མང་ར་བ་གདུགས་དཀར་འབུམ།
རྒྱ་ནག་དང་ཨེ་ཤ་ཡ་མང་གཙོར་བསྒྱུར་རྒྱུའི་རྒྱལ་སྤྱིའི་རྒྱབ་སྐྱོར་ཚོགས་ཆེན་ནི། རྒྱལ་སྤྱིའི་ལྡོག་མེད་སྟོབས་ཤུགས་ལ་བརྟེན་ནས། རྒྱ་ནག་དང་ཨེ་ཤ་ཡའི་ས་ཁུལ་ཁག་ལ་རང་དབང་དང་འགྲོ་བ་མིའི་ཐོབ་ཐང༌། མང་གཙོ་བཅས་ཀྱི་རིན་ཐང་ཁྱབ་བརྡལ་དུ་གཏོང་བའི་རྒྱལ་སྤྱིའི་གྲོས་མོལ་གནང་སའི་གླེང་སྟེགས་ཞིག་རེད། ༢༠༠༨ལོའི་རྒྱ་ནག་དང་ཨེ་ཤ་ཡ་མང་གཙོར་བསྒྱུར་རྒྱུའི་རྒྱལ་སྤྱིའི་རྒྱབ་སྐྱོར་ཚོགས་ཆེན་དེ། ཕྱི་ལུགས ༢༠༠༨ ལོའི་ཟླ་ ༨ པའི་ཚེས་ ༤ དང་ ༥ ཉིན་གཉིས་རིང་ཉི་ཧོང་གི་རྒྱལ་ས་Tokyo-ནང་སྐོང་ཚོགས་གནང་སོང་བ་དང༌། ཐེངས་འདིའི་ཚོགས་ཆེན་ལ་འཛམ་གླིང་རྒྱལ་ཁབ་ཁག་ ༢༠ ལྷག་གི་ཚོགས་བཅར་བ་མི་གྲངས་ ༣༠༠ ཉེ་བ་ཚོགས་ཞུགས་ཀྱིས། ཉིན་གཉིས་རིང་ཕྱོགས་ཡོངས་ནས་རྒྱ་ནག་དང་ཨེ་ཤ་ཡ་མང་གཙོར་བསྒྱུར་རྒྱུའི་བརྒྱུད་རིམ་ཁྲོད་ ༢༠༠༨ ལོའི་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་མཇུག་གྲུབ་རྗེས་རྒྱ་ནག་དང་ཨེ་ཤ་ཡ་མང་གཙོ་ཅན་དུ་བསྒྱུར་རྒྱུའི་ཐད་ནུས་པ་ཅི་ལྟར་འདོན་རྒྱུའི་ཐད་ལ་བགྲོ་གླེང་ཟབ་མོ་གནང་སོང་བ་དང་ཆབས་ཅིག་ཚོགས་ཆེན་ཁག་ལ་བསྐྱར་ཞིབ་ཡང་གནང་སོང༌།
གཅིག ཐེངས་འདིའི་ཚོགས་ཆེན་ཀྱིས་འབྲེལ་ཡོད་ཚོགས་ཆེན་སྔ་མ་ཁག་ལ་གཟིགས་ཚུལ།
རྒྱ་ནག་དང་ཨེ་ཤ་ཡ་མང་གཙོར་བསྒྱུར་རྒྱུའི་རྒྱལ་སྤྱིའི་རྒྱབ་སྐྱོར་གྲོས་མོལ་ཚོགས་ཆེན་ཐོག་མ་དེ། རྒྱ་ནག་མང་གཙོ་ཡར་ཐོན་ཚོགས་པ་དང༌། རྒྱལ་མཚམས་མེད་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ། ཐེ་ཝན་མང་གཙོ་ཐེབས་རྩ་ཚོགས་པ། ཡོ་རོབ་བྷར་ལེན་ཉམས་ཞིབ་ཚོགས་པ་བཅས་ཀྱིས་མཉམ་འབྲེལ་གཙོ་སྐྱོང་འོག ཕྱི་ལུགས་ ༢༠༠༦ ལོའི་ཟླ་ ༥ པའི་ནང་འཇར་མན་གྱི་རྒྱལ་ས་ Berlin དུ་བསྐོངས་ཚོགས་ཀྱིས། ཐེངས་དེའི་ཚོགས་ཆེན་བརྒྱུད་རྒྱ་ནག་གཅིག་བསྡུ་དབང་བསྒྱུར་སྲིད་དབང་གིས་ཨེ་ཤ་ཡ་དང་དེ་ལས་ཀྱང་གཞི་རྒྱ་ཆེ་བའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་ས་ཁུལ་འདྲ་མིན་དང་རྒྱལ་སྤྱིའི་བདེ་འཇགས་ལ་ཉེན་ཁ་ཐོན་བཞིན་པ་གསལ་རྟོགས་བྱུང་སྟེ། སྐབས་དེས་ཚོགས་ཆེན་གྱིས་རྒྱ་ནག་དང་ཨེ་ཤ་ཡ་མང་གཙོར་བསྒྱུར་རྒྱུའི་ལས་འགུལ་དེ་རྒྱལ་སྤྱིའི་མང་གཙོ་ལས་འགུལ་དང་མཉམ་འབྲེལ་གྱིས། ནུབ་ཕྱོགས་མང་གཙོ་རྒྱལ་ཁབ་ཁག་དང་ཨེ་ཤ་ཡའི་ཁུལ་གྱི་གཅིག་བསྡུ་དབང་བསྒྱུར་སྲིད་དབང་ལམ་ལུགས་ཀྱི་རྒྱལ་ཁབ་ཁག་ནང་གི་མང་གཙོ་དོན་གཉེར་ཅན་ཚོའི་བར་མཉམ་འབྲེལ་གནང་རྒྱུའི་ཐད་ནུས་པ་གཙོར་འདོན་གནང་རྒྱུ་དམིགས་སུ་བཟུང་ཡོད་པ་མ་ཟད། གཞན་ཚོགས་ཆེན་དེ་བསྐངས་པ་བརྒྱུད་ད་དུང་ཉི་ཧོང་གི་ཨེ་ཤ་ཡ་དང་རྒྱ་ནག་མང་གཙོར་བསྒྱུར་རྒྱུའི་རྒྱབ་སྐྱོར་ཚོགས་པ་དང༌། ཡོ་རོབ་ཀྱི་རྒྱ་ནག་མང་གཙོར་བསྒྱུར་རྒྱུའི་རྒྱབ་སྐྱོར་གླེང་སྟེགས། འཇར་མན་གྱི་རྒྱ་ནག་དང་ཨེ་ཤ་ཡ་མང་གཙོར་བསྒྱུར་རྒྱུའི་རྒྱལ་སྤྱིའི་རྒྱབ་སྐྱོར་གླེང་སྟེགས་བཅས་སྔ་རྗེས་སུ་གསར་འཛུགས་བྱུང་ནས། རྒྱལ་སྤྱིའི་མང་གཙོ་ཚོགས་སྡེ་ཁག་མཉམ་རུབ་ཀྱིས་རྒྱ་ནག་དང་ཨེ་ཤ་ཡ་མང་གཙོར་བསྒྱུར་རྒྱུའི་ཐད་ཧུར་བརྩོན་གྱིས་རྒྱབ་སྐྱོར་གནང་རྒྱུའི་ཐད་ནུས་པ་ཐོན་ཡོད་པར་ངེས་འཛིན་གནང་བཞིན་འདུག་པ་དང༌། རྒྱ་ནག་དང་ཨེ་ཤ་ཡ་མང་གཙོར་བསྒྱུར་རྒྱུའི་རྒྱལ་སྤྱིའི་རྒྱབ་སྐྱོར་གྲོས་མོལ་ཚོགས་ཆེན་ཐེངས་གཉིས་པ་དེ། ཡོ་རོབ་རང་དབང་མང་གཙོ་མཉམ་འབྲེལ་ཚོགས་པ་དང་རྒྱལ་སྤྱིའི་རྒྱ་ནག་དང་ཨེ་ཤ་ཡ་མང་གཙོ་ཅན་དུ་བསྒྱུར་པའི་རྒྱབ་སྐྱོར་གླེང་སྟེགས། ཐེ་ཝན་མང་གཙོ་ཐེབས་རྩ་ཚོགས་པ། ཡོ་རོབ་ (Berlin) བྷར་ལེན་ཉམས་ཞིབ་ཚོགས་པ། རྒྱལ་མཚམས་མེད་པའི་གསར་འགོད་པའི་ཚོགས་པ། རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ལྟ་ཞིབ་ཚོགས་པ་བཅས་ཀྱིས་མཉམ་འབྲེལ་གཙོ་སྐྱོང་འོག ཕྱི་ལུགས་ ༢༠༠༧ལོའི་ཟླ་ ༥ པའི་ནང་ (Belgium )སྦེལ་ལྗམ་གྱི་རྒྱལ་ས་(Brussels)རྦའོ་སེལ་སའི་ནང་འཚོགས་ཡོད་ཅིང༌། ཚོགས་ཆེན་དེའི་སྟེང་རྒྱ་ནག་དང་ཨེ་ཤ་ཡ་མང་གཙོ་ཅན་དུ་བསྒྱུར་རྒྱུའི་བརྒྱུད་རིམ་ཁྲོད་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱིས་འདོན་དགོས་པའི་ནུས་པ་དང༌། ཨེ་ཤ་ཡའི་མང་གཙོའི་འཕེལ་རིམ་དང་ས་ཁུལ་བདེ་འཇགས་ཀྱི་གནས་བབས། གསར་འགྱུར་བརྒྱུད་ལམ་དང་ཆོས་ལུགས་དེད་མོས་རང་དབང༌། ༢༠༠༨ ལོའི་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་གྱིས་རྒྱ་ནག་མང་གཙོ་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་རྒྱུའི་ནུས་པ་བཅས་ཀྱི་ཐད་ལ་བགྲོ་གླེང་ཤུགས་ཆེན་གནང་བ་དང༌། ཐེངས་དེའི་ཚོགས་འདུར་བྱང་ཨ་རི་དང་ཡོ་རོབ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་མང་གཙོ་རྒྱལ་ཁབ་དང་ས་ཁུལ་ཁག་གི་གཞུང་འཛིན་དཔོན་རིགས་དང༌། རྒྱ་ནག་དང་(Vietnam )བེ་ཐི་ནེམ། བྱང་ཀོ་རི་ཡ། འབར་མ། Laos སེང་གྷ་པོར་ལ་སོགས་གཅིག་བསྡུ་དབང་བསྒྱུར་སྲིད་དབང་ལམ་ལུགས་རྒྱལ་ཁབ་ཁག་གི་གཞུང་འཛིན་པ་དང་ལྟ་སྤྱོད་མི་མཐུན་པའི་འབྲེལ་ཡོད་མི་སྣ་དང༌། ཆོས་ལུགས་ཚོགས་སྡེ་ཁག་དང་གསར་འགྱུར་བརྒྱུད་ལམ་ཚོགས་པ་ཁག་གི་འབྲེལ་ཡོད་མི་སྣ་ཚོགས་ཞུགས་གནང་ཡོད་པ་ཞིག་ལ་ངེས་འཛིན་གནང་བཞིན་འདུག་པ་དང༌། ཕྱི་ལུགས ༢༠༠༨ ལོའི་ཟླ་ ༨ པའི་ཚེས་ ༤ དང་ ༥ ཉིན་གཉིས་རིང་ཉི་ཧོང་གི་རྒྱལ་ས་ Tokyo ནང་སྐོང་ཚོགས་གནང་བའི་རྒྱ་ནག་དང་ཨེ་ཤ་ཡ་མང་གཙོར་བསྒྱུར་རྒྱུའི་རྒྱལ་སྤྱིའི་རྒྱབ་སྐྱོར་གྲོས་མོལ་ཚོགས་ཆེན་འདི་ནི་འབྲེལ་ཡོད་ཚོགས་ཆེན་ཐེངས་གསུམ་པ་དེ་ཡིན་པ་དང༌། ཚོགས་ཆེན་འདི་ཨེ་ཤ་ཡ་དང་རྒྱ་ནག་མང་གཙོ་ཅན་དུ་བསྒྱུར་རྒྱུའི་ཚོགས་པ་དང་རྒྱལ་སྤྱིའི་རྒྱ་ནག་དང་ཨེ་ཤ་ཡ་མང་གཙོ་ཅན་དུ་བསྒྱུར་པའི་རྒྱབ་སྐྱོར་གླེང་སྟེགས། ཐེ་ཝན་མང་གཙོ་ཐེབས་རྩ་ཚོགས་པ། ཨེ་ཤ་ཡ་མང་གཙོ་ཅན་དུ་བསྒྱུར་བའི་རྒྱལ་སྤྱིའི་སྤྱི་ཚོགས་གླེང་སྟེགས་བཅས་ཀྱི་གཙོ་སྐྱོང་འོག་སྐོང་ཚོགས་གནང་ཞིང༌། ཐེངས་འདིའི་ཚོགས་འདུར་ཨེ་ཤ་ཡའི་མངའ་ཁོངས་ཀྱི་གཅིག་བསྡུ་དབང་བསྒྱུར་སྲིད་དབང་ལམ་ལུགས་རྒྱལ་ཁབ་ཁག་གི་དབང་འཛིན་པ་དང་ལྟ་སྤྱོད་མི་མཐུན་པའི་འབྲེལ་ཡོད་མི་སྣ་ཁག་དང༌། བྱང་ཨ་རི་དང་ཡོ་རོབ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་མང་གཙོ་རྒྱལ་ཁབ་དང་ས་ཁུལ་ཁག་ལ་སོགས་ཀྱི་འབྲེལ་ཡོད་མང་གཙོ་དོན་གཉེར་ཅན་དང༌། སྲིད་དོན་དོན་གཉེར་ཅན། ཆེད་ལས་མཁས་པ་དང་ཤེས་ལྡན་མི་སྣ་བཅས་གདན་ཞུས་ཀྱིས་ཚོགས་ཆེན་སྟེང་གཙོ་བོ་ཕྱི་ལུགས ༢༠༠༨ ལོའི་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་མཇུག་གྲུབ་རྗེས་རྒྱ་ནག་དང་ཨེ་ཤ་ཡ་མང་གཙོ་ཅན་དུ་བསྒྱུར་རྒྱུའི་ཐད་ནུས་པ་ཅི་ལྟར་འདོན་རྒྱུའི་ཐད་ལ་བགྲོ་གླེང་ལྷུག་པོར་གནང་སོང་བ་དང༌། ཐེངས་འདིའི་ཚོགས་འདུར་འཛམ་གླིང་མང་གཙོའི་ལས་འགུལ་དྲ་རྒྱ་ཚོགས་པ་དང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ། ཨེ་ཤ་ཡ་མང་གཙོ་ཅན་དུ་བསྒྱུར་བའི་རྒྱལ་སྤྱིའི་གླེང་སྟེགས། ཡོ་རོབ་མཉམ་འབྲེལ་གྲོས་ཚོགས་ཀྱི་འཐུས་མི། ཨོ་ལིམ་པིག་ལྟ་ཞིབ་སྒྲིག་འཛུགས། རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི་དང་གཞན་པའི་གནད་ཡོད་ཚོགས་སྡེ་དང་སྒྲིག་འཛུགས་ཁག་གི་འཐུས་མི་བཅས་ནི་ཚོགས་ཆེན་གྱི་གཏམ་བཤད་པ་དང་བགྲོ་གླེང་བ་གཙོ་བའི་གྲས་ཡིན་པ་མ་ཟད། ཚོགས་འདུར་ད་དུང་ཐེ་ཝན་དང་ཧང་ཀང༌། ཤར་ཏི་ཀིར་སི་ཐན། ནང་སོག་རྒྱ་ནག་གི་དབང་བསྒྱུར་འོག་ཚུལ་ཡོད་པའི་སོག་པོ།བཅས་ཀྱི་སྐུ་ཚབ་ཡང་གདན་ཞུས་ཀྱིས་ཆེད་དམིགས་གཏམ་བཤད་པའི་གྲས་སུ་བཞག་འདུག
གཉིས། ཐེངས་འདིའི་ཚོགས་ཆེན་གྱི་བརྒྱུད་རིམ།
ཐེངས་འདིའི་ཚོགས་འདུ་ཕྱི་ལུགས ༢༠༠༨ ལོའི་ཟླ ༨ པའི་ཚེས་ ༤ དང་ ༥ ཉིན་གཉིས་རིང་ཉི་ཧོང་གི་རྒྱལ་ས་ Tokyo ནང་གི་kudankain ཚོམས་ཆེན་ནང་བསྐོངས་ཚོགས་གནང་སོང་བ་དང༌། ཚེས་ ༤ ཉིན་གྱི་སྔ་དྲོ་ཚོགས་འདུ་གཙོ་སྐྱོང་བའི་གྲས་ཨེ་ཤ་ཡ་དང་རྒྱ་ནག་མང་གཙོ་ཅན་དུ་བསྒྱུར་རྒྱུའི་ཚོགས་པའི་ཚོགས་གཙོ་དང་ཚོགས་ཞུགས་མི་སྣ་བསྡུ་སྐོང་གནང་མཁན་གཅིག་ལྕོགས། དེ་སྔ་ཉི་ཧོང་མང་གཙོ་ཚོགས་པའི་ཉི་ཧོང་གྲོས་ཚོགས་ཀྱི་འཐུས་མི་དང་ཉི་ཧོང་གི་བློན་ཆེན་གཞོན་པའི་འགན་བཞེས་མྱོང་བའི་Seshu MaKino མཆོག་དང་འཇར་མན་ (Germany)རྒྱལ་ཁབ་ཀྱི་བདེ་སྲུང་བློན་ཆེན་གཞོན་པ་ཟུར་བ་དང་རྒྱལ་སྤྱིའི་རྒྱ་ནག་དང་ཨེ་ཤ་ཡ་མང་གཙོ་ཅན་དུ་བསྒྱུར་པའི་རྒྱབ་སྐྱོར་གླེང་སྟེགས་ཀྱི་ཚོགས་གཙོ Hon. Dr.Klaus Roseམཆོག་ལ་སོགས་ཐེ་ཝན་མང་གཙོ་ཐེབས་རྩ་ཚོགས་པ། ཨེ་ཤ་ཡ་མང་གཙོ་ཅན་དུ་བསྒྱུར་བའི་རྒྱལ་སྤྱིའི་སྤྱི་ཚོགས་གླེང་སྟེགས་ཀྱི་འགན་འཛིན་བཅས་ཀྱིས་སོ་སོར་ཚོགས་ཆེན་མཛད་སྒོའི་ཐོག་མར་ཚོགས་ཞུགས་པ་ཡོངས་ལ་དགའ་བསུའི་འཚམས་ འདྲི་དང་འབྲེལ་ཚོགས་འདུ་ངོ་སྤྲོད་གནང་སོང་བ་དང༌། དེའི་རྗེས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད ྋགོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཐེངས་འདིའི་ཚོགས་ཆེན་ལ་ཆེད་དུ་བསྩལ་བའི་ལམ་སྟོན་གསུང་འཕྲིན་ཐོག་མར་ཐེངས་འདིའི་ཚོགས་འདུར་ཚོགས་ཞུགས་གནང་ཡོད་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐབས་ ༡༤ པའི་ཚོགས་གཙོ་ཀརྨ་ཆོས་འཕེལ་མཆོག་གི་ཚོགས་ཆེན་ལ་སྒྲོགས་སྦྱངས་གནང་སོང་བ་ནི། ཐེངས་འདིའི་ཚོགས་ཆེན་གྱི་གཟི་བརྗིད་ཆེ་ཤས་ཏེ་ཡིན་པ་དང་གསུང་འཕྲིན་གྱིས་རྒྱ་ནག་དང་ཨེ་ཤ་ཡ་མང་གཙོ་དང་ཞི་བདེར་བསྒྱུར་པའི་ཐད། རྒྱ་ནག་མི་རིགས་རང་སྟེང་གི་ནུས་པ་གཙཽ་བོ་གསུམ་གསལ་འདོན་གནང་འདུག་པས། ཚོགས་ཞུགས་པ་ཡོངས་ཀྱིས་ྋགོང་ས་མཆོག་གི་ལམ་སྟོན་ལ་བསྔགས་བརྗོད་ཚད་མེད་དང་བཅས་ནུས་པ་གསུམ་པོ་དེ་འཐུས་ཤོར་དུ་མ་སོང་བར་གནང་རྒྱུའི་ཐད་བགྲོ་གླེང་ཡང་ཤུགས་ཆེན་གནང་སོང༌། རིམ་པས་ཨ་རི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནན་སེ་ཕོ་ལེ་སེ་མཆོག་དང་ཉི་ཧོང་གྲོས་ཚོགས་འོག་མའི་འཐུས་མི་ Hon. Tamazawa Tokuichiro ལགས་དང་ཉི་ཧོང་གྲོས་ཚོགས་འོག་མའི་འཐུས་མི Hon. Yukio Edano བཅས་ཀྱིས་ཚོགས་ཆེན་ལ་ཆེད་དུ་བསྩལ་བའི་ལམ་སྟོན་གསུང་འཕྲིན་སྒྲོགས་སྦྱངས་གནང་གྲུབ་རྗེས། ཚོགས་ཆེན་དངོས་གཞིའི་དབུ་འབྱེད་མཛད་སྒོའི་གསུང་བཤད་དེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐབས་ ༡༤ པའི་ཚོགས་གཙོ་ཀརྨ་ཆོས་འཕེལ་མཆོག་གིས་བོད་དོན་དང་འབྲེལ་ཏེ་རྒྱ་ནག་མང་གཙོ་བསྒྱུར་བ་ཡིན་ན་ཨེ་ཤ་ཡའི་མངའ་ཁུལ་ལ་ཞི་བདེ་བརྟན་ལྷིང་འབྱུང་བ་ལ་སོགས་དོན་ཚན་བརྒྱད་ཀྱི་སྒོ་ནས་རྒྱ་ནག་མང་གཙོར་གྱུར་ན་ལེགས་པའི་ཆ་དང་བཅས་ཏེ་གསུང་བཤད་གནང་སོང་བ་དང༌། ཚོགས་ཐེངས་དང་པོར་ཉི་ཧོང་མང་གཙོ་ཚོགས་པའི་ཉི་ཧོང་གྲོས་ཚོགས་ཀྱི་འཐུས་མི་དང་ཉི་ཧོང་གི་བློན་ཆེན་གཞོན་པའི་འགན་བཞེས་མྱོང་བའི་སྐུ་ཞབས་Seshu MaKino མཆོག་གི་གཙོ་སྐྱོང་འོག ཚོགས་ཞུགས་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི་རྣམ་པས་ཅི་ལྟར་ ༢༠༠༨ ལོའི་པེ་ཅིང་ཨོ་ལིམ་པིག་རྩལ་འགྲན་རྗེས་རྒྱ་ནག་དང་ཨེ་ཤ་ཡ་མང་གཙོ་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས་ཞེས་པའི་བརྗོད་གཞིའི་སྟེང་དང༌། ཆེད་བརྗོད་པར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཀརྨ་ཆོས་འཕེལ་མཆོག་དང་ཉི་ཧོང་གྲོས་ཚོགས་འོག་མའི་སྲིད་གཞུང་དབང་འཛིན་སྲིད་ཇུས་ལྟ་ཞིབ་དང་རྩིས་ཞིབ་ལྟ་ཞིབ་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་Hon.yukio ལགས་དང་ཐེ་ཝན་གྲོས་ཚོགས་འཐུས་མི་སྐུ་ཞབས་ལིས་ཧུང་ཅུང༌། ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པ་རྒྱལ་ཁོངས་Sweden ཡིན་པ་སྐུ་ཞབས་Goran Lindbladམཆོག་དང་ཨོ་སི་ཀྲི་ལེ་ཡའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་MarkBishopམཆོག་དང༌། ཁ་ན་ཀྲའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་Rob Andersམཆོག་དང༌། ཨོ་སི་ཀྲི་ལེ་ཡའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་Michael DanTyམཆོག་བཅས་ཀྱིས་མ་འོངས་བར་རྒྱ་ནག་དང་ཨེ་ཤ་ཡའི་ནང་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་དར་སྤེལ་གཏོང་ཕྱོགས་ཀྱི་ཐད་ལ་བགྲོ་གླེང་ལྷུག་པོར་གནང་སོང་བ་མ་ཟད། ཚོགས་ཞུགས་པ་ཚོ་དང་ལྷན་དུ་ཕན་ཚུན་དོགས་གཅོད་དང་དྲི་བ་དྲི་ལན་ཀྱི་ལམ་ནས་བགྲོ་གླེང་ཤུགས་ཆེན་གནང་སོང་པ་དང༌། ཚོགས་ཐེངས་འདི་ནི་ཚོགས་ཆེན་གྱིས་རྒྱལ་སྤྱིའི་རྒྱལ་ཁབ་སོ་སོའི་ངོས་ནས་རྒྱ་ནག་དང་ཨེ་ཤ་ཡ་མང་གཙོར་བསྒྱུར་རྒྱུའི་ཐད་ལ་བཟུང་པའི་དགོངས་ཚུལ་ཤེས་རྟོགས་གནང་སའི་འབྱུང་ཁུངས་དང༌། ཚོགས་ཆེན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དགོངས་ཚུལ་ཕྱོགས་ཡོངས་ནས་བསྡུ་རུབ་གནང་ས་ཡང་ཡིན་པས། ཚོགས་ཐེངས་འདི་ལ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བགྲོ་གླེང་ཚོགས་འདུའང་ཟེར་ཞིང༌། ཐེངས་འདིའི་ཚོགས་ཆེན་གྱི་སྤྱི་ཡོངས་གྲོས་ཆོད་ཐད་གཙོ་བའི་ནུས་པ་ཐོན་ངེས་ཡིན་པ་དང༌། ཚོགས་ཐེངས་འདིའི་ཆེད་བརྗོད་པ་རྣམས་ནི་རྒྱལ་ཁབ་སོ་སོའི་གྲོས་ཚོགས་ཀྱི་འཐུས་མི་རྐྱང་ཡིན་པ་མ་ཟད། བགྲོ་གླེང་བ་རྣམས་ཀྱང་ཚོགས་ཞུགས་རྒྱལ་ཁབ་སོ་སོའི་གྲོས་ཚོགས་ཀྱི་འཐུས་མི་རྐྱང་ཡིན་པ་དང༌། རྒྱལ་སྤྱིའི་དམིགས་གསལ་ཤེས་ལྡན་པ་རེ་གཉིས་མ་གཏོགས་ཚོགས་ཐེངས་འདིའི་སྟེང་ཚོགས་ཆེན་གྱི་ཚོགས་ཞུགས་པ་མང་ཆེ་བས་གཏམ་བཤད་ཀྱི་གོ་སྐབས་མི་ལེན་ཞིང༌། ཕྱོགས་གཞན་ཞིག་ནས་བཤད་ན་ཚོགས་ཐེངས་འདི་ནི་ཚོགས་ཆེན་འདིའི་སྟེང་ཚོགས་ཞུགས་གནང་ཡོད་པའི་རྒྱལ་ཁབ་སོ་སོའི་ངོ་བོ་མཚོན་ནུས་པའི་རྒྱལ་ཁབ་གྱི་དབང་ལྡན་མི་སྣའི་ཚོགས་འདུའང་ཡིན་པས་ཚོགས་ཆེན་གྱི་དབང་ཚད་མཐོ་ཤས་ཀྱི་ཚོགས་འདུ་དེ་ཡིན་པ་རེད། ཚོགས་ཐེངས་གཉིས་པར་ཨོ་སི་ཀྲི་ལེ་ཡའི་གྲོས་ཚོགས་འོག་མའི་འཐུས་མའི་ཟུར་བ་རྒྱ་ནག་མང་གཙོ་ཅན་དུ་བསྒྱུར་རྒྱུའི་རྒྱབ་སྐྱོར་ཚོགས་པའི་མཉམ་འབྲེལ་ཚོགས་གཙོ་Victor Perton ལགས་ཀྱིས་གཙོ་སྐྱོང་འོག ༢༠༠༨ ལོའི་པེ་ཅིང་ཨོ་ལིམ་པིག་རྩལ་འགྲན་གྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཐད་བཞག་པའི་བག་ཆགས་ཞེས་པ་བརྗོད་གཞིར་བཟུང་ནས། ཆེད་བརྗོད་པར་བཙན་ བྱོལ་བོད་གཞུང་གི་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་བོད་ཀྱི་གནས་སྟངས་དང་འབྲེལ་བོད་དོན་འཐབ་རྩོད་ཀྱི་དམིགས་ཡུལ་ནི། རྒྱ་ནག་གི་རྩ་ཁྲིམས་ནང་བཀོད་ཡོད་པའི་མི་རིགས་ས་གནས་རང་སྐྱོང་གི་གནས་བབས་མཐའ་དག་ལག་བསྟར་གནང་དུ་འཇུག་རྒྱུ་དེ་ཡིན་པའི་སྐོར་དང༌། ཉིང་ཧོང་གནས་བསྡོད་ནང་སོག་མི་དམངས་ཚོགས་པའི་དྲུང་ཆེ་Khereed Khuvisgaltལགས་ཀྱི་རྒྱ་ནག་གིས་ནང་སོག་མི་དམངས་ལ་བཙན་གནོན་ བྱེད་བཞིན་པའི་སྐོར། ཉིང་ཧོང་གནས་བསྡོད་རྒྱལ་སྤྱིའི་ཤར་ཏིར་ཀི་སི་ཐན་འཐུས་མི་ཚོགས་པའི་སྐུ་ཚབ་Llham Mahmutལགས་ཀྱིས་ཤར་ཏིར་ཀི་སི་ཐན་ཀྱི་འཐབ་རྩོད་དང་མངོན་འདོད། ཨ་རིར་གནས་བསྡོད་སྤྱི་དམངས་སྟོབས་ཤུགས་སྒྲིག་འཛུགས་ཀྱི་ཚོགས་གཙོ་རྒྱ་ནག་པ་ཡང་ཅན་ལེ་ལགས་ཀྱི་རྒྱ་ནག་གཙོས་འཛམ་གླིང་མི་དམངས་ཀྱིས་སྤྱི་དམངས་གྱི་སྟོབས་ཤུགས་ལ་བརྟེན་ནས་རྒྱ་ནག་དང་ཨེ་ཤ་ཡ་མང་གཙོར་བསྒྱུར་བའི་ཐབས་ལམ་ལྔ་བཏོན་སོང་བ་དང༌། Hon.Tokyoའགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་སྐུ་ཚབ་ Kanae Dioལགས་ཀྱིས་ ༢༠༠༨ ལོའི་པེ་ཅིང་ཨོ་ལིམ་པིག་རྩལ་འགྲན་དང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཐད་བཅས་ཀྱི་ཐད་སོ་སོར་གོང་གསལ་ལྟར་གཏམ་བཤད་གནང་སོང་བ་དང༌། ཚོགས་ཐེངས་འདི་ནི་ཚོགས་ཆེན་སྟེང་རྒྱ་ནག་ནང་ཁུལ་གྱི་གནས་སྟངས་མཐའ་དག་ལ་རྟོགས་ཞིབ་དང་གནས་ཚུལ་བསྡུ་རུབ་གནས་ས་ཉག་གཅིག་དེ་ཡིན་པས། རྣམ་པ་གཞན་ཞིག་གི་ངོས་ནས་བཤད་ན་ཚོགས་ཆེན་གྱི་བཀོད་སྒྲིག་འདིས་མི་མངོན་པའི་ཚུལ་གྱིས་བོད་དང་ཤར་ཏིར་ཀི་སི་ཐན། ནང་སོག་ལ་སོགས་པ་རྒྱ་ནག་གི་ཁོངས་ཡིན་པའང་གསལ་བོར་མཚོན་པར་གནང་ཡོད། ཚོགས་ཐེངས་གསུམ་པ་དང་བཞི་བ་སོ་སོར་རིམ་པས་ཉིང་ཧོང་གྲོས་ཚོགས་འོག་མའི་འཐུས་མི་ཟུར་བ་ཨེ་ཤ་ཡ་དང་རྒྱ་ནག་མང་གཙོ་ཅན་དུ་བསྒྱུར་རྒྱུའི་ཚོགས་པའི་རྒྱུན་ལས་ལས་འཛིན་སྐུ་ཞབས་Hon.Igarashi Fumihikoལགས་དང༌། ཐའེ་ལན་ཀྲིའི་རྒྱལ་སྤྱིའི་མང་གཙོ་ལས་འགུལ་ཚོགས་པའི་རྒྱུན་ལས་སྐུ་ཞབས་Kavi Chongkittavorn ལགས་རྣམ་གཉིས་ཀྱིས་གཙོ་སྐྱོང་འོག ༢༠༠༨ ལོའི་པེ་ཅིང་ཨོ་ལིམ་པིག་རྩལ་འགྲན་གྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཐད་བཞག་པའི་བག་ཆགས་ཞེས་པ་བརྗོད་གཞིར་བཟུང་ནས་རྒྱལ་ཁོངས་ཨ་རི་བ་(Dream for Darfur)ཀྲར་ཧཕོར་རྨི་ལམ་ཚོགས་པའི་འགན་འཛིན་Ellen Freudenheim ལགས་དང་རྒྱལ་ཁོངསCzech Republicནས་ཡིན་པའི་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ལྟ་ཞིབ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་Petr Kutilek ལགས། རྒྱལ་ཁོངས་འབར་མ་ནས་ཡིན་པའི་འབར་མ་སྤུན་ཟླ་སྒྲིག་འཛུགས་ཀྱི་འབྲེལ་མཐུད་པ་ལྕམ་སྐུ་Khin Ohmar ལགས། འཇར་པན་ཆོས་འཁོར་སྒོམ་སྒྲུབ་ཚོགས་པའི་ཚོགས་གཙོ་ཉི་ཧོང་བMasaaki Tsuruzono ལགས། ཨ་རི་བ་ཨེ་ཤ་ཡ་མང་གཙོ་བཅོས་བསྒྱུར་མཉམ་འབྲེལ་གྱི་ངེས་སྟོན་པ་སྐུ་ཞབས་Paul Scott ལགས། སོག་པོ་རྒྱལ་ཁབ་ཀྱི་སྤྱི་དམངས་མཉམ་འབྲེལ་རྒྱབ་སྐྱོར་ལྟེ་གནས་ཁང་གི་འགན་འཛིན་Zannaa Jurmedལགས། ལྷོ་ཀོ་རི་ཡའི་བྱང་ ཀོ་རི་ཡར་རླུང་འཕྲིན་ཁྱབ་སྤེལ་འགན་འཛིན་སྐུ་ཞབས་Howard youngལགས། ཉི་ཧོང་གི་ཨེ་ཤ་ཡ་དང་རྒྱ་ནག་མང་གཙོ་ཅན་དུ་བསྒྱུར་རྒྱུའི་ཚོགས་པའི་དྲུང་ཆེ་སྐུ་ཞབས་Taisuke Kitai ལགས་བཅས་ཀྱིས་སོ་སོར་དགོངས་ཚུལ་ལྷུག་པོར་གསུངས་གནང་པ་དང༌། ཚོགས་ཐེངས་འདི་ནི་རྒྱལ་སྤྱིའི་ཚོགས་སྡེ་འདྲ་མིན་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་གང་ཟག་སྒེར་བ་བཅས་ཀྱི་དགོངས་ཚུལ་བསྡུ་རུབ་གནང་ས་དེ་ཡིན་པས། ཚོགས་ཞུགས་པ་ཡོངས་ཀྱིས་བགྲོ་གླེང་ཤུགས་ཆེན་གནང་དེ་མཐར་རྒྱ་ནག་ལ་ཨོ་ལིམ་པིག་རྩལ་འགྲན་གྱི་མགྲོན་བདག་སྤྲད་པ་དེས། བོད་དང་ཤར་ཏིར་ཀི་སི་ཐན་ལ་སོགས་ཀྱི་གནས་སྟངས་ཐད་རྒྱ་ནག་གཞུང་གི་ལངས་ཕྱོགས་ལ་འགྱུར་བ་མ་སོང་བ་མ་ཟད། ད་དུང་བོད་དོན་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ། གསར་འགོད་རང་དབང་ལ་སོགས་ཀྱི་ཐད་རྒྱ་ནག་གཞུང་གིས་དེ་སྔ་ཕྱི་ལོ་ ༢༠༠༡ ལོར་རྩེད་འགྲན་གྱི་མགྲོན་བདག་དང་བླངས་བྱེད་སྐབས་ཁས་ལེན་བྱས་ཡོད་པ་མཐའ་དག་ལག་ལེན་དུ་བསྟར་མ་ཐུབ་པའི་སྟེང༌། རྒྱ་ནག་གིས་ཨོ་ལིམ་པིག་རྩལ་འགྲན་ལ་ཁ་གཡར་ཏེ་རྒྱ་ནག་མི་རིགས་ཆེན་པོའི་རིང་ལུགས་ཀྱི་ལྟ་བ་ཁྱབ་སྤེལ་གྱིས་རྒྱ་ནག་ནང་དང་བོད། ཤར་ཏིར་ཀི་སི་ཐན། ནང་སོག་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་ལྡོག་རོལ་བཏང་བའི་སྡོམ་ཚིག་བཀོད་དེ་ ༢༠༠༨ ལོའི་པེ་ཅིང་ཨོ་ལིམ་པིག་རྩལ་འགྲན་དེ་ནི་རྒྱལ་སྤྱིའི་ཨོ་ལིམ་པིག་རྩལ་འགྲན་མཐུན་ཚོགས་ཀྱི་ཕམ་ཁ་ཆེན་པོ་ཞིག་ཡིན་པར་ངོས་འཛིན་གནང་སོང༌། ཚོགས་ཐེངས་ལྔ་བར་རྒྱལ་ཁོངས་ Sweden ནས་ཡིན་པ་ཡོ་རོབ་མཉམ་འབྲེལ་གྲོས་ཚོགས་ཀྱི་རྒྱུན་ལས་འཐུས་མི་སྐུ་ཞབས Goran Lindblad ལགས་ཀྱིས་གཙོ་སྐྱོང་འོག རྒྱ་ནག་གི་དར་རྒྱས་དང་རྒྱལ་སྤྱིའི་བདེ་འཇགས་ཞེས་པའི་བརྗོད་གཞིའི་སྟེང༌། ཆེད་བརྗོད་པ་ཨོ་སི་ཀྲི་ལེ་ཡའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་Mark Bishop ལགས་དང༌། ཉིང་ཧོང་གྲོས་ཚོགས་འོག་མའི་ཕྱི་སྲིད་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་Hon.Akihisa Nagashima ལགས། ཐེ་ཝན་མང་གཙོ་ཐེབས་རྩ་ཚོགས་པའི་ཚོགས་གཞོན་སྐུ་ཞབས་ཏུང་ལི་བུན་ལགས། རྒྱལ་ཁོངས་ཧཕེ་ལི་པིང་ནས་ཡིན་པའི་ཨེ་ཤ་ཡ་མང་གཙོ་ཅན་དུ་བསྒྱུར་རྒྱུའི་རྒྱལ་སྤྱིའི་གླེང་སྟེགས་ཀྱི་རྒྱུན་ལས་ལས་འཛིན་པ་སྐུ་ཞབས་Augusto Miclat ལགས་བཅས་ཀྱིས་གཙོ་བོ་ཨེ་ཤ་ཡ་དང་ནང་སྒོས་རྒྱ་ནག་གི་འདབས་འབྲེལ་རྒྱལ་ཁབ་ཁག་གི་ཆབ་སྲིད་དང་ཚོང་འབྲེལ། བདེ་འཇགས། འཚོ་གནས། ཕྱི་སྲིད་ལ་སོགས་ཀྱི་ཐད་གསུང་བཤད་དང་འབྲེལ། ཚོགས་ཞུགས་པ་ཡོངས་དང་བཅས་པས་ཕན་ཚུན་བར་དྲི་བ་དྲིས་ལན་དང་བགྲོ་གླེང་ལྷུག་པོར་གནང་སྟེ། རྒྱ་ནག་དར་རྒྱས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་དོན་དུ་ཨེ་ཤ་ཡའི་སྤྱི་ཚོགས་ནང་གཙོ་བོའི་ནུས་པ་ཐོན་བཞིན་པ་དེས་གཅིག་བསྡུ་སྒེར་གཅོད་དྲག་པོའི་ལམ་ལུགས་ཤུགས་ཆེ་རུ་སོང་ནས་འགྲོ་བ་མིའི་ཐོབ་ཐང་ལ་སོགས་བརྩི་མེད་རྡོག་རོལ་གྱི་ཉེན་ཚབ་ཆེས་པས། རྒྱ་ནག་དེ་མང་གཙོ་ཅན་དུ་བསྒྱུར་དགོས་པ་ཞིག་དང་དེ་ལྟ་བུའི་མང་གཙོ་རིང་ལུགས་ནི་ང་ཚོའི་དམིགས་ཡུལ་མ་ཡིན་པར་དེ་ནི་བྱེད་ཐབས་ཞིག་ཡིན།
དམིགས་ཡུལ་ནི་བྱེད་ཐབས་དེ་བརྒྱུད་ནས་ཚང་མར་བདེ་སྐྱིད་བསྐྲུན་རྒྱུ་དེ་རེད། དེ་ལྟར་གནང་བ་ལ་ཐོག་མར་རྒྱ་ནག་ནི་ཤར་ཕྱོགས་སམ་ཨེ་ཤ་ཡ་ཁུལ་གྱི་ཞི་བདེའི་འབྱུང་གནས་སུ་ངོས་ཟིན་པའི་ཐོག མང་གཙོའི་སྤྱི་ཚོགས་ཀྱི་ངོ་བོར་འཕོ་འགྱུར་འབྱུང་དུ་བཅུག་ནས་རྒྱལ་སྤྱི་དང་ཨེ་ཤ་ཡའི་ཁུལ་ལ་ཞི་བདེ་བསྐྲུན་དགོས་པར་ངོས་འཛིན་གནང་སོང༌། ཚོགས་ཐེངས་དྲུག་པར་ཐེ་ཝན་གྲོས་ཚོགས་འཐུས་མི་ལིས་ཧུང་ཅུང་གིས་གཙོ་སྐྱོང་འོག རྒྱ་ནག་གི་དར་རྒྱས་དང་མ་འོངས་ཆབ་སྲིད་འཕེལ་ཕྱོགས་ཞེས་པའི་བརྗོད་གཞིའི་ཐད་ཡོ་རོབ་ཏུ་གནས་བསྡོད་རྒྱ་ནག་མང་གཙོ་ཚོགས་པའི་མཉམ་འབྲེལ་དབུས་ལས་ཁུངས་ཀྱི་སྐུ་ཞབས་ཞིས་བུན་ལེ་ལགས་དང་ཨ་རིར་བརྟན་གཞི་བྱས་ཡོད་པའི་རྒྱ་ཡིག་གི་པེ་ཅིང་གི་དཔྱིད་ཀ་ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ་ཧུའུ་ཕིན་ལགས། འཇར་མན་དུ་གནས་བསྡོད་རྒྱ་ནག་མང་གཙོ་ཡར་ཐོན་ཚོགས་པའི་ཚོགས་གཙོ་ཧཕེ་ལིང་ཡོང་ལགས༌། ཧོང་ཀོང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ལས་འཛིན་སྐུ་ཞབས་ཀའོ་ཞའོ་ཀྲུང་ལགས། ཉིང་ཧོང་དུ་གནས་བསྡོད་ རྒྱ་ནག་མང་གཙོ་ཅན་དུ་བསྒྱུར་རྒྱུའི་རྒྱབ་སྐྱོར་ཚོགས་པའི་རྒྱུན་ལས་ཝང་ཅིང་ཀྲུང་ལགས་བཅས་ཀྱིས་དགོངས་ཚུལ་གསུངས་སོང་བར། ཁོང་ཚོ་ཚང་མ་རྒྱ་ནག་གི་དམར་པོའི་དབང་བསྒྱུར་ལམ་ལུགས་འོག་ཕྱི་ལོ་ ༡༩༨༩ ལོའི ༦.༤དོན་རྐྱེན་ཁྲོད་ནས་འགོ་བཙུགས་ཏེ། རིམ་པས་རྒྱ་ནག་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་སྐྱབས་བཅོལ་དུ་ཡོང་པའི་རིགས་ཡིན་པས་ཚང་མས་རྒྱ་ནག་གི་མ་འོངས་པའི་ཆབ་སྲིད་ལམ་ལུགས་དེ་ངེས་པར་དུ་མང་གཙོའི་ལམ་དུ་འགྲོ་དགོས་པ་དང༌། རྒྱ་ནག་དམར་པོ་གཞུང་ནི་ངེས་པར་དུ་རྩ་རྫོགས་བྱེད་དགོས་པའི་གཞུང་ཞིག་ཏུ་ངེས་འཛིན་གནང་དེ་གསུང་བསད་གནང་སོང་བ་དང༌། ཕྱོགས་གཞན་ཞིག་ནས་བཤད་ན་ཚོགས་ཐེངས་འདིས་རྒྱ་ནག་གི་མ་འོངས་བའི་གནས་བབས་དེ་རྒྱ་ནག་རང་གིས་གླེང་དགོས་པ་དང༌། དེ་ཡང་རྒྱ་ནག་གི་མ་འོངས་པའི་སྲིད་ལུགས་མང་གཙོ་ཅན་དུ་འགྱུར་དགོས་པ་དང༌། མང་གཙོའི་སྤྱི་ཚོགས་ཁྲོད་མང་གཙོ་ལ་མྱོང་གོམས་ཡོད་པའི་མི་སྣས་ད་གཟོད་མང་གཙོའི་སྤྱི་ཚོགས་ལ་སྣ་ཁྲིད་གནང་ཐུབ་པས། ཁོང་ཚོ་ནི་རྒྱ་ནག་གི་མ་འོངས་བའི་བདག་པོ་ཡིན་པའི་རྣམ་པའང་མི་མངོན་པའི་ཚུལ་དུ་གསལ་བར་གནང་འདུག མཇུག་ཏུ་ཉི་ཧོང་མང་གཙོ་ཚོགས་པའི་ཉི་ཧོང་གྲོས་ཚོགས་ཀྱི་འཐུས་མི་དང་ཉི་ཧོང་གི་བློན་ཆེན་གཞོན་པའི་འགན་བཞེས་མྱོང་བའི་སྐུ་ཞབས་Seshu MaKino མཆོག་དང་འཇར་མན་རྒྱལ་ཁབ་ཀྱི་བདེ་སྲུང་བློན་ཆེན་གཞོན་པ་ཟུར་བ་དང་རྒྱལ་སྤྱིའི་རྒྱ་ནག་དང་ཨེ་ཤ་ཡ་མང་གཙོ་ཅན་དུ་བསྒྱུར་པའི་རྒྱབ་སྐྱོར་གླེང་སྟེགས་ཀྱི་ཚོགས་གཙོ Hon. Dr.Klaus Roseམཆོག་ལ་སོགས་ཐེ་ཝན་མང་གཙོ་ཐེབས་རྩ་ཚོགས་པ། ཨེ་ཤ་ཡ་མང་གཙོ་ཅན་དུ་བསྒྱུར་བའི་རྒྱལ་སྤྱིའི་སྤྱི་ཚོགས་གླེང་སྟེགས་ཀྱི་འགན་འཛིན་བཅས་ཀྱིས་དོན་ཚན་དྲུག་ཅན་གྱི་ཚོགས་ཆེན་གྱི་གྲུབ་དོན་གྲོས་ཆོད་ཚོགས་ཆེན་ལ་སྒྲོགས་སྦྱངས་གནང་སོང་བའི་ཁྲོད། ཚོགས་ཆེན་གྱིས་བོད་དོན་འཐབ་རྩོད་གནང་ཕྱོགས་ཐད་བཞག་པའི་གྲོས་ཆོད་ཞིག་ཀྱང་འདུག གཞན་ཐེངས་འདིའི་ཚོགས་འདུར་འཛམ་གླིང་གི་རྒྱལ་ཁབ་ཁག་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ ༢༧ ཙམ་གྱི་སྐུ་ཚབ་ཡང་ཚོགས་ཞུགས་གནང་འདུག
གསུམ༌། ཚོགས་ཞུགས་ཀྱི་མྱོང་ཚོར།
ཀ ཐེངས་འདིའི་ཚོགས་ཆེན་ལ་ཕེབས་ཡོད་པའི་རྒྱལ་ཁབ་སོ་སོའི་གྲོས་ཚོགས་འཐུས་མིའི་ཁྲོད་ཐེ་ཝན་གྱི་འཐུས་མི་ཕུད། གཞན་པའི་གྲོས་ཚོགས་འཐུས་མི་ཐམས་བཅད་རྒྱལ་ཁབ་སོ་སོའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་ཡིན་པས། ཚོགས་ཆེན་ཀྱི་གྲོས་ཚོགས་འཐུས་མིའི་གཏམ་བཤད་སྐབས་ཚང་མས་བོད་དོན་སྐོར་དཔེ་མཚོན་དུ་བཀོད་དེ། བོད་དོན་དང་འབྲེལ་ནས་རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ། ཆོས་དད་རང་དབང་མེད་པའི་སྐོར་དང༌། བོད་ནང་གི་དམ་དྲག་གནས་སྟངས་ལ་སོགས་རྒྱུ་མཚན་དུ་གྲངས་ནས་རྒྱ་ནག་མང་གཙོར་བསྒྱུར་དགོས་ངེས་ཡིན་པའི་སྐོར་གསུང་སོང༌།
ཁ ཚོགས་ཆེན་གྱི་ཆེད་བརྗོད་པ་དང་གཙོ་སྐྱོང་བ། ཚོགས་ཞུགས་པ་ཡོངས་ཀྱིས་ཆབ་སྲིད་དང་དཔལ་འབྱོར། དམག་དོན། ཚོང་འབྲེལ། བཟོ་ལས། ཁོར་ཡུག འགྲོ་བ་མིའི་ཐོབ་ཐང༌། གཏམ་བརྗོད་རང་དབང༌། ཆོས་དད་རང་དབང༌། ཁོར་ཡུག་དང་མཁའ་རླུང་གཙང་བཟོ། མི་གྲངས། སྤྱི་དམངས་ཡོངས་འབབ། རྒྱལ་སྤྱི་དང་འདབས་འབྲེལ་རྒྱལ་ཁབ་ཁག་གི་གནས་སྟངས། ཕྱི་འབྲེལ། ཨེ་ཤ་ཡའི་གནས་བབས་སོགས་དོན་ཚན་བྱེ་བྲག་པ་རེ་རེར་རྒྱ་ནག་གིས་ཐེབས་བཞིན་པའི་དགེ་སྐྱོན་དང་གནས་བབས་མཚུངས་བསྡུར་གྱིས། དར་རྒྱས་སུ་འགྲོ་བཞིན་པའི་རྒྱ་ནག་གིས་རྒྱལ་སྤྱིའི་འཕོ་འགྱུར་དང་བྱེ་བྲག་རྒྱལ་ཁབ་སོ་སོར་ཐེབས་བཞིན་པའི་ནུས་པའི་ཐད་ལ་ཕྱོགས་ཡོངས་ནས་དཔྱད་ཞིབ་ཐེངས་གཅིག་གནང་སོང་བ་ནི་ཚོགས་ཆེན་གྱི་དགེ་མཚན་གཅིག་ཏུ་མཐོང་སོང༌།
ག ཐེངས་འདིའི་ཚོགས་ཆེན་ནི་ཆེད་དམིགས་རྒྱ་ནག་གི་གནས་བབས་ལ་བསྐྱར་ཞིབ་ཀྱིས་རྒྱ་ནག་དང་ཨེ་ཤ་ཡ་མང་གཙོ་ཅན་དུ་བསྒྱུར་རྒྱུའི་གྲོས་ཚོགས་ཡིན་པས། ཐེངས་འདིའི་ཚོགས་འདུ་གཙོ་བོའི་ཆ་ནས་རྒྱ་ནག་གི་མང་གཙོ་དོན་གཉེར་བ་ཚོ་ཆེད་དུ་མཉམ་འཛོམས་གྱིས་རྒྱ་ནག་དམར་པོ་གཞུང་གིས་ ༢༠༠༨ ལོའི་པེ་ཅིང་ཨོ་ལིམ་པེག་ལུས་རྩལ་འགྲན་ཚོགས་བསྐོང་ཚོགས་མ་བྱས་པའི་ཉིན་བཞིའི་སྔོན་ལ་རྒྱ་ནག་དང་ཆེ་ཐག་ཉེ་པའི་ས་ནས་དེར་ངོ་རྒོལ་མཚོན་པའི་གྲོས་ཚོགས་ཞིག་དང༌། གཞན་ཡང་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ ༢༠༠༨ ལོའི་པེ་ཅིང་ཨོ་ལིམ་པེག་ལུས་རྩལ་འགྲན་ཚོགས་བསྐོང་ཚོགས་མ་བྱས་པའི་ཉིན་བཞིའི་སྔོན་ལ་རྒྱ་ནག་དུ་རྩེད་འགྲན་དེ་ཚོགས་པར་འོས་བབས་མེད་པའི་རྣམ་པ་མཚོན་བྱེད་ཡང་རེད།
ང ཚོགས་ཆེན་འདི་ནི་རྒྱལ་སྤྱིའི་རྒྱབ་སྐྱོར་གྱིས་འགྲོ་སོང་བཏང་སྟེ་རྒྱ་ནག་མང་གཙོ་དོན་གཉེར་བ་ཚོར་རྒྱ་ནག་མང་གཙོ་ཅན་དུ་བསྒྱུར་རྒྱུའི་ཐད་བགྲོ་གླེང་གནང་བའི་ཚོགས་ཆེན་ཞིག་ཡིན་པའི་ཆ་ནས། རྒྱ་ནག་པ་ཚོས་ཚོགས་ཆེན་གྱི་དགོས་དམིགས་དང་ཚོགས་ཐེངས་བཀོད་སྒྲིག་ལ་སོགས་པ་ཕྱོགས་གང་ཅིའི་ཐད་ཚགས་ཚུད་པོ་བྱུང་ཡོད་ནའང༌། རྒྱ་ནག་མང་གཙོ་དོན་གཉེར་ཅན་ཚོ་ཡང་ནང་ཁུལ་ལྡོག་རྩ་གཅིག་སྒྲིལ་མིན་པ༌། ཚོགས་ཞུགས་མི་སྣ་རྒྱ་ནག་མང་གཙོ་དོན་གཉེར་ཅན་ཚོ་གདན་ཞུས་ཀྱིས་ཚོགས་ཞུགས་གནང་ཡོད་པའི་བརྒྱུད་རིམ་ཁྲོད་གསལ་བོར་རྟོགས་ཐུབ་པས། ཁོང་ཚོའི་རྒྱ་ནག་ཆེན་པོའི་བསམ་བློ་དེར་ཡང་ཆ་གཅིག་ནས་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོགས་ཤུགས་ཆེ་བའང་ཤེས་རྟོགས་བྱུང༌།
ཅ དམིགས་གསལ་ཞིག་ལ་ཐེངས་འདིའི་ཚོགས་ཆེན་སྟེང་ཆེད་བརྗོད་པ་དང་བགྲོ་གླེང་བ ཚོགས་ཞུགས་པ་ལ་སོགས་པ་ཚང་མས་ཕྱི་ལུགས་ ༢༠༠༨ ལོའི་ཟླ་ ༣ པའི་ཚེས་ ༡༠ ཉིན་ནས་དབུ་འཛུགས་གནང་ཡོད་པའི་བོད་ནང་གི་བོད་མིས་རྒྱ་ནག་གཞུང་ལ་ཞི་བའི་གྱེན་ལངས་དང༌། རྒྱ་གཞུང་གིས་མི་སྤྱོད་ལས་འདས་པའི་བོད་མིར་དྲག་གནོན་བཅས་ཀྱི་གནས་ཚུལ་མཐའ་དག་ཚོགས་ཆེན་གྱི་མགོ་འཇུག་ཆ་ཚང་ལ་ཧ་ལམ་ཚོགས་ཆེན་སྟེང་གསུང་བཤད་གནང་མཁན་ཚང་མས་གསུངས་སོང་བས། ཚོགས་ཆེན་ནང་ཆེད་དམིགས་བོད་དོན་མིན་ན་ཡང་གླེང་སློང་གནང་བ་མང་ཤས་དང་དཔེ་མཚོན་མང་ཤས་དེར་བོད་དང་འབྲེལ་བའི་དངོས་བྱུང་གནས་ཚུལ་ཁག་ལུང་འདྲེན་གནང་སོང་བར། གུས་ཆུང་བདག་ལ་ཕྱོགས་གཅིག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ད་ལོའི་བོད་དང་འབྲེལ་བའི་དངོས་བྱུང་གནས་ཚུལ་ཁག་གསལ་རྟོགས་ཐུབ་ཡོད་པ་དངོས་ར་འཕྲོད་སོང་ཡང༌། བོད་དང་འབྲེལ་བའི་དངོས་བྱུང་གནས་ཚུལ་ཁག་གསལ་རྟོགས་ཡོད་བཞིན་དུ། བོད་དོན་ཐད་རྒྱལ་སྤྱིའི་ནུས་ཤུགས་ལྡན་པའི་རྒྱལ་ཁབ་ཁག་གིས་གླེང་སློང་ཙམ་ལས་དོན་དངོས་ཀྱི་ཐག་གཅོད་ཀྱི་ནུས་པ་མི་འདོན་པའི་རྒྱུ་མཚན་ཐད་ལ་ངུ་མ་དགོད་གྱིས་སྣང་བ་གསལ་བོ་ཞིག་ཀྱང་སྤྲད་སོང་བ་ཕྱོགས་གཞན་ཞིག་ནས་ཐོབ་པའི་ཤེས་རྟོགས་གསར་བ་དང་འགྱུར་ལྡོག་གསར་བ་ཡིན།
ཆ གཞན་ཐེངས་འདིའི་ཚོགས་འདུའི་སྟེང་ད་དུང་མངོན་གསལ་དོད་པའི་རྣམ་པ་ཞིག་ཕྱིར་མངོན་ཡོད་པ་ནི། ཕྱི་རྒྱལ་ཡུལ་གྲུ་ཁག་ན་གནས་བསྡོད་རྒྱ་རིགས་མང་གཙོ་དོན་གཉེར་ཅན་ཚོས་ཀྱང༌། ད་ལྟའི་རྒྱ་ནག་དམར་པོའི་རྒྱལ་ཁབ་ཀྱི་ས་ཁྱོན་དང་བཙན་བཟུང་བྱས་ཡོད་པའི་བོད་ལ་སོགས་ཀྱི་མངའ་ཁོངས་དེ་དག་གློད་འདོད་རྩ་བ་ནས་མི་འདུག རྒྱུ་མཚན་ནི་ཚོགས་ཐེངས་གཉིས་པར ༢༠༠༨ ལོའི་པེ་ཅིང་ཨོ་ལིམ་པིག་རྩལ་འགྲན་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྗོད་གཞིར་བཟུང་ནས་ཆེད་བརྗོད་པར་བོད་དང་ནང་སོག ཤར་ཏིར་ཀི་སི་ཐན། རྒྱ་རིགས་མང་གཙོ་དོན་གཉེར་བའི་སྐུ་ཚབ་བཅས་བཀོད་སྒྲིག་གིས་བགྲོ་གླེང་གནང་སོང་བས། ཚོགས་འདུའི་རྣམ་པ་འདིས་མངོན་གསལ་གྱིས་བོད་དང་ནང་སོག ཤར་ཏིར་ཀི་སི་ཐན་བཅས་རྒྱ་ནག་གི་ཁོངས་སུ་བསྡུས་ཏེ་ས་ཁུལ་དེ་དག་གི་གནད་དོན་མཐའ་དག་རྒྱ་ནག་ནང་ཁུལ་གྱི་གནད་དོན་ཐད་བཞག་ཏེ་བགྲོ་གླེང་གནང་སོང༌། གོང་གསལ་རྣམ་པ་དེས་གུས་པར་ཆེས་མ་མཐའ་ཡང་རྒྱ་ནག་མང་གཙོ་ཅན་དུ་བསྒྱུར་རྒྱུ་དེ་བོད་རྒྱ་གཉིས་ཀྱིས་བསྒྲུབ་བྱ་ཞིག་ཏུ་བཟུང་ཆོག་ན་ཡང༌། རྒྱ་ནག་གི་མང་གཙོ་དོན་གཉེར་ཅན་ཚོར་རྒྱ་ནག་རྒྱལ་ཁབ་དེ་འཐོར་བཤིག་ཏུ་མ་སོང་བར་སྲིད་ལུགས་མང་གཙོ་ཅན་དུ་བསྒྱུར་ཐུབ་པ་བྱུང་ན་འགྲིག་འདུག་པ་དང༌། བོད་ལ་མཚོན་ན་རྒྱ་ནག་མང་གཙོ་ཅན་དུ་བསྒྱུར་བ་ཙམ་གྱིས་ཆོག་གི་མེད་པས། ད་དུང་རྒྱ་ནག་གི་མང་གཙོ་དོན་གཉེར་བ་ཚོ་དང་ང་ཚོའི་བར་ཕུགས་དམིགས་དང་འོས་འགན། གནས་བབས་སོགས་ཕྱོགས་གང་ཅིའི་ཐད་ཉིན་མཚན་གོ་ལྡོག་གི་བར་ཆད་ཡོད་པའི་རྣམ་པ་ཞིག་ངང་ངང་ཤུགས་ཀྱིས་ཤར་སོང་བ་དང་ཚོགས་ཆེན་མཇུག་སྡོམ་སྐབས་ཉི་ཧོང་གི་ཉི་ཧོང་མང་གཙོ་ཚོགས་པའི་ཉི་ཧོང་གྲོས་ཚོགས་ཀྱི་འཐུས་མི་དང་ཉི་ཧོང་གི་བློན་ཆེན་གཞོན་པའི་འགན་བཞེས་མྱོང་བའིསྐུ་ཞབས་Seshu MaKino མཆོག་གིས། མ་འོངས་བར་རྒྱ་ནག་མང་གཙོ་ཅན་དུ་གྱུར་བའི་ཉིན་མོ་དེར་ཨེ་ཤ་ཡའི་ནང་རང་དབང་གི་ལུང་བ་གསར་བ་ཞིག་མཐོང་རྒྱུ་ཡོད་ན་དེ་ནི་བོད་ཡིན་དགོས་ཞེས་པའི་མཇུག་སྡོམ་གྱི་གཏམ་བཤད་དེ་ནི་ཐེངས་འདིའི་ཚོགས་ཆེན་བརྒྱུད་ང་རང་ལ་ཐོབ་པའི་བློ་བསྐྱེད་ཉག་གཅིག་དེ་རེད།
ཕྱི་ལོ ༢༠༠༨ ལོའི་ཟླ་ ༨ པའི་ཆེས་ ༡༠ ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་ཟིན་བྲིས་སུ་བཏབ།
མིའི་ཚོགས་འདུ་ཡིན་དང་ཤོག་བུའི་ཚོགས་འདུ་ཡིན་བལྟ་རྒྱུ་ཞིག་རེད།
ཨ་རིས་ཨེ་རག་དང་ཨ་ཧྥུ་སྒ་ནི་སི་ཕན་གཉིས་དྲག་པོའི་ལམ་ནས་དམངས་གཙོར་བསྒྱུར་པ་མ་གཏོགས་ཤོག་བུའི་ཚོགས་འདུ་ཚོགས་ཏེ་བསྒྱུར་པ་མ་རེད་དོ།།
ནུས་པ་གསུམ་དང་ཐབས་ལམ་ལྔ་སོགས་གང་ཡིན་ཟིན་བྲིས་བཏབ་ཡོད་དམ། མི་སྣ་སོ་སོ་དང་མཚན་གནས་ཉུང་བསྡུས་ཤིག་གིས་འཐུས། ཁྱེད་རང་གི་ཟིན་བྲིས་འདི་གཙོ་བོ་ཚོགས་མི་དང་ཁྱེད་རང་བཅར་སའི་ཚོགས་འདུའི་གཟི་བརྗིད་ངོམ་སོ་ཙམ་རེད།
གཙོ་བོ་རྒྱ་ནག་མགོ་རྟིང་སློག་རྒྱུར་ཐབས་ལམ་དང་ནུས་པ་ག་རེ་འདུག ནུས་པ་དང་ཐབས་ལམ་དེ་དག་གིས་གྲུབ་འབྲས་མིག་མཐོང་ཅིག་ཡོང་ས་རེད་དམ། གལ་སྲིད་གྲུབ་འབྲས་ཞིག་ཐོན་རེ་འདུག་ན། དུས་ཡུན་ག་ཚོད་འགོར་བཟོ་འདུག དེ་ཚོའི་ཐོག་ལ་མཐོང་སྣང་ག་འདྲ་སླེབས་སོང་། ཟིན་བྲིས་ནང་ན་ཡོད་དམ།
ཁྱེད་རང་གིས་གང་བྲིས་པ་ཕལ་ཆེར་བ་ཚོགས་འདུའི་ཉིན་མ་རེ་རེའི་ལས་འཆར་ཡོད་པ་དེ་བོད་བསྒྱུར་བྱས་པ་ཞིག་ལས་མྱོང་ཚོར་ཅང་བྲིས་མི་འདུག ཕྱི་རྒྱལ་གྱི་ཚོགས་འདུ་གང་འདྲ་ཞིག་ཡིན་ནའང་སྔོན་ཚུན་ནས་གསུངས་བཤད་གནང་མི་དང་། བརྗོད་གཞི་དང་དུས་ཚོད་སོགས་ཀྱི་ལས་འཆར་པར་ནས་བཀྲམ་པ་དེ་ཁྱེད་རང་གིས་བོད་བསྒྱུར་བྱས་པ་ལ་མྱོང་ཚོར་ཞེས་མིང་བཏགས་པ་རེད། མགོ་སྐོར་མ་བཏང་ན་ཆོག ཚོགས་འདུ་དེ་འདྲར་ང་ཡང་བཅར་མྱོང་།
མྱོང་ཚོར་འབྲི་ན་ཚོགས་འདུ་དེས་བོད་དོན་ཐོག་ཤུགས་རྐྱེན་གང་འདྲ་ཡོང་མིན་དང་། ཐབས་ཤེས་ཡག་པོ་ག་རེ་འདུག་མིན་སོགས་འབྲི་རོགས།
རང་རེའི་ཚོགས་གཙོ་ཀརྨ་ཆོས་འཕེལ་ན་ནིང་བཞིན་ཡང་བསྐྱར་གནམ་གྲུ་ཐང་དུ་རྗེས་ལུས་མ་ཐེབས་པ་ལེགས།