ཨེ་མ་ཧོ།
ན་མོ་གུ་རུ་བྷོ་དྷི་ཙིཏྟ་ཡེ།། བཀྲ་ཤིས་ཕྱོགས་བཅུའི་རྒྱལ་བ་རབ་འབྱམས་དང་།། སྲས་བཅས་འཕགས་པའི་དགེ་འདུན་ཐམས་ཅད་ལ།། ཕྱག་འཚལ་སྐྱབས་མཆི་བདག་ཅག་འགྲོ་ཀུན་ཕྱིར།། ཕན་བདེའི་ལེགས་ཚོགས་ཇི་བཞིན་འབད་མེད་སྩོལ།། ༡ མ་ཤེས་དྲིན་དྲན་དྲིན་ལེན་བཟོ་བ་དང་།། ཡིད་འོངས་བྱམས་དང་བརྩེ་བའི་སྙིང་རྗེས་ཕྱུག། ལྷག་བསམ་རྣམ་དག་རིན་ཆེན་བྱང་ཆུབ་སེམས།། ཚད་མེད་རྣམ་བཞིའི་ཆོས་དུང་དཀར་པོ་རྒྱལ།། ༢ རྣམ་རྒྱལ་ལྷ་ཡུལ་ཁང་བཟང་རིན་ཆེན་ནས།། གཞན་ཕན་འགྲོ་ཁམས་སྤྲུལ་སྒྱུར་གང་དགའ་འཇ…ོ།། ཐམས་ཅད་ལྷ་ཡིས་བཀོད་པའི་དབུ་འཕང་ཅན།། ཡེ་ཤུའི་རྗེ་གཟིགས་རིགས་བཞིའི་རྒྱལ་མཚན་རྒྱལ།། ༣ གོ་ལའི་ཁྱོན་ན་སྟོབས་དཔལ་གཡང་དུ་འཁྱིལ།། དབང་ཐང་བརྒྱ་བྱིན་ལྷ་མིན་སྤྱི་བོར་བཀབས།། གཞན་འཕྲུལ་དར་དཔྱངས་རིང་མོས་དབུ་རྣར་བཅིངས།། ཁ་ཆེའི་མོས་སྒོམ་གདུགས་དཀར་མངོན་པར་རྒྱལ།། ༤ མཐའ་ཡས་ཤེས་བྱ་རྒྱ་མཚོའི་མཇིང་ཟབ་ལས།། རྣམ་དཔྱོད་གསེར་མིག་འཇའ་རིས་གཡུང་དྲུང་འཁྱིལ།། བརླབ་ཆེན་རིག་གཞུང་གསེར་ཤོག་གཏིང་མཐའ་བརྒལ།། མེས་དབོན་བརྒྱུད་པའི་བློ་རིག་གསེར་ཉ་རྒྱལ།། ༥ ཐུགས་རྗེ་ཐབས་མཁས་རྩིབས་སྟོང་རི་མོ་བཀྲ།། བཅུ་ཕྲག་རིག་རྒྱན་བྱེ་བའི་འོད་མདངས་ཤིས།། གཞན་ཕན་ཕྲིན་ལས་འཛིན་སྐྱོང་སྤེལ་བས་བདེ།། སྔ་འགྱུར་གསེར་གྱི་འཁོར་ལོའི་དགེ་ལེགས་རྒྱལ།། ༦ ནོར་འཛིན་བསོད་ནམས་གཏེར་གྱི་ཕྱག་རྒྱ་སྦྲུམ།། སྟོབས་འབྱོར་རིན་ཆེན་ནོར་གྱི་བང་མཛོད་གཏམས།། སྣོད་བཅུད་དགེ་མཚན་རྒྱས་པས་དབུལ་སེལ་བ།། རྒྱ་ཆོས་འདོད་འབྱུང་བུམ་བཟང་རྣམ་པར་རྒྱལ།། ༧ སྲིད་པའི་གནས་འདིར་བདེ་ཆེན་རྫིང་བཞིན་འཁྱིལ།། ཆོས་འབྱུང་མཛེས་སྡུག་འདབ་སྟོང་རྣམ་པར་བཞད།། དུང་བརྩེའི་མཛའ་མཐུན་རྐང་དྲུག་རྩི་བཅུད་རོལ།། རྗེན་རིགས་མཛེས་མཛངས་འདབ་སྟོང་པདྨ་རྒྱལ།། ༨ མདོ་སྔགས་ལམ་རིམ་བཤད་སྒྲུབ་དཔལ་དུ་འབར།། ལུགས་གཉིས་བསྟན་པའི་ལྕགས་རི་རྣམ་པར་བཀྲ།། ཕྱོགས་ཀུན་གངས་རིའི་གཟི་བརྗིད་མངོན་མཛད་པའི།། ཡང་དག་དགེ་ལུགས་དཔལ་གྱི་བེའུ་རྒྱལ།། བཀྲ་ཤིས་བདེ་ལེགས་སྣང་བས་དུས་ཀུན་མཛེས།། ཕུན་ཚོགས་སྡེ་བཞིའི་དགེ་མཚན་དར་ཞིང་རྒྱས།། འདི་ཕྱིར་འཇིགས་པའི་མི་མཐུན་གཡུལ་ལས་རྒྱལ།། ཀུན་ཀྱང་རྫོགས་ལྡན་དང་པོར་ལོངས་སྤྱོད་ཤོག། ཅེས་པ་འདི་ཡང་རབ་རྒྱན་ཤིང་མོ་ལུག་གི་ལོར་ཆོ་འཕྲུལ་ཟླ་བའི་དབང་ཚེས་རྒྱལ་བ་གསུམ་པ་ལ་བདག་གི་སློབ་མ་དབྱིན་ཇིའི་ཚན་རིག་འབུམ་རམས་པ་ཆེན་པོ་དཔལ་ལྡན་རྒྱ་མཚོས་གཡང་མོ་ལུག་གི་བལ་ཐག་གིས་བཟོས་པའི་ཞྭ་རིགས་བདུན་ཅན་དང་བུ་མོ་ཞྭ་མེད་ལན་བུ་ཅན་གྱི་ཐག་གྲུབ་ཅིག་ལེགས་སྐྱེས་སུ་གནང་བས་རྟེན་འབྲེལ་ལེགས་འགྲིགས་དང་།འདི་ནི་རིས་མེད་མཚོན་བྱེད་གཅིག་ཡིན་པས་རིས་མེད་བསྟན་པ་ཇི་ལྟར་དགོས་སམ་ཞེས་པའི་ལན་དུ་རང་སྣང་གང་ཤར་གླུ་རུ་ལེན་པར་མཁས་པའི་མཁན་ཆེན་བླ་མ་དཔལ་དགྱེས་པ་རྡོ་རྗེས་དབྱིན་ཡུལ་ཀུན་བཟང་ཆོས་གླིང་གི་ལོ་གསར་ཆེད་དུ་བྱས་པར་དགེའོ།། ཕྱི་ལོ་༢༠༡༥ / ༢ / ༡༨ ལ་ཤྲྰི་ཨེ་མ་ཧོས།། །།