༄༄།། ན་མོ་གུ་རུ་པདྨ་ཀ་ར་ཡེ།
གདོད་ནས་རྣམ་དག་ཆོས་སྐུའི་སྟོན་མཆོག་ཀུན་ཏུ་བཟང་ཞེས་སྲིད་ཞིའི་མཐའ་ལས་འདས་པའི་བདག་ཉིད་ཆེ།།
ས་བཅུའི་འཁོར་ལ་ཟབ་རྒྱས་ཆོས་སྟོན་ལོངས་སྐུ་འོད་མི་འགྱུར་ཞེས་མཚན་གྱི་རོལ་མོ་དགེ་ལེགས་ཅན།།
རབ་འབྱམས་སྤྲུལ་པའི་རོལ་བ་འབྱམས་ཀླས་ཨོ་རྒྱན་གསང་བ་གསུམ་གྱི་སྒྱུ་འཕྲུལ་ཞབས་སེན་པདྨོའི་རྡུལ།།
བདག་གི་དད་གསུམ་དབྱར་གྱི་དཔལ་མོ་མཛེས་པའི་རྒྱན་ཕྲེང་སྲིད་པའི་མཐར་ཡང་རྫོགས་ལྡན་རྒྱན་གྱུར་ཅིག།
ཇི་ལྟ་ཇི་སྙེད་ཤེས་བྱའི་རི་དྭགས་འབུམ།།
མཁྱེན་རབ་ནོར་འཛིན་ཡངས་པོའི་རྒྱན་གྱུར་པ།།
འཇམ་དཔལ་དཔའ་བོའི་གཟི་བྱིན་སྙིང་དབུས་སུ།།
དུས་ཀྱི་མཐར་ཡང་བདུད་རྩིར་འཁྱིལ་བར་ཤོག།
ཟླ་བཞིན་ཨུཏྤལ་སྔོན་པོའི་ཟུར་མིག་གིས།།
བཅུ་ཕྲག་རིག་པའི་གཞོན་ནུ་འགུག་མཁས་མ།།
མཚོ་བྱུང་སྙན་ཚིག་མགྲིན་པའི་དོ་ཤལ་གྱིས།།
བདག་གི་སྨྲ་བའི་ཕྲེང་བ་མཛེས་པར་མཛོད།།
བསྐལ་བཟང་རྣམ་འདྲེན་བཞི་བའི་མདོ་སྔགས་བསྟན།།
ཚང་ལ་མ་ནོར་གནའ་བོའི་དུས་ནས་ཀྱང་།།
ཆེ་ཆེར་དར་བའི་ལྷོ་བལ་ནོར་འཛིན་ཁྱོན།།
མཁས་གྲུབ་ས་ཡི་རྡུལ་ལ་འགྲན་ཞེས་ཐོས།།
གནས་དེའི་སྙིང་པོ་རང་བྱུང་མཆོད་རྟེན་ཆེ།།
གང་གང་འཕགས་པ་ཤིང་ཀུན་ཞེས་གྲགས་པ།།
དེ་དེར་བན་ཆེན་བཤད་སྒྲུབ་འདུས་སྡེ་ནི།།
དག་པའི་ཞིང་མཆོག་ས་ལ་བབས་པ་བཞིན།།
དེ་རུ་གྲུབ་རིགས་བྱེ་བའི་གཙུག་རྒྱན་དང་།།
སྡོམ་བརྩོན་ཡོངས་ཀྱི་འཁོར་ལོས་བསྒྱུར་བ་སྟེ།།
འགྲོ་ཀུན་སྲིད་པའི་མཚོ་ལས་སྒྲོལ་བ་ལ།།
སངས་རྒྱས་ཆོས་ཀྱི་མཉན་པའི་ཚུལ་འཆང་བཞུགས།།
མགོན་ཁྱེད་དཔག་ཡས་གདོད་ནས་སྐུ་གསུམ་གྱི།།
སྒྱུ་འཕྲུལ་བཀོད་པ་འབྱམས་སུ་ཀླས་མོད་ཀྱི།།
དུས་མཐར་ཨོ་རྒྱན་ཆེན་པོའི་སྦས་ཡུལ་ཏེ།།
དཔལ་ལྡན་འབྲུག་གི་་ལྗོངས་སུ་མངོན་པར་བལྟམས།།
གཞོན་ནུ་ཉིད་ནས་རྒྱལ་ཀུན་འཕྲིན་ལས་པ།།
རང་བྱུང་རིག་་པའི་རྡོ་རྗེའི་བཀའ་ལུང་གིས།།
མི་འཇིགས་སེང་གེའི་ཁྲི་ལ་དབང་བསྐུར་ཏེ།།
མདོ་སྔགས་བསྟན་པ་རྒྱ་མཚོའི་ཕ་ཕོགས་བསྩལ།།
ཁྱད་པར་ཨོ་རྒྱན་དཔའ་བོ་མཁའ་འགྲོའི་རྗེའི།།
གསང་གསུམ་རོལ་བའི་གར་གྱིས་མངོན་སྒེག་པ།།
མཁྱེན་བརྩེའི་བྱིན་རླབས་ཙན་དན་ལྗོན་པའི་ངོགས།།
ཡུན་རིང་བསྟེན་པའི་བསྐལ་བཟང་བདག་གིར་བཞེས།།
ཆོས་བརྒྱད་སྲིན་མོའི་འཛུམ་དཀར་ལ་ཆགས་པའི།།
ཟང་ཟིང་འབྱོར་བས་ཁེངས་པའི་བླ་གཟུགས་དང་།།
མཚུངས་མིན་ཆོས་ཕྱིར་ལྟོ་སྐྱ་གོས་ཧྲུལ་གྱི།།
དཀའ་ཐུབ་དང་དུ་བཞེས་པའི་མཛད་བཟང་རྨད།།
ཉིན་རེ་བཞིན་ཡང་མདོ་སྔགས་རིག་གནས་ཀྱི།།
བདུད་རྩིས་མཁྱེན་རབ་བུམ་བཟང་ལེགས་ཁེངས་ཏེ།།
མཐའ་དག་འགྲོ་བའི་གདུང་བ་སེལ་བ་ལ།།
ཆོས་ཀྱི་གཏེར་་མཛོད་ཆེན་པོར་གྱུར་ལ་འདུད།།
བཀའ་རྙིང་ལྷག་ལྷ་རྒྱ་མཚོའི་རྡུལ་སྙེད་ཀྱི།།
བསྐྱེད་རྫོགས་ཏིང་འཛིན་མཛོད་ལ་མངའ་བརྙེས་ཤིང་།།
བརྒྱུད་གསུམ་བླ་མའི་ཞལ་གཟིགས་ལུང་བསྟན་སོགས།།
དག་པའི་རོལ་བས་ཉིན་མཚན་གཅིག་ཏུ་བཟླུམས།།
ཐོས་བསམ་སྒོམ་པའི་གཏིང་མཐའ་དཔོག་དཀའ་ཞིང་།།
མཁས་བཙུན་བཟང་པོའི་རླབས་ཕྲེང་ཆལ་ཆིལ་གཡོ།།
འཆད་རྩོད་རྩོམ་པའི་གཟེགས་མ་འབུམ་འཐོར་བའི།།
མགོན་ཁྱེད་ཆུ་གཏེར་ཆེན་པོའི་རྗེས་སུ་འགྲོ།།
གང་གི་མཁྱེན་རབ་མགྲིན་སྔོན་རལ་ཀླུང་ལས།།
ལེགས་བབས་བསྟན་བཅོས་ཚིག་དོན་ཟབ་བརླིངས་པ།།
གཅིག་མིན་དུ་མར་འཕྲུལ་བའི་འཇུག་ངོགས་སུ།།
བློ་གསལ་ཡིད་ཀྱི་གདུང་བ་ཀུན་ནས་ཞི།།
འཛམ་གླིང་ཤར་ནུབ་གདུལ་བྱའི་བུང་བའི་ཚོགས།།
ཁྱེད་གསུང་སྦྲང་རྩིར་ཆགས་པའི་ཏིང་འཛིན་གྱིས།།
རྒྱལ་ཀུན་ཐུགས་ཀྱང་མོག་པོར་བགྱི་བ་འདི།།
ཅི་ཞེས་ཚངས་ཆེན་བློ་ཡང་ཁྱོགས་ལ་འཕྱངས།།
སྡོམ་གསུམ་ཆུ་འཛིན་དཀར་པོའི་ཕྲེང་བ་ཡིས།།
སྒོ་གསུམ་ལྷ་ལམ་མཛེས་པའི་རྒྱན་སྤྲས་ཤིང་།།
བསླབ་གསུམ་ཉམས་བཤེས་སྦྲང་ཆར་སིལ་མའི་དཔྱ།།
ས་གསུམ་གདུང་བ་སེལ་བའི་གསོས་སུ་འཇོ།།
རབ་བརྗིད་སྐུ་ཡི་མཆོད་སྡོང་མཇལ་ཙམ་གྱིས།།
ཕྲ་རགས་བདུད་བཞིའི་རྒྱུ་བ་རང་སར་ཞི།།
མགོན་ཁྱེད་བ་སྤུའི་བུ་ག་རེ་རེར་ཡང་།།
དཀྱིལ་འཁོར་རྒྱ་མཚོའི་བཀོད་པ་མིག་འཕྲུལ་བཞིན།།
ཨོ་རྒྱན་བི་མ་མཚོ་རྒྱལ་གསང་བ་གསུམ།།
ཟབ་རྒྱས་ཆོས་ཀྱི་ཐིག་ལེར་བཟླུམས་པའི་བྱིན།།
སྙིང་ཐིག་ཡ་བཞིའི་དབང་ལུང་ཁྲིད་གསུམ་གྱིས།།
ཨེ་མ་གསང་ཆེན་བསྟན་པའི་སྒོ་འཕར་ཕྱེས།།
ངུར་སྨྲིག་གོས་ཀྱིས་མཛེས་པའི་སྡོམ་བརྩོན་ཁྱུ།།
རིམ་གཉིས་ལྕང་ལོ་གཡོ་བའི་སྔགས་རིག་འཛིན།།
གློ་བུར་ལྷགས་དང་གཉུག་མའི་ལྷ་ཀླུའི་ཚོགས།།
ཁྱེད་ཞབས་སྤྱི་བོས་ལེན་ལ་ཅི་ཡང་བྲེལ།།
ལན་གཅིག་མཇལ་བས་བསྐལ་མང་སྒྲིབ་པའི་རྡུལ།།
དག་བྱེད་དཀྱིལ་འཁོར་ཆེན་པོའི་ཞལ་ཕྱེས་ཏེ།།
སྤྲོས་བཅས་སྤྲོས་མེད་ཤིན་རབ་སྤྲོས་མེད་སོགས།།
དབང་བསྐུར་བྱིན་རླབས་བདུད་རྩིའི་ཆར་ཆེན་ཕབས།།
མཁའ་འགྲོའི་ཞལ་རླངས་དྲོད་བཅས་འཐུལ་བའི་དུས།།
བསྐལ་མང་སྲིད་མཚོར་འཁྱམས་པའི་བདག་ཉིད་ཀྱི།།
སྒོ་གསུམ་རྗེ་དང་ཀུན་མཁྱེན་ཆེན་པོའི་གཟིས།།
རེ་ཞིག་ཡེ་ཤེས་ལྷ་ཡི་འཁོར་ལོར་བསྒྱུར།།
ཉིན་བཞིན་ཟབ་རྒྱས་གདམས་པ་རྒྱ་མཚོའི་ཆར།།
དུས་དང་དུས་སུ་བསྙིལ་བའི་ངོ་མཚར་ལ།།
ལྷ་ཀླུ་དྲི་ཟར་བཅས་པའི་འཇིག་རྟེན་ཀུན།།
དགའ་བའི་རོལ་མོ་དཀྲོལ་བའི་མཐའ་མ་རིག།
མགོན་ཁྱེད་ཐུགས་གསང་ཉི་ཟླའི་དཀྱིལ་འཁོར་ལས།།
གཅིག་མིན་འཕྲུལ་བའི་གསུང་ཟབ་གླེགས་བམ་དང་།།
འོད་ཀྱི་འཁོར་ལོའི་ངོས་སུ་འཕོས་པའི་བྱིན།།
བདག་སོགས་སྙིང་གི་གསོས་སུ་གང་སར་བརྡལ།།
བསོད་ནམས་ཚོགས་གཉིས་གཅིག་ཏུ་འཁྱིལ་བའི་དཔལ།།
འབྱོར་ལྡན་སྐྱེ་བོའི་བསྙེན་བཀུར་མ་དྲོས་ཀླུང་།།
དགེ་ཚོགས་མཐའ་ཡས་རྒྱ་མཚོར་འདྲེས་པའི་ཚུལ།།
རྨུག་འཛིན་ཁེངས་པ་འཕྲོག་པའི་ངོ་མཚར་ཉིད།།
བརྒྱ་བྱིན་མིག་སྟོང་བགྲད་པས་མ་མཐོང་ཞིང་།།
ཚངས་ཆེན་གདོང་བཞིས་བཙལ་ཀྱང་མ་རྙེད་པ།།
སེམས་ཉིད་གདོད་ནས་སྐྱེ་འགག་བྲལ་བ་འདི།།།
མགོན་ཁྱེད་ཐུགས་རྗེ་བྱིན་མཐུས་བདག་གིས་རྟོགས།།
བི་ཤོ་ཀརྨའི་འཕྲུལ་གྱིས་ལེགས་བཞེངས་ཤིང་།།
ངོ་མཚར་འཇའ་འོད་གློག་གི་འཕྲུལ་གྱིས་བསྐྲུན།།
མ་རྨད་མཆོད་པའི་དངོས་རྫས་ཕྲ་རགས་ཀུན།།
ཀུན་བཟང་སྒྱུ་འཕྲུལ་ཀློང་ལས་དྲངས་པ་བཞིན།།
རྒྱན་ཀུན་གསང་གསུམ་ངུར་སྨྲིག་ཟློས་གར་གྱིས།།
བཀའ་རྙིང་བསྟན་པའི་གདུགས་དཀར་སྒྲེང་མཛད་པ།།
མགོན་ཁྱེད་ཞབས་ཟུང་འགྱུར་མེད་གཡུང་དྲུང་རིས།།
བསྐལ་བ་རྒྱ་མཚོའི་མཐར་ཡང་བཞུགས་གསོལ་འདེབས།།
སྟོན་མཆོག་ཤཱཀྱའི་རྒྱལ་པོའི་ཞལ་ལུང་སྟེ།།
བཀའ་བསྟན་གསུང་རབ་རྒྱ་མཚོའི་བཀླགས་ལུང་གིས།།
དུས་མཐར་སྙིགས་མུན་འོད་དུ་སྦར་མཛད་པ།།
གང་གསུང་ཡན་ལག་དྲུག་ཅུ་འགག་མེད་ཤོག།
སྟོང་ཉིད་སྙིང་རྗེ་ཟུང་འཇུག་དབུ་མའི་ལམ།།
བསྐྱེད་རྫོགས་ཏིང་འཛིན་གཅིག་ཏུ་བཟླུམས་པའི་ཚེ།།
སྣང་སྲིད་དག་མཉམ་བདེ་སྟོང་ཟུང་འཇུག་ཐུགས།།
འགྱུར་མེད་ནམ་མཁའི་ཀློང་བཞིན་རྟག་བརྟན་ཤོག།
མགོན་ཁྱེད་ཐུགས་རྗེ་གསེར་གྱི་སྐ་རགས་ཀྱིས།།
སྒོ་གསུམ་རབ་བཅིངས་རྡོ་རྗེ་མཆེད་ལྕམ་དག།
དེང་བཟུང་གཞོན་ནུ་བུམ་སྐུའི་རྒྱལ་སྲིད་ཆེ།།
མ་ཐོབ་དེ་སྲིད་ཚོམ་བུ་གཅིག་ཏུ་སྨོན།།
དབང་སྲོག་དམ་ཚིག་སྙིང་གི་དབུས་བསྲེལ་ཏེ།།
སྒོ་གསུམ་ལྷ་སྔགས་ཡེ་ཤེས་རྣམ་རོལ་ལས།།
མི་འདའ་གསང་ཆེན་ཟབ་མོའི་དཀྱིལ་འཁོར་དུ།།
དུས་བཞིའི་འཁོར་ལོར་གཅིག་ཏུ་རྩེན་པར་སྨོན།།
བདག་ཀྱང་སྐྱེ་བའི་ཕྲེང་བ་ཐམས་ཅད་དུ།།
མགོན་ཁྱེད་ཞབས་པད་གཙུག་ཏུ་བསྙེན་པ་དང་།།
མདོ་སྔགས་ཟུང་འཇུག་ལམ་གྱིས་འགྲོ་བ་ཀུན།།
འདྲེན་པའི་དེད་དཔོན་ཆེན་པོར་འགྱུར་བར་ཤོག།
ཅེས་པ་འདི་ཡང་རྗེ་འདྲེན་པ་ཆེན་པོ་༧ མཁས་གྲུབ་སངས་རྒྱས་མཉན་པ་ཞེས་བསྟན་པའི་དཔུང་གཉེན་དམ་པར་བཞེངས་པ་གང་གི་ཞབས་པད་གཙུག་ཏུ་བཀུར་ཏེ་གསུང་གི་བདུད་རྩི་སྙིང་ཐིག་ཡ་བཞིའི་དགའ་སྟོན་ཆེན་པོར་ལོངས་སུ་སྤྱོད་པའི་སྐལ་བ་སྦོམ་པ། རྗེ་ཉིད་ཀྱིས་དཀྱིལ་འཁོར་ཆེན་པོར་གསང་མཚན་སྣ་ཚོགས་རང་གྲོལ་ཞེས་གསོལ་བ་དང་། རང་མིང་ཀླུ་སྨྱོན་ཧེ་རུ་ཀར་བཏགས་པས་རྗེ་བླ་མའི་གདན་ས་དཔལ་བན་ཆེན་ཕུན་ཚོགས་དར་རྒྱས་གླིང་གི་སྙིང་ཐིག་ཡ་བཞིའི་ཆོས་གྲལ་ཉམས་དགའ་བར་ལག་ཁྱེར་ཁ་པར་ནང་མཐེ་བོང་གཡས་པའི་འདུ་བྱེད་གློག་བཞིན་འཁྱུག་པས་སྦྱར་བའོ།། །།
༄༅། དཔེ་ཡག་པོ་བྲིས་ེརྕོམ་གནང་འདུག་པ་་་་ཐུགས་རྗེ།
ཕྲན་བུ་རིང་དྲག་འདུག། ག་དུས་ཡིན་ཡང་རྩོམ་སྙིང་བསྡུས་འབྲི་གནང་དགོས་རྒྱུ་གལ་
ཆེ་རེད་སྙམ། གང་ལ་ཞུ་ན་དེང་སང་ས་ཕྱོགས་གང་སར་དུས་ཚོད་མི་རག་པའི་གནས་སྟངས་
ཞིག་ཆགས་ཡོད་པ་སེམས་སྐྱོ་ཡང་བྱ་ཐབས་བྲལ།
འོ་ལེགས་སོ་ཀླུ་སྨྱོན་ལགས
སྐུ་ཉེད་གྱི་རྩམས་ཆོས་རྣམས་ཀློགས་པོའི་ཡིད་དབང་འགུག་ཅིང་ཁ་རྡ་དྲ་བའི་མཛེས་རྒྱན་དུ་གནང་བའི་སྐུ་ཉིད་ལ་ཐུགས་ཇེ་ཞུ་