ན་མོ་མ་ཧྰ་གུ་རུ་ཨེ་མ་ཧོ། །
ཀ་ངོ་ཨ་ངོ་ཤེས་ནས་བཟུང་སྟེ། །
ཁ་བའི་བདེ་སྡུག་སེམས་ལ་ཤར་བས། །
ག་ས་ག་བར་ལྷག་བསམ་དཀར་པོ། །
ང་ཡི་སྙིང་གི་དཀྱིལ་ནས་བརྟས་སོང་། །
ཅ་ཡི་ན་ལ་དགྲ་རུ་མཐོང་ནས། །
ཆ་ལུགས་གཙང་མ་བོད་ལྭ་གྱོན་ནས། །
ཇ་རྩམ་གྲོ་མའི་འཚོ་བ་སྐྱལ་ནས། །
ཉ་ཉོག་བཟང་པོའི་གཤིས་ཀ་ཆགས་སོང་། །
ཏ་ཐྰ་ག་ཏའི་བསྟན་པ་མཇལ་བས། །
ཐ་དག་དགེ་བའི་བསམ་པར་གོམས་ནས། །
ད་ནས་བཟུང་སྟེ་བྱང་ཆུབ་བར་དུ། །
ན་མོའི་དད་གུས་བླ་མ་དཀོན་མཆོག །
པ་ལགས་གྱ་དམར་དམག་གིས་བསད་པས། །
ཕ་མེད་དྭ་ཕྲུག་ཁེར་རྐྱང་གྱུར་དུས།
བ་གླང་ཟོག་གི་རྗེས་ལ་དེད་ནས། །
མ་རྒན་དྲིན་ཆེན་ཕྱག་རོགས་བྱས་ཡ། །
ཙ་རི་གནས་སྐོར་རྐང་ལམ་འགྲིམ་ཞིང་། །
ཚ་གྲང་ངལ་བས་ཆོས་ལམ་དཀའ་བསྐྱོད། །
ཛ་ཡའི་གདན་ས་ཕྱི་ནང་མཇལ་བས། །
ཝ་ལེར་བསམ་ན་སེམས་ཉིད་སྐྱིད་པོ། །
ཞྭ་དམར་བསྟན་པའི་ཆོས་སྒོར་ཞུགས་ནས། །
ཟ་ཧོར་མཁན་སློབ་ལྟ་སྒོམ་བརྩོན་པས། །
འ་ཅག་སྐལ་བཟང་ངེས་དོན་སྙིང་པོ། །
ཡ་མཚན་གཉུག་མ་སྙིང་གི་དཀྱིལ་འཁོར། །
ར་བ་གངས་དཀར་གྱེས་བརྡ་སྟོན་ནས། །
ལ་ལུང་མང་པོ་ཐབས་ཀྱིས་བགྲོད་དེ། །
ཤ་ཚའི་ཆོས་སྦྱིན་འགྲོ་ལ་སྤེལ་བས། །
ས་ཁྱོན་ཤར་ནུབ་ཤར་གྱིས་མཐོང་ཐལ། །
ཧ་ཅང་མཛེས་པའི་མཁར་ལ་མ་ཆགས། །
ཨ་ལགས་ཕྱུག་པོས་རྐུབ་ལ་མ་བལྡགས། །
ཧ་ཤང་བཙུན་པའི་ཆས་སུ་ཞུགས་ནས། །
ཨ་མའི་བུ་ང་ནུབ་ཏུ་འཕུར་སོང་། །
ཨི་ལྡན་དབྱངས་གསལ་མི་ཚེ་སྐྱལ་ཞིང་། །
ཨུ་ཚུགས་མི་དགོས་རང་ཚུགས་ཟིན་ནས། །
ཨེ་མ་ཧོ་ཞེས་མིང་དོན་མཚུངས་པས། །
ཨོ་རྒྱན་བླ་མའི་བཀའ་དྲིན་ཤེས་ཡོད། །
ཨ་མ་དྲིན་ཆེན་ཚེ་གཡོག་བྱེད་བཞིན། །
ཨ་ཁུའི་མི་ཚེ་ཆོས་ལ་འབད་བཞིན། །
ཨ་ལ་ལ་ཧོ་འདི་བདེ་ཕྱི་སྐྱིད། །
ཨ་ཕོ་རང་གི་སྔོན་བསགས་ལོས་ཡིན། །
མཐོ་ན་ཁེངས་དྲག་རི་བོ་འཇོམས་ཞིང་། །
དྲ་ཁང་ནང་ནས་ཁྱི་རྒན་ཉུལ་ཉུལ། །
སྨད་ན་རི་ཤན་གདམས་ངན་མགུར་གླུ། །
དབྱངས་གསལ་རོལ་མོ་འབྲུག་སྟོང་གྲགས་གྲགས། །
རྩ་གསུམ་ཆོས་སྐྱོང་ཐུགས་དམ་བསྐུལ་ཞིང་། །
མཆོག་གསུམ་རྒྱལ་བར་སྐྱབས་སུ་འཛིན་པས། །
བསླབ་གསུམ་ལྡན་པའི་སྐལ་བཟང་སློབ་ཚོགས། །
སྐུ་གསུམ་ཞིང་དུ་འདྲེན་པའི་ཕྲིན་ལས་རྒྱས་སོང་། །
ཅེས་པ་འདི་ཡང་གནས་མཆོག་འཕགས་པ་ཤིང་ཀུན་ནས་ཕྱི་ལུགས་༢༠་༡༡་༢༠༡༣་ལ་བདག་གི་སྐྱེས་སྐར་ཡིན་པར་གསེར་མདོག་ལྕང་ལོ་ཅན་གྱི་གྲོགས་པོ་འགས་འདོད་པ་བཞིན་གང་ཤར་དུ་ཤྲྰིཿ་ཨེ་མ་ཧོས་རང་གི་སྐྱེ་སྐར་ལ་དྲིན་ཆེན་ཕ་མའི་མགྲིན་ཚབ་ཏུ་དབྱིན་ཡུལ་བོད་བརྒྱུད་ནང་བསྟན་སློབ་གླིང་ནས་བྲིས་པར་དགེའོ། །