ཨེ་མ་ཧོ།
ཨོཾ་བདེ་ལེགས་སུ་གྱུར་ཅིག
ཕྱོགས་དུས་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ།།
དཔལ་ལྡན་རྫོགས་པའི་སངས་རྒྱས་པདྨ་སྐྱེས།།
འཇམ་དཔལ་ཡིད་བཞིན་ནོར་བུ་གསོལ་བ་འདེབས།།
བཀྲ་ཤིས་དོན་ཀུན་འགྲུབ་པར་བྱིན་གྱིས་རློབས།།
ཅེས་མཆོད་གསོལ་སྐྱབས་འགྲོ་སྔོན་དུ་སོང་ནས། དེ་རིང་འདིར་དབྲ་ཆེན་རུས་མཛོད་དབུ་བརྙེས་པའི་དུས་ཚེས་ཁྱད་པར་ཅན་སྟེ་དབང་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཆེན་ཞིག་རེད། ཟླ་བ་རྗེས་མ་ལ་ལྷ་བབས་དུས་ཆེན་རེད། ཚོགས་པ་འདིར་ཕེབས་པའི་སྐུ་མགྲོན་མཁན་སྤྲུལ་ཉེར་ལྔ་དང་ཤེས་ཡོན་དང་ལྷག་བསམ་ཅན་རྣམ་པ་ལ་ཕྲན་གྱིས་སྙིང་ནས་བཀྲ་ཤིས་བདེ་ལེགས་ཞུ།
ད་ཕྱིན་ང་ཚོས་ངག་ཐོག་བཤད་པ་དེ་ཡིག་ཐོག་ཏུ་ཕབས་ནས་དབྲ་ཆེན་ནམ་སྦྲ་ཆེན་རུས་མཛོད་བདེན་པ་རིན་པོ་ཆེ་འདི་ཉིད་འགོ་རྩོམ་པའི་དུས་སུ་བབས་པ་རེད། དེ་རིང་ནས་བཟུང་ང་ཚོ་ཕྱོགས་སོ་སོའི་རྩོམ་རིག་ཚོགས་པར་ཞུགས་འཁན་ཡོངས་ལ་བརྡ་ཞིག་བསྟན་ནས་ཚང་མ་དྲ་ཐོག་འདིར་འདུས་ནས་བགྲོ་གླེང་ཡིག་ཐོག་ནས་བྱ་བ་ངའི་བསམ་ཆར་དང་ཕྲན་པའི་རེ་བ་བསྐྱང་གི་ཡོད། གལ་ཏེ་མ་འདུས་ན་ཡང་ཕྱག་རྩོམ་དངོས་མ་རྣམས་ཡིག་ཐོག་བཀོད་ཡོང་ན་ཡང་ཆོག དེ་ལུགས་གནང་རྒྱུ་དང་། ཁྱད་པར་བོད་ནང་འཁོར་ནང་དུ་སྦྲ་ཆེན་རྩོམ་རིག་ལས་ཁང་ཞིག་གམ་རྩོམ་བསྡུའི་ལས་ཁང་ཞིག་དགོས་ས་རེད་དྲན་སོང་། དེར་ཕེབས་ནས་ཡིག་ཆ་ཕྱོགས་བསྒྲིག་དང་དེབ་གཟུགས་བྱས་ན་བཟང་ཆེའོ།
ང་ཚོ་ཚང་མས་ནམ་རྒྱུན་དུ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་རྐྱང་རྐྱང་མིན་པར་ལོ་རྒྱུས་རང་བཞིན་ལྡན་པ་དེ་ངག་ཐོག་ནས་བཤད། ཡིག་ཐོག་ཏུ་བཀོད། ལག་ཐོག་ཏུ་བླངས་ནས་སྦྲ་ཆེན་རུས་མཛོད་བདེན་པ་རིན་པོ་ཆེ་འདི་རྩོམ་རྒྱུ་རེད། འདི་སྦྲ་རིགས་སུ་གཏོགས་པ་ཡོངས་ཀྱི་འོས་འགན་ཕྲག་ལ་བབས་པ་ཞིག་ཡིན་པས་དེ་ལུགས་མཁྱེན་ནོ།
ལོ་རྒྱུས་འབྲི་སྐབས་སུ་དགོས་པ།
༡ བདེན་པའི་ལོ་རྒྱུས་རིང་མོ་ལ་རྒྱུས་ལོན་ཡང་དག་པ་ཞིག་གནང་བ་དགོས་པ་དང་།
༢ ཡབ་མེས་རྒན་པོའི་ངག་རྒྱུན་བསྡུ་ལེན་ཚད་ལྡན་ལོ་ཚོད་དང་བཅས་པ་ཤེས་ནུས་པ་ཞིག་དགོས།
༣ དྲང་བདེན་གྱི་རྒྱ་ཚད་ལྡན་པའི་ཡིད་ཆེས་གཏིང་ནས་སྐྱེ་སའི་རུས་མཛོད་གཅིག་ཏུ་ཆགས་དགོས།
༤ རྩོམ་རིག་ཚོགས་པ་ནང་འཁོར་ཤིན་ཏུ་ཟབ་མོས་མཛའ་མཐུན་དང་ཆིག་སྒྲིལ་དགོས།
༥ འཛམ་གླིང་འདིར་མཆིས་པའི་སྦྲ་རིགས་ཡོངས་ཀྱི་གོ་ཐུབ་པ་དང་འགོད་ཐུབ་པ་ཞིག་དགོས།
༦ འབྲི་འཁན་རྣམ་པས་ཀྱང་དཔལ་འབྱོར་དང་འཕྲོད་བརྟེན་བཟང་པོ་ངེས་པར་ཚང་དགོས།
༧ རུས་མཛོད་ཞིབ་འཇུག་ལ་མཁས་པའི་བགྲོ་གླེང་ཚོགས་ནས་གཏན་ལ་ཕབས་དགོས་པའོ།།
ལོ་རྒྱུས་འབྲི་སྟངས་ཀྱི་དཀར་ཆག།
༡ ཕྱི་སྣོད་བཅུད་ཀྱི་འཇིག་རྟེན་བྱུང་ཚུལ་དང། ༢ཁྱད་པར་བོད་མིའུ་གདོང་དྲུག་གི་བྱུང་ཚུལ། ༣ དམིགས་དབྲ་རིགས་སམ་སྦྲ་རིགས་བྱུང་ཚུལ། ༤ སྦྲ་རིགས་སུ་འཁྲུངས་པའི་ལོ་རྒྱུས་རང་བཞིན་ལྡན་པའི་བླ་མའི་རྣམ་ཐར་དང་། ༥ དམངས་འཕྲོད་ཀྱི་གཏམ་རྒྱུད་བདེན་པའི་རང་གཤིས་བསྟན་པ། ༦ སྒེར་མིའི་མི་ཚེའི་ལོ་རྒྱུས། ༧ སྦྲ་རིགས་ཀྱི་མི་གྲངས་ཞིབ་བཤེར་དང་ལོ་ཚོད་གཏན་ཁེལ། ༨ མཇུག་མཐར་ལེགས་བཤད་གཏན་ལ་ཕབས་ནས་ད་ལྟའི་གནས་བབས་དང་མ་འོངས་འབྱུང་འགྱུར་གྱི་རྒྱུད་འཛིན་སྐྱོང་ཚུལ་གྱིས་མཇུག་བསྡུའོ།།
རྩོམ་ཟིན་ནས་ཇི་ལྟར་བྱ་ཚུལ།
༡ རྒྱལ་སྤྱི་རང་བཞིན་ལྡན་པར་དཔར་བསྐྲུན་བྱ་རྒྱུ། ༢ དམིགས་བསམ་སྦྲ་རིགས་ཡོངས་ལ་རིན་མེད་སྦྱིན་པ་གཏོང་རྒྱུ། ༣ མཐར་རྟེན་འབྲེལ་བཟང་པོའི་སྦྲ་རིགས་གཞིས་བྱེས་མཉམ་འཛོམས་གྱི་དགའ་སྟོན་རོལ་བ་གསུམ་ནི་ང་ཚོའི་སྨོན་ལམ་དང་རེ་བ་བཅས་ཡིན་ནོ།
ཨེ་མ་ཧོ།།
རྩ་བ་ཕ་མེས་རིག་གཞུང་རྗེས་སུ་བརྟན།།
སྡོང་བོ་བུ་རྒྱུད་རིག་པ་གོང་དུ་འཕེལ།།
ལོ་འདབ་ཆོས་དཔལ་ཤེས་ཡོན་ཡོངས་སུ་རྒྱས།།
འབྲས་བུ་འཁོར་འདས་དགེ་ལེགས་ཕུན་ཚོགས་ཤོག།
ཅེས་པ་འདི་ཡང་རབ་གནས་མེ་སྤྲེལ་ཐ་སྐར་ཟླ་བའི་དབང་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཆེན་ལ་དབྱིན་ཡུལ་ཨེ་ཝྃ་ཨ་ཏིའི་དགོན་ནས་ཤྲྰིཿཨེ་མ་ཧོས་དབྲ་རིགས་རྩོམ་གླིང་གི་ཚོགས་དམངས་རྣམས་ལ་གུས་པས་ཕུལ་བར་དགེའོ།། །།