ཁམས་མེ་ཞགས་ཀྱིས་བྲིས།
_______________
འདས་ཟིན་པའི་ཟུངས་ཁྲག་གི་ལོ་ཟླའི་ཁྲོད།
ལྷ་ས་ནས་སྤུན་ཟླ་གྲངས་མེད་ཞིག
དྲག་པོའི་མདའ་ཁ་ནས་བརླགས་སོང་བས།
ད་ལོ། ང་ཚོ་ལ་ལོ་སར་མེད།
སི་ཁྲོན་ནས་འབངས་མི་རྫོགས་མེད་ཞིག
ཡ་མེད་ས་ཆེན་གྱིས་མནན་སོང་བས།
ད་ལོ། ང་ཚོ་ལ་ལོ་སར་མེད།
ཁྱོད་ཀྱི་ཁ་ན་མི་ཆོག་ལས་མེད་ཀྱང༌།
ང་ཚོ་ལ་ཟེར་ན་གཏན་ནས་མེད།
ཁྱོད་ཀྱི་ཁོག་ན་ཞེ་སྡང་ལས་མེད་ཀྱང༌།
ང་ཚོ་ལ་འཁོན་ས་ཡེ་ནས་མེད།
ཕེབས་ཟིན་པའི་དཔའ་བོ་ཚོའི་ཆེད་དུ།
ང་ཚོས་འགྱོད་བཤགས་འབུལ་དགོས།
འདས་ཟིན་པའི་འབངས་མི་ཚོའི་དོན་དུ།
ང་ཚོས་དུར་མཆོད་འབུལ་དགོས།
དེ་བས། ད་ལོ།
ང་ཚོ་ལ་ལོ་སར་ག་ལ་ཡོད།
ཡོད་གཏན་ནས་མི་སྲིད།
ལོ་སར་རོལ་མཁན་ཡོད་ན་དུད་འགྲོ་རང་རེད།
གཞན་ཡང༌།
གནམ་གྲུ་བྲག་ལ་བརྡབས་སོང་བས།
ད་ལོ། ང་ཚོ་ལ་ལོ་སར་མེད།
མེ་འཁོར་གདོང་ཐུག་བརྒྱབ་སོང་བས།
ད་ལོ། ང་ཚོ་ལ་ལོ་སར་མེད།
ད་དུང༌། དེ་ལས་ག་ལ་ཚད།
ས་མཐོ་ལ་གངས་ཐན་བྱུང་བས།
ད་ལོ། ང་ཚོ་ལ་ལོ་སར་མེད།
གཤོང་ས་ལ་ཆུ་ཐན་བྱུང་བས།
ད་ལོ། ང་ཚོ་ལ་ལོ་སར་མེད།
ཁྱོད་ཀྱི་གདོང་ན་རྒྱལ་ཁའི་ཉམས་ཤིག་ཡོད་མོད།
དོན་ངོ་མར། ཉམས་དེ་བཅོས་མ་རེད།
དེ་ནི་ཕམ་ཁ་ལས་བྱུང་བའི་སྡུག་ཉམས་རེད།
ཁྱོད་ཀྱི་གདོང་ན་སྤྲོ་བའི་འཛུམ་ཞིག་ཡོད་མོད།
དོན་དམ་པར། འཛུམ་དེ་རྫུན་མ་རེད།
དེ་ནི་གཡོ་སྒྱུ་ལས་གྲུབ་པའི་སྐྱག་རྫུན་རེད།
ཁྱོད་ཀྱིས་འབངས་མི་ཚོའི་སྐྱིད་སྡུག་མི་བསམ་རུང༌།
ཁྱོད་ཀྱིས་རྒྱལ་སྤྱི་ལ་ཁ་ཡ་མི་བྱེད་རུང༌།
ཁྱོད་ཀྱིས་འཛམ་གླིང་ལ་མིག་ཟུང་མི་གཏད་རུང༌།
ཁྱོད་ཀྱིས་དུས་རབས་ཀྱི་ཞབས་རྗེས་མི་སྙེགས་རུང༌།
ང་རང་ཚོའི་སེམས་ན་དུངས་བ་ཡོད།
ང་རང་ཚོའི་སེམས་ན་སྡུག་བསྔལ་ཡོད།
དེ་བས། ང་ཚོས་གདུང་བ་མཉམ་སྐྱེད་ཀྱིས།
ད་ལོའི་ལོ་སར་འདི་མ་རོལ་ན་འགྲིག་ནས་འདུག
རྒྱ་ནག་གི་འབངས་མི་དཀྱུས་མ་ཞིག་གི་ཚབ་ཏུ།
ང་རུང་ལྟོས་ན་ཡག་པོ་འདུག
ནོར་བཅོས ང་རང྄་གི་བལྟོས་ན་ཡག་པོ་འདུག