུལ་མེ་རྡུལ་རླུང་རྡུལ་འདུས་ཡོད་པ་དང་། ཡང་ཆོས་བྱེ་བྲག་པ་ཞིག་ཆོས་སྤྱི་ལྡོག་དེའི་བྱེ་བྲག་ཏུ་གྱུར་ཚུལ་ཧ་ཅང་གསལ་བོར་བསྟན་ཡོད་པས། མཚན་ཉིད་རིག་པ་མི་དགོས་ཟེར་བ་འདིས་ཅི་ཞིག་སྟོན་བཞིན་ཡོད་དམ། ངས་བལྟས་ན་མཚན་ཉིད་རིག་པ་འདི་ངེས་པར་དུ་དགོས་ཀྱི་འདུག ལྷག་པར་དུ་རྒྱལ་ཁབ་ཤོར་ནས་གཞན་གྱི་བྲན་གཡོག་ཏུ་གྱུར་པའི་མི་རིགས་ཤིག་ལ་མཚོན་ན་མཚན་ཉིད་རིག་པ་འདི་ནི་མི་རིགས་དེ་དགྲ་ལག་ནས་ཐར་བྱེད་ཀྱི་ལག་ཆ་གལ་ཆེན་ཞིག་རེད། དཔེར་ན་གོང་གི་འདོད་པའི་ཁམས་ཀྱི་བེམ་པོ་ཡིན་ན་ཁྱོད་རྡུལ་རྫས་བརྒྱད་འདུས་ཀྱི་གོང་བུ་ཡིན་པར་སྒྲུབ་པའི་རིགས་པ་འདིས། དངོས་པོ་ག་རེ་ཡིན་ན་ཡང་དེའི་སྟེང་དུ་མེ་རྡུལ་དང་རླུང་རྡུལ་ཡོད་པ་ཤེས་ཐུབ་ཅིང་། དེ་ལྟར་ཤེས་རྗེས་དངོས་པོ་རེ་རེའི་སྟེང་དུ་རྒྱུ་ཚོགས་ཚང་ན་འབར་ཆོག་པའི་ནུས་པ་ཞིག་ཡོད་པ་དེ་ཤེས་ཐུབ་ལ། དེ་ལྟར་ཤེས་རྗེས་རང་གི་ཁྱིམ་ནས་འབར་རྫས་བཟོ་ཐུབ་ཅིང་། དེ་ལྟར་ཐུབ་ན་མཚན་ཉིད་ལ་སྦྱངས་པའི་མི་སུ་ཞིག་ཡིན་ཡང་དེའི་ལག་ཏུ་འབར་རྫས་ཤིག་ཡོད་ཆོག་ཆོག་ཏུ་ཡོད་ཅིང་། དེ་ལྟར་ཡོད་ཚེ་ནམ་ཞིག་དགོས་གལ་བྱུང་ན་འབར་རྫས་དེ་བེད་སྤྱོད་གཏོང་ཆོག་ཆོག་ཏུ་ཡོད་པ་མ་ཡིན་ནམ། དཔེར་ན་རྒྱ་གར་ལྷོ་ཕྱོགས་སུ་དགོན་པ་དག་གིས་རང་རང་གི་གསང་སྤྱོད་ནང་གི་གཅིན་སྐྱག་བེད་སྤྱད་ནས་རྫབ་རླངས་བཟོས་ཏེ་དེས་དགོན་པའི་ཟ་ཁང་དང་ཐབ་ཚང་གི་མེ་གོ་ཆོད་པར་བྱེད་བཞིན་ཡོད་པས། རིགས་པ་འདི་ཡང་འདོད་པའི་ཁམས་ཀྱི་བེམ་པོ་ཡིན་ན་དེའི་སྟེང་དུ་མེ་རྫས་དང་རླུང་རྫས་ཡོད་པའི་ཚད་མའི་རིགས་པ་འདི་ལས་རྙེད་པ་གདོན་མི་ཟ། ཨ་ཨ། ངའི་རྐེད་པ་འདི། ཡ་ད་ཞ་ཞིས་ཚོའི་གཅིག་གིས་ཤོད་དང་།
སྐྱབས་སུ་མཆི། འདི་ལྟར་བཤད་རུང་མིན་རུང་མི་ཤེས་མོད། གང་ལྟར་་་ ངས་ནི་འདི་ཡག་རྟགས་ཤིག་རེད་གཏན་ནས་འདོད་ཐུབ་ཀྱིན་མི་འདུག ཆོས་དང་འཇིག་རྟེན་གང་ནས་བལྟས་ཀྱང་། ང་ད་ཚོ་སྤྲེའུ་ལྟ་བུ་ཞིག་ཏུ་འགྱུར་གྱིན་འདུག
ཚད་མ་མི་དགོས་ཟེར་མཁན་དག་ནི་ཚད་མའི་གོ་དོན་དང་དགོས་པ་མི་ཤེས་པའི་མི་སྐོར་ཞིག་རེད་ཅེས་བརྗོད་ཆོག་པར་འདུག དེ་མིན་ན་བསྡུས་གྲྭ་ལྟ་བུའི་ཚད་མའི་དཔེ་ཆ་ནང་གི་བསྡུས་ཚན་རེ་རེ་བཞིན་འདི་སློབ་མི་དགོས་པའི་རྒྱུ་མཚན་འདི་ཡིན་དང་དེ་ཡིན་ཞེས་རེ་རེ་ནས་བརྗོད་ཆོག་པ་ལ་དེ་ལྟར་བརྗོད་མཁན་ཞིག་ད་བར་དུ་མཐོང་མ་སོང་། བསྡུས་གྲྭའི་ནང་གི་མཚན་མཚོན་དང་འགལ་འབྲེལ། ལྡོག་པ་ངོས་འཛིན་ལྟ་བུ་རེ་རེས་ཀྱང་མི་ཚེ་གང་བོར་བྱ་དངོས་གང་ཞིག་ལ་ཐུག་ན་ཡང་དེ་ལ་དཔྱད་བརྗོད་སྤེལ་བའི་ཤེས་རབ་ཕུན་སུམ་ཚོགས་པ་ཞིག་སྩོལ་ཡོང་གི་འདུག་ཅེས་མཁས་པ་དག་གིས་གསུངས་པ་དོན་ལ་གནས་པར་སེམས། ནུབ་ཕྱོགས་སྤྱི་ཚོགས་སུ་ནང་གནའ་སྔ་མོའི་སྒི་རིག་གི་མཁས་པ་ཆེན་པོ་སྦོ་ར་ཐུ་དང་ཕིས་ལ་ཁྲོ། ཨབ་རུ་སི་ཁྲོར་སོགས་ཀྱི་མཚན་ཉིད་རིག་པའི་བསམ་བློ་འདིས་ཡིད་དབང་འཕྲོག་བཞིན་ཡོད་ལ། དུས་རབས་བཅུ་དགུ་བ་དང་ཉི་ཤུ་བ། དེ་བཞིན་ཉེར་གཅིག་པའི་ནང་དུ་རྒྱ་གར་གྱི་མཚན་ཉིད་རིག་པ་བ་གྲགས་ཅན་མགོན་པོ་ཀླུ་སྒྲུབ་དང་ཟླ་བ་གྲགས་པ་སོགས་ཀྱི་མཚན་ཉིད་རིག་པའི་བསམ་བློ་མ་ལག་དང་བཅས་པ་དང་། བོད་དུ་རྗེ་ཙོང་ཁ་པ་དང་འཇུ་མི་ཕམ་ལྟ་བུའི་མཚན་ཉིད་རིག་པ་བ་གྲགས་ཆེན་ཚོའི་ཤེས་རབ་དང་དེའི་ཉིང་ཁུར་སྦྲུམ་པའི་མཚན་ཉིད་རིག་པའི་བསྟན་བཅོས་དག་ལ་ཤེས་རབ་དང་ལྡན་པ་དག་ཡིད་སྨོན་ཤོར་དང་འཆོར་བཞིན་ཡོད་པ་ནི་ནམ་ལངས་ཉི་ཤར་ལྟ་བུ་རེད། ཡིན་ན་ཡང་གནའ་སྔ་མོའི་མཚན་ཉིད་རིག་པ་བ་རྣམས་ཀྱིས་ཤུལ་བཞག་གནང་བའི་མཚན་ཉིད་རིག་པའི་བསྟན་བཅོས་གཅིག་པོས་ཡིད་ཚིམ་ནས་སྡོད་རྒྱུ་མ་ཡིན་པར་དེང་རབས་མཚན་ཉིད་རིག་པར་ཡང་སློབ་སྦྱོང་བྱས་ཏེ། ཇི་སྐད་དུ་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་ལས། ནངས་ཀྱི་མེད་པོ་དུ་མས་འབད་པ་བརྒྱད། །ལེགས་པར་བསྐྲུན་པའི་གཙུག་ལག་ནོར་བུའི་མཛོད། །ཚན་རིག་རིན་ཆེན་ལ་སོགས་རྒྱན་སྤྲས་ཏེ། །འཛིན་སྐྱོང་སྤེལ་བ་རང་གི་བགོ་སྐལ་ཡིན། །ཞེས་པ་བཞིན་གནང་ན་ལེགས་པར་སེམས་སོ།།
ནངས་ཀྱི་མེས་པོ་
འབད་པ་བརྒྱས། །
ཡང་གཅིག་བཤད་ན་ཚད་མའི་དབྱེ་བ་ལ་གཉིས་སུ་ཕྱེ་སྟེ་མངོན་སུམ་ཚད་མ་དང་རྗེས་དཔག་ཚད་མ། མངོན་སུམ་ཚད་མ་ཟེར་བ་དེ་ནི་ཁྱེད་ཀྱིས་བྱ་དངོས་གང་ཞིག་མངོན་སུམ་དུ་མཐོང་བའམ་ཡང་ན་ཐོས་པ་སོགས་གཞན་གྱིས་ངོ་སྤྲོད་བྱས་པ་ལྟ་བུ་མ་ཡིན་པར་རང་གིས་དངོས་སུ་ཉམས་སུ་མྱོང་བའི་བློ་རིག་ཅིག་དང་། རྗེས་དཔག་ཚད་མ་ཟེར་བ་དེ་ནི་ཚོད་དཔག་བྱས་ཏེ་བྱ་དངོས་ཀྱི་འགྱུར་ལྡོག་དང་དེའི་ཆོས་ཉིད་སོགས་གཏན་ལ་འབེབ་པའི་རིག་པ་དེང་སང་གི་དཔལ་འབྱོར་རིག་པ་ལྟ་བུ་མི་ཚེ་གཅིག་གི་རིང་ལ་མེད་དུ་མི་རུང་བའི་བློ་རིག་ཁག་གཉིས་ཡིན་པས། ཉིན་རེའི་འཚོ་བའི་ཁྲོད་དུ་ཁ་འབྲལ་ཐབས་མེད་པའི་བློ་རིག་མངོན་སུམ་དང་རྗེས་དཔག་གི་ཚད་མའི་དབྱེ་བ་དང་གྲངས་ངེས་སོགས་ལ་སློབ་སྦྱོང་མ་བྱས་པར་ཇི་ལྟར་འཛམ་གླིང་གསར་བའི་རྗེས་ཆོད་ཐུབ། ད་ཡིན་ན་ཚད་མ་ཟེར་དུས་རི་བོང་རྭ་ཡོད་མེད་གཅིག་པོ་རྩོད་རྒྱུ་ཞིག་མ་ཡིན་པ་ཤེས་སོང་ངམ། ཤེས་སོང་ན་ཐུགས་རྗེ་ཆེ། མ་ཤེས་ན་དང་པོར་དཔེ་མཛོད་ཁང་རེར་སོང་ནས་ཚད་མའི་དཔེ་ཆ་རེའི་ཁ་ཕྱེ་སྟེ་རང་གིས་ཏོག་ཙམ་རེ་གོ་ཨེ་ཐུབ་ལྟོས། གལ་སྲིད་མི་གོ་ན་ཚད་མར་ཆ་རྒྱུས་ཡོད་པ་དག་ལ་སྐད་ཆ་དྲིས། དེ་ནས་གཞི་ནས་ཚད་མ་མི་དགོས་ཞེས་བརྗོད་ན་ཡང་འཕྱི་མི་དྲགས། གོ་སླ་བར་བཤད་ན་ཚད་མ་དང་བདེན་པ་དོན་གཅིག་པས། ཚད་མ་མི་དགོས་ན་བདེན་པ་ཡང་ག་ལ་དགོས།
ཚད་མའི་ནང་དུ་སེམས་དང་སེམས་བྱུང་ཞེས་པ་ཞིག་ཡོད་པ་དེར་དགེ་བའི་ས་མང་དང་མི་དགེ་བའི་ས་མང་ཁྱོན་བསྡོམས་སེམས་བྱུང་ང་བཅུ་ང་གཅིག་རེ་རེ་བཞིན་གཏན་ལ་ཕབས་ཡོད་པས། ཚད་མས་ནང་ཆོས་ཤེས་རྒྱུར་ཕན་ཐོགས་མི་འདུག་ཟེར་བ་དེ་ཡང་མ་བརྟགས་པའི་སྐད་ཆ་རང་རེད་དོ།།
ཚད་མ་རིག་པ་སྦྱོངས་གསུང་མཁན་ཚོ་ཚད་མ་རིག་པ་ཤེས་མཁན་ཚོ་ཡིན་ས་རེད། ཚད་མ་སྦྱངས་ནས་ཆོ་མེད་ཟེར་མཁན་ནི། ཚད་མ་མི་ཤེས་པ་དང་ཅུང་ཙམ་སྦྱངས་ཀྱང་མཇུག་མ་འཁྱོལ་བ་ཚོ་ཡིན་ས་རེད། རིག་པའི་གནས་གང་དང་གང་ཡིན་རུང་ཚད་མའི་རིགས་འགྲོས་དང་མ་འབྲེལ་བ་ཞིག་མེད། དབྱིན་སྐད་དུ་logic ཟེར་བ་དེ་ཡང་ཚད་མའི་སྐོར་རེད།
ཚད་མ་རིག་པ་ནི་རྒྱུ་མཚན་མེད་པར་སྐད་ཆ་བཤད་མཁན་ཚོའི་མགོ་རྡུང་བའི་ཐོ་བ་ཡག་ཤོས་དེ་ཡང་ཡིན་ནོ།།རྒྱུ་མཚན་ནི་ཚད་མ་རིག་པས་བྱ་དངོས་དག་གི་གནས་ལུགས་དང་ངོ་བོ་ཡོངས་སུ་རྫོགས་པ་རྒྱུ་མཚན་ཡང་དག་གི་སྒོ་ནས་གཏན་ལ་འབེབ་པས་སོ།།
སྐྱེས་པ་སྔ་ཕྱི་སྒྲུབ་པ་ལ། །
ལུང་ཚིག་ཁོ་ནས་དེང་རབས་ཀྱི། །
མི་ལ་ཡིད་ཆེས་མི་སླེབས་པས། །
ཚད་མའི་གཞུངས་འདི་ཤིན་ཏུ་གལ། །
ཆོས་ཀྱི་གྲགས་པའི་གཞུང་བཟང་སྲིད་པའི་མིག །རིག་པའི་ནང་ན་རིག་པའི་སྙིང་པོ་ཡིན། །ཞེས་གངས་ལྗོངས་མཁས་པའི་དབང་པོ་འཇུ་མི་ཕམ་པས་གསུངས་པ་དེར་ཆབ་ཆའི་དགེ་སློབ་རྣམ་པས་གོ་བ་གཏིང་ཟབ་ཅིག་ལོན་ཡོད་པ་འདྲ་བས་རྗེས་སུ་ཡི་རང་ཡོད། སྤྱིར་ཆོས་སྲིད་ཀྱི་བྱ་བ་གང་དང་གང་ལ་ཞུགས་ཀྱང་ཚད་མ་རིག་པ་འདི་མེད་ཐབས་མེད་པ་ཞིག་རེད་འདུག་སྙམ། རྒྱུ་མཚན། ཆོས་སྲིད་ཀྱི་བྱ་བ་གང་ཡིན་ཀྱང་བླང་དོར་གཉིས་སུ་ངེས་པ་དང། བླང་དོར་མ་ནོར་བ་ཕྲ་ཞིང་ཞིབ་པ་ཞིག་རང་གིས་ཤེས་པ་དང། གཞན་ལའང་དེ་ལྟར་ལམ་སྟོན་བྱེད་དགོས་ཚེ་ཚད་མ་རིག་པ་འདི་ལ་ངེས་པར་བསྟེན་དགོས་པའི་ཕྱིར་ཏེ། དོན་ལ་འཁྲུལ་བ་ཚར་གཅོད་བྱེད་ཀྱི་རིག་པ་ཡིན་པས་སོ།།
འོ་ན་དེ་རིང་ནས་ང་ཡང་ཚད་མ་སྦྱོང་གི་ཡིན། ཚད་མ་སྦྱོང་ན་ངེས་པར་དུ་གོང་གི་པར་ལ་གསལ་བ་བཞིན་ཡར་ལངས་ནས་བྲོ་འཁྲབ་པ་ལྟར་བྱས་ནས་སྦྱོང་དགོས་པ་རེད་དམ། ནམ་རྒྱུན་སློབ་ཚན་གཞན་སྦྱོང་བ་ནང་བཞིན་འཛིན་གྲྭ་ནང་དུ་རྐུབ་སྟེགས་སྒང་ལ་སྡོད་ནས་སྦྱང་ན་འགྲིགས་ཀྱི་མ་རེད་པས།
ང་ནི་དཔར་འདི་མཐོང་ནས་ཧ་ཅང་དགའ་སོང་ སེམས་ཤུགས་ཕར་སོང་ སྤོབ་པ་སྐྱེས་སོང་ ཡིད་སྨོན་སྐྱེས་བྱུང་ སེམས་མགུལ་ཐེབས་བྱུང་ ༧གོང་ས་མཆོག་གི་བཀའ་གསུངས་སྤྱི་གྲུབས་ཀྱི་ལག་ལྟར་ངོ་མ་དེ་བོད་ནང་གི་བོད་རིགས་སྤུན་ཟླ་ཚོས་བྱེད་ཀྱི་འདུག་ སྤོབས་པ་དང་ལར་རྒྱ་མཐོན་པོའི་ངང་ནས་རང་མི་རིགས་ཀྱི་རིག་གཞུང་དང་ཆས་གོས་ སྐད་ཡིག་སོགས་ལ་ཁ་ཡོད་ལག་ཡོད་ཀྱི་དོ་འཁུར་དང་སྦྱང་རྩོན་བྱེད་ཀྱི་འདུག་ བོད་ཀྱི་མི་དང་ཆས་གོས་དེ་ཚོ་དེ་འདྲའི་སྙིང་རྗེ་བ་ལ་ ཡག་ག་ལ་ ཁོ་ཚོའི་ཚད་མའི་བགྲོ་གླེང་གནང་བ་དེ་དག་ལ་ལམ་ལྷོང་ཡོང་བའི་སྨོན་ལམ་ཞུ་གི་ཡོད་།
དོན་ངོ་མ་གང་དག་པ་རེད།
ཆ་པ་ཆོས་ཀྱི་སེང་གེ
ཕྱ་པ་ཆོས་ཀྱི་སེང་གེ
ཕྱྰ་པ་ཆོས་ཀྱི་སེང་གེ
ཆབ་པ་ཆོས་ཀྱི་སེང་གེ
ཕྱྰབ་པ་ཆོས་ཀྱི་སེང་གེ
ཆ་པ་ཆོས་ཀྱི་སེང་གེ་དང་ཕྱཱ་པ་ཆོས་ཀྱི་སེང་གེ་གཉིས་འབྲི་མཁན་མང་བོ་མཐོང་མྱོང། གང་དག་དང་གང་མི་དག་མི་ཤེས་ཡ། གང་ལྟར་ཚིག་མཛོད་དང་གཞུང་ལུགས་སོགས་སུ་གཅིག་གྱུར་མེད་པར་སྣང།
ྷཧྲིལ་གྱིས་དོར་བ་དང་། གྱ་ཚོམ་དུ་བླངས་པ་གཉིས་ཀ་མ་བྱེད་ཅིག
མཆན་གཉིས་པ་བསམ་ཤེས་ཀྱིས་གང་བཤད་པ་དེ་ལ་བདེན་ཆ་ཡང་ཇི་སྙེད་ཅིག་འདུག
གྲྭ་པ་བྱེད་རྒྱུ་བྱུང་ན་དཔེ་ཡག་པོ་རེད་ཟེར་མཁན་ཚོས་རང་གི་བུ་ཕྲུག་སློབ་གྲྭ་ཁག་ལ་གཏོང་བ་ལས་དགོན་པར་མི་གཏོང།
བོད་ཡིག་ཤེས་དགོས་རྒྱུ་ཤིན་ཏུ་གལ་ཆེ་ཟེར་མཁན་ཚོས་རང་གི་ཕྲུག་གུ་བོད་ཡིག་མེད་སའི་སློབ་གྲྭ་ཆེ་ཁག་ལ་གཏོང་བ་ལས་བོད་གཞུང་སློབ་གྲྭ་སོགས་ལ་མི་གཏོང་།
ཨ་རི་སོགས་ནུབ་ཕྱོགས་ལ་འགྲོ་བ་ལ་ཐན་དུ་བལྟ་མཁན་ཚོས་རང་ཉིད་དང་རང་གི་ལྟོས་བཅས་སྒོར་འབུམ་ཕྲག་འགྲོ་སོང་གཏོང་ཏེ་འགྲོ་ཐབས་བྱེད།་
ཚད་མ་རིག་པར་སློབ་སྦྱོང་བྱེད་དུས་ངེས་པར་དུ་ཡར་ལངས་དགོས་ཀྱི་མ་རེད། དགོན་སྡེ་ཁག་ཏུ་ཡང་ཆོས་གྲྭའི་ནང་དུ་མ་གཏོགས་དགེ་རྒན་གྱིས་དགེ་ཕྲུག་ཚོར་དཔེ་ཁྲིད་གནང་དུས་དང་གྲོགས་ཕན་ཚུན་གྱི་ཤག་ཏུ་རྩོད་པ་བྱེད་དུས་ལངས་སྲོལ་ཡོད་པ་མ་རེད། དེ་བཞིན་ཡི་གེར་བྲིས་ནས་མཚན་རིག་པའི་སྐོར་ལ་རྩོད་གླེང་དང་བགྲོ་གླེང་བྱེད་པའི་ལུགས་སྲོལ་བཟང་པོ་ཞིག་རང་རེར་གནའ་སྔ་མོ་ནས་ཡོད་ཡོད་པ་རེད།
བོད་རྒྱ་ཚིག་མཛོད་ཆེན་མོ་ལས།
ཆ་པ་ཆོས་ཀྱི་སེང་གེ། རབ་བྱུང་གཉིས་པའི་ས་ཡོས་ལ་འཁྲུངས། གཙང་ནེའུ་ཐོག་གི་གདན་ས་ལོ་མང་པོའི་བར་དུ་བསྐྱངས། སྙན་གྲགས་ཤིན་ཏུ་ཆེ་ཞིང་བུ་སློབ་ཀྱིས་བོད་ཡུལ་གང་བ་བྱུང་། བསྡུས་གྲྭའི་རིགས་ལམ་གྱི་སྲོལ་བཏོད་པ་སོགས་ཕྱག་རྗེས་ཧ་ཅང་ཆེ། རབ་བྱུང་གསུམ་པའི་ས་གླང་ལ་འདས།
སྤྱིར་ཚད་མ་སྦྱོང་ན་ངེས་པར་དུ་གོང་གི་པར་ལ་གསལ་བ་བཞིན་ཡར་ལངས་ནས་བྲོ་འཁྲབ་པ་ལྟར་བྱས་ནས་སྦྱོང་དགོས་པའི་ངེས་པ་ཡོད་མ་རེད། ཡིན་ནའང་ཕྱི་ནང་གི་ཆོས་ཀུན་རྒྱུ་རྐྱེན་ལ་བརྟེན་འབྱུང་གི་ཡོད་པ་ཐ་སྙད་དངོས་པོའི་གཤིས་ལུགས་རེད། དེ་ཡིན་དུས་རྟེན་འབྲེལ་ལུས་ལ་ཚང་ན། །རྟོགས་པ་སེམས་ལ་འཆར། །ཞེས་པ་ལྟར་རྟགས་གསལ་གཏོང་དུས་ཡར་ལང་ནས་ལུས་ཀྱིས་རྐང་ལག་འགུལ་སྟངས་དང། ངག་གིས་ཐལ་ངག་བརྗོད་ཚུལ་གྱི་རྐྱེན་གྱིས། སེམས་ལ་ལུང་རིགས་དྲན་མྱུར་དང་། གོ་བ་གཏིང་ཟབ་ཅིག་ཡོང་པར་ཏན་ཏན་ཕན་ཐོག་ཡོད་པ་རེད་འདུག་སྙམ་པ་བྱུང་།
ཡར་ལངས་ནས་ལག་པ་བརྡེབ་ནས་རྩོད་པ་འདི་བོད་ཀྱི་ཐུན་མོངས་མ་ཡིན་པའི་ལུགས་སྲོལ་རེད།
བོད་ཀྱི་རིག་གཞུང་བོད་ཀྱི་རིག་གཞུང་ཟེར་བའི་ཆ་ཤས་གཅིག་འདི་རེད། འདི་སྔ་མོ་དམར་རིལ་རིལ་རྐྱང་པས་བདག་པོ་རྒྱབ་པ་རེད། དུས་ ༡༩ པའི་སྨད་ནས་སྐྱ་བོའི་ནང་ནས་ཀྱང་ལུགས་འདི་དང་དུ་ལེན་མཁས་བྱུང་།
ལེགས་རུང་ཉེས་རུང་བོད་ཀྱི་ཐུན་མིན་ལུགས་ཤིག་གོ །
དེང་སང་གི་དུས་འདིར་ཚད་མ་སྦྱངས་བ་ལས་abcdསྦྱངས་ན་དགའ། ཚད་མ་རིགས་པ་རྩད་ནས་རྡུང་རེ་རྒྱག་པ་ལས་སངས་མི་རྒྱ། ཚད་མ་ཤེས་ན་ཚན་རིག་ལ་མི་ཕན། ལྷག་པར་དུ་སྐྱ་བོ་ཚོས་ཚད་མ་རྣམ་འགྲེལ་སྦྱངས་བ་ལས་འདུལ་བ་སྦྱངས་ན་ཤིན་ཏུ་ནས་འདོད།
འདིའི་ནང་ན་ཡང་་ཁ་ཤས་ཅིག་གིས་རྩོད་པ་རྩོད་མཁན་གྱི་ཡར་ལངས་ནས་རྩོད་པ་རྩོད་བཞིན་པའི་ལུས་ཀྱི་རྣམ་འགྱུར་དེ་སྣང་བར་འགྲོ་གི་མེད་ཚོད་དུ་སྣང་། འོ་ན་དེང་སེང་རྒྱལ་ཁབ་མང་པོའི་ཁྲིམས་ཁང་ན་ཁྲིམས་དཔོན་དང་དཔང་མི། ཟུར་ཉན་པ་སོགས་མར་ལ་བསྡད། ཁྲིམས་རྩོད་པ་ཡར་ལ་ལངས་ནས་ཕྱག་རྒྱ་དང་བཅས་རྩོད་བཞིན་པ་དེ་་སྣང་བ་འེ་འགྲོ་གི ཕྱི་རྒྱལ་བས་ཅིག་བྱས་ན་སྣང་ངོར་འབྱོར་མོ་ཟིག་དང་རང་གིས་ཅིག་བྱས་ན་མིག་ནང་དུ་མ་བདེ་བ་ཞིག་འབྱུང་གི་ཡོད་པ་དེ་ཡུལ་ཁོ་ན་ལ་མ་བརྟག་པར། དེའི་རྒྱུ་མཚན་རང་གི་སེམས་ལ་དྲིས་ན་གཅིག་བྱས་ན་རྒྱུ་མཚན་ཡང་དག་ཞིག་རྙེད་མདོག་ཁ་བོ་རེད།
སྤོབས་པ་མཐའ་ཡས།
གཞན་གྱིས་འདི་ལྟའི་མིག་ལྟོས་བཟང་པོ་ཞིག་སྟོན་པར་ཡི་རངས་བྱ་རྒྱུའི་ཚབ་ཏུ། སྨོན་ལམ་ལོག་པ་འདི་འདྲ་འདེབས་དགོས་དོན་ཨེ་ཡོད་ན། ངས་བལྟས་ན་ཁྱོད་ཚད་མ་རིག་པའི་གཞུང་ལུགས་ལ་གོ་རྟོགས་ཞན་ཅིང་དང་སློབ་གཉེར་བྱ་མྱོང་མེད་པའི་མངོན་རྟགས་གསལ་པོ་སྟོན་གྱི་འདུག ཚད་མ་རིག་པ་ཞེས་པ་ཁ་ལྕེ་བདེ་པོ་བཟོ་བྱེད་དམ་གཞན་དང་ཁ་ཤགས་འགྱེད་བྱེད་ཙམ་དུ་མཐོང་བ་འདི། ཁྱོད་ཆོས་ལ་དད་པ་མེད་ཅིང་ཆོས་ཀྱི་གནས་ཚད་ཞན་པས་རྟགས་རེད།
ནང་པ་རྣལ་མ་ཞིག་བྱེད་པར་འདོད་ན་སྟོན་པ་ལ་ཡིད་ཆེས་བརྟན་པོ་ཞིག་དགོས་རེད། དེ་བྱུང་བར་སྟོན་པ་ཚད་མའི་སྐྱེས་བུར་བསྒྲུབ་དགོས། དེ་སྒྲུབ་པའི་གཞུང་ལུགས་ཤིག་ལ་ཚད་མའི་གཞུང་ལས་ལྷག་པ་ཅིག་གང་ལ་ཡོད། ཨ་ཁ། ཨ་ཁ། ལས་ངན་ཁྱོད། རྣམ་འགྲེལ་ལེའུ་གཉིས་པ་ལེགས་པོ་ལྟོས་ཤིག
རྗེའི་རྟོགས་བརྗོད་འདུན་ལེགས་མ་ལས། བྱང་ཕྱོགས་འདི་ན་ཚད་མའི་གཞུང་ལུགས་ལ། །སྦྱངས་དང་མ་སྦྱངས་དུ་མ་མགྲིན་གཅིག་ཏུ། །མདོ་དང་སྡེ་བདུན་ཀུན་ལ་བྱང་ཆུབ་ཏུ། །བགྲོད་པའི་ཉམས་ལེན་རིམ་པ་ཡོད་མིན་ཟེར། །འཇམ་དཔལ་དབྱངས་ཀྱིས་ཕྱོགས་ཀྱི་གླང་པོ་ལ། །དངོས་སུ་འདི་རྩོམས་འདི་ནི་མ་འོངས་དུས། །འགྲོ་བ་ཀུན་གྱི་མིག་ཏུ་འགྱུར་རོ་ཞེས། །གསུང་གི་གནང་བ་སྩལ་བའང་ཚད་མར་བྱེད། །དེ་ནི་མི་རིགས་སྨྲ་བའི་ཕུལ་བྱུང་དུ། །མཐོང་ནས་ལྷག་པར་ཚུལ་འདིར་དཔྱད་པ་ནི། །ཚད་མ་ཀུན་ལས་བཏུས་པའི་མཆོད་བརྗོད་དོན། །ཚད་མ་གྲུབ་པར་ལུགས་འབྱུང་ལུགས་ལྡོག་གིས། །རྣམ་གྲོལ་དོན་དུ་གཉེར་བ་བཅོམ་ལྡན་འདས། །ཚད་མར་བསྒྲུབས་ཤིང་དེ་ལས་དེ་ཡི་ནི། བསྟན་པ་ཁོ་ན་ཐར་འདོད་འཇུག་ངོགས་སུ། །ངེས་པ་གཏིང་ནས་རྙེད་པས་ཐེག་གཉིས་ཀྱི། །ལམ་གྱི་གནད་ཀུན་འདྲིལ་བར་རིགས་ལམ་ནས། །ལེགས་པར་ཐོན་པས་ལྷག་པར་དགའ་བ་རྙེད། །ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །ཞེས་གསུངས་སོ། །
ང་ཕྱི་རྒྱལ་ལ་མི་ལོ་བཅུ་བཞི་བསྡད་ཀྱང་རང་གི་ཆོས་དང་རིག་གཞུང་མི་རིགས་དང་བཅས་པར་དད་ཞེན་གཏིང་ནས་སྐྱེ་གི་འདུག འདི་འདྲའི་རིག་གཞུང་ཞིག་སྲིད་ན་དཀོན་པ་རེད་འདུག ཕྱི་དངོས་པོའི་ཡར་རྒྱས་ཙམ་ལ་དེ་ཙམ་ཧ་ལས་མ་སོང་།
ལྟོས་དང་། ཕྱི་དངོས་པོའི་ཡར་རྒྱས་ཡིན་ཞེས་རང་ཉིད་སྡོད་སའི་ཁོར་ཡུག་འདི་ལ་གནོད་ཚབས་ཆེན་པོ་ཇི་ཙམ་བཟོ་གི་འདུག ཤིང་ནགས་ཡོད་ཚད་བཅད། གཏེར་ཁ་ཡོད་ཚད་བསྔོགས། ཆུ་དང་རླུང་ཡོངས་རྫོགས་སྦག་བཙོག་བཏང་། ངོ་ཚ་ཁྲེལ་ཡོད་དང་བྲལ། དུད་འགྲོའི་སྤྱོད་ཚུལ་ལྟར་རང་གིས་བུ་ཕྲུག་ལ་སྤྱོད། ཕ་མ་རྒས་རབས་ལ་བསྙེན་བཀུར་ལྟ་ཞོག་དེ་དག་ལ་གད་སྙིགས་སུ་བལྟ། ད་འདི་ལྟ་བུའི་ཡ་རབས་བཟང་སྤྱོད་ཀྱིས་དབེན་པའི་ཤེས་ཡོན་དང་ཡར་རྒྱས་འདི་སྨོན་ཡུལ་ཞིག་རེད་འདུག བསམ་བློ་ཡག་པོ་ཐོང་། ལོག་སྨོན་འདེབས་རྒྱུ་མཚམས་འཇོག་བྱོས་མ་གཏོགས་ཉིན་ཞིག་ཆོས་སྒྲ་རྣ་བས་མི་ཐོས་ས་ཞིག་ཏུ་སྐྱེ་ཡོང་ད། ཤེས་སོང་ངམ།
སྒོམ་སྡེ་ལྷ་རམས་པ་ལགས། ངས་ཚད་མ་མི་ཤེས་པ་བདེན། དེ་མ་ཤེས་པ་ལ་འགྱོད་པ་དང་ངོ་གནོང་དགོས་པ་གང་ཡང་མི་འདུག ཚད་མ་སྦྱངས་ནས་མི་ཚེ་འཕྲོ་བརླགས་མ་བཏང་བ་དེར་ངས་རྗེས་སུ་ཡི་རངས་བྱེད་བཞིན་ཡོད། བསྡུས་གྲྭ་རིགས་ལམ་ཟེར་བའི་ཤེས་རབ་འཆལ་སྤྱད་དེ་སྦྱངས་ནས་ལོ་དང་ཟླ་བ་སྐྱེལ་མཁན་ཚོ་མཐོང་དུས་སྙིང་ཡང་རྗེ་ཡོང་གིན་འདུག ཚད་མ་ཟེར་བ་འདིས་ང་ཚོ་བོད་ཀྱི་ཆབ་སྲིད་ལ་མི་ཕན་པ་གསལ་པོ་རེད། ཁྱོད་ཀྱིས་བསམ་ཞིབ་གསལ་པོ་ཞིག་གྱིས་དང་། སྔོན་མ་སོག་པོའི་དམག་བོད་ལ་ཡོང་དུས་ཆོས་རྗེ་ས་པཎ་ལྟ་བུའི་ཚད་མ་མཁས་པ་བོད་ལ་ཡོད་ཀྱང་ཚད་མ་བརྩད་ནས་ཅང་འཇོན་མི་འདུག ཐ་མ་སྐྱབས་འགྲོ་དང་ལས་འབྲས་བཤད་ནས་སོག་པོའི་རྒྱལ་པོའི་བློ་སྣ་འགྱུར་ཐུབ་འདུག མའོ་ཙེ་ཏུང་གིས་དམག་བོད་ལ་ཡོང་དུས་བོད་ལ་ཚད་མ་ཤེས་མཁན་མང་ཐག་ཆོད་ཅིག་ཡོད་པ་རེད། དེ་ཚོས་ག་རེ་ཕན་འདུག ཚད་མ་རིག་པ་ཟེར་བ་འདིའི་ཁུངས་ཡར་དེད་ན་མི་སྟེགས་པའི་དྲང་སྲོང་ལྷ་ཡི་བླ་མ་དང་། དྲང་སྲོང་འཇིག་རྟེན་མིག་དང་། དྲང་སྲོང་སེར་སྐྱ་དང་། བྲམ་ཟེར་རྐང་མིག་པ་སོགས་ལས་བྱུང་བ་ཞིག་ཡིན་པ་རེད། རྟོག་གེའི་རིག་པ་ཟེར་བ་འདི་སྐབས་ཤིག་མུ་སྟེགས་པ་ཤུགས་རྐྱེན་ཆེ་དྲགས་ནས་རྒྱ་གར་དུ་ནང་པ་ཚོ་སྡུག་ཐུག་ནས་སྦྱངས་བ་ཞིག་རེད་མ་གཏོགས་སངས་རྒྱས་ཀྱི་ཆོས་ཤེས་པ་ལ་ཚད་མ་རིགས་པ་ལོགས་སུ་སྦྱངས་དགོས་པ་ཞིག་མ་རེད། ནང་པའི་ཆོས་ཟེར་བ་དེ་ཚུལ་གནས་ཐོས་དང་བསམ་ལྡན་པས། སྒོམ་པ་ལ་ནི་རབ་ཏུ་སྦྱོར་གསུངས་འདུག་ག ཚད་མ་རིག་པ་ག་འདྲ་བྱས་ནས་སྒོམ་དགོས་རེད། ཕྱོགས་ཆོས་དེ་ཆོས་ཁྱབ་པ་ཡི༎གཏན་ཚིག་དེ་ནི་རྣམ་གསུམ་ཉིད༎ཅེས་པ་དེ་ག་འདྲ་བྱས་ནས་སྒོམ་དགོས་རེད། འདི་བསྒོམ་ན་ཏིང་ངེ་འཛིན་ག་རེ་ཟེར་བ་འགྲུབ་ཀྱི་རེད། ཁྱོད་ཚད་མའི་དགེ་བཤེས་ཤིག་གིས་འདི་ལ་ལན་རྒྱག་ཐུབ་ལོས་དགོས།
གོང་གི་སྤོབས་པ་མཐའ་ཡས་ཟེར་བ་འདི་དུས་བབ་ཚང་གི་བཀུར་འོས་དྲ་གྲོགས་སྤོབས་པ་མཐའ་ཡས་ཡིན་རྒྱུ་མ་རེད། ཁོང་གིས་འདི་འདྲ་བ་བཤད་མི་དཔེ་སྙམ། གལ་སྲིད་ཡིན་ན་ནི་ད་ངས་ཀྱང་ཁོང་ལ་གདངས་འཇོག་བྱེད་ཤེས་མ་སོང་ཡ། བསྡུས་ཚད་རྩོད་པའི་བསྟན་པ་ཉམས་གྱུར་ཞེས་པའི་སྨོན་ལམ་འདི་འདྲ་བོད་མི་ཞིག་གི་ཁ་ནང་དུ་མ་དགོས་ཀླད་པའི་ནང་དུ་སྐད་ཅིག་ཙམ་ལའང་འཁོར་སྲིད་ཀྱི་མ་རེད་འདོད།
སྤོབས་པ་མཐའ་ཡས་ཀྱི་ཁོག་ལ་འདྲེ་རྒོད་ཅིག་འཛུལ་ཡོད་ས་རེད།
ཨ་ལ་ཀུ་རེ་ཡིན། རྭ་གཤར་བྱེད་མཁན་ཞིག་ཡོད་ན་ལེགས། བློ་བསྐྱེད་ཡོང་གི་རེད།
བཟོད་རྒྱམ་ཁྱོད་ཀྱིས་ཁོང་ལ་ལོག་ལྟ་མ་བྱེད།
སྤོབས་པའི་གསུང་ལ་དྲང་དོན་དུ་བཀྲལ་ཆོག་པ་གསུམ་དང་ངེས་དོན་དུ་ཁས་ལེན་དགོས་པ་བརྒྱད་ཡོད། ཁ་བརྡའི་དྲ་བ་ཚང་མས་སེམས་ལ་ཟུངས། །
འདི་ཟིན་བྲིས་ནང་གི་སྤོབས་པ་མཐའ་ཡས་ལགས་ཡིན་རྒྱུ་མ་རེད་འདོད་་་་་གལ་སྲིད་ཡིན་ན་ནི་ཁོང་གིས་ཚད་མའི་ཕྱོགས་ལ་བློ་ཁ་ཙམ་འཁོར་མ་མྱོང་བའི་རྟགས་བསྟན་འདུག དཔེར་ན་་་བོད་ཀྱི་ཆབ་སྲིད་ལ་ཕན་གྱིན་མེད་ཟེར་བའི་ལོག་བལྟ་འདིས་ཁོང་གི་ཚད་མཇལ་ཐུབ་ཀིན་འདུག
ད་དུང་་་སྔོན་གྱི་མཁས་པ་རེ་ཟུང་ལ་ལོག་བཤད་ག་ཚད་བྱས་འདུག་་་་་་ཨ་ཁ་ཁ།
སྤོབས་པ་མཐའ་ཡས་ལགས།
༡༽ ཁྱོད་ཀྱིས་༼ངས་ཚད་མ་མི་ཤེས་པ་བདེན། དེ་མ་ཤེས་པ་ལ་འགྱོད་པ་དང་ངོ་གནོང་དགོས་པ་གང་ཡང་མི་འདུག༽ཅེས་གསུངས་འདུག
ལན༽ ཁྱོད་ཀྱིས་ཚད་མ་མི་ཤེས་བཞིན་དུ་དེ་ལ་ལེགས་ཉེས་ཀྱི་དཔྱས་འདོགས་པ་འདི་བླུན་པོའི་ལུགས་སམ་གླེན་རྟགས་མ་ཡིན་ནམ། གསེར་མི་ཤེས་པའི་མི་ཞིག་གིས་གསེར་ལ་ལེགས་ཉེས་ཀྱི་དཔྱས་འདོགས་པ་ནི་བཞད་གད་ཀྱི་གནས་སོ། །
༢༽ ཁྱོད་ཀྱིས༼བསྡུས་གྲྭ་རིགས་ལམ་ཟེར་བའི་ཤེས་རབ་འཆལ་སྤྱད་དེ་སྦྱངས་ནས་ལོ་དང་ཟླ་བ་སྐྱེལ་མཁན་ཚོ་མཐོང་དུས་སྙིང་ཡང་རྗེ་ཡོང་གིན་འདུག༽
ལན༽ ཁྱོད་སྙིང་རྗེ་ས་ནོར་བ་རེད། སྙིང་རྗེ་ན་སློབ་སྦྱོང་སྣ་གཅིག་མེད་པར་མི་ཚེ་རྔ་གོག་བརྡུངས་ནས་སྐྱེལ་མཁན་དག་ལ་རྗེ་ཞིག
༣༽ ཁྱོད་ཀྱིས་༼མའོ་ཙེ་ཏུང་གིས་དམག་བོད་ལ་ཡོང་དུས་བོད་ལ་ཚད་མ་ཤེས་མཁན་མང་ཐག་ཆོད་ཅིག་ཡོད་པ་རེད། དེ་ཚོས་ག་རེ་ཕན་འདུག༽ཅེས་ལབ།
ལན༽ཁྱོད་སྐད་ཆ་ནང་འགལ་ཤ་སྟག་ཤོད་མཁན་ཞིག་རེད། མའོ་ཙེ་ཏུང་གིས་བོད་ལ་བཙན་འཛུལ་བྱེད་དུས་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ལྔའི་གཞུང་དང་ཉམས་ལེན་དང་གསང་སྔགས་ཟབ་མོ་གང་གིས་ཕན་ཐོགས་བྱུང་ཡོད་མ་རེད། དེ་ཚོ་ཡང་ཉམས་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་རྒྱུ་ཡིན་ནམ།
༤༽ ཁྱོད་ཀྱིས་༼ཚད་མ་རིག་པ་ཟེར་བ་འདིའི་ཁུངས་ཡར་དེད་ན་མི་སྟེགས་པའི་དྲང་སྲོང་ལྷ་ཡི་བླ་མ་དང་། དྲང་སྲོང་འཇིག་རྟེན་མིག་དང་། དྲང་སྲོང་སེར་སྐྱ་དང་། བྲམ་ཟེར་རྐང་མིག་པ་སོགས་ལས་བྱུང་བ་ཞིག་ཡིན་པ་རེད། རྟོག་གེའི་རིག་པ་ཟེར་བ་འདི་སྐབས་ཤིག་མུ་སྟེགས་པ་ཤུགས་རྐྱེན་ཆེ་དྲགས་ནས་རྒྱ་གར་དུ་ནང་པ་ཚོ་སྡུག་ཐུག་ནས་སྦྱངས་བ་ཞིག་རེད་མ་གཏོགས་སངས་རྒྱས་ཀྱི་ཆོས་ཤེས་པ་ལ་ཚད་མ་རིགས་པ་ལོགས་སུ་སྦྱངས་དགོས་པ་ཞིག་མ་རེད༽
ལན༽ ཚད་མའི་སྐོར་འདི་ཕྱོགས་གླང་ཆོས་གྲགས་ཀྱིས་གསར་བཏོད་བྱས་པ་ཞིག་མ་རེད། ཕྱོགས་གླང་གིས་སངས་རྒྱས་ཀྱིས་ཚད་མའི་སྐོར་འཐོར་ནས་གསུངས་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་ནས་བཤད་པ་ལ། མདོ་ཀུན་ལས་བཏུས་པ་ཟེར་བ་དེ་མཛད་པ་རེད། དང་པོ་དེ་ཤེས་པར་གྱིས་ཤིག ཁྱོད་ཀྱིས་“ཀུན་ལས་བཏུས”དང་“མདོ”ཞེས་པའི་ཚིག་འདི་ཙམ་ལའང་གོ་བ་ལོན་མི་འདུག ཨ་ཁ། ཁྱོད།
གལ་ཏེ་ཚད་མ་འདི་བསྟན་པ་སེམས་ཅན་ཕན་པ་ཞིག་མིན་ན། སངས་རྒྱས་ཀྱིས་ཅིའི་ཕྱིར་གསུངས། སྨྲོས་ཤིག རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས། སློབ་དཔོན་ཕྱོགས་ཀྱི་གླང་པོ་ལ་འདི་བསྟན་པ་སེམས་ཅན་ཕན་ཐོགས་རྒྱ་ཆེན་པོ་འོངས
་ཞེས་གསུངས་ནས། མདོ་ཀུན་བཏུས་རྩོམ་པར་བསྐུལ་བ་ཡང་མ་ཤེས་སམ། རྗེའི་རྟོགས་བརྗོད་འདུན་ལེགས་མ་ལས། འཇམ་དཔལ་དབྱངས་ཀྱིས་ཕྱོགས་ཀྱི་གླང་པོ་ལ། །དངོས་སུ་འདི་རྩོམས་འདི་ནི་མ་འོངས་དུས། །འགྲོ་བ་ཀུན་གྱི་མིག་ཏུ་འགྱུར་རོ་ཞེས། །གསུང་གི་གནང་བ་སྩལ་བའང་ཚད་མར་བྱེད། །ཅེས་གསུངས་པ་འདི་མཐོང་མྱོང་ངམ།
༥༽ ཁྱོད་ཀྱིས་༼ནང་པའི་ཆོས་ཟེར་བ་དེ་ཚུལ་གནས་ཐོས་དང་བསམ་ལྡན་པས། སྒོམ་པ་ལ་ནི་རབ་ཏུ་སྦྱོར་གསུངས་འདུག་ག ཚད་མ་རིག་པ་ག་འདྲ་བྱས་ནས་སྒོམ་དགོས་རེད། ཕྱོགས་ཆོས་དེ་ཆོས་ཁྱབ་པ་ཡི༎གཏན་ཚིག་དེ་ནི་རྣམ་གསུམ་ཉིད༎ཅེས་པ་དེ་ག་འདྲ་བྱས་ནས་སྒོམ་དགོས་རེད། འདི་བསྒོམ་ན་ཏིང་ངེ་འཛིན་ག་རེ་ཟེར་བ་འགྲུབ་ཀྱི་རེད༽
ལན༽ བསྡུས་གྲྭ་དང་ཚད་མའི་རིག་པ་ཟེར་བ་འདི་ཡུལ་ལ་དཔྱད་པ་བྱེད་པ་ན་དེང་སང་གི་ཚན་རིག་པའི་ལམ་ལུགས་དང་མཐུན་ཞིང་། གཞུང་ཆེན་མོའི་དགོངས་དོན་ཟབ་མོ་བདེ་བླག་ཏུ་རྟོགས་པའི་ཐབས་ཤེས་རྨད་དུ་བྱུང་བ་ཞིག་ཡིན་པར་ཤེས་མི་འདུག་ཅིང་། ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི། །གཏན་ཚིགས་དེ་ནི་རྣམ་གསུམ་ཉིད། །ཅེས་པའི་ཚིག་དེས་ཐད་ཀར་གདུལ་བྱའི་བློ་ཁ་འགྱུར་མི་ཐུབ་པ་བདེན་མོད་ཀྱང་། འོན་ཀྱང་དེ་ནི་བློ་ཆུང་རྣམས་ལ་སྐས་ཀྱི་རིམ་པ་ལྟར་གཞུང་གོང་མ་གོང་མའི་དགོངས་དོན་ཚེགས་མེད་དུ་རྟོགས་པའི་ཐབས་མཁས་ཤིག་ཡིན་པར་ཡང་ཤེས་པར་གྱིས་ཤིག
དེ་ཡང་ཇི་སྐད་དུ། སེམས་ཅན་དང་པོའི་ལས་ཅན་རྣམས། །དམ་པའི་དོན་ལ་འཇུག་པ་ན། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་གསུངས་པ་དང་སྒོ་ཀུན་ནས་མཚུངས་སོ། །
སློབ་དཔོན་ཆེན་མོ་བྱེད་པར་ཐོག་མར་ཀ་ཁ་སློབ་དགོས་པ་ཡང་ཤེས་པར་གྱིས་ཤིག
ལྟོས་དང་ཁྱོད། ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི། །ཟེར་རྒྱུ་ལ། ཕྱོགས་ཆོས་དེ་ཆོས་ཁྱབ་པ་ཡི། །དེའི་དག་ཆ་ཙམ་ཡང་ཤེས་མི་འདུག
༦༽ ད་དུང་ཁྱོད་ཀྱིས་གོང་གི་མཆན་གསུམ་པར། ༼ངས་ཀྱང་པར་འདི་མཐོང་དུས་ངུ་དགོད་གང་བྱེད་དགོས་མི་ཤེས་པའི་ཚོར་སྣང་ཞིག་བྱུང་སོང་།༽ཅེས་བཤད་འདུག
ལན༽ ད་ཁྱོད་ངུ་སྙིང་འདོད་ཐག་ཆོད་པ་རེད། ངོ་མ་ངུ་འདོད་ན། བོད་ཀྱི་སྐད་ཡིག་སྐད་ཅིག་རེ་རེ་བཞིན་ཉམས་འགྲོ་བར་ངུས། ཡ་རབས་བཟང་སྤྱོད་ཀྱི་སྤྱོད་ཚུལ་ཉམས་པར་ངུས། བོད་ཀྱི་ཆོས་དང་རིག་གཞུང་ཉམས་པར་ངུས། རྔ་གོག་བརྡུངས་ནས་མི་ཚེ་གཏོང་ཟད་བྱེད་པར་ངུས། ས་དགེ་བཀའ་རྙིང་ཐམས་ཅད་ཀྱི་ནང་དུ་གྲྭ་ལོག་གིས་གྲྭ་ཆས་གྱོན་ནས་བུད་མེད་བཞོན་པར་ངུས་ཤིག ངུས་ཤིག ད་དུང་ངུས་ཤིག ངུ་དགོས་ས་མང་པོ་འདུག་གོ།
༧༽ ཁྱོད་ཀྱིས་ ༼བསྡུས་ཚན་རྩོད་པའི་བསྟན་པ་ཉམས་གྱུར་ཅིག༽ཅེས་བཤད་འདུག ཨ་ཁ། ཨ་ཁ།
ལན༽ ཏག་ཏག་རེད། བསྟན་པ་ཉམས་པའི་སྨོན་ལམ་རྒྱག་སྟངས་འདི་ལ་བལྟས་ན། ཁྱོད་བསྟན་འཛིན་གྱི་སྐྱེས་བུ་དམ་པ་ཞིག་ཡིན་པར་གོར་མ་ཆག་གོ།
གནའ་སྔ་མོ་བོད་ཁ་བ་གངས་ཅན་གྱི་ལྗོངས་སུ་བསྟན་པ་ས་དར་རྡོ་དར་གྱི་དུས་སུ་ཡང་། ཁྱིམ་པར་སྤྱིར་ཆོས་ལ་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་མ་བྱུང་ཞིང་། ལྷག་པར་རིགས་ལམ་སྦྱོང་རྒྱུ་ནི་ཉིན་མོའི་སྐར་མར་ཟད་མོད། འོན་ཀྱང་དེང་སང་བསྟན་པ་ཧ་ཅང་ཉག་ཕྲ་བའི་དུས་སྐབས་འདི་འདྲར་ཡང་འདི་ལྟ་བུའི་གོ་སྐབས་བྱུང་བ་ནི། སྤོབས་པ་མཐའ་ཡས་ལྟར། སྡུག་ནས་ངུ་དགོས་པའི་གནས་ཚུལ་ཞིག་མིན་པར། དགའ་ནས་མིག་ཆུ་འཆོར་དགོས་པའི་གནས་ཚུལ་ཆེས་བཟང་པོ་ཞིག་གོ།
རྒྱ་དམར་གྱིས་བོད་ཀྱི་ཆོས་དང་རིག་གཞུང་གི་གཙུག་ལག་སློབ་གཉེར་གྱི་བསྟི་གནས་རྣམས་སྒོ་བརྒྱབ། གྲྭ་པར་གྲངས་བཅད་ཀྱིས་ཚད་བཟོས། ཁོང་རྣམས་ལ་དབུ་ཞྭ་ནག་པོ་རེ་གཡོགས་ནས་བཙོན་ལ་འཇུག་པའི་དུས་ངན་འདིར། ད་ཁྱིམ་པས་འགན་མ་ལེན་ན་སུས་ལེན།
གླང་དར་གྱིས་བསྟན་པ་བསྣུབས་ལོ་ཕྱི་ལོ་༨༤༢ནས། རབ་བྱུང་བཞི་པའི་ཆུ་གླང་༡༢༥༣ ལོར་འགྲོ་མགོན་ཆོས་རྒྱལ་འཕགས་པས་བོད་ཆོལ་ཁ་གསུམ་ལ་དབང་མ་བསྒྱུར་བའི་བར་ལོ་བཞི་བརྒྱ་བཅུ་གཅིག་༤༡༡གི་རིང་སངས་རྒྱས་ཀྱི་བསྟན་པ་ཁྱིམ་པས་བདག་པོ་བརྒྱབ་པ་རེད་དོ། །ལོ་རྒྱུས་དེ་ཚོ་ཡང་ཤེས་རྒྱུ་གལ་ཆེན་པོ་རེད།
གོང་གི་དུས་ཚིགས་དེར་ནོར་འཁྲུལ་ཕྲན་བུ་བྱུང་འདུག དགོངས་དག
དེབ་སྔོན་ལས། བུ་སྟོན་རིན་པོ་ཆེས་རྒན་མོ་ཞིག་གི་ངག་གི་རྗེས་སུ་འབྲངས་ནས་ལྕགས་མོ་བྱ་ (ཕྱི་ལོ་༨༤༡)ལ་བསྟན་པ་བསྣུབས་ནས་བདུན་ཅུ་རྩ་གསུམ་པ་ཆུ་མོ་བྱ་(ཕྱི་ལོ་༩༡༣)ལ་བསྟན་པ་བྱུང་བ་ཡིན་ཞེས་གསུང་ལ། ཞེས་གསུངས་པ་ལྟར། མི་ལོ་བདུན་ཅུ་རྩ་(༧༣)གསུམ་གྱི་རིང་ཁྱིམ་པས་སངས་རྒྱས་ཀྱི་བསྟན་པ་ལེགས་པར་བསྲུངས་པར་གསུངས་སོ། །
སྤོབས་པ་མཐའ་ཡས།
གལ་ཏེ་ཚད་མ་རིག་པ་གལ་ཆེན་པོ་མིན་ན། འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་
གཉིས་ཞེས་ཡོངས་སུ་གྲགས་པའི་མཚན་སྙན་ཅན་གྱི་རྒྱ་གར་གྱི་སློབ་དཔོན་མཁས་པའི་གྲས་སུ་
ཕྱོགས་གླང་ཆོས་གྲགས་གཉིས་བགྲངས་དགོས་དོན་ཅི། ཁྱེད་ལྟར་ན་ཁོང་རྣམ་པ་གཉིས་ཀྱིས་འདི་ལྟ་བུའི་ཆེ་བསྟོད་བྱེད་འོས་པའི་བསྟན་པ་ལ་མཛད་བྱས་གང་ཡང་བཞག་མེད་པའི་ཕྱིར་རོ། །
རྒྱན་དྲུག་མཆོག་གཉིས།
༡ ཀླུ་སྒྲུབ། ༢ ཨརྱ་དེ་ཝ། ༣ ཐོགས་མེད།
༤ དབྱིག་གཉེན། ༥ ཕྱོགས་གླང་། ༦ ཆོས་ཀྱི་གྲགས་པ་སྟེ་རྒྱན་དྲུག་གོ།
༧ ཡོན་ཏན་འོད། ༨ ཤཱཀྱ་འོད་གཉིས་ཏེ་མཆོག་གཉིས་སོ། །
སྤོབས་པ་མཐའ་ཡས།
ད་ཁྱོད་ཅིག་ལབ་རྒྱུ་ཡོད་ན་ལོབ་མ་གཏོགས། ཁྱོད་ངའི་མཆན་བུ་མང་པོ་འདི་དག་གིས་འོག་ཏུ་
མནན་ནས་མཐོང་རྒྱུ་རིག་རྒྱུ་མེད་པར་ཆགས་འགྲོ་ས་རེད་ད།
སྤོབས་པ་མཐའ་ཡས།
ཁྱོད་ལ་ད་དུང་རྟ་ལྕག་གཅིག་གཞུ་རྒྱུ་ལྷག་འདུག
རྒྱ་ནག་ཧ་ཤང་གིས་བོད་ཀྱི་ཡུལ་དུ་“ཡོད་མིན་མེད་མིན་གྱི་ལྟ་བ”སྤེལ་ནས་སངས་རྒྱས་ཀྱི་
བསྟན་པ་ལ་བསྲེ་ལྷད་དང་ཉམས་ཉེས་ཆེན་པོ་བཏང་བ་ན། མཁན་ཆེན་ཞི་བ་འཚོའི་ལུང་བསྟན་
ལྟར་རྒྱ་གར་ནས་ཁོང་གི་སློབ་མ་སློབ་དཔོན་ཆེན་པོ་“ཀ་མ་ལ་ཤཱི་ལ”གདན་དྲངས་ནས།
ཚད་མ་རིག་པའི་རིགས་ལམ་གྱི་སྒོ་ནས་ཧ་ཤང་ཕམ་པར་བྱས་པའི་ལོ་རྒྱུས་ཡོད་ཅིང་། དེ་དུས་ཚད་མའི་
རིགས་ལམ་མ་གཏོགས། ཆོ་ག་བཏང་། གཏོར་མ་བརྒྱབ། སྐྱབས་འགྲོ་དང་ལས་འབྲས་བཤད་
ནས་ཧ་ཤང་བཏུལ་བའི་ལོ་རྒྱུས་མི་འདུག་གོ། ལོ་རྒྱུས་དེ་ཚོ་ཡང་ཤེས་པར་གྱིས་ཤིག
ད་སྒོམ་སྡེ་ཁྱོད་ཀྱིས་ཅིག་བཤད་ཁུལ་བྱས་པ་འདི་ཁྱིས་གཅིན་གཏོང་བ་བཞིན་ག་ས་གང་དུ་གཏོར་ནས་དྲ་ངོས་འཕྲོ་བརླགས་རེད། གང་ཞིག་ནས་མགོ་བཙུགས་ཏེ་ཁྱོད་ལ་ལན་རྒྱག་དགོས་པ་རེད། ངས་ཚད་མ་མི་ཤེས་ལབ་ན་ཤེས། ངས་ཚད་མ་ཤེས་མི་ཤེས་ནས་བཤད་ན་མི་ཤེས། ཡིན་ན་ཡང་། བལ་པོའི་སེའུ་མ་ཟོས་ཀྱང༎ཁ་དོག་ཉིད་ལས་བྲོ་བ་ཤེས༎ཟེར་བ་བཞིན་གཏན་ཚིག་སྐམ་པོ་འདིའི་ཁ་ནས་བལྟས་ན་གཏིང་མི་མཐོང་བའི་ཟབ་པོ་ཞིག་ཅང་མ་རེད། ངས་སློབ་གྲྭའི་ནང་ལ་ཁྱབ་སྤེལ་གཏོང་མི་དགོས་པར་བཤད་པ་དེ་གཏན་ཚིག་རིག་པའམ་ཚད་མ་རིག་པ་ཟེར་བ་འདི་བཤད་ཀྱིན་ཡོད། ཁྱོད་ཀྱིས་བཤད་པ་བདེན་པ་རེད། ནང་བསྟན་སྤྱིས་བོད་རྒྱལ་ཁབ་ཆག་འཇིག་ལས་བསྐྱབས་ཐུབ་མེད་པ་རེད། ཡིན་ན་ཡང་ནང་ཆོས་ཀྱིས་ཐར་པ་ཟེར་བ་ཞིག་ཐོབ་ཟེར་གྱིན་ཡོད་པ་རེད། གཏན་ཚིག་རིགས་པས་སྲིད་ལ་མ་ཕན་ན་ཆོས་ལ་ནི་མི་ཕན་ཐག་ཆོད་རེད། གལ་སྲིད་འདིས་སངས་རྒྱས་ཐོབན་བྲམ་ཟེ་རྐང་མིག་པའི་ལུགས་ལ་ཡང་རྣམ་མཁྱེན་ཐོབ་པ་ཡོད་པར་ཐལ། རྒྱ་གར་ལ་གནའ་བོའི་དུས་སུ་ཚད་མའི་གཞུང་གྲགས་ཅན་བྲམ་ཟེ་རྐང་མིག་པས་བྱས་པའི་རྟོག་གེའི་ཚིག་དོན་བཅུ་དྲུག་ཟེར་བ་དེ་ཚོ་རེད། རྒྱ་གར་གྱི་དགེ་སློང་སེར་པོ་འགའ་རེས་འདི་ཚོའི་རྗེས་བརྗོད་དུ་ཅིག་བྲིས་པ་ཞིག་རེད། འདིས་ཅང་འཇོན་ཡོད་ཚོད་མ་རེད། ན་ལན་ཌའི་བཤིགས་ཤུལ་དེར་གཅིག་ལྟོས་དང་། ཚད་མ་རིག་པས་དགོན་པ་ཞིག་སྐྱབས་མ་ཐུབ་ན་རྒྱལ་ཁབ་ག་འདྲ་བྱས་ནས་སྐྱབས་ཐུབ་ཀྱི་རེད། སངས་རྒྱས་ཀྱིས་ཚད་མ་རིག་པའི་གཞུང་ཞིག་གསུང་མེད། ཡིན་ན་ཡང་སངས་རྒྱས་ཀྱི་གསུངས་ཆ་ཚང་ཚད་མ་རེད། སངས་རྒྱས་ཀྱི་གསུང་གི་བདུད་རྩི་འདི་རྟོག་གེ་བ་ལས་ངན་འགའ་རེ་ལ་གཏན་ཚིག་རིག་པའི་སི་པན་དང་མ་སྦྱར་ན་མིད་པར་མི་འགྲོ་བ་བདེན་དུ་ཆུག་ཀྱང་གདུལ་བྱ་སྤྱིར་བཏང་བ་ཚོ་ལ་སྐྱབས་འགྲོ་དང་ལས་འབྲས་བདེན་བཞི་གང་ནས་བཤད་ཀྱང་ཚད་མ་རེད། ཚད་མ་དང་ཚད་མ་རིག་པ་ཟེར་བ་འདི་གཉིས་ལ་ཁྱབ་ཆེ་ཆུང་དང་འཇུག་སྟངས་ཀྱི་ཁྱད་པར་ཡོད་པ་འདི་ཤེས་ཀྱིན་ཡོད་དམ། ཁ་ཁ་རེད། འདི་གཉིས་ཀ་ཕར་བསྲེ་ཚུར་བསྲེ་དགུ་ཐུག་སྐོལ་སྐོལ་མ་བྱེད་དང་། ཆོས་སྦྱངས་མཁན་ཞིག་ཡིན་ན་ཚད་མ་རིག་པ་ཟེར་ནས་ལོགས་སུ་ཅིག་སྦྱངས་ཁུལ་བྱེད་པ་ནི་རྩ་བ་བོར་ནས་ཡལ་ག་ལ་འཇུ་བའི་དཔེར་སོང་བ་རེད། སངས་རྒྱས་རང་གིས་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ༎འདི་ནི་ཀུན་འབྱུང་འཕགས་པའི་བདེན་པའོ༎ལ་སོགས་ཐད་གར་སྟོན་པ་ལས་ཆོས་རྩོད་གཞི་བཙུགས། ཡར་ལངས། ཐལ་མོ་བརྡབ། མཆིལ་ཞགས་འཕེན་རེས་དང་བཅས་ཆོས་བསྟན་ཚུལ་ཞིག་མི་འདུག རྐང་པ་ཡ་གཅིག་གི་སྟེང་དུ་ལངས་ནས་ཐལ་མོ་བསྡབ་དགོས་པའི་ཆོས་ལུགས་འདི་ཕྱི་རོལ་མུ་སྟེགས་པའི་བརྟུལ་ཞུགས་ཤིག་ཡིན་ནམ། ཆོས་ཐད་ཀར་བསྟན་ནས་འཁོར་ལྔ་སྡེ་བཟང་པོས་བདེན་པ་མཐོང་ཐུབ་འདུག ཁྱོད་རྟོག་གེ་བ་ཚོས་དེ་ལས་ལྷག་པ་ག་རེ་ཤེས་ཡོད། ཁྱོད་ཀྱིས་རྔ་ཀོག་རྡུང་མཁན་དང་ཐལ་མོ་བརྡབ་མཁན་གཉིས་བརྡུར་བ་ཡག་པོ་བྱུང། ཐལ་མོ་བརྡབ་ནས་མི་ཚེ་སྐྱེལ་བ་ལས་རྔ་ཀོག་བརྡུང་ནས་མི་ཚེ་སྐྱེལ་བ་འདི་དྲག རང་གི་ལག་པ་རང་གིས་རྡུང་ན་ན་ཚ་ཡོད། ཀོ་བ་སྐམ་པོ་བརྡུང་ན་ན་ཚ་མེད་པས་སོ༎
རྩོད་དུས་རང་གི་ལག་པ་རང་གིས་བརྡུང་ནས་ན་ཚ་ཡོད་ཀྱང་རིགས་པ་འཕེལ། །
ཀོ་བ་སྐམ་པོ་བརྡུང་ནས་ན་ཚ་མེད་ཀྱང་ལྷ་ཀླུ་འཇིགས་སྐྲག་བསྐུལ་ལ་ཕན། །
སྒོམ་སྡེ་ལྷ་རམས་པ་ཡིས་གཞུང་ལུགས་མང་དག་དྲངས་ནས་འདུག་ཁར་ཅིག་ཤོས་ཏེ། །
སྤོབས་པ་མཐའ་ཡས་ལགས་ཀྱིས་ཚད་རིག་དེ་ལྷག་ཡོད་དོ་ཟེར་ཡང་ལྟོས་གྲུབ་རེད། །
དཔྱད་སྒོམ་འཇོག་སྒོམ་ཟུང་འབྲེལ་ལྟར། །
ལག་རྡུང་རྔ་རྡུང་གཉིས་མཉམ་སྤྱོད། །
ཚད་མ་རིག་པས་གཏན་འབེབས་ཀྱིས། །
རྡོ་དྲིལ་བཟུང་ནས་ཚེ་མཐར་སྒོམས། །
ཀུ་རེ་ཡིན་ནོ་སྒོམ་སྡེ་ལགས། །
སྐུད་རྩེད་ཞུས་ཡིན་སྤོབས་མཐའ་ལགས།
བྱུས་མེད་བྱུས་གཏོགས་བྱས་ཐལ་ཤོར། །
ཉེས་བསགས་ཡོད་ན་བཟོད་གསོལ་ཞུ། །
སྤོབས་པ་མཐའ་ཡས།
༡༽ ཁྱོད་ཀྱིས་༼བལ་པོའི་སེའུ་མ་ཟོས་ཀྱང་། །ཁ་དོག་ཉིད་ལས་བྲོ་བ་ཤེས། །
ཟེར་བ་བཞིན་གཏན་ཚིག་སྐམ་པོ་འདིའི་ཁ་ནས་བལྟས་ན་གཏིང་མི་མཐོང་བའི་ཟབ་པོ་ཞིག་ཅང་མ་རེད༽ཅེས་ལབ།
ལན༽ ཁྱོད་ཀྱི་ལན་དེ་མི་ར་བཟིས་གཅིན་གཏོང་བ་ལྟར་གནས་ངེས་མེད་དུ་གཅིན་མདའ་འཕེན་པ་ཙམ་ལས། གནད་དུ་ཁེལ་བ་ཞིག་ཧ་ལམ་བྱུང་མི་འདུག དེ་ལྟར་ནའང་ལན་ཞིག་རྒྱག་གི་ཡིན།
ཐོག་མར་ཁྱོད་ཀྱིས་ས་པཎ་གྱིས་ཤིན་ཏུ་རགས་པའི་འཇིག་རྟེན་གྲགས་པ་དང་བསྟུན་ནས་བཤད་པའི་དྲང་དོན་གྱི་བཤད་པ་ལའང་ངེས་དོན་དུ་བཟུང་ནས་ཡོངས་སུ་འཁྲུལ་འདུག་པ་དེ་ཡང་རིགས་པ་མི་ཤེས་པ་བླུན་པོ་ཆུ་གར་ཁྲིད་ཀྱི་མངོན་རྟགས་གསལ་པོ་རེད།
ས་སྐྱ་པཎ་ཆེན་ལའང་སྐབས་རེར་ནང་འགལ་ཡོད་རེད།
དཔེར་ན་ས་སྐྱ་ལེགས་བཤད་ལས།
བློ་དང་ལྡན་ན་མ་སྨྲས་ཀྱང༌། །རྣམ་འགྱུར་ཉིད་ལས་བསམ་པ་གོ།
བལ་པོའི་སེའུ་མ་ཟོས་ཀྱང༌། །ཁ་དོག་ཉིད་ལས་བྲོ་བ་ཤེས། །
ཞེས་པ་འདི་དང་།
མཁས་པ་རྩད་ཅིང་མ་དྲིས་པ། །དེ་ཡི་བར་དུ་གཏིང་མི་དཔོགས། །
རྔ་ལ་དབྱུག་གུས་མ་བསྣུན་པ། །དེ་སྲིད་གཞན་དང་ཁྱད་ཅི་ཡོད། །
ཅེས་གསུངས་པ་གཉིས་ནང་འགལ་རེད།
དཔེར་ན། སེའུ་མ་ཟོས་ཀྱང་དེ་ཡི་ཁ་དོག་ཉིད་ལས་བྲོ་བ་ཤེས་ཐུབ་པ་དང་། རྔ་ལ་དབྱུག་གུས་མ་བསྣུན་པ་དེ་སྲིད་དུ་དེ་ཡི་ཁྱད་པར་མི་ཤེས་ཟེར་བ་གཉིས་ནང་འགལ་རེད།
དེ་ལ་འདི་སྨྲ་བར་བྱ་སྟེ།
བལ་པོའི་སེའུ་མ་ཟོས་ཀྱང༌། །ཁ་དོག་ཉིད་ལས་བྲོ་བ་ཤེས། །
རྔ་ལ་དབྱུག་གུས་མ་བསྣུན་པ། །དེ་སྲིད་ཁྱད་པར་མི་ཤེས་འགལ། །
ཞེས་ཀྱང་བྱའོ། །
གཞན་ཡང་ཁྱོད་ལྟར་ན། ཤིང་ཕུང་འདི་ལས་སྐྱེས་པའི་ཤིང་ཐོག་ལྷག་མ་ཐམས་ཅད་ཆོས་ཅན། རོ་མངར་དང་ལྡན་ཏེ། སྔར་བཟོས་པའི་ཤིང་ཐོག་དང་གཟུགས་སྨུག་པོར་མཚུངས་པ་དང༌། ཤིང་ཕུང་འདི་ལས་སྐྱེས་པར་མཚུངས་པའི་ཕྱིར། དཔེར་ན་སྔར་ཟོས་པའི་ཤིང་ཐོག་བཞིན། ཞེས་པའི་གཏན་ཚིགས་འདི། གཏན་ཚིགས་ཡང་དག་ཡིན་པར་ཐལ། བལ་པོའི་སེའུ་མ་ཟོས་ཀྱང་། །ཁ་དོག་ཉིད་ལས་བྲོ་བ་ཤེས་པ་ཁྱོད་ཀྱིས་ཁས་བླངས་པའི་ཕྱིར་རོ། །འདོད་ན། དེ་ལྷག་ལྡན་འཁྲུལ་པ་ཅན་མ་ངེས་པའི་གཏན་ཚིགས་ལྟར་སྣང་དུ་བཤད་པ་དང་འགལ་ལོ། །
རྣམ་འགྲེལ་རྩ་བ་ལས། གལ་ཏེ་མ་མཐོང་བས་ལྡོག་འགྱུར། །ཅི་སྟེ་ལྷག་ལྡན་འཁྲུལ་ཅན་ཡིན། །ཞེས་གསུངས་པའི་ཕྱིར། འཁོར་གསུམ་མོ། །
༢༽ ཁྱོད་ཀྱིས་༼ངས་སློབ་གྲྭའི་ནང་ལ་ཁྱབ་སྤེལ་གཏོང་མི་དགོས་པར་བཤད་པ་དེ་གཏན་ཚིག་རིག་པའམ་ཚད་མ་རིག་པ་ཟེར་བ་འདི་བཤད་ཀྱིན་ཡོད། ཁྱོད་ཀྱིས་བཤད་པ་བདེན་པ་རེད།༽
ལན༽ དང་པོ་ཁྱོད་ཀྱིས་”བསྡུས་ཚན་སྦྱོང་བའི་བསྟན་པ་ཉམས་གྱུར་ཅིག” ཅེས་སྤྱི་བྱེ་བྲག་ཁྱད་པར་མ་ཕྱེ་བར་སྨོན་ལམ་ལོག་པ་བཏབ་ཀྱང་། ད་ཁྱོད་འགྱུར་བཅོས་ཕྲན་བུ་སོང་འདུག ད་ཁྱོད་སློབ་ཕྲུག་དམིགས་ནས་བཤད་པ་ཡིན་མདོག་མདོག
བསྡུས་གྲྭའི་མིང་ལ་“རིགས་ལམ་འཕྲུལ་གྱི་ལྡེ་མིག”ཟེར་བ་རེད། དེ་ལ་གོ་རྒྱུ་ཡོད་རེད། སློབ་སྦྱོང་ག་འདྲ་ཞིག་བྱེད་ཀྱང་རིགས་ལམ་ཤེས་ན་རླབས་ཆེ་ཆུང་ཁག་ཁག་ཡོང་གི་རེད། རིགས་ལམ་མི་ཤེས་མཁན་གྱི་སློབ་ཕྲུག་ཅིག་གིས། ཟླ་བ་བདུན་སྦྱོང་དགོས་ས་ཞིག རིགས་ལམ་ཤེས་མཁན་ཞིག་གིས་ཟླ་བ་གསུམ་ནང་སྦྱངས་ཐུབ་པ་ཡོང་གི་རེད། དེ་མ་ཟད་བསྡུས་གྲྭ་ཞེས་མི་ཚེ་ཧྲིལ་པོ་སྦྱོང་དགོས་པ་ལྟ་བུ་དེ་འདྲ་གང་ཡང་མ་རེད། ཟླ་བ་དྲུག་གི་ནང་“བསྡུས་གྲྭ”ཆུང་ངུ་དང་། དེ་ནས་“རྟགས་རིགས”ཕྲན་བུ་ཞིག་སྦྱངས་ན་དེ་གས་འཐུས་ཀྱི་རེད། བསྡུས་གྲྭ་འབྲིང་དང་ཆེ་བ་རྣམས་སྦྱོང་དགོས་མ་རེད། གལ་ཏེ་བསྡུས་གྲྭ་ཆུང་ངུའི་རིགས་ལམ་གྱི་འགྲོས་ཡག་པོ་ཞིག་ཆགས་སོང་ན། དེ་ནས་རིགས་པ་དེ་བརྡ་སྤྲོད་དང་། ཚན་རིག་སོགས་སློབ་ཚན་གཞན་སྦྱོང་བྱེད་དུ་ཁ་སྤོས་ན་ཧ་ཅང་རླབས་ཆེན་པོ་ཡོང་གི་རེད།
ངས་སྔོན་མ་ཐེངས་ཤིག་བཤད་པ་ཡིན། ད་དུང་ཅིག་བཤད་ཀྱི་ཡིན། རིགས་ལམ་ལ་དམིགས་བསལ་གྱི་དགེ་ཚན་ཁྱད་པར་བ་ཞིག་ཡོད་རེད། དེ་ནི་དཔེར་ན།
རང་གིས་གང་ཤེས་པ་དེ་ཆ་བགོས་བྱས་ན།
དགེ་རྒན་གྱི་མདུན་ནས་བརྒྱ་ཆ་༢༥
རང་གིས་དཔེ་ཀློག་བརྒྱབ་ནས་བརྒྱ་ཆ་༢༥
ཆོས་གྲྭར་སོང་ནས་བརྒྱ་ཆ་༥༠ཤེས་ཐུབ་ཀྱི་ཡོད་རེད།
དེ་ནི་དགེ་ལུགས་པའི་གདན་སའི་དམིགས་བསལ་གྱི་ཁྱད་ཆོས་ཤིག་རེད། དེ་དགེ་ལུགས་པ་མ་གཏོགས་གཞན་རྣམས་ལ་ཡོད་མ་རེད། དེ་ནས་རྩོད་པ་རྒྱག་དུས་ངེས་པར་ཡར་ལངས་ནས་རྒྱག་དགོས་རེད། ཡར་ལངས་ནས་འཕག་འཚག་རྒྱག་དུས་ལུས་སེམས་ལ་དམིགས་བསལ་གྱི་ཉོབ་སྣང་མེད་པར་གྲུང་པོ་དང་སྤྲོ་སྣང་དོད་པ་ཞིག་ཆགས་རྒྱུ་ཡོད་རེད། དེ་སློབ་སྦྱོང་ལ་ཞེ་དྲག་གལ་ཆེན་པོ་རེད། མ་ཟད་འཕྲོད་བསྟེན་ལའང་གལ་ཆེན་པོ་རེད། ཡར་ལངས་ནས་རྩོད་པ་བྱེད་པའི་ས་ཕྱོད་དེ། མར་བསྡད་ནས་བྱེད་པ་ལ་ཡོང་ཡ་ཡོད་མ་རེད།
༣༽ཁྱོད་ཀྱིས་༼ཐལ་མོ་བརྡབ་ནས་མི་ཚེ་སྐྱེལ་བ་ལས་རྔ་ཀོག་བརྡུང་ནས་མི་ཚེ་སྐྱེལ་བ་འདི་དྲག རང་གི་ལག་པ་རང་གིས་རྡུང་ན་ན་ཚ་ཡོད། ཀོ་བ་སྐམ་པོ་བརྡུང་ན་ན་ཚ་མེད་པས་སོ༎༽
ལན༽ སྐད་ཆ་འདི་ལ་རྒྱ་མི་གུང་ཁྲན་གྱི་སྐད་ཆའི་དྲི་ངན་འཐུལ་བ་ཙམ་ལས། ཆོས་པའི་སྐད་ཆ་ཞིག་གི་དྲི་མ་ཙམ་ཡང་མི་འདུག ཁྱོད་ཀྱི་ཚིག་ངན་དེ་ལ་ལན་འདེབས་ཤིག་བྱ་བསམ་ཡང་། སྐབས་རེར་བརྒྱབ་པའི་ཁ་ལ་མ་ཕོག མ་བརྒྱབ་སྣ་ལ་ཕོག་པའི་གནས་ཚུལ་དང་།
གཞན་ཡང་ས་པཎ་གྱིས།
གསེར་དངུལ་སྲ་ཡང་བཞུ་ནུས་ཀྱི། །ཁྱི་ལུད་བཞུས་ན་དྲི་ངན་འབྱུང༌། །ཞེས་གསུངས་པ་འདི་ཅིས་མི་བདེན་སྙམ་དུ་བསམས་ནས་རེ་ཞིག་བཞག་གོ།
གོང་ནས་རྒན་སྒོམ་སྡེ་བས་ས་སྐྱ་ལེགས་བཤད་ཀྱི་ལུང་།
བློ་དང་ལྡན་ན་མ་སྨྲས་ཀྱང༌། །རྣམ་འགྱུར་ཉིད་ལས་བསམ་པ་གོ།
བལ་པོའི་སེའུ་མ་ཟོས་ཀྱང༌། །ཁ་དོག་ཉིད་ལས་བྲོ་བ་ཤེས། །
ཞེས་པ་འདི་དང་།
མཁས་པ་རྩད་ཅིང་མ་དྲིས་པ། །དེ་ཡི་བར་དུ་གཏིང་མི་དཔོགས། །
རྔ་ལ་དབྱུག་གུས་མ་བསྣུན་པ། །དེ་སྲིད་གཞན་དང་ཁྱད་ཅི་ཡོད། །
ཅེས་གསུངས་པ་གཉིས་ནང་འགལ་རེད། ཅེས་པ་དེ་ངས་ནི་ནང་འགལ་ཞིག་ཏུ་རྩ་ནས་མ་མཐོང་སྟེ། རྒྱུ་མཚན་ནི་ལུང་དང་པོའི་གོ་དོན་ནི་གལ་སྲིད་ཡུལ་ཅན་ཁྱེད་རང་ངམ་གཞན་པ་དེ་མི་བློ་གྲོས་དང་ལྡན་པ་ཞིག་ཡིན་ན་གང་ཟག་ཕ་རོལ་པ་ཞིག་གིས་ང་རང་ནི་མི་འདི་འདྲ་ཞིག་ཡིན་ཞེས་ཚིག་གི་སྒོ་ནས་མ་སྨྲས་ཀྱང་མི་དེའི་ལུས་ངག་གི་རྣམ་འགྱུར་ལས་མི་དེའི་ནང་སེམས་ཀྱི་འགྱུར་བ་ཤེས་ཐུབ་ཅེས་པའི་དོན་རེད་ལ། ལུང་གཉིས་པའི་དོན་ནི་རྟོག་དཔྱོད་བྱ་ཡུལ་དུ་གྱུར་པའི་སྐྱེ་བོ་མཁས་པར་གྲགས་པ་དེ་ནི་མི་གཞན་གྱིས་རིག་པའི་གནས་ལྔ་ལ་སོགས་པ་ཤེས་པར་བྱ་བའི་ཡུལ་ལ་སྒོ་དུ་མ་ནས་བློ་གྲོས་ཀྱི་འཇུག་པ་སྔོན་དུ་སོང་བའི་སྒོ་ནས་བརྩད་ཅིང་ཞིབ་ཏུ་མ་དྲིས་པ་པ་དེ་སྲིད་དུ་སྐྱེ་བོ་རང་དགའ་བས་མཁས་པའི་ཡོན་ཏན་གྱི་གཏིང་མི་དཔོག་ཅེས་པའི་དོན་ཡིན་པས། ལུང་འདི་གཉིས་ལ་ནང་འགལ་ཡོང་བའི་གཞི་ཞིག་རྙེད་དུ་མེད་པར་སེམས་སོ།། ཡིན་ན་ཡང་ས་སྐྱ་ལེགས་བཤད་འདི་ནི་ས་པཎ་གྱི་རང་རྩོམ་ཞིག་གཞར་ཡང་མ་ཡིན་པར་ཤེས་རབ་སྡོང་བུ་དང་སྐྱེ་བོ་གསོ་ཐིགས་སོགས་རྒྱ་གར་གྱི་ལུགས་ཀྱི་བསྟན་བཅོས་བདུན་གྱི་ལེགས་ཆ་བསྡུས་ཤིང་མང་པོ་ཞིག་མ་ཚིག་ཇི་བཞིན་དུ་གངས་ཅན་བོད་ཀྱི་སྐད་དུ་བསྒྱུར་པའི་བསྟན་བཅོས་ཤིག་ཏུ་ཁོ་བོས་འདོད་དོ།།
ཀླུ་སྨྱོན་ལགས།
སེའུ་མ་ཟོས་ཀྱང་དེའི་ཁ་དོག་(དམར་བ་དང་སྨུག་པ)ཙམ་ལས་དེའི་རོའི་ཁྱད་པར་ཤེས་ནུས་ཟེར་བ་དང་།
རྔ་ལ་དབྱུག་གུས་མ་བསྣུན་པ་དེ་སྲིད་དུ་རྔ་སྒྲའི་ལེགས་ཉེས་ཀྱི་ཁྱད་པར་ཤེས་མི་ཐུབ་ཟེར་བ་གཉིས་ནང་འགལ་ཡིན་པ་གསལ་པོ་རེད་འདུག་ག
དེ་གཉིས་ཀྱང་ནང་འགལ་ཡིན་མི་སྲིད་དེ། རྔ་སྒྲའི་ཁྱད་ཆོས་མི་འདྲ་བ་གང་མང་ཞིག་ནི་རྔ་དེ་མ་བརྡུངས་བར་དུ་ཤེས་དཀའ་བ་དང་། བལ་བོའི་སེའུའི་བྲོ་བ་ནི་དེ་ལ་ཆ་རྒྱུས་ཡོད་མཁན་ཞིག་གིས་དེའི་ཕྱིའི་ཁ་དོག་ལས་ཀྱང་རྟོགས་ཐུབ་པ་ཞིག་ཡིན་ལ། ས་པཎ་གྱིས་དངོས་པོ་མི་འདྲ་བ་གཉིས་ཀྱི་ཁྱད་ཆོས་འབྱེད་བྱེད་མི་འདྲ་བ་གཉིས་བསྟན་པ་ཙམ་ཞིག་ཡིན་པས། རྔ་ཡི་ཁྱད་ཆོས་དང་སེའུའི་ཁྱད་ཆོས་གཉིས་བརྟག་ཐབས་མི་འདྲ་བ་ཡིན་པ་རྒན་ཉིད་ཀྱིས་ཀྱང་མཁྱེན་གསལ་བཞིན་ནོ།། འདི་ཡི་ལུགས་ཀྱི་བསྟན་བཅོས་ཤིག་གི་དཔེ་འཇོག་ཙམ་ཞིག་ཡིན་པས་འདི་རིགས་དང་སྙན་ངག་གི་དཔེ་བརྗོད་དག་ནི་མཐའ་གཅིག་ཏུ་མཚན་ཉིད་པའི་ལུགས་ཀྱི་ཁྱབ་པ་མ་ཁྱབ་ཀྱི་འགག་སྒོ་དེ་ནས་བཙུར་དགོས་པའི་རྒྱུ་མཚན་ཅང་མཐོང་མ་སོང་ལགས།
འདི་ཡི་་་་་་་་་འདི་ནི་
ཁྱབ་པ་མ་ཁྱབ་་་་་་་་་ཁྱབ་མ་ཁྱབ་་་་་་་་
གོང་གི་ས་སྐྱ་ལེགས་བཤད་ཀྱི་ཚིག་སྔ་ཕྱི་གཉིས་ཀ་འབྲས་རྟགས་སྟོན་པའི་གཞུང་རེད། དཔེར་ན་མདོ་ལས། དུ་བ་ལས་ནི་མེར་ཤེས་དང་།། ཆུ་སྐྱར་ལས་ནི་ཆུ་ཤེས་ལྟར།། བྱང་ཆུབ་སེམས་དཔའ་བློ་ལྡན་གྱིས།། རིགས་ནི་ཚད་མ་དག་ལས་ཤེས།། གསུངས་པ་ལྟར་རོ། གཞུང་འདིའི་གཞུང་སྦྱོར་བཀོད་ན། རིའི་ཕར་ངོས་ན་ཆོས་ཅན། ཆུ་ཡོད་དེ། ཆུ་སྐྱར་ལྡིང་བའི་ཕྱིར།། དང་ཡང་། རིའི་ཕར་རྒྱབ་ན་ཆོས་ཅན། མེ་ཡོད་དེ། དུ་བ་འཕྱུར་བའི་ཕྱིར།། དཔེ་དེ་བཞིན་དུ་སྐྱེ་བུ་ཕ་རོལ་བོ་ཆོས་ཅན། བྱང་ཆུབ་སེམས་དཔའི་རིགས་ཁྱད་པར་ཅན་དང་ལྡན་དེ། ཐེག་ཆེན་གྱི་ཆོས་བཤད་པ་ན་མིག་ནས་མཆི་མ་བཞུར་བ་དང་ལུས་ནས་བ་སྤུ་ལྡང་བ་ལ་སོགས་པའི་རྟགས་མཚན་ཁྱད་པར་ཅན་དང་ལྡན་པའི་ཕྱིར།
བློ་དང་ལྡན་ན་མ་སྨྲས་ཀྱང༌། །རྣམ་འགྱུར་ཉིད་ལས་བསམ་པ་གོ།བལ་པོའི་སེའུ་མ་ཟོས་ཀྱང༌། །ཁ་དོག་ཉིད་ལས་བྲོ་བ་ཤེས།། འདིས་ཀྱང་རྒྱུ་ཆོས་རྗེས་དཔག་གི་འབྲས་རྟགས་བསྟན་པ། བལ་པོའི་སེའུ་ཆོས་ཅན། བྲོ་བ་སྐྱུར་མོ་ཡིན་པར་ཤེས་དེ། མ་ཟོས་ཀྱང་ཁ་ཏོག་མཐོང་བ་ན་དེ་ཉིད་ལས་ཁ་ནས་མཆིལ་མ་འཁོར་བའི་ཕྱིར། དེ་བཞིན་དུ་སྐྱེས་བུ་ཕ་རོལ་བོ་ཆོས་ཅན། བྱང་སེམས་ཀྱི་བློ་དང་ལྡན་པའི་བསམ་པ་ཅན་ཡིན་པར་གོ་སྟེ། ཚིག་མ་སྨྲས་ན་ཡང་ལུས་ཀྱི་རྣམ་འགྱུར་གཞན་སྡུག་བསྔལ་ལས་སྐྱོབ་པ་སོགས་རྩོམ་པའི་ཕྱིར།
མཁས་པ་རྩད་ཅིང་མ་དྲིས་པ། །དེ་ཡི་བར་དུ་གཏིང་མི་དཔོགས། །རྔ་ལ་དབྱུག་གུས་མ་བསྣུན་པ། །དེ་སྲིད་གཞན་དང་ཁྱད་ཅི་ཡོད། འདི་ནི་ཚིག་རྐང་བཞི་ཀ་ལ་དགག་ཚིག་ཡོད་པས་ཚིག་ཟིན་ལ་དགག་བྱ་བསྟན་ནས་ཤུགས་ལ་འབྲས་རྟགས་བསྟན་པ་གོང་བཞིན་ནོ། ཚིག་ཟིན་གྱི་དགག་བྱ་བཞི་བོ་ཚིག་ཟིན་ལ་ཐོན་ཟིན་པས་ལས་སླ་ལ། དགག་བྱ་དེ་བཞི་བོ་བཀག་ཤུལ་ཏུ། དགོན་པ་དེ་ན་ཆོས་ཅན། རྔ་ཡོད་དེ། རྔ་སྒྲ་གྲགས་པའི་ཕྱིར། དེ་བཞིན་དུ་སྐྱེ་བུ་ཕ་རོལ་བོ་ཆོས་ཅན། མཁས་པ་བྱང་ཆུབ་སེམས་དཔའི་རིགས་ཅན་ཡིན་དེ། ཐེག་ཆེན་གྱི་ཆོས་སྐོར་ལ་རྩད་ཅིང་དྲིས་པ་དེའི་ཚེ་ན། དེའི་སྐོར་ལ་འཆག་ཐོག་མི་མངའ་བར་བྱང་ཆ་ལྡན་པའི་ཕྱིར་ཞེས་སོ།
གོང་དུ་ཚིག་བཅད་དེ་དག་བྱང་ཆུབ་ཀྱི་ཆོས་ལ་སྦྱར་ནས་བཀྲལ་ཡོད་ལ། གལ་ཏེ་དེ་བཞིན་དུ་འཇིག་རྟེན་གྱི་ཆོས་ལ་སྦྱར་ནས་བཀྲལ་ན་ཡང་རིགས་འདྲས་སྦྱར་བདེའོ།།
ཡ་ད་སྒོམ་སྡེ། གཏམ་གླེང་གི་མགོ་བཙུགས་མ་ཐག་ནས་དགེ་ལུགས་མ་ལུགས་ཀྱི་འཇིགས་སྐུལ་བྱེད་མ་ཡོང་། སྤྱིར་བཏང་གླེང་གཞི་འདི་སྐྱ་བོའི་སློབ་གྲྭའི་ནང་ལ་ཚད་མ་སྤེལ་བའི་སྐོར་ཡིན་སྟབས་སྐབས་སུ་བབ་པའི་གཏམ་ཞིག་གི་ཞོར་འཕྲོ་རེད། སྐབས་འདི་ནས་ང་ཚོས་མི་རིགས་ག་འདྲ་བྱས་ནས་སྐྱབས་དགོས་ཀྱི་འདུག རྒྱལ་ཁབ་ག་འདྲ་བྱས་ནས་འཛུགས་དགོས་ཀྱིན་འདུག མི་ཚེ་ག་འདྲ་བྱས་ནས་སྐྱེལ་དགོས་ཀྱིན་འདུག་ཟེར་ནས་བཤད་འདོད་ཡོད། དེ་ཚོ་ལ་ཚད་མ་བརྩད་ནས་ཕན་ཐོགས་མེད་པ་གསལ་པོ་ཡིན་སྟབས་ངས་རང་གི་ཚོར་བ་སྟོན་པའི་སྐད་ཆའི་རྣམ་འགྱུར་སྟོན་སྟངས་ཤིག་ཁྱོད་སྒོམ་སྡེ་བས་བསྡུས་ཚད་མ་ཤེས་ན་གནམ་ལྡིབས་ཡོང་ཚུལ་དང་ས་གས་འགྲོ་ལུགས། ཐ་ན་དགེ་ལུགས་མ་ལུགས་ཀྱི་ན་ཚ་ཞིག་ཡན་ཆོད་དྲུད་ནས་ཆེ་ས་ནས་ཆོས་རྗེ་ས་པཎ་བཟུང་སྟེ་འདིར་གྱོད་འཛུགས་སུ་སླེབས་པ་རེད། འཇིགས་སྐུལ་བྱེད་དུ་ཡོང་བ་རེད། བརྙད་རྐོ་རུ་ཐོན་པ་རེད། ངས་དགེ་ལུགས་པ་ལ་ཁ་གཏོང་གིན་མེད། ཁྱོད་ཀྱིས་བསྡུས་ཚད་རིགས་ལམ་མེད་ན་གཞུང་ཆེན་མོ་མི་ཤེས་མདོག་མདོག་ཅིག་བཤད་པ་ལོག་བཤད་རེད། མ་གཞི་མགོ་བསྡུས་ཚད་ཀྱིས་བཙུགས་ཚར་ནས་བཟུང་སྟེ་མི་དེས་ཆོས་ཀྱིས་སློབ་སྦྱོང་དེ་ཡང་དག་པ་ཞིག་མ་ཡོང་ཚར་འདུག གང་ཡིན་ཟེར་ན་མི་དེའི་ཤེས་རབ་འཆལ་སོང་བ་རེད། དེ་ནས་བཟུང་སྟེ་གཞུང་གང་ལ་སློབ་གཉེར་བྱེད་ཁུལ་བྱས་ཀྱང་བསྡུས་ཚད་ཅེས་བྱ་བའི་ལྕགས་དྲྭ་ཚེར་མ་ཅན་གྱི་ར་བ་ལས་བརྒལ་ཐུབ་ཀྱིན་མི་འདུག རྟོག་གེའི་རིག་པ་ལ་རྟག་ཆད་གཉིས་མ་གཏོགས་འགྲོ་ས་ཡོད་པ་མ་རེད། ཐ་ན་སངས་རྒྱས་ཀྱི་རྣམ་མཁྱེན་ནམ་མཁའ་ལྟ་བུ་དེ་ཡང་རྟོག་གེའི་གཏན་ཚིག་ཉི་ཚེ་བའི་ཁབ་མིག་ནང་དུ་འཇུག་ཐུབ་དགོས་པའི་གྲུབ་མཐའ་འཇོག་གི་རེད། ངོ་མ་སློབ་སྦྱོང་མེད་མཁན་གྱི་མི་ཟེར་བ་དེ་བསྡུས་ཚད་ཀྱིས་ཤེས་རབ་འཆལ་སོང་བའི་མི་དེ་ཚོ་རེད། དེ་ཚོ་མང་ཆེ་བ་ལ་མིང་ཆེན་པོ་དང་ལོག་འཚོ་ལས་བྱུང་བའི་ཐོབ་ཐང་རྫིགས་པོ་ག་འདྲ་ཞིག་ཡོད་ཀྱང་སློབ་སྦྱོང་གི་ཆ་ནས་ཐ་ན་རང་གི་མིང་དག་ཆ་ཅན་ཞིག་ཀྱང་འབྲི་ཤེས་ཀྱིན་མི་འདུག སྦྱིན་བདག་བཀའ་དྲིན་ཅན་གྱི་ཁྱིམ་དུ་རིམ་གྲོ་ཞིག་ལ་བོས་ཀྱང་ཐ་ན་རྡོར་དྲིལ་གཉིས་ཀ་ལག་པ་གཡས་གཡོན་གང་གིས་འཛིན་དགོས་པ་ཡང་ཤེས་ཀྱིན་མི་འདུག ད་ཆོས་ཤིག་ཤོད་ལབ་ན་མ་འགྲིགས་ཚར་བ་རེད། ད་སྔ་རྒོལ་དུ་འདུག་མཁན་ཞིག་བཙལ་ནས་ཐལ་ལྕགས་གཞུ་རེས། ཐོད་མཛུབ་སྤྲོད་རེས། མཆིལ་ཞགས་འཐེན་རེས། མིང་འདོགས་མཚངས་འབྲུ་བྱེད་ཞོར་དུ་ནམ་མཁའ་རྟག་མི་རྟག་དང་ཁ་ཏོག་དཀར་མ་དཀར་སོགས་ཆོས་འཇིག་རྟེན་གང་ལ་བེད་སྤྱོད་དང་ཕན་ནུས་རྡུལ་ཙམ་མེད་པའི་ཤགས་འགྱེད་ཀྱིས་གནམ་ལྡིང་ས་ལྡིང་བྱེད་པ་ལས་ཐ་ན་མར་གདན་ཁྲིའི་སྟེང་དུ་ལྷོད་པོར་བསྡད་ནས་སྐྱབས་སེམས་དང་བདེན་བཞིའི་འགྲོ་སྟངས་གོ་རིམ་ཡོད་པ་ཞིག་ཀྱང་བཤད་ཡོང་རྒྱུ་མིོ་འདུག ཁྱིམ་པ་སུན་འབྱིན་ཟེར་བ་ཞིག་ཡོད་ན་དེ་ཚོས་འབྱིན་ས་རེད། འདུལ་བའི་ཕྱོགས་ནས་ནི་འདུལ་བ་ཡོད་དུས་སྡོམ་པ་མེད་ཅེས་པའི་དཔེ་དེ་ཡང་མགོ་བསྡུས་ཚད་ཀྱིས་བཙུགས་པའི་ནོར་འཁྲུལ་ལས་བྱུང་བ་རེད།
འོ་ངས་དྲ་གྲོགས་ཚོར་དྲི་བ་ཞིག་བཀོད། དེ་ནི་གལ་དེ་བོད་ནང་གི་སློབ་ཆེན་ཁག་ཏུ་ཚད་མ་རིགས་པའི་སྐོར་ལ་སྦྱོང་ཚན་ཞིག་ཡོད། སྦྱོང་ཚན་དེ་ཡང་གོང་རིམ་ནས་གཏན་འབེབས་བྱས་ཟིན་པ་ཡིན་པ་དང་། ཚད་མ་རིགས་པའི་སྐོར་དེ་གང་ཞིག་སློབ་གྲྭ་ནང་དུ་འཛུགས་མིན་ཐད་བསམ་འཆར་ཞིག་བཀོད་ན་ཁྱོད་ཚོས་གང་བཀོད་ས་རེད། ༡ མ་ཁེ་སི་ལེ་ཉིན་རིགས་པའི་གཞུང་ལུགས། ༢ ནང་པའི་མཚན་ཉིད་རིགས་པ། ༣ ནུབ་ཕྱོགས་པའི་མཚན་ཉིད་རིགས་པའི་པའི་གཞུང་ལུགས། ཚད་མ་རིགས་པ་དེ་གསུམ་ག་མི་དགོས་ཟེར་མཁན་རྣམས་ནས་དུས་ཚོད་སྟོང་པ་དེའི་ཚབ་ལ་སློབ་ཚན་གང་ཞིག་བཀོད་སྒྲིག་བྱེད། བཅས་སོ།
སྤོབས་པ་མཐའ་ཡས།
ད་ཉམས་ཐག་ཁྱོད་ལ་སྐྱག་དྲི་འཐུལ་བའི་ཞེན་ཁོག་གི་སྐད་ཆ་ཞིག་མ་གཏོགས་ལུང་རིགས་སྣ་གཅིག་ངོམ་རྒྱུ་མེད་པ་འདི་ངོ་ཚ། ད་ཁྱོད་སྙིང་རྗེ།
འཇིག་རྟེན་གྱི་གཏམ་དཔེར། བ་དེའི་ཉལ་སྟངས་ལ་བལྟས་ན། བེའུ་སྐེད་ཀྱོག་ཅིག་སྐྱེ་བ་འདུག ཟེར་བའི་གཏམ་ཅིས་མི་བདེན། ཁྱོད་ཚད་མ་རིག་པ་ལ་དགྲ་ལྟར་ལྟ་སྟངས་འདི་ལ་གཞིགས་ན། ཁྱོད་ཅག་ལ་རིག་པའི་གནས་ལྔ་ལ་མཁས་པའི་མཁས་པ་ཞིག་རི་བོང་གི་རྭའི་སྤུན་མཆེད་དུ་ཟུར་བལྟས་ལེབ་མཐོང་གི་དཔེ་རུ་འདུག་གོ།
ཐམས་ཅད་མཁྱེན་པ་ཐོབ་པ་ལ་རིག་པའི་གནས་ལྔ་ལ་སྦྱང་དགོས་ཏེ། རྗེ་བཙུན་བྱམས་པས་མདོ་སྡེའི་རྒྱན་ལས། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་བས། །དེ་ལྟ་བས་ན་གཞན་དག་ཚར་གཅོད་རྗེས་འཛིན་དང༌། །བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱ། །ཞེས་གསུངས་པའི་ཕྱིར།
དེས་ན་གྲོལ་བ་དོན་གཉེར་གྱིས་རིག་པའི་གནས་ལྔ་ལ་མཁས་པར་བྱ་དགོས་ཏེ། ཕྱི་རྒོལ་ཚར་གཅོད་པ་ལ། གཏན་ཚིགས་རིག་པ་དང༌། སྒྲ་རིག་པ་ཤེས་དགོས། གདུལ་བྱ་རྗེས་སུ་འཛིན་པ་ལ་བཟོ་རིག་པ་དང༌། གསོ་བ་རིག་པ་དགོས། བདག་ཉིད་རིག་པའི་གནས་ལ་མཁས་པར་བྱེད་པ་ལ། དེ་བཞི་ཀ་ཤེས་དགོས། གྲོལ་བ་ཐོབ་པ་ལ་ནད་རིག་པ་ཤེས་དགོས་པའི་ཕྱིར་རོ། །
ཁྱོད་རིག་པའི་གནས་ལྔའི་གྲངས་འདྲེན་ཙམ་ཡང་མི་ཤེས་ན།
རིག་པའི་གནས་ནི།
༡ བཟོ་རིག་པ། ༢ གསོ་བ་རིག་པ། ༣ སྒྲ་རིག་པ། ༤ གཏན་ཚིགས་རིག་པ། ༥ ནང་དོན་རིག་པ་དང་ལྔའོ། །
ནང་རིག་པ་ཞེས་བཅོས།
ལ་ལས་ནི་ཚད་མ་སྦྱོང་དགོས་ཟེར། ལ་ལས་ནི་ཚད་མ་སྦྱོང་མི་དགོས་ཟེར། ཉི་མ་བདུན་ཙམ་གྱི་སྔོན་ལ་ང་རང་ཚད་མ་སྦྱང་རྒྱུར་ཐག་བཅད་ཟིན་པ་ཡིན་ན་ཡང་དེ་རིང་དྲ་བ་འདི་བཀླགས་པས་སླར་ཡང་ཚད་མ་སྦྱོང་གི་མིན་ཞེས་ཐག་གཅོད་དགོས་པ་བྱུང་།
དེ་ཡང་སྤོབས་པ་མཐའ་ཡས་ལགས་ཀྱིས་གསུངས་པ་ལྟར་ཚད་མ་སྦྱོང་ན་ཤེས་རབ་འཆལ་དུ་འགྲོ་བ་བདེན་ངེས་སྙམ་པས་སོ།། དེ་ནི་སྒོམ་སྡེ་ལྷ་རམས་པ་བྱ་བ་དེས་ཁོ་རང་གིས་ཀྱང་རང་ཉིད་ཚད་མ་སྦྱངས་པར་ཁས་ལེན་ཞིང་ཚད་མའི་སྐོར་དུ་མ་ཞིག་གླེང་བས་ཁོང་པ་ཚད་མ་ལ་ཤིན་ཏུ་མཁས་པའི་སྐྱེས་བུ་ཞིག་ཡིན་པར་མཚོན་བྱུང་། ཚད་མ་ལ་མཁས་པའི་སྐྱེས་བུ་དེ་ཡི་ཞལ་ནས་ཚད་མ་སྦྱང་དགོས་པར་ཡང་ནས་ཡང་དུ་གདམས་ཤིང་ཚད་མ་ནི་སངས་རྒྱས་ཀྱི་གོ་འཕང་དུ་འགྲོ་བ་ལ་ཐེམས་སྐས་དང་པོ་ཡིན་པར་གསུངས། དེ་ལྟར་ཚད་མ་རིག་པ་སྦྱོང་དགོས་པར་གདམས་པའི་ཞོར་དུ་ཚད་མ་རིག་པ་མ་སྦྱང་ན་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་མི་ཐུབ་པ་དང་། ནང་དོན་རིག་པ་མི་ཤེས་པ་སོགས་གསུངས་ལུགས་ལ་བལྟས་ན་ཁོང་གིས་བོད་ཀྱིནང་པའི་གྲུབ་མཐའ་རྣམས་ཀྱི་ནང་ནས་དགེ་ལུགས་ཚང་གི་གྲུབ་མཐའ་ལས་གཞན་པའི་གྲུབ་མཐའ་ལ་བརྟེན་ནས་ཐམས་ཅད་མཁྱེན་པ་ཐོབ་མི་ཐུབ་པ་དང་། དེ་ལ་བརྟེན་པའི་བླ་མ་མཁན་པོ་དང་དགེ་བཤེས་ཐམས་ཅད་ཅི་ཡང་མི་ཤེས་པ་ཞིག་ཏུ་འདོད་ཀྱི་ཡོད་པར་འདུག
གལ་ཏེ་ང་ཡང་ཚད་མ་སྦྱངས་པ་ཡིན་ངས་ཀྱང་དེ་རིང་དེ་ལྟར་ཤད་ཉེན་གདའ་བས་དེའི་ཕྱིར་ངས་ཚད་མ་མི་སྦྱོང་ཞེས་དམ་བཅས་པ་ཡིན།
“རིགས་ལམ་མི་ཤེས་མཁན་གྱི་སློབ་ཕྲུག་ཅིག་གིས། ཟླ་བ་བདུན་སྦྱོང་དགོས་ས་ཞིག རིགས་ལམ་ཤེས་མཁན་ཞིག་གིས་ཟླ་བ་གསུམ་ནང་སྦྱངས་ཐུབ་པ་ཡོང་གི་རེད།” རྙིང་མ་ཚང་གི་བཤད་གྲྭ་རྣམས་ཀྱི་ནང་དུ་གཞུང་ཆེན་པོད་༡༣ དང་དེའི་སྟེང་དུ་རྙིང་མའི་རང་གཞུང་མང་དག་ཅིག་ལོ་དགུའི་ནང་དུ་སྦྱོང་བཞིན་ཡོད། དགེ་ལུགས་ཚང་གི་གྲྭ་སར་གཞུང་པོད་ལྔ་ལ་མི་ཚེ་ཧྲིལ་པོ་སྦྱོང་དགོས་པ་དེ་རིག་ལམ་ཤེས་པའི་གནད་ཀྱིས་ཡིན་ནམ།
“ཁྱོད་ཀྱིས་༼མའོ་ཙེ་ཏུང་གིས་དམག་བོད་ལ་ཡོང་དུས་བོད་ལ་ཚད་མ་ཤེས་མཁན་མང་ཐག་ཆོད་ཅིག་ཡོད་པ་རེད། དེ་ཚོས་ག་རེ་ཕན་འདུག༽ཅེས་ལབ།
ལན༽ཁྱོད་སྐད་ཆ་ནང་འགལ་ཤ་སྟག་ཤོད་མཁན་ཞིག་རེད། མའོ་ཙེ་ཏུང་གིས་བོད་ལ་བཙན་འཛུལ་བྱེད་དུས་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ལྔའི་གཞུང་དང་ཉམས་ལེན་དང་གསང་སྔགས་ཟབ་མོ་གང་གིས་ཕན་ཐོགས་བྱུང་ཡོད་མ་རེད། དེ་ཚོ་ཡང་ཉམས་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་རྒྱུ་ཡིན་ནམ།”
ཚད་མ་ལས་གཞན་པའི་ཆོས་བརྒྱུན་ཆེན་པོ་ལྔའི་གཞུང་དང་ཉམས་ལེན་གསང་སྔགས་ཟབ་མོ་ནང་དོན་རིག་པ་རྣམས་ནི་རང་ཉིད་ཀུན་མཁྱེན་སྒྲུབ་པའི་ཐབས་ཡིན་པར་ཁས་ལེན་པ་ལས་གཞན་ཚར་གཅོད་བྱེད་ཀྱི་རིག་པ་ཡིན་པར་སུས་ཀྱང་ཁས་ལེན་མེད་སྙམ། ཚད་མ་རིག་པ་ནི་གཞན་ཚར་གཅོད་བྱེད་ཡིན་པར་ཁྱེད་རང་གིས་དྲངས་པའི་བྱམས་པ་མགོན་པོའི་ལུང་གིས་གསལ་བས་ཁྱེད་རང་གིས་ཀྱང་ཁས་ལེན་ངེས། དེའི་ཕྱིར་དེ་གཉིས་ཀྱི་བར་དུ་སྒོ་མཚུངས་ཀྱི་རིག་པ་འཇུག་མི་འཇུག་ཚད་མ་ལ་མཁས་པའི་སྒོམ་སྡེས་ལེགས་པར་དཔྱད་པར་མཛོད།
ཚད་མ་སྦྱོང་མི་དགོས་ན་ཕྱོགས་གླང་ཆོས་གྲགས་ལ་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་ཅེས་པའི་མཚན་སྙན་པོ་འདོགས་པའི་རྒྱུ་མཚན་གང་ཡིན་ཟེར། ཁྱེད་ལ་ངས་སྒོ་མཚུངས་ཀྱི་དྲི་བ་ཞིག་དྲིའོ། ས་སྐྱ་པན་ཆེན་ལ་ས་སྐྱ་པནྡི་ཏའམ་པཎ་ཆེན་ཟེར་བའི་མཚན་སྙན་པོ་བཏགས་མི་རུང་བར་ཐལ། རང་ཚིག་སྔ་ཕྱི་འགལ་བ་ཡིན་པར་རང་གིས་མ་ཤེས་པའི་ཕྱིར། དེ་ཡང་ཡིན་ཏེ་རང་ཚིག་སྔ་ཕྱི་འགལ་བ་ཙམ་ཡང་མ་ཤེས་པའི་པཎ་ཆེན་དེ་འདྲ་ཅི་ཞིག་གི་པཎ་ཆེན་ཡིན།
ད་མང་པོ་མི་བཤད། སྒོམ་སྡེ་ལགས་ཀྱིས་ང་གསོད་ཉེན་ཡོད། སྔར་མི་ཕམ་རིན་པོ་ཆེས་བྲག་དཀར་སྤྲུལ་སྐུ་ལ་རྩོད་ལན་བྲིས་པར་བྲག་དཀར་སྤྲུལ་སྐུས་མི་ཕམ་པ་ལ་ཁྱེད་གསོད་དགོས་བསམ་ན་ངའི་དགེ་སློང་གི་སྡོམ་པ་ཉམས་ཉེན་འདུག་ཅེས་གསུངས་ཡོད། ལུང་ཚིག་ངོ་མ་དགོས་ན་ཡང་ངས་ཕུལ་ཆོག་ཆོག་ཡོད་ཀྱང་དེ་རིང་མ་ཕུལ། དགོས་པ་འབྱུང་ན་རྗེས་སུ་འབུལ།
དེ་བས་ངས་སྒྲུང་ཞིག་བཤད། སྔར་འབྲུག་པ་ཀུན་ལེགས་ལྷ་སར་ཕེབས་དུས། ལམ་དུ་བོང་བུ་ཞིག་གིས་རྟ་རྒོད་མའི་སྟེང་དུ་འཛེགས་གྲབས་ཡོད་པ་གཟིགས་ཤིང་དེ་དུས་ཚད་མ་ལ་ཤིན་ཏུ་མཁས་པའི་སྙན་གྲགས་ཅན་གྱི་དགེ་བཤེས་ཤིག་ཡོད་པ་དེ་གྲོངས་ནས་དེའི་རྣམ་ཤེས་ཡང་དེར་འཁོར་བ་གཟིགས། དེ་ནས་འབྲུག་པ་ཀུན་ལེགས་ཀྱིས་དགེ་བཤེས་དེའི་རྩར་ཕེབས་ནས་ཁྱེད་མཁས་པ་ཆེན་པོ་དེ་འདྲ་ཞིག་གིས་གནས་ངན་པར་སྐྱེ་བ་ལེན་གྲབས་བྱེད་པ་ཅི་ཡིན་གསུངས་པས། དགེ་བཤེས་ཀྱིས། གཞལ་ཡས་ཁང་ཆོས་ཅན། གནས་ངན་པ་ཡིན་པར་ཐལ། ཞེས་རྩོད་དུ་བྱུང་།
དེར་འབྲུག་པ་ཀུན་ལེགས་གང་ཡངགསུང་རྒྱུ་མ་རྙེད་པར་འོ་ན་རེ་ཞིག་བསྒུགས་ཤིག་གསུངས་ནས་བོང་བུ་ཡང་རྟ་རྒོད་མ་ཡོད་ས་ནས་རྒྱང་ཙམ་དུ་དེད་ནས་ཁོ་རང་བུ་མོ་ཞིག་ཚོལ་དུ་ཕེབས། བུ་མོ་ཞིག་ཐུག་ནས་འབྲུག་པ་ཀུན་ལེགས་ཀྱིས་ཁོ་ལ་ལུས་འབྲེལ་བྱེད་རྒྱུའི་གྲོགས་ཤིག་དགོས་ཚུལ་གསུངས་པས་བུ་མོས་ཉན་དུ་མ་བཏུབ། དེ་ནས་འབྲུག་པ་ཀུན་ལེགས་ཐུགས་སྐྱོ་ནས་སླར་བྱོན་ནས་གཟིགས་པས་བོང་བུས་རྟ་ལ་ཞོན་ཚར་ཞིང་དགེ་བཤེས་ཀྱང་རྟའི་ལུས་ལ་འཁོར་ཟིན་འདུག་པས་འབྲུག་པ་ཀུན་ལེགས་ཤིན་ཏུ་ཐུགས་སྐྱོ་བར་གྱུར། གང་འཚམས་ཞིག་གི་རྗེས་སུ་བུ་མོའི་ཨ་མ་སླེབས་པས་བུ་མོས་སྔར་གྱི་ལོ་རྒྱུས་རྣམས་ཨ་མར་ལབ་པས་ཨ་མས་དེ་འབྲུག་པ་ཀུན་ལེགས་ཡིན་ངེས། འབྲུག་པ་ཀུན་ལེགས་ཡིན་ན་གྲོགས་བྱེད་པ་དགའ་ཟེར་བས་བུ་མོ་དགའ་ཐག་ཆོད་ནས་སྔར་གྱི་མི་དེའི་རྗེས་བསྙེགས་ཏེ་ཕྱིན། ལྷ་ས་བར་བསྐོར་ལ་འབྲུག་པ་ཀུན་ལེགས་དང་ཐུག་ནས་བཟོད་གསོལ་ཞུས་ཤིང་ལུས་འབྲེལ་གནང་བར་ཞུས་པས་འབྲུག་པ་ཀུན་ལེགས་ཀྱིས། ང་ལ་མཁོ་བ་བྱུང་དུས་ཁྱེད་ཀྱིས་གྲོགས་བྱེད་མ་ཉན། ད་ཁྱེད་ལ་མཁོ་དུས་ངས་མི་ཉན་གསུངས་ནས་ཕེབས་སོང་ཟེར་རོ།།
ད་སྒོམ་སྡེ། དེ་རེད། ངས་ཁར་སང་ཁྱོད་ལ་ཚད་མ་ཟེར་བ་འདི་ནང་དོན་རིག་པ་དང་ཐ་དད་རེད་ཅེས་བཤད་དུས་གཏན་ཚིག་ཡིན་ནམ་ཞིག་མ་ཤེས་ན་ནང་ཆོས་མི་ཤེས་ཟེར་ནས་ཐག་གཅོད་ཁུལ་བྱེད་ཀྱིན་འདུག ད་ཁ་ཁ་སོ་སོ་ཡིན་པ་ཁས་བླངས་སོང་ང་། ང་ལ་དེ་དགོས་ཀྱིན་ཡོད། ཚད་མ་ཟེར་བ་འདི་ཤགས་འགྱེད་སྤྱད་རེད། མིའི་ཁ་བཀག་སྤྱད་རེད། ནང་རིག་པ་ཟེར་བ་འདི་སངས་རྒྱས་སྤྱད་རེད། དེ་ཡིན་པ་མདོ་རྒྱན་ཀྱི་ལུང་དེ་རང་གིས་བསྟན་འདུག་ག དེང་སང་བླ་རྒན་དང་བླ་ལོག་ཁ་ཤས་ཤིག་གིས་དེ་གཉིས་དབྱེར་མི་ཕྱེད་པར་དགུ་ཐུག་བསྐོལ་ནས་མི་མགོ་རང་མགོ་གཉིས་ཀ་སྐོར་གྱིན་ཡོད་པ་རེད། ངའི་སེམས་ལ་མི་འབབ་པ་ངོ་མ་གཅིག་འདི་ཡིན། ལུང་འདྲེན་མི་དགོས་ས་ལ་ལུང་འདྲེན་ཁུལ་བྱས་ན་རང་མགོ་ཆུ་འདྲེན་ཟེར་བ་དེ་འདྲ་རེད། ཧ་ཧ་ཧ་ཧ།
ཁྱེད་ཀྱིས་གོང་གི་མཆན་དེར་ཁྱེད་ཅག་ལ་རིག་གནས་ལྔ་ལ་མཁས་པ་མེད་ཅེས་བཤད་འདུག ཁྱེད་ཅག་ཟེར་བའི་ཅག་སྒྲ་དེའི་ནང་སུ་སུ་བསྡུ་བཞིན་ཡོད། ང་ལ་ཟེར་ན་ཁས་ལེན་ཆོག ངས་རིག་པའི་གནས་ལྔ་ཤེས་པ་ཕར་ཞོག རིག་པའི་གནས་གཅིག་གི་ཟུར་ཙམ་ཡང་མི་ཤེས། ཡིན་ན་ཡང་ཁྱེད་ཅག་ཡིན་ནམ་དེའི་སུ་དང་སུ་ཐག་ཞོར་འབྲེང་འདྲུད་བྱེད་ཀྱིན་ཡོད། དེ་གསལ་པོ་བཟོ་དགོས།
དོན་དངོས་ཡོད་དང་བསྟུན་ནས་བཤད་ན་རིག་པའི་གནས་ལྔ་ཟེར་བ་དེ་ཚོ་ལོ་སྟོང་ཕྲག་གོང་གི་རྒྱ་གར་གྱི་ཤེས་རིག་གི་གནས་སྟངས་ཐོག་ནས་བཤད་ཀྱིན་ཡོད་པ་རེད། དེང་སྐབས་དེའི་ནང་ན་འདོར་དགོས་པ་དང་དེ་མ་ཡིན་པ་བླང་དགོས་པ་མང་པོ་ཡོད་པ་རེད།
དགེ་ལུགས་པ་ལ་ཡོད་རབས་དང་གཞན་ལ་མེད་རབས་ཀྱི་བདག་བསྟོད་གཞན་སྨོད་དང་ཆོས་རྗེ་ས་པཎ་ནས་བཟུང་སྟེ་སྒྲོ་སྐུར་བྱེད་རྒྱུར་ཐོགས་པ་མེད་པ་དེ་ཡང་ཁྱེད་ཀྱིས་ལམ་ཀྱི་མགོ་གཏན་ཚིག་སྐམ་པོས་བཟུང་སོང་བའི་ཉེར་ལེན་ལས་བྱུང་བ་ལོས་ཡིན།
ཚད་མ་རིག་པས་རིགས་པ་འཆལ་བར་འདོད་པ་མི་འཐད་པ་དང་། རྔ་མ་བརྡུངས་བར་དུ་དང་སེའུ་མ་བཟས་བར་དུ་དེ་གཉིས་དབར་གྱི་གོ་བ་སོ་སོར་ཡོད་པས་ནང་འགལ་ག་ལ་ཡིནསྙམ།
ཧིན་་་་་་་་་། ཁ་ནས་རྒྱལ་ཁབ་དང་མི་རིགས་ཟེར་བ་མ་གཏོགས། ལྟས་ངན་ཁྱོད་ཚོར་མི་ཤེས་རྒྱུ་ཅི་ཡོད། ད་མཚམས་ཞོགས། གཅིག་མི་སུན་གི་ན་ཁྱོའི་མགོ།
《ད་དཀོན་མཆོག་གསུམ། ལུང་པ་གཞན་ལ་ཤོར། རྒྱུ་ནོར་གཞན་ལ་ཤོར། དབང་ཆ་གཞན་ལ་ཤོར། ད་དུང་རྒྱ་གར་བས་དོར་ཟིན་པའི་ ཚད་མ་རིག་པ་ཟེར་བ་འདིར་མགོ་འཁོར་ནས་བསྡད་བཞག བཞེད་སྣང་། 》 ཧ་ཧ་ཧ། ཨ་རོ་ཡ། ད་ཤི་སོང་། དེ་ལས་དགོད་ཤོར་བའི་གཏམ་གང་དུའང་མ་མཐོང་ཡ། རྒྱལ་བ་རིན་པོས་གསུང་གསུང་གིན་ཞལ་ཆབ་ཟད་རོ་རེད་ཡ།
ཚད་མ་རིག་པ་ལོ་ཁར་ཟླ་མཐུད་ནས་སྦྱང་རྒྱུ་ནི་ལས་མེད་རྣམས་ཀྱིས་དོན་མེད་ཀྱི་རྩོད་པ་རྒྱབ་ནས་མི་ཚེ་སྐྱེལ་སྟངས་རེད། དེ་ནི་དངོས་གནས་མི་ཚེ་དང་དུས་ཚོད་ཆུ་ཟོས་སུ་བཏང་བྱེད་དུ་མཐོང་བས་མོས་སྣང་གཏན་ནས་མ་བྱུང་། མ་བྱུང་བའི་སེམས་གཏམ་དེ་དྲང་མོ་བཤད་པ་ཡིན།
གནམ་དགུང་ཡངས་པའི་འོག་རང་དབང་གུ་ཡངས་གལ་ཆེ་ན་སྨྲ་བརྗོད་རང་དབང་ཡང་ཐོབ་ཐང་ཞིག་ཡིན་མོད། འོན་ཀྱང་དོན་ཧྲིལ་གྱིས་འདྲིལ་བའི་མན་ངག་ཡང་ཏིག་ནི། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ལོ། ཞེས་པའི་ཚིག་ཞབས་གཉིས་སློབ་དཔོན་ཕྱོགས་གླང་གིས་ཐོ་ལོ་ཀར་འཁྲུངས་པའི་ཚེ་ས་གཡོ་བ་སོགས་ཀྱིས་གཏམ་རྒྱུད་ལ་ངོ་མཚར་བ་ཞིག་ཡོད། མཁས་གྲུབ་རིན་པོ་ཆེས་དཔལ་ལྡན་ཆོས་གྲགས་པའི་བློ་གྲོས་གོམ་པ་གཅིག་གིས་ཤེས་བྱ་ཀུན་ལ་ཁྱབ་པར་གསུངས་པ་ཁུངས་མེད་ལུང་མེད་རང་ཨེ་ཡིན། ལུང་མ་བརྩི་རུང་ཁུངས་རྩ་བ་ནས་སྟོང་པ་མིན། རྒྱུ་མེད་རྐྱེན་མེད་དམ་བློའི་གཡོ་སྔོན་སོང་གི་བཀོད་པ་ཞིག་ཡིན་ན། ཡང་ན་ཐབས་ཤེས་མེད་པར་གྱུར་ལ། དེ་མིན་ཐབས་ལམ་མི་དགོས་པར་རང་མཉམ་གྲུབ་བདེ་གཅིག་པར་ཡོད་ན་སྟབས་ཡག་ཤོས་སུ་འདུག་མོད། དེ་ལྟར་གནས་གསོན་མེད་པ་མངོན་གསལ་མིན་ནམ།
གང་ལྟར་ང་ཚོར་རང་སྟོབས་ཀྱིས་དོན་དང་དོན་མིན་ཐག་ཆོད་དབྱེ་འབྱེད་མི་ནུས་ན།
འཕྲོས་མུ་མཐུད།
དེས་ན་ཚད་མར་གྱུར་པ་ཞིག་ལ་བསྟེན་དགོས་སྟབས། ཚད་མའི་སྐོར་རགས་རིམས་ཙམ་ལའང་རྒྱུས་མངའ་མཆིས་ན་དགེ་ཕན་ཡོད།
ཚད་མ་ཞེས་པ་ཆ་འཇོག་གམ་ཡིད་ཆེས་རུང་བ་ཞིག་ལའང་གོ་ནུས། དཔེར་ན་ཡུལ་དངོས་པོ་རང་སྟེང་ནས་ལེགས་ཉེས་ཕྱེ་བའི་རྣམ་དཔྱོད་ཀྱིས་རང་གི་ངོ་བོ་གང་གྲུབ་དེ་ལས་ཡིད་བློ་བཞིན་དུ་གཡེར་བའི་ནུས་པ་དེ་མེད། རྟོག་པས་ཕྱིས་སུ་དེ་དང་དེ་ཞེས་མིང་འདོགས་ཐ་སྙད་བྱས་ནས་ཡལ་ག་ལོ་འདབ་ལྡན་པར་ལྗོན་ཤིང་ཞེས་འདོགས་པ་ནས་སྒྲ་དོན་འདྲེས་རུང་གི་འཛིན་པས་བྱེ་བྲག་གསལ་བའི་དབྱེ་བ་ཀུན་ལ་ཡང་ཡང་ཐ་སྙད་འདོགས་མི་དགོས་པའི་དེ་འཛིན་བློ་སྐྱེས་པ་བཞིན་དོན་བྱེད་ནུས་པ་ཡིན། དེ་ནས་བློས་འཛིན་སྟངས་ལ་དང་པོ་ཤིང་། དེ་ནས་དེ་རང་རྒྱུ་ལུད་དང་སོན་ལས་སྐྱེས་པས་བྱས་པར་ཤེས་པ་དང་། འདུས་ཤིང་བྱས་པས་སྐད་ཅིག་སྐད་ཅིག་ལ་འཇིག་པར་བརྟེན། མི་རྟག་པར་གོ་ནུས་པ་དང་། མི་རྟག་སྟོང་བ་བདག་མེད་གོ་བ་ཆགས་པ་ནས
རིམ་གྱིས་རྒྱུ་རྐྱེན་རྟེན་འབྲེལ་དང་ལྟོས་གྲུབ། ད་དུང་རིམ་འཛེགས་ཀྱིས་རྟེན་འབྱུང་ཕྲ་མོ་ནས་སྟོང་ཉིད་ཐོས་བསམ་སྒོམ་པས་རྣམ་མཁྱེན་རྒྱལ་བའི་གོ་འཕང་ཞེས་གོ་རྒྱུ་ཚོར་རྒྱུ་ཡོད། དབུ་ཚད་སེང་གེ་ཁ་འཕྲོད་ཅེས་ཆེ་བསྟོད་ཐོབ་ཡོད།
གཟིགས་དང་། དེང་དུས་སྔོན་འགྲོ་ས྄ལོབ་གྲ་ནས་ཁ་དོག་དང་དབྱིབས་སྐོར་སློབ་ཚན་དུ་བཅུག་པ་དང་། ང་ཚོས་མདོག་ཏུ་རུང་བ་ཁ་དོག་གི་དོན། དབྱིབས་སུ་རུང་བ་དབྱིབས་ཀྱི་གོ་དོན་འགོ་བསྡུས་གྲ་ནས་བསླབ་པ་རྗེས་ལུས་ཡིན་ནམ། རྩིས་རིག་གི་ལམ་ནས་འཕྲུལ་ཆས་བཟོས་ཏེ་མཁའ་འཕྲུལ་གྱི་རྡོག་ཕྲལ་འཐོལ་པ་གྱོན་ནས་དགེ་ལས་སྐྱོན་ཆེ་བའི་ལས་འགུལ་ལ་ངོ་མཚར་དེ་ཙམ་ཆེ་བ་འདུག་གམ།
འོན་ཀྱང་ཚད་མ་རིག་པ་ལས་མཆེད་པའི་བསྡུས་གྲ་དང་། རིགས་ལམ་གྱི་གཞུང་དག་ནི་ང་ཚོའི་སློབ་ཚན་གྱི་རྨང་རྡོ་ནང་བཞིན་རེད། རིགས་ཞེས་པ་གོ་བ་མང་པོ་ཡོད། གཞི་རྩ་སེམས་ཅན་ཀུན་ལ་རིགས་ཡོད་པས་རིགས་པའི་ལམ་ནས་རིགས་དེེའི་སྒྲིབ་བྱེད་སེལ་བའི་རྒྱུ་མཚན་རིགས་པ་ཡོད། རིགས་མ་རིགས་ཀྱང་དངོས་ཡོད་གནས་ལུགས་དང་མ྄ཐུན་ན་རིགས་པ་ཡིན་ལ་རིགས་པའི་ལམ་ལ་བརྟེན་ནས་འདི་རིགས་པ་དང་འདི་མི་རིགས་བཙན་བཀའ་བཏང་བ་མིན་པར་གཞིའི་རིགས་དེ་འོད་གསལ་བ་དངས་གཙང་ཡིན་ན་དེ་དང་མ྄ཐུན་པ་ཞིག་ལག་ལེན་ལ་བཀལ་རིགས་པ་ཡིན། དེས་ན་རིགས་མི་རིགས་ཁྲིམས་ཡིག་དང་དབང་ཡོད། དཔལ་འབྱོར་རྒྱབ་སྐྱོར་གོ་ས་གོ་མཚོན་གྱིས་མིན་པར་རྒྱུ་མཚན་རིགས་པ་ལ་དབང་བ་ཡིན། འོན་ཀྱང་མ་བརྟག་ཉམས་དགའ་བར་དངོས་ཡོད་ལས་ལྡོག་སྟེ་གནས་འདུག་ཅེས་ན། དེ་ནི་ཁག་མེད་ལ་མཁྲིས་ནད་མིག་ལ་དཀར་པོ་སེར་པོར་སྣང་བ་ནང་བཞིན་རེད། དེ་ནི་དངོས་ཡོད་གནས་ཚུལ་ལ་མ་ཕྱོགས་པའི་ལན་པ་ཡིན། དེས་ན་ དོན་དང་དོན་མིན་འབྱེད་པའི་རིགས་པའི་གཞུང་ལུགས་ཚད་མ་
རིག་པ་ཞེས་པ་དེ་དངོས་གནས་ནང་དོན་དོ་གལ་ཆེ་བ་ཞིག་ཡིན།