གསུང་བཤད་གནང་མཁན། འབུམ་རམས་པ་དབྱངས་དགའ།
ཡིག་ཕབས་པ། ཁུ་སིམ་པོ།
ལྷན་རྒྱས་བཀྲ་ཤིས་བདེ་ལེགས། ངས་ད་ལྟ་གསོ་བ་རིག་པ་ཞེས་པ་དེའི་སྐོར་ལ་ཚིག་ཁ་ཤས་ཤིག་བཤད་འདོད་བྱུང་སོང་། ད་ལྟ་ཁ་ཤས་ཀྱིས་འདི་ལྟར་དགོངས་བཞིན་ཡོད་ས་རེད། གསོ་བ་རིག་པ་ཞེས་པ་དེའི་གོ་དོན་ནི་བོད་ཀྱི་གསོ་བ་རིག་པ་རེད་བསམ་བཞིན་ཡོད་ས་རེད། རྒྱ་སྐད་ནས་བཤད་ན་(藏药)དང་། དབྱིན་ཇི་ནས་བཤད་ན་(Tibetan medicine) ཞེས་པ་དེ་གསོ་བ་རིག་པ་ལབ་ན་ཡག་པོ་ཡོད་ས་རེད་དགོངས་ཀྱིན་ཡོད་ས་རེད། ངའི་བསམ་ཚུལ་བཤད་ན་དེ་ནོར་འཁྲུལ་ཆེན་པོ་ཞིག་རེད་བསམ་བཞིན་འདུག བོད་སྐད་རང་སྟེང་ནས་གོ་བ་བླང་བ་ཡིན་ན་ང་ཚོའི་གསོ་བ་རིག་པའི་ཡིག་ཆ་མང་པོ་ཞིག་ཡོད་པ་རེད། ཁོག་འབུགས་ལྟ་བུ་དང་། སྤྱི་དོན་ལྟ་བུ། ལོ་རྒྱུས་ལྟ་བུ་དེ་དག་ཐམས་ཅད་ཀྱི་ནང་ནས་གསོ་བ་རིག་པ་ཞེས་བཤད་ཡོང་དུས་སྐབས་ལ། ནང་དོན་བོད་ཀྱི་གསོ་བ་རིག་པ་གཅིག་པོ་ལ་རྩ་བ་ཉིད་ནས་གོ་བ་མ་རེད། དཔེ་གཅིག་བཞག་ནས་བཤད་ན་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་<<ཁོག་འབུགས་དྲང་སྲོང་དགྱེས་པའི་དགའ་སྟོན>>ནང་ན་གང་ཞིག་ཡོད་པ་རེད་ཟེར་ན། གསོ་རིག་གི་ལོ་རྒྱུས་བཤད་ཡོང་བའི་སྐབས་སུ་དུམ་བུ་གསུམ་བཤད་ཡོད་པ་རེད། དང་པོ་གསོ་རིག་ལྷ་ཡུལ་ལ་དར་ཚུལ་དང་། མི་ཡུལ་ལ་དར་ཚུལ། ལྷ་ཡུལ་ལ་དར་ཚུལ་དང་། མི་ཡུལ་ལ་དར་ཚུལ་ཞེས་པ་དེ་ཅི་ཞིག་བཤད་ཀྱིན་ཡོད་པ་རེད་ལབ་ན། གཙོ་བོ་རྒྱ་གར་ཚེ་ཡི་རིག་བྱེད་ཀྱི་གཏམ་རྒྱུད་ལ་སྦྱར་ནས་རྒྱ་གར་ཚེ་ཡི་རིག་བྱེད་ཀྱི་དར་ཚུལ་དེ་བཤད་ཀྱིན་ཡོད་པ་རེད། དེ་ཡིན་ཙང་བོད་ཀྱི་གསོ་བ་རིག་པ་མ་རེད། དེ་ནས་གཉིས་པ་སྟོན་པ་སངས་རྒྱས་པའི་ལུགས་ཞེས་བཤད་ནས་སངས་རྒྱས་ཆོས་ལུགས་ནང་དུ་ཡོད་པའི་སངས་རྒྱས་དང་། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དང་། རྒྱ་གར་གྱི་པཎ་གྲུབ་དཔེར་ན་ཀླུ་སྒྲུབ། ཕ་ཁོལ། ཁ་ཆེ་ཟླ་དགའ་ལ་སོགས་པས་སྨན་སྤེལ་ཚུལ་སྐོར་དེ་བཤད་ཀྱིན་ཡོད་པ་རེད། དེ་དག་བོད་ཀྱི་གསོ་བ་རིག་པ་མ་རེད། དེ་དེང་སང་བོད་སྐད་ནང་ནས་བཤད་ན་ནང་ཆོས་སམ། ཡང་ན་སངས་རྒྱས་ཆོས་ལུགས་ཀྱི་གསོ་རིག་ལབ་ན་འགྲིག་གི་ཡོད་པ་རེད། དེ་རྒྱ་སྐད་ནང་ལ་(佛教医学)དང་། དབྱིན་སྐད་ནང་ལ་(Buddhist medicine)དེ་ཟེར་ཀྱིན་ཡོད་པ་རེད། དེ་དག་བོད་ཀྱི་གསོ་བ་རིག་པ་སྤྱིར་ན་མ་རེད། ས་བཅད་གསུམ་པའམ་ནང་དོན་གསུམ་པའི་ནང་ན་གང་ཞིག་བཤད་ཀྱིན་ཡོད་པ་རེད་ལབ་ན། བོད་ཡུལ་དུ་གསོ་བ་རིག་པ་དར་ཚུལ། ང་ཚོའི་གསོ་བ་རིག་པ་དེ་རང་རེད། བོད་ཡུལ་དུ་གསོ་བ་རིག་པ་དར་ཚུལ་དེ་བོད་ཀྱི་གསོ་བ་རིག་པར་བཤད་ཀྱིན་ཡོད་པ་རེད། དེ་སྤྱིར་བཏང་ནས་བཤད་ན་བོད་ཀྱི་གསོ་བ་རིག་པ་ཐོག་མར་བྱུང་ཚུལ་དང་། དེ་ནས་མར་ལ་གསོ་བྱེད་སྔ་དར་སྐབས་སུ་ཇི་ལྟར་དར་ཚུལ། གསོ་བྱེད་ཕྱི་དར་སྐབས་སུ་ཇི་ལྟར་དར་ཚུལ་དེ་དག་བཤད་ཀྱིན་ཡོད་པ་རེད། དེ་ནི་བོད་ཀྱི་གསོ་བ་རིག་པ་རེད། དེ་ཡིན་པའི་སྟབས་ཀྱིས་ང་ཚོས་ངེས་པར་དུ་གསོ་བ་རིག་པ་ཞེས་པའི་ཚིག་ཅིག་བཤད་པའི་སྐབས་སུ་བོད་ཀྱི་གསོ་བ་རིག་པ་ལ་གོ་བཞིན་ཡོད་པ་རེད་བསམ་པ་དེ་ནོར་འཁྲུལ་ཆེན་པོ་ཞིག་རེད། ཡང་ཁ་ཤས་ཀྱིས་འདི་ལྟར་དགོངས་བཞིན་ཡོད་རྒྱུ་རེད། ང་ཚོས་མངོན་མིན་རིག་གནས་ཤུལ་བཞག་སྙན་ཞུ་ཕུལ་བའི་སྐབས་སུ་གསོ་བ་རིག་པ་ཞེས་པའི་ཚིག་མང་པོ་ཞིག་ཐོན་ཡོད་པ་རེད། དེ་དགོས་པའི་དབང་གིས་སྐབས་དེ་དུས་ལ་བོད་ཀྱི་གསོ་བ་རིག་པ་ལ་གསོ་བ་རིག་པ་ཞེས་མིས་བཏགས་ཚར་བ་རེད། འཕྲོག་འགྲོ་བས་ཉེན་ཁ་ཡོད་སྟབས་གནས་སྐབས་སུ་གསོ་བ་རིག་པ་ལབ་བཞག་པ་རེད། དེའི་མིང་དེ་སུས་བཏགས་པ་རེད་ཟེར་ན། ང་རང་ཚོའི་ཁྱིམ་མཚེའི་རྒྱལ་ཁབ་བོད་ཀྱི་རིག་གཞུང་ལ་ཧམ་འཕྲོག་བྱེད་རྒྱུའི་རྔམས་སེམས་ཆེན་པོ་ཡོད་པ་དེ་དག་གིས། བོད་ཅེས་པའི་མིང་དེ་མེད་པ་བཟོ་བ་གཅིག་དང་། ལྷག་པར་དུ་བོད་ཀྱི་གསོ་བ་རིག་པའི་འབྱུང་ཁུངས་དེ་བོད་ནས་མ་རེད་ཅེས་དེ་བཤད་རྒྱུའི་ཆེད་དུ་གསོ་བ་རིག་པ་ཞེས་པའི་མིང་ཞིག་བཏགས་པ་རེད། དེ་ཡང་བོད་སྐད་ཡིན་པ་ཁས་ལེན་གྱིན་ཡོད་པ་མ་རེད། བྷོ་ཊའི་སྐད་ཡིན་ན་གཅིག་རེད་ཅེས་དེ་ལྟར་བཏགས་པ་རེད། ཁྲིམས་མཐུན་སོགས་མངོན་མིན་རིག་གནས་ཤུལ་བཞག་ནང་ལ་ཕུལ། རྩོད་པ་རྒྱབ་དེ་ལྟར་བྱ་བཞིན་ཡོད་པ་རེད། བྱས་ཙང་ཁོ་ཚོས་རྩོད་པ་རྒྱག་པའི་ཐ་སྙད་དེ་ང་ཚོས་དང་ལེན་བྱ་དགོས་པའི་དགོས་པ་མི་འདུག དེ་བྱས་ན་མིའི་རྐུབ་ལ་རྒྱུགས་ནས་ང་རང་ཚོའི་རིག་གཞུང་བདག་པོ་རྒྱག་པ་ལ་སྐྱོན་ཆེན་པོ་ཞིག་བཟོ་བཞིན་འདུག བྱས་ཙང་ང་ཚོས་བོད་ཀྱི་གསོ་བ་རིག་པ་ཞེས་བཤད་ཡོང་དུས་བོད་ལུགས་གསོ་བ་རིག་པའམ་བོད་ཀྱི་གསོ་བ་རིག་པ་ཞེས་པའི་ཐ་སྙད་དེ་བེད་སྤྱོད་གཏོང་རྒྱུ་མཐོང་གི་འདུག རྒྱ་སྐད་ནས་བཤད་ན་(藏医药)ཞེས་རྒྱལ་ཁབ་རང་གིས་གཏན་འཁེལ་བའི་ང་ཚོར་མིང་ཞིག་ཡོད་པ་རེད། དབྱིན་ཇི་ནང་དུ་སྔ་མ་ཡིན་ན་བོད་ཀྱི་གསོ་བ་རིག་པ་ལ་(Tibetan medicine)ཐ་སྙད་དེ་ཡོད་ཡོད་པ་རེད། ཕྱི་རྒྱལ་གྱི་ཡོ་རོབ་དང་ཨ་མེ་རི་ཀའི་ཕྱོགས་ལ་དེང་སང་མི་མགོ་བདེ་བོ་ཁག་གཅིག་གིས་བོད་ཀྱི་རིག་པ་དེ་བྱེ་བྲག་ཡོང་གི་མི་འདུག་བསམ་ནས་སྔ་མ་(Tibetan medicine)ལབ་བཞིན་ཡོད་པ་རེད་དེ། ཉེ་ཆར་གསོ་རིག་ཁང་དང་། གསོ་བ་རིག་པ་ཞེས་དེ་ལྟར་མགོ་བདེ་བོ་བྱས་ནས་བོད་ཀྱི་གསོ་བ་རིག་པ་དེ་ཕལ་ཆེར་མི་ཡིས་རྩིས་ལེན་བྱ་རན་འདུག་བསམ་ནས། མགོ་བདེ་བོ་བྱས་ནས་དེང་སང་ཕྱི་ལོག་ན་མི་ཁག་གཅིག་གིས་གསོ་བ་རིག་པ་ཞེས་མིང་དེ་བེད་སྤྱོད་བཏང་བསྡད་ཡོད་པ་རེད། ཡོ་རོབ་དང་ཨ་མེ་རི་ཀའི་ཕྱོགས་ན། དེ་ངོ་མས་བཤད་ན་བོད་ཀྱི་གསོ་བ་རིག་པའི་སློབ་གསོ་རྒྱུད་མྱོང་མཁན། བོད་ཀྱི་གསོ་བ་རིག་པའི་བཀའ་དྲིན་ལ་བརྟེན་ནས་ལྟོ་གོས་རེག་བསྡད་པ་དེ་འདྲ་རེད་དེ། ངོ་ཚ་བཀའ་དྲིན་མེད་པའི་སྒོ་ནས་ང་ཚོའི་གསོ་རིག་འདི་ལ་གནོད་བསྐྱལ་བའི་ཆེད་དུ་མིང་གསར་བ་དེ་འདྲ་བཏགས་བསྡད་ཡོད་པ་རེད། དེའི་རྒྱུ་མཚན་ལ་བརྟེན་ནས་ངས་མ་འོངས་པར་ཁྱེད་རྣམ་པར་འབོད་སྐུལ་ཞུ་རྒྱུ་ལ། བོད་ཀྱི་གསོ་བ་རིག་པ་ལ་མིང་ཞིག་བཏགས་དགོས་དུས་སྐབས་སུ་ཁྱེད་ཀྱིས་ངེས་པར་དུ་བོད་ལུགས་གསོ་བ་རིག་པའམ། ཡང་ན་བོད་ཀྱི་གསོ་བ་རིག་པ་ཞེས་བཏགས་རོགས་ཞུ་རྒྱུ་ཡིན། རྒྱ་སྐད་བསྐྱོན་དགོས་པ་ཡིན་ན་(藏医药)རྒྱལ་ཁབ་རང་གིས་གནང་བའི་མིང་ཡོད་པ་རེད། དབྱིན་ཇིའི་ནང་ན་གནའ་སྔ་མོ་ནས་མིང་ཡོད་པ་རེད་(Tibetan medicine)དེ་དག་བཏགས་རོགས་ཀྱིས། གསོ་རིག་དང་། གསོ་བ་རིག་པ་ཞེས་སྟབས་བདེའི་མིང་ཞིག་ཁྱེར་ནས་མིས་ཉེ་ཆར་ཁྱིམ་མཚེས་རྒྱལ་ཁབ་ཧམ་སེམས་ཅན་དེ་དག་གིས་བཏགས་པའི་མིང་དེ་བེད་སྤྱོད་མ་བཏང་ན་ཡག་པོ་འདུག་ཅེས་དེ་འདྲའི་འབོད་སྐུལ་གཅིག་ཞུ། ཐུགས་རྗེ་ཆེ།
བོད་ལུགས་གསོ་བ་རིག་པའི་ནང་། །
མི་རིགས་མང་པོའི་གསོ་རིག་བསྡུས། །
བོད་ཀྱི་གསོ་བ་རིག་པ་ལ། །
བོད་རིགས་ཡོངས་ཀྱིས་མཚན་མཐོང་དགོས། །
དབྱངས་དགའ་ཟེར་མཁན་དེས་མ་ཤེས་ཤེས་མདོག་གི་སྐད་ཆ་གླེང་འདུག
གསོ་བ་རིག་པ་ཞེས་པ་བོད་ཀྱི་གསོ་བ་རིག་པར་གོ་དགོས་པ་ཐ་སྙད་ལས་ཤེས་ཐུབ། Ayurvedaཟེར་དུས་རྒྱ་གར་གྱི་སྲོལ་རྒྱུན་ལ་གོ་བ་ལྟར་རེད། གོ་དོན་ཙམ་དུ་བྱས་ན་Ayurvedaཟེར་བ་སྨན་ལུགས་གཞན་ལ་ཡང་གོ་དགོས་ཚོད་རེད།
དཔལ་ལྡན་རྒྱུད་བཞིར། “གསོ་བ་རིག་པའི་མན་ངག་ལ་བསླབ་པར་བྱ”་གསུངས་པ་དེ་”བོད་ཀྱི་གསོ་བ་རིག་པའི་མན་ངག་ལ་བསླབ་པར་བྱ་” ཞེས་བསྒྱུར་དགོས་པ་ཨེ་རེད། རིག་གནས་བཅུ་བགྲང་སྐབས། “གསོ་བ་རིག་པ་”ཟེར་དུས་བོད་ལུགས་གསོ་བ་རིག་པ་ཟེར་དགོས་པ་ཡིན་ནམ། ཁྲིམས་དགའ་ཚོ་ལ་དེང་དུས་ཁྲིམས་ལ་”ཀྲུང་གོའི་བོད་ལུགས་གསོ་བ་རིག་པ” ཟེར་བ་དེ་ཁྲིམས་མཐུན་ཡིན་རྒྱུ་རེད། གང་ལྟར་ཐ་སྙད་” གསོ་བ་རིག་པ་” ཟེར་བ་དེ་དཔལ་ལྡན་རྒྱུད་བཞིའི་དགོངས་པ་རེད། གཞན་མང་པོ་ཞིག་མ་ཡིན་ཡིན་མདོག་བཤད་པ་ལ་དོན་སྙིང་མེད་པར་མཐོང་ངོ་།
བོད་ཡིག་གི་བརྡ་དང་ཐ་སྙད་ཙམ་ལའང་མགོ་རྨོངས་ཤིང་། མ་ཤེས་ཤེས་མདོག་སྟོན་མཁན། ལྟོ་གོས་ཙམ་གྱི་ཆེད་དུ་མི་རིགས་ཀྱི་བླ་ཡང་བཙོང་ཐུབ་མཁན་གྱི་མི་སྒེར་ལྟ་ཅི། ཚོགས་སྡེ་རེ་ཟུང་ཡང་མཐོང་རྒྱུ་ཡོད་རེད། འདི་དག་ལ་ང་ཚོས་གཟབ་དགོས་པ་རེད། ཡིན་ནའང་གསོ་བ་རིག་པ་ཟེར་བའི་མིང་དེ་བོད་ཀྱི་གསོ་བ་རིག་པའི་ཚབ་མཚོན་བྱེད་ཐུབ་མིན་ལ་ལོ་མང་སྔོན་ནས་རྩོད་གཞི་ཡོད་པ་རེད། སྨན་རྩིས་ཁང་ལྟ་བུའི་བོད་ཀྱི་སྨན་རྩིས་རིག་པའི་རྨང་འཐུག་པའི་ཚོགས་སྡེ་ཆེན་ཞིག་མེད་ཚེ། ཧི་མ་ལ་ཡ་རི་རྒྱུད་དང་ཝ་ན་ལྟ་བུ་མི་སྒེར་ཚོགས་སྡེ་འདི་དག་གིས་བོད་ཀྱི་གསོ་བ་རིག་པ་རྒྱ་གར་ལ་བཙོང་གྲབས་ལན་མང་བྱས་སོང་།