དཔལ་དགྱེས་པ་རྡོ་རྗེ་ནས།
————-
ཨེ་མ་ཧོ། །
དཀོན་མཆོག་ཀུན་འདུས་ངོ་བོ་བླ་མ་རྗེ། །
བྱང་ཆུབ་སེམས་མཆོག་རང་བཞིན་ཡི་དམ་ལྷ། །
བདེ་སྟོང་ཡེ་ཤེས་ཐུགས་རྗེ་མཁའ་འགྲོ་མ། །
དབྱེར་མེད་གྲུབ་དབང་མ་ཧྰ་གུ་རུ་རྒྱལ། །
ཕྱི་སྣོད་དྭངས་བཅུད་འབྱུང་བའི་ནུས་པ་རྣམས་ཉམས་ཞིང་། །
ནང་བཅུད་སྐྱེ་འགྲོ་ལོག་རྟོག་སེམས་ཁམས་དག་འཁྲུལ་བས། །
རིག་གནས་རྩ་བ་བོར་ཞིང་ཕྱི་རོལ་དོན་གཉེར་ཚོ་མཐོང་ཚེ། །
སྙིགས་ལྔའི་འགྲོ་ཀུན་འདྲེན་པའི་དམ་བཅའ་ཞིག་ཤོར་ཐལ། །
བསྟོད་ཕྱག་དང་དམ་བཅས་མདུན་བསུས་ནས་གང་གླེང་བྱ་ནི་གང་ཟག་གཉིས་ཀྱི་སྐྱོན་ཡོན་ངོས་བཟུང་དང་དམ་པའི་ཆོས་ཡོན་ཏན་བཤད་པ་གཉིས་ལས། དང་པོ་གང་ཟག་གི་སྐྱོན་ནི། ཉེས་སྐྱོན་ཉོན་ཤེས་སྒྲིབ་པས་ཡོངས་སུ་གང་བའི་ཟག་བཅས་སྡུག་བསྔལ་དང་ལྡན་པའི་སེམས་ཅན་ཞིག་ལ་གོ ཉོན་མོངས་ལ་རྩ་ཉོན་དྲུག་དང་ཉེ་ཉོན་ཉི་ཤུ་སོགས་ཡོད་ཀྱང་གོ་བདེ་བའི་དབང་དུ་བྱས་ན་དུག་ལྔ་དུག་གསུམ་ཞེས་པ་འདི་རེད། དེ་ལ་དང་པོ་གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་མངར་རེག་བྱ་འཇམ་པ་དག་རང་ལ་ཐོབ་ ཏུ་རེ་བའི་འདོད་ཅིང་ཆགས༵་པ་དང་། དེ་ཐོབ་པ་ལ་བར་དུ་གཅོད་པ་དག་མཐོང་བའི་ཚེ་མི་འདོད་པའི་ཞེ་སྡང༵་སྐྱེ་བ་དང་། གཞན་གྱི་ཡོན་ཏན་མི་མཐོང་ཞིང་རང་ཉིད་ང་ལྷག་སྙམ་པའི་ང༵་རྒྱལ༵་དང། རང་ལས་གཞན་ལྷག་ཏུ་འགྲོ་བ་དོག་པའི་ཕྲག༵་དོག༵་དང་། །བླང་དོར་གྱི་གནས་མི་ཤེས་པ་རྨོངས་པའི་མ༵་རིག༵་པས་རང་རྒྱུད་ཡོངས་སུ་གང༵་ཞིང་ འབྲས་བུ་ཟག༵་བཅས་སྡུག་བསྔལ་གསུམ་ལ་ལོངས་སྤྱོད་པ་ཞིག་ལ་གོ ཡང་ན་རྒྱུ་ཀུན་འབྱུང་ལས་ཉོན་གྱིས་གང༵་ཞིང་། འབྲས་བུ་ཟག༵་བཅས་བདེ་བ་རློམ་པའི་འཁོར་བའི་སེམས་ཅན་ཡོངས་ལ་གོ གཉིས་པ་གང་ཟག་གི་ཡོན་ཏན་ནི། ཆགས་ཐོག་མེད་པའི་ཡོན་ཏན་མ་ཆགས་མ་སྡང་གཏི་མུག་བྲལ་བའི་དྲན་ཤེས་བག་ཡོད་ཞི་ལྷག་གམ་ འཕགས་ལམ་བྱང་ཕྱོགས་སོ་བདུན་སོགས་ཀྱིས་ཡོངས་སུ་གང༵་ཞིང་། །འབྲས་བུ་ཟག༵་མེད་ཀྱི་སྡེ་ཚན་ཉེར་གཅིག་གིས་ཡོངས་སུ་ཕྱུག་པའི་འཕགས་པའི་གང་ཟག་གོ །ཡང་ན་རྒྱུ་ལམ་བདེན་གྱི་ཡོན་ཏན་གྱིས་གང༵་ཞིང་། །འབྲས་བུ་འགོགས་བདེན་གྱི་ཟག༵་མེད་ཀྱི་ཡེ་ཤེས་དང་ལྡན་ལ་འཕགས་པའི་གང་ཟག་ཅེས་གཉིས་སོ། །མདོར་ན་ཉེས་སྐྱོན་དང་ལྡན་པའི་གང་ཟག་ཅིག་དང་ཤེས་ཡོན་དང་ལྡན་པའི་གང་ཟག་གཉིས་ སམ་འཁོར་བ་པ་དང་མྱ་ངན་ལས་འདས་པ་གཉིས་སོ། །སྡིག་པ་དང་དགེ་བ་གཉིས་ལ་བརྗོད་ཀྱང་རུང་ངོ་། ཇི་སྐད་དུ། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བ། །མ་ཆགས་མ་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བའོ་ཞེས་སྐྱོན་ཡོན་ལ་གནས་མི་གནས་ཀྱི་ས་མཚམས་ལེགས་པར་བསྟན་ཡོད་དོ། །དེས་ན་སྐྱོན་དེ་མེད་པར་བྱས་ནས་ཡོན་ཏན་ལ་སློབ་པ་དང་ཡོན་ཏན་མེད་པར་བྱས་ནས་སྐྱོན་ལ་གནས་པ་དེ་རང་རང་སོ་སོའི་ལག་ན་ཡོད་དོ། གལ་ཏེ་རང་རང་ངོས་ནས་མ་འབད་ན་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་ད་ལྟ་དངོས་སུ་ ཕེབས་ཀྱང་གང་ཟག་རང་རང་སོ་སོའི་ཉེས་སྐྱོན་དེ་ཐུབ་པ་མཆོག་གིས་ཁྲུས་བྱས་པའམ་སྡུག་བསྔལ་དག་ཕྱག་གིས་བསལ་བ་དང་ཉིད་ཀྱི་རྟོགས་པ་དེ་གཞན་ལ་སྤོ་བྱ་ནུས་པ་མིན་གསུངས་པ་དང་། འོ་ན་ཐབས་ཇི་ལྟར་བྱ་སྙམ་ན། ཆོས་ཉིད་ཞི་བ་བསྟན་པས་གྲོལ་བ་འགྱུར། ཞེས་གསུངས་པ་ལྟར་དམ་པའི་ཆོས་བསྟན་པ་དང་དེ་ཉམས་སུ་བླངས་ནས་སྒྲུབ་པས་འབྲས་བུ་ ཐོབ་ཏེ་ཐར་བ་ཐོབ་པ་ཞིག་རེད། དཔེར་ན། ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དང་། ཁྱད་པར་རང་གི་རྩ་བའི་བླ་མ་རྣམས་ཀྱིས་སྐྱོན་ཡོན་ཤེས་ནས་སྐྱོན་སྤངས་ཏེ་ཡོན་ཏན་དེ་དག་གི་གོ་འཕང་མངོན་དུ་བྱས་པ་དག་རྣམ་ཐར་ལས་ཤིན་ཏུ་གསལ། དེས་ནས་རང་གིས་རང་ལ་དྲན་ཤེས་ཀྱིས་བསྐུལ་མ་དང་བཅས་རང་ངོས་ནས་ངོ་ཚ་ཤེས་པ་ཞིག་དང་། དབྱིངས་ན་བཞུགས་པའི་རྒྱལ་བ་སྲས་བཅས་པས་ཐུགས་རྗེས་མི་མངོན་པའི་དབྱིངས་ནས་ཁྲེལ་འགྲོ་རེད་སྙམ་པའི་གཞན་ངོས་ནས་ཁྲེལ་ཡོད་པ་ཞིག མི་དགེ་བཅུ་བོ་འདི་འདྲའི་གཡོ་སྒྱུ་ངན་སྤྱོད་ལ་སྐྱོན་དུ་བལྟས་ནས་ནམ་རྒྱུན་དུ་མི་བྱེད་སྙམ་པའི་བག་ཡོད་དང་། རེ་ཞིག་བདག་གི་མི་དགེ་བའི་བྱ་སྤྱོད་ངན་པ་འདི་ལ་འཕགས་པ་ཡེ་ཤེས་སྤྱན་གྱིས་ གཟིགས་ནས་ཕྱིན་ཆད་ཆོས་བཞིན་དུ་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་ནས་སྨོན་ པ་དང་འདུན་པ་དམ་བཅའ་གསོལ་འདེབས་དང་མཐུན་འགྱུར་གནང་བར་སྙམ་པ་ཤིན་ཏུ་གལ་ཆེའོ། གལ་ཏེ་མི་དགེ་བ་ལ་སྐྱོན་དུ་མ་མཐོང་བ་ཡིན་ན་ཡོན་ཏན་དུ་ལྟ་སྲིད། དེ་ལྟར་བལྟས་ན་དལ་འབྱོར་དོན་མེད་། མི་ཚེ་སྟོང་ཟད་། ལས་འབྲས་ཆད་ལྟ། དཀར་པོ་དགེ་བ་ལ་སྡང་ཞིང་། ནག་པོ་སྡིག་པ་ལ་རྔམ་པའི་གང་ཟག་ཏུ་འགྱུར་བའི་ཉེན་ཁ་ཡོད། དཔེར་ན། བསྟན་པ་ལ་དད་པའི་སྦྱིན་བདག་ཕྱག་ཡངས་ཅན་འགའ་རེས་ཡོན་འབུལ་དང། རྒྱ་བོད་དབྱིན་རིགས་ཀྱི་ནག་ཚོང་ལས་ཐོབ་པའི་ལག་དངུལ་འབུམ་ཕྲག་འགའ་རེ་ཡོད་པའི་གང་ཟག་ཕོ་མོ་དྲོད་ཆུང་པ་འདི་ཚོས། དངོས་པོ་རྒྱུ་ནོར་དེ་ལ་དམིགས་ནས་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་གང་ཡང་མེད་ཀྱང་སྒོར་གྱིས་ཉོས་པའི་སྤྲུལ་མིང་དང་། ཐོབ་ལ་ཞེན་པའི་ཆོས་བརྒྱད་ཀྱི་མཁན་པོ་སྐྱབས་མགོན། རང་དོན་ཕུགས་སུ་བཅུགས། ལྷག་བསམ་ཁ་ལ་ཁྱེར་པའི་ཆོས་པའི་བླ་བཙོངས་ཕྱི་བརྫིག་ལ་ནང་སྟོང་པའི་འཇིག་རྟེན་པ། མིང་བཟང་པོ་བོད་ཀྱི་གྲུབ་མཐའ་དང་ཆོས་བརྒྱུད་ག་གེ་མོ་འདི་ཞེས་དམ་པའི་ཆོས་ལ་ཁ་གཡར། སྡིག་པའི་ལས་ལ་མི་ངོམས་པ་འདི་ཚོ། དངོས་སུ་དམ་པའི་ཆོས་དང་རྒྱབ་འགལ་དུ་སོང་ཞིང་མུ་སྟེགས་པའི་གྲུབ་མཐའ་འཛིན་མཁན་དུ་སྣང་། ཇི་སྐད་དུ། བོད་ཕྲུག་སྤྲེལ་ཚ་ཅོལ་ཆུང་གསར་ངེས་ཆེ། །འདོད་ཐག་ཉེ་ཞིང་བློ་རྒྱ་ཆུང་བའི་ཕྱིར། །སོགས་ནས། ཡེ་ཤེས་ལྷ་ཡི་བསྙེན་སྒྲུབ་གལ་ཆུང་དུ། །བཏང་ནས་དྲེགས་པ་མཆོད་བསྟོད་སྒྲུབ་པ་རྣམས། །ཤིན་ཏུ་ནོར་བའི་གཡང་སར་རྡོག་འཆལ་ནས། །འདི་མེད་ཕྱི་མེད་ལག་སྟོང་འཁྱམས་མཐོང་སྟེ། ཞེས་གསུངས་པ་དང་། མུ་སྟེགས་པ་འགའ་རེ་ཡང་། དཔེར་ན། བཟང་མོ་མ་ཤི་བར་དུ་ཅི་བདེར་སྤྱོད། ཤི་ན་དེ་ཡི་སྤྱོད་ཡུལ་མིན་སོགས་ཀྱི་ལོ་རྒྱུས་བཞིན་དང་། ཕྱི་ལྡིར་སྒྲ་ཆེ་ལ་ནང་སྟོང་པར་སྣང་བའི་སྔགས་པའི་རྔ་ཁོག་དང་འདྲ་བའི་དགོན་ སྡེ་ཚོ་མཐོང་ཚེ་ངུ་མ་གད་ཀྱི་སྣང་བ་ཞིག་འདུག །དམ་ཆོས་ཆོས་བཞིན་དུ་སྤྱད་དགོས་པ་ལས་དེ་ལས་ལྡོག་སྟེ་དམ་པའི་ཆོས་ཀྱི་འཇིག་ རྟེན་སྒྲུབ་པ་ནི་ཤིན་ཏུ་ཐ་ཆད་པའི་ལས་ཤིག་རེད་ཅེས་ཁོ་བོས་སྨྲའོ། སྔོན་གྱི་ལོ་རྒྱུས་དང་རྣམ་ཐར་གཟིགས་དང་གང་ཟག་ལེགས་པ་རེས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་བ་དང་། གང་ཟག་ངན་པ་རེས་བསྟན་དཀྲུགས་ཞབས་འདྲེན་བསམ་ཡུལ་ལས་འདས་པ་བཞག་པ་ཚོ་ལ་ལྟོས་དང་ཧ་གོ་ངེས་སོ། །
གཉིས་པ་དམ་པའི་ཆོས་བཤད་པ་ལ་རང་ སེམས་དེ་ལེགས་པའི་ཕྱོགས་སུ་བསྒྱུར་བའི་ཐབས་སམ་བཅོས་པ་དེ་རེད། དེ་ལ་ལེགས་ལམ་དུ་ཆོས་སམ་འཆོས་བྱེད་བཅོས་མཛད་ནི་དམ་པའི་ཆོས་ཀྱི་ཡོན་ཏན་ཡིན་ནོ། ང་ཚོའི་བློ་ནང་དུ་ཁུག་ལ་དཔྱད་བརྟག་ཡག་པོ་ཞིག་བྱས་ན། ཆོས་པ་ཡང་དག་གཅིག་ཡིན་མིན་རང་རང་སོ་སོའི་རང་བློ་རང་ལ་ལྐོག་ཏུ་མ་གྱུར་བས་བསམ་བློའི་ནང་དུ་དཔྱོད་དང་བློ་ཐག་ལེགས་པོ་ཆོད་པའི་ངེས་ཤེས་ཤིག་སྐྱེ་ངེས་སོ། ། རང་གི་རང་ཉིད་ལ་བརྩེ་བ་དང་གཅེས་དམར་ཡོད་པ་འཁོར་བའི་ཆོས་ཉིད་རེད། བརྩེ་གདུང་དེ་ཡང་བཟང་ངན་གྱི་སྐྱོན་ཡོན་མ་ནོར་བ་ཞིག་དགོས་པ་གལ་ཆེའོ། དེས་ན་རང་གི་སློབ་དཔོན་རང་བྱས་ནས་གང་ཟག་རབ་འབྲིང་ཐ་གསུམ་དེ་ཅི་འདྲ་ཞིག་ཡིན་པ་དང་། ཆོས་པ་རབ་འབྲིང་ཐ་གསུམ་དེ་ག་འདྲ་ཞིག་གིས་འབྱུང་བར་ཤེས་དགོས། དེ་སྐྱ་སེར་དང་ཕོ་མོ་ལ་ཁྱད་པར་མེད། ཐོབ་དང་གོ་ས་ལ་བཟང་ངན་མེད། ཆོས་བདག་མེད་ལ་སྙིང་རུས་སུ་ཆེ་གསུངས་པ་དེ་རེད། སྙིང་རུས་བྱེད་གཏོང་དེ་ཡང་། ཆོས་བརྒྱད་དང་ངོམས་ཆོས་མ་སོང་། གཞན་དབང་དང་ཚུལ་འཆོས་མ་ནོར། མདོ་ཤོར་དང་བྱ་བྲལ་མ་ནོར། དད་པ་དང་འདོད་པ་མ་ནོར། རང་དོན་དང་གཞན་དོན་མ་ནོར། ལྷག་བསམ་དང་གཡོ་སྒྱུ་མ་ནོར་བ་ཞིག་དགོས། དད་དང་འདོད་པ་ནོར་ན་ངན་སོང་དང་གྱོད་ཀྱི་གཞི་མ་རུ་འགྲོ། བྱམས་སྙིང་རྗེ་དང་ཆགས་པ་ནོར་ན་རང་དོན་སྒེར་སྤྱོད་དུ་འགྲོ། ཤེས་བྱ་གཤིས་ཀྱི་སྟོང་པ་དང་བློས་བྱས་ཀྱི་སྟོང་པ་ནོར་ན་ཆད་སྟོང་དམར་པོ་ལྟ་བ་རུ་འགྲོ། ཆོས་ཀྱི་དབྱིངས་དང་ཆད་ལྟ་ལ་ནོར་ན་དགེ་མེད་སྡིག་མེད་ནག་པོ་མདོ་ཤོར་རུ་འགྲོ། ཉམས་མྱོང་དང་རྟོགས་པ་ནོར་ན་མི་ནག་གི་ཆོས་བཤད་དུ་འགྲོ། བཙུན་པ་དང་ཚུལ་འཆོས་པ་ནོར་ན་གཞན་མགོ་བསྐོར་བའི་བླ་རྫུན་དུ་འགྲོ། འཁྲུལ་ཞིག་དང་བདུད་ཁྱེར་པ་ནོར་ན་རང་ཆོས་རང་གིས་བཤིག་པའི་དེད་དཔོན་དུ་འགྲོ། གྲུབ་ཐོབ་དང་ཟོག་པོ་ནོར་ན་ནང་ཆོས་ཀྱི་རྩ་བ་བརླག་ཏུ་འགྲོ། གཞན་དོན་བྱེད་པ་དང་རང་དོན་བྱེད་པ་ནོར་ན་ཁྲེལ་མེད་དུ་འགྲོ། ཐབས་མཁས་པ་དང་གཡོ་སྒྱུ་ནོར་ན་མི་ཚེ་དོན་མེད་དུ་འགྲོ་བས་གཟབ་དགོས་སོ། །ང་ཚོ་ཚང་མས་ཁ་བོད་པ་དང་ཁོག་ནང་པའི་ཆོས་པ་ཡིན་ཁུལ་བྱེད་ཀྱི་འདུག་པས། དེ་ཡིན་ན་ཚེ་འདི་ལ་མངོན་པར་ཞེན་པའི་གཉེན་པོར་དལ་འབྱོར་གྱི་མི་ལུས་རིན་པོ་ ཆེ་ཐོབ་དཀའ་བ་ཐོབ་པ་དོན་ཆེན་པོ་ཡིན་པར་ཤེས་དགོས་པ་དང། དོན་ཆེན་རྙེད་དཀའ་བ་དེ་ཆུད་ཟོས་སུ་སོང་ན་མི་ཕན་པས་དེ་སྙོམས་ལས་དང་ལེ་ལོའི་གཉེན་པོ་འཆི་བ་མི་རྟག་པ་བསམ་པ་དང་། དལ་འབྱོར་གྱི་མི་ལུས་དོན་ཡོད་པ་དེ་བཟང་ངན་སྐྱོན་ཡོན་གྱི་རང་བཞིན་ཤེས་ནས་རང་ གིས་ལས་རྒྱུ་འབྲས་ལ་བག་ཡོད་པར་བྱ་བ་མཛད་པ་དང་། སྲིད་པའི་ཟག་བཅས་ཀྱི་བདེ་བ་ལ་ཆགས་པའི་གཉེན་པོ་འཁོར་བའི་ཉེས་བསམ་པས་ངམ་ངམ་ཤུགས་ཀྱིས་འཁོར་བ་ལས་ངེས་པར་འབྱུང་བའི་བློ་རྣལ་མ་སྐྱེ་བས། རང་རྒྱུད་ལ་དད་གུས་ལྡན་པས་རང་སེམས་སྣོད་རུང་བྱ་བ་ཕྱི་སྐྱབས་འགྲོ་དང་ནང་གི་ དག་སྣང་ལ་བསྐྱེད་རྫོགས་གནད་དུ་བསྣུན་པ་དང་། ཁྱད་པར་རྒྱུ་འབྲས་མན་ངག་བདུན་ལྡན་གྱི་བློ་སྦྱང་དང་སེམས་བསྐྱེད་ལ་འབད་པས་ བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རང་རྒྱུད་ལ་སྐྱེ། ཉེས་སྐྱོན་དག་པའི་ཐབས་ཤེས་དང་རང་སེམས་གཙང་མའི་སྣང་བས་ཚོགས་བསགས་ལ་འབད། བྱིན་རླབས་འཇུག་པའི་བླ་མའི་རྣལ་འབྱོར་དག་ལ་འབད་པས་ཟབ་པ་དང་རྒྱ་ཆེ་བའི་ཉམས་ རྟོགས་རིམ་གྱིས་འཆར། སྐྱིད་ན་སྐྱིད་པས་ང་མི་རྒྱལ་བར་ལྷོད་ཆགས་སེ། སྡུག་ན་སྡུག་པས་སེམས་མི་ཞིམ་པར་སྤྲོ་སངས་སེ་བའི་ངེས་ཤེས་ཤིག་གཞན་ལ་བཤད་རྒྱུ་མེད་རུང་རང་སེམས་ལ་འཛིན་རྒྱུ་ཞིག་ངེས་པར་འོང་ངོ་། དེས་ན་ཆགས་སྡང་གིས་གཞན་དབང་དུ་མ་སོང་བར་མཚན་ལྡན་གྱི་བླ་མ་ལ་དུས་གསུམ་སངས་རྒྱས་སུ་མཇལ་དང་། གདམས་ངག་ཐམས་ཅད་རང་སེམས་འདུལ་བའི་གཉེན་པོ་གཅིག་ཆོག་མ་ཞིག་གོ་ངེས་སོ། དམ་པའི་ཆོས་ཀྱིས་ཕན་ཡོན་ནམ་ནུས་པ་ནི། ཐོས་རྟགས་ཞི་ཞིང་དུལ་བ་ཡིན། སྒོམ་རྟགས་ཉོན་མོངས་ཆུང་བ་ཡིན། གསུངས་པ་དང་། ང་ཚོའི་རང་རང་སོ་སོའི་སྒོ་གསུམ་ཞི་དུལ་ཅི་ཙམ་བྱུང་འདུག་དཔྱོད་དང་ཧ་གོ རང་གིས་དཔྱད་དང་གཉེན་པོ་བརྟེན་མ་ཐུབ་པར་དམ་པའི་ཆོས་དང་གྲུབ་མཐའ་ལ་ཁ་གཡར་བ་དང་། དམ་པའི་ཆོས་ལ་སྐྱོན་དུ་ལྟ་བ་ནི་གང་ཟག་སྒེར་མིའི་རང་སྐྱོན་མ་ཤེས་པར་རང་སེམས་མུ་སྟེགས་པའི་ལས་ཁོ་ན་ཟད་དོ། རང་རང་གི་བསམ་སྤྱོད་ལ་ལྟོས་དང་ཚེ་གང་དུས་བརྒྱའི་ཡིད་བཞིན་ནོར་བུ་རྙེད་པ་དེ་ ནོར་ངོ་ཤེས་པར་ཟག་བཅས་ལུད་ཕུང་ཁྲོད་དུ་གཡུགས་པ་འདི་ཕོད་དམ། འགྱོད་པ་མི་སྐྱེ་འམ། ཐེ་ཚོམ་མེད་པར་རང་སྣང་གང་ཤར་རང་རྒྱུད་ཆུད་ཟོས་སུ་བྱེད་པ་འདི་མཐོང་ངམ། ད་དུང་འགའ་རེར་ལྟས་ན་སྐྱབས་མགོན་བླ་སྤྲུལ་གྱི་མིང་གོ་ས་བཟུང་ནས་བྱ་སྤྱོད་བགོད་བྲོ་དག་མཐོང་ཚེ། ཚེ་འདི་ལ་ཞེན་ན་ཆོས་པ་མིན་གསུངས་ཀྱང། ཕྱིན་ཅི་ལོག་ཏུ་གོའམ་བཟུང་ནས། ཚེ་འདིའི་ལྟོ་གོས་ཁོ་ན་དང་། གཉེན་ཉེ་བའི་ཞེན་འདུན་དེ་ཞེ་ཕུག་ཏུ་བཞག་སྟེ། བླ་མ་དམ་པ་དང་། དཀོན་མཆོག་གི་དད་རྫས། དགེ་འདུན་པའི་སྤྱི་དཀོར་འཛེམ་བག་མེད་པར་རང་གི་སྤྱོད་པར་མ་ཚད་། དད་གཤིན་དཀོར་རྫས་ཀྱི་ལན་ཆགས་ཐམས་ཅད་ཅི་ནུས་སུ་བསྡུས་ཏེ་གཉེན་ཉེ་བ་རྣམས་དང་མཉམ་དུ་ལོངས་སྤྱོད་པའི་ལས་ངན་དེ་འདྲ་བྱེད་ཕོད་དམ། དེ་ནི་རང་གཞན་ཐམས་ཅད་ཀྱི་རྒྱུད་བསྲེག་ངེས་པར་ཡིན་ནོ། སངས་རྒྱས་ཀྱི་བཀའ་ལས། དཀོར་ཟས་འདི་ལྕགས་གོང་མེ་འབར་བ་ཁར་བཅུག་པ་ལས་ཉེས་པ་ཆེ་བ་གསུངས་པས། ང་ཚོ་ནང་པ་ཡིན་ཟེར་ནས་ནང་པའི་ཆོས་ལ་རྒྱབ་འགལ་དེ་འདྲ་བཟོ་ཕོད་དམ། ཇི་སྐད་དུ། ལོང་པའི་དྲུང་ན་མིག་ལྡན་ལྟར། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །རྟག་ཏུ་སྒྲིབ་མེད་སྤྱན་གྱིས་གཟིགས། །སྤྱོད་ངན་ཕག་ཏུ་མ་བྱེད་ཨང་། །གསུངས་པས་ན། མི་དྲན་དགུ་དྲན་མི་བྱེད་དགུ་བྱེད། ཉོན་མོངས་པ་གོང་འཕེལ། སྡིག་པའི་སྣོན་མ་འདི་དག་ནི། ཞལ་དཀར་ཚོགས་དྲུག་རང་གྲོལ་གྱི་ཞལ་ནས། སྡིག་པའི་ཁྲེས་པོ། ལྟུང་བའི་ཕད་བུ། དཀོར་གྱི་རྐྱལ་པ། ཆོས་བརྒྱད་ཀྱི་ཁོལ་པོ། དགེ་བའི་ཕྱོགས་ལ་བོང་ཆད་གྱེན་ལ་དེད་པ་ལྟ་བུ། མི་དགེ་བའི་ཕྱོགས་ལ་རི་གཟར་གྱི་འབབ་ཆུ་ལྟ་བུ། ཁྱོད་ཚེ་འདི་ལ་ཤི་སྦར་འཐམས་ནས། དུས་དེ་རིང་ཉི་མ་ཕན་ཆད་ལ། ལུས་ངག་ཡིད་གསུམ་དུག་གསུམ་གྱི་དབང་དུ་སོང་། མི་དགེ་བ་བཅུ་ཁོ་ནས་དུས་འདས་ཀྱང་། ད་དུང་ཆོས་པ་ཡིན་ཁུལ་བྱེད་པའི་ཧམ་པ་ཆེན་པོ་འདི་དེང་སང་གི་སྐྱེ་བོ་མི་ནག་པ་ རྣམས་ལ་འགྲོ་ཡང་། སྒྲིབ་མེད་ཡེ་ཤེས་ཀྱི་སྤྱན་དང་ལྡན་པའི་བླ་མ་དཀོན་མཆོག་ལ་འགྲོའམ་མི་འགྲོ་ སོམས་དང། ཡང་སངས་རྒྱས་ཀྱིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཉོན་མོངས་པ་བརྒྱད་ཁྲི་ བཞི་སྟོང་འདུལ་བའི་གཉེན་པོ་གསུངས་ལ། བླ་མས་ཀྱང་ཆོས་ཅི་བྱེད་ནའང་ཉོན་མོངས་པ་ཅི་ཐུལ་གྱིས་ཞེས་ཅི་ཙམ་གསུངས། གྲོགས་བཟང་པོ་འགའ་རེས་ཅི་ཙམ་ཞིག་བཤད་པ་དེ་རྣམས་ཀྱི་ཚིག་ལའང་བརྩི་འཇོག་མེད་ པར། ཞེ་སྡང་གི་མེ་འབར། འདོད་ཆགས་ཀྱི་ཆུ་འཁྲུགས། གཏི་མུག་གི་མུན་པ་འཐིབས། ང་རྒྱལ་གྱི་རི་གཟེངས། ཕྲག་དོག་གི་རླུང་འཚུབ། སེར་སྣས་འདུད་པ་དམ་དུ་དམ་དུ་སོང་ནས་ཡོད་པ་འདི་ལ་ལྟོས་དང་། སོགས་གསུངས་པ་འདི་དག་ཐམས་ཅད་དམ་པའི་ཆོས་ཀྱི་སྐྱོན་མིན་པར་གང་ཟག་སོ་སོའི་སྒྲུབ་མ་ནུས་པའི་སྐྱོན་ཁོ་ན་ཡིན་ཤེས་སླའོ། མ་ཚད་ལ་ལ་ཞིག་གིས་དམ་པ་ལ་སྒྲོ་བཀུར། འགྲོ་བ་ལ་གཡོ་སྒྱུ། ཆགས་སྡང་འཕེལ་བའི་གཏམ་ངན་དང་། གཞན་མགོ་བསྐོར་བའི་བསླུ་ཁྲིད་ཀྱི་དུས་འདའ་བའི་བྱ་སྤྱོད་འདི་དག་ནི་སངས་རྒྱས་ ཀྱི་བཀའ་ལས་མ་གསུངས། སློབ་དཔོན་དམ་པའི་མན་ངག་ལས་མ་སྟོན། བླ་མ་དམ་པའི་གདམས་ངག་ལས་མ་བཤད། ཆོས་གྲོགས་དམ་པའི་སྙིང་གཏམ་མ་ཡིན་ཡང་། སྡིག་གྲོགས་འགའ་རེ་དང་རང་སྣང་སྐྱག་ལང་ཤོར་བའི་ངན་པའི་ལོག་རྟོག རང་གི་སྙིང་ལ་རྒྱལ་གདོན་མ་རུང་པ་འདྲ་ཞུགས་སོང་བའི་ལྟ་བུ་དེ་ནི་གང་ཟག་རང་རང་ སོ་སོའི་སྐྱོན་ཡིན་ནོ། ལོག་པའི་ལམ་ལ་མཐའ་མེད་ཕྱིར། དེ་དག་འདི་ནི་སྤྲོས་བྱ་མིན་གསུངས་པ་ལྟར་གྲངས་ལས་འདས་པ་དག་ཡོད་ཀྱང་འདིར་མ་སྤྲོས་སོ། མདོར་ན་དམ་པའི་ཆོས་དེ་དག་པར་ཞིག་ཡིན་ཀྱང་དེ་ལ་ཁ་གཡར་ནས་འཁོར་བ་སྒྲུབ་པ་ནི་དམ་པའི་ཆོས་དང་འགལ་བ་ཡིན། དཔེར་ན་དོལ་རྒྱལ་ཚོགས་པའི་སྡིག་བཤེས་དེ་ཚོས་ཁ་ནས་ལམ་རིམ་གྱི་སྡོམ་པ་དང་སྐུ་ གཟུགས་ཐུགས་རྟེན་བཞེངས་པའི་ཕན་ཡོན་བཤད་ནས། དོན་གྱིས་འཇིག་རྟེན་སྒྲུབ་པའི་ཚོང་ལས། དགེ་བཤེས་བསོད་པའི་གནོད་སེམས། སྡིག་བཤེས་སྤེལ་བའི་བརྣབ་སེམས། རྒྱུ་འབྲས་མེད་པའི་ལོག་ལྟའི་གཞན་དབང་དུ་སོང་བ་ཁོ་ན་ཡིན་ནོ། ལ་ལ་ཞིག་གི་དེ་ཡང་དམ་པའི་ཆོས་ཀྱི་སྐྱོན་ཡིན་ཟེར་ན་དམ་པའི་ཆོས་ཀྱི་དོན་མ་ཤེས་པའི་རང་མཚན་དག་མ་ཞིག་མངོན་སུམ་དུ་སྣང་བ་ཡིན་ནོ། དམ་པའི་ཆོས་ཀྱི་དོན་དེ་མདོར་བསྡུས་ན་གཞན་གནོད་གཞི་བཅས་སྤངས་བ་སོ་ཐར་དང། གཞན་ཕན་གཞི་བཅས་སྒྲུབ་པ་བྱང་སེམས། བདག་གཞན་མཉམ་ཉིད་དུ་རྟོགས་པའི་དག་སྣང་འབའ་ཞིག་ལ་གསང་སྔགས་དམ་པའི་ཆོས་ཡིན་ན། དེ་འདྲའི་བསམ་སྤྱོད་ཡོད་མེད་རང་རང་སོ་སོར་རྟོག་དང་ཧ་གོ་ངེས་སོ། །ད་དུང་ལས་འབྲས་མེད་པ་འདོད་པ་དག་གིས་ངོ་ཚ་ཁྲེལ་མེད་ཀྱི་གཏམ་སྣ་ཚོགས་བཤད་པ་ དག་ལ་ཉན་ན་ཤེས་རབ་འཆལ་བའི་རྒྱུ་ཙམ་ལས་ཚེ་འདི་ཕྱི་བདེ་བའི་ཐབས་ཤེས་སུ་འགྲོ་བ་ཏིལ་འབྲུ་ཙམ་ཡང་མ་མཐོང་ངོ་། མ་ཚད་ཉིན་མོ་རྣམ་གཡེང་ངང་དུ་འཐེན་དང་ཆང་བཏུང་། མཚན་མོ་ཆགས་སྲེད་དང་གཉིད་རྨོངས་ཀྱི་དུས་འདའ། དུས་ཚོད་ཅུང་ཟད་ཡོད་པའི་ཚེ་བླ་གྲྭ་ལ་སྒྲོ་བཀུར། མཁན་སྤྲུལ་ལ་ངན་བརྗོད། འཕགས་པའི་གང་ཟག་དག་གིས་གསུངས་པ་རྣམས་ལ་དག་སྣང་མེད་དང་རང་གི་བྲིས་པ་ཚང་མ་ལ་ ཐོལ་བྱུང་དང་ལྷན་སྐྱེས་ཀྱི་སྙན་ངག་ལྟ་བུ་ཡིན་པའི་ང་རྒྱལ་དང་། ཚེ་ཕྱི་མ་རླུང་ལ་བསྐུར་བའི་མི་ཚེའི་ཉི་མ་འདས་པ་འདི་དག་གིས་འཆི་ན་ཤིན་ཏུ་ ཕངས་པ་ལ་སྙམ་མོ། དེ་དག་རང་སྡུག་རང་གིས་ཉོས་པ་ལས་ཕན་པ་གང་ཡང་མི་འདུག ། གནོད་པ་ཡང་སངས་རྒྱས་ཀྱི་བསྟན་པའི་ཞབས་དྲུད། བོད་པ་རང་གི་བླ་འཚོང་།བསྟན་པའི་དམིགས་རྐྱེན་ལ་གནོད་པ་གཏོང་བ་ལས། འདི་འདྲ་བྱེད་པ་དག་ལ་དགོས་པ་ཡང་དག་དང་རྒྱུ་མཚན་རྣམ་དག་ཅིག་ཅི་ཡང་མི་འདུག་ སྙམ་མོ། །མདོར་ན་རང་གི་རང་ལ་ཤ་ཚ་བ་དངསྙིང་རྗེ་རེ་སྐྱེ་ཤེས་ན་རང་མགོ་ཉི་མ་ཆོས་ཀྱི་ སྟོན་ནས་སྒོ་གསུམ་ཞི་དུལ་དང་། རང་རྒྱུད་བདེན་དྲང་ཡོད་པ། རྫུན་དང་གཡོ་སྒྱུ་མེད་པར། སོར་བྱང་སྔགས་སྡོམ་པ་ལ་འབད་ཅི་ནུས་དང་ཆོས་དང་རིག་གཞུང་བརྩོན་པ་ཅི་ནུས་ཀྱིས་མི་ལུས་དོན་ལྡན་ཞིག་སྒྲུབ་དགོས་པ་དེ་ཤིན་ཏུ་གལ་ཆེའོ།
འགལ་འཁྲུལ་ཅི་མཆིས་ཡེ་ཤེས་ལྷ་ལ་བཤགས། །
དགེ་བས་ཆོས་མཐུན་བསམ་པ་ཡིད་བཞིན་འགྲུབ། །
ལྟར་སྣང་ཆོས་པའི་འཁྲུལ་རྟོག་ཀུན་ཞིག་ནས། །
ཀུན་བཟང་གདོད་མའི་རང་ཞལ་མཇལ་བར་ཤོག
ཅེས་པའང་རབ་རྒྱན་སྣྲོན་ཟླའི་དབང་ཕྱོགས་རྫོགས་པ་གསུམ་པར་
ལྷོ་ཕྱོགས་ནྰ་ག་ཛུ་ནའི་དབེན་ཁྲོད་ནས་ཤྲྰི་སྨྱོན་མ་ར་ཡས་གང་དྲན་དུ་ཡི་གེ་བཀོད་པས་བསྟན་པ་དང་སེམས་ཅན་ལ་ཕན་ཐོག་པའི་རྒྱུ་རུ་གྱུར་ཅིག །
ཨོྃ་ཨྰཿཧྰུྃ་ཧྲྰིཿཤྲྰི་སརྦ་བི་ཛ་ཡནྟུ།། །།
སྤྱི་ལོ་༢༠༠༩ ༧ ༢༢་བྲིས་པ་དགེའོ། །
རྒྱ་གར་བས་བསྟན་བཅོས་རྩོམ། རྒྱ་ནག་གིས་མདོ་རྩོམ། བོད་ཀྱིས་རྒྱུད་རྩོམ་ཟེར་བ་ལྟར། མཁན་ཆེན་དཔལ་དགྱེས་པ་རྡོ་རྗེ་ལགས་ཀྱིས་རྒྱུད་གཞུང་གསར་བ་ཞིག་ལྗགས་རྩོམ་གནང་བར་བཀའ་དྲིན་ཆེ་ཞུ་བ་ཡིན།
ཐེམ་ཆེན་ལགས། བཀྲ་ཤིས་བདེ་ལེགས། གདེང་འཇོག་རྒྱ་ཆེན་དང་གཟེངས་བསྟོད་གནང་བར་བཀའ་དྲིན་ཆེའོ། གུས་ཤྲྰིས་ཕུལ། །
བརྩེ་ལྡན་གྱི་གྲོགས་པོ་ཚོ།
ན་མོ་གུ་རུ་བྷོ་དྷི་ཙིཏྟ་ཡེ། །
བྱམས་བརྩེའི་ཕ་མ་རྒ་བའི་མཐའ་མར་འདས། །
དགའ་བརྩེའི་ཉེ་འབྲེལ་འཛིན་པའི་མཐའ་མར་སྤངས། །
སྙིང་བརྩེའི་གྲོགས་མཆེད་འདུས་པའི་མཐའ་མར་འབྲལ། །
དད་བརྩེའི་བླ་མ་འབྲལ་མེད་རྟག་ཏུ་རྒྱལ། །
བདེན་རྫུན་གྱི་དབྱེ་བ་དང་། བཟང་ངན་གྱི་ཤན་འགྱེད་པ་འདི་ནི་ཤིན་ཏུ་གལ་ཆེའོ། དེས་ན་དགའ་སྡུག་གི་རྣམ་གྲངས་ཇི་སྙེད་པ་དེ། དངོས་ཡོད་གནས་ཚུལ་ཐམས་ཅད་དྲང་བདེན་ཡོད་ན་ལས་ཀྱི་མཐའ་དཀར། རྒྱུ་འབྲས་ཞིབ་ན་དོན་བཟང་གསུངས་པས། ང་ནི་བླ་རྒན་ཞིག་ཡིན་པས་ཚུལ་གྱིས་ཞུས་ན། ང་ལ་མངོན་མཁྱེན་དང་ཐོབ་ཐང་མེད། ཁེར་རྐྱང་གི་མི་ཚེ་ཕྱེད་མཚམས་ནས་ས་མཐའ་རུ་ཉུལ། རྒྱ་དམར་པོས་སུན་སྣང་སྟེར། ཆོས་དམ་པས་དྲན་གདུང་བསྐྱེད། གྲོགས་ཀྱི་བསྐུལ་མས་ས་མཐའ་རུ་འགྲིམས། ཡུན་ཐུང་འགྲུལ་བཞུད་ལ་བརྟེན་ནས་རྒྱ་ཁབ་སོ་བདུན་ཙམ་མཐོང་། ས་མཐའ་ནས་ས་མཐར་འགྲིམ་པ་ལ་དགོས་པ་ཡོད། རང་ཡུལ་གྱི་རྒྱལ་ཁབ་དེ། གནམ་རྒན་མོའི་འོག་ཏུ་ཤོར། ཆོས་སྲིད་ཀྱི་སྤྱོད་བཟང་དེ། ཏང་ཡན་གྱི་ལག་ཏུ་ཡོད། སྤྲེལ་ལད་དཀོར་གཟན་འགས་བྱ་བ་ནི་གནས་ལུགས་འཚོལ་མི་ཤེས་པར་དུད་འགྲོ་རྗེས་སུ་སོང་། རྒྱང་རིང་མི་མཐོང་བའི་རིག་གནས་མེད་པས་མཚན་མོ་གྱུར། འཇིག་རྟེན་པ་ཚོས་དགོན་པའི་མགོ་འཛིན་བྱས། དགོན་པ་པས་འཇིག་རྟེན་སྒྲུབ་པའི་དུས་ཤིག་ཚེས་ཚེ། དམ་པའི་སྐྱེས་བུ་རྣམས་ཁྱི་གླན་ལྟ་བུ་འཁྱམས། བསྟན་འཛིན་ཕལ་ཆེར་ཞི་བར་གཤེགས། དྲང་བདེན་ཁྱད་དུ་གསོད། འབྲོག་པས་ཕྱུགས་བརླག ཞིང་པས་ཞིང་སྟོང་། རྒྱ་གྲོང་རྒྱ་བསྐྱེད། སྤང་ལྗོངས་ས་ནག་ཏུ་བསྒྱུར། བྲག་དཀར་ལ་རྒྱ་ལམ་གཏོད། དགོན་གནས་དམག་གི་བཟུང་། ཤ་རིགས་དང་འབུ་ཁྱི་མི་ཡི་ནག་ཚོང་དར། གོས་སྨྲིག་གྱོན་ནས་ཁེ་ལས་སྒྲུབ་པ་དང་། ཕོ་སུ་བཟང་གཡོ་སྒྱུ་མཁན་ལ་རྩི་བ། ཕ་ནོར་ཕྱི་ལ་བཙོང་། ཤོག་ལུད་རིམ་ལ་བཅུག རྒྱུ་ནོམ་པས་བཤད་སྒྲུབ་འཛིན་པའི་དུས་ཚོད་ལ། སྤང་ཀློག་གལ་ཆུང་དུ་བཞག མཁས་བཙུན་ཡོན་ཏན་ཅན་ཚོ་ལ་གོ་ས་མེད། ལས་ངན་པས་དུད་ཆང་ངོམས་མེད་རོལ་བའི་ལས་བྱེད་དང་མགོ་གཙོ་དག་མཐོང་བ་དང་། རང་ཡུལ་ནི་རྒྱ་ཡིས་བཟུང་། མི་ཡུལ་འགྲིམ་པའི་རྒྱུ་མཚན་གཙོ་བོ། བཞི་བརྒྱ་ནད་ཀྱི་རྩ་བ། དམར་ནག་གྱོད་ཀྱི་གཞི་མ་དེ། ལས་འབྲས་མེད་པའི་དམར་པོའི་ལྟ་བ་དང་རིག་གནས་ཀྱི་གྲུབ་ཆ་མེས་པོའི་བླ་སྲོག་དག་འཕྲོག་པ་དེ་རེད་དོ། །
ང་ལ་ནི་རྨི་ལམ་གྱི་རྐྱེན་བྱུང་། བླ་མས་བཀའ་གནང་ཐོབ། རྒྱལ་པོས་བསྐུལ་མ་མཛད། དཔོན་པོས་ངོས་ལེན་བྱས། རྒྱ་བོད་དབྱིན་གྱི་གྲོགས་པོ་ཚོས་སྐྱོར་མ་ལ་བསྟེན་ནས་ཕྱིའི་དཔལ་འབྱོར་དང་འགྲོ་སྡོད་ལ་དཀའ་ངལ་གང་ཡང་མ་བྱུང་བར་བོད་ཕྱི་ནང་གི་བསྟན་འགྲོ་ཡང་ཕན་ཐོག་ཅུང་ཟད་བྱེད་ཐུབ་སོང་ངོ་། །
ད་ནི་མཐོང་བྱེད་ཀྱི་དབང་པོ་མི་གསལ། འཛིན་བྱེད་ཀྱི་ཤེས་པ་མི་དྭངས། རྒ་བའི་ལ་བརྒལ། ན་བའི་གནར་གཅོད་ལ་ལྟས་ན་འཆི་བའི་གྲོང་སྒོ་རུ་འགྲིམ་རེན་ན་ཡང་། མི་འགྱོད་པའི་གདེང་། མི་སྐྱོ་བའི་སྐྱིད་ནི་བོད་རང་ཡུལ་དང་ཕྱི་ཡུལ་ན་དམ་པ་འགའ་རེ་ནི་གསེར་ས་འོག་ན་ཡོད་ཀྱང་འོད་ནམ་མཁའ་ཟེར་བའི་དཔེ་བཞིན། འདོད་པས་མ་གོས། སྡང་བས་མ་གནོད། སོ་ཐར་གྱི་ངེས་འབྱུང་། བྱང་སེམས་ཀྱི་སྙིང་རྗེ། གསང་སྔགས་ཀྱི་དག་སྣང་། རིག་གནས་ཀྱི་འབྱུང་ཁུངས། མ་འོངས་པའི་རྒྱལ་ཚབས། ཕུགས་འདུན་གྱི་རྡོ་རིང་། ཤེས་རབ་ཀྱི་ཉི་མ། སྙིང་རྗེའི་ཟླ་བ། ལ་རྒྱ་ཡི་གངས་རི། ཤ་ཞེན་གྱི་ཕུ་ནུ་གྲངས་ལས་འདས་པ་འདུག་པས་དགའ་བཞིན་དང་སྨོན་བཞིན་དུ། ཡུན་མི་འགྱིངས་བར་མུན་པ་མེད་པའི་ཡུལ་ཁམས། །སྡུག་བསྔལ་མེད་པའི་ཞིང་ཁམས། ཡིད་སྨོན་ཤོར་བའི་བདེ་བ། འགྱུར་བ་མེད་པའི་ཆོས་མཆེད། ཐུགས་རྗེ་ཅན་གྱི་མགོན་པོ། ཕྱོགས་རིས་མེད་པའི་བླ་མ་དམ་པའི་དྲུང་དུ་འགྲོ་འདོད་ཞིག་བྱུང་། རྨི་ལམ་གྱི་འཛུམ་མདངས། འོད་གསལ་གྱི་སྣང་ཆ། ཐོལ་བྱུང་གི་རྣམ་རྟོག་འགའ་ལྷག་སོང་ངོ་།
ད་ཁ་ཆེམས་ཞིག་ཞུས་ན། བདེན་དྲང་ཡོད་པ། མཐོང་རྒྱ་དང་ཕུགས་འདུན་ཡོད་པས། གངས་རིའི་ལྗོངས་ཀྱི་སྲོལ་རྒྱུན་དང་དུང་སེམས། ཐུགས་མཐུན་དང་ཁྲིམས་གཙང་། སློབ་བརྩོན་དང་ལྷ་བསམ། །ཞི་བདེ་དང་རང་དབང་ཡོད་པའི་རྒྱལ་ཁབ་ཅིག་ལ་རེ་བ་འཆང་། སྤྱོད་པས་སྐྱོང་། ཕྱི་བ་དང་ནང་པ་མ་ནོར་། གྲུབ་མཐའ་དང་ཁྱིམ་མཐའ་མ་ནོར། ངན་ལོང་དང་རྟུལ་ཕོད་མ་ནོར་། བླ་མ་དང་རྫུན་མ་མ་ནོར། སྤྲུལ་སྐུ་དང་མིང་རྐུ་མ་ནོར་། གྲྭ་བ་དང་དྲྭ་བ་མ་ནོར། ལྷག་བསམ་དང་ཁ་ཡག་མ་ནོར། དགོན་པ་དང་ཁྲམ་པ་མ་ནོར། རྒྱ་ནག་དང་དགྲ་ནག་མ་ནོར། སྤྱི་དོན་དང་སྒེར་དོན་མ་ནོར། ཁ་ཟས་དང་ངན་དུག་མ་ནོར། བཟང་སྤྱོད་དང་ངན་སྤྱོད་མ་ནོར་བར་གཟུར་གནས་བློ་ལྡན་དོན་གཉེར་གྱིས་ཆོས་དང་རིག་གཞུང་ལ་ཐོས་བསམ་བསྒོམ་པས་སྨོན་འདུན་ཡོད་པ། དམ་བཅའ་བརྟན་པ་ཞིག་སྙིང་ནས་རེ་བ་ཡིན།
མི་ཚེ་ཉི་མ་དབང་གི་རི་བོར་སླེབས། །
རྒ་བའི་གཉེར་མས་གདོང་དང་མཚན་མ་ཁེབས། །
ན་བའི་ཟུག་ཟེར་སྒྱུ་ལུས་ཆ་ཚང་གནར། །
མི་ཡུལ་སྡོད་པའི་གོ་སྐབས་དབང་མེད་སོང་། །
༢༠༠༩ ༧ ༢༧ ལ་སྨན་ཁང་ཞིག་ནས་ཤྲྰིས་ཅི་དྲན་དུ་གུས་ཕུལ། །
སྙིང་ནས་བརྩེ་བའི་དད་དམ་ཅན་གྱི་ཆོས་མཆེད་དམ་པ་ཚོ།
ང་རང་གིས་སྔོན་ནས་དམ་བཅས་པ་བཞིན་༧གྲུབ་དབང་ཡིད་བཞིན་ནོར་བུའི་དགོངས་པ་ཆོས་དབྱིངས་སུ་བསྡུས་སུ་ཟིན་ཀྱང་། རྗེས་དྲན་གསོལ་འདེབས་རེ་རྩོམ་གནང་ན། རྗེས་འཇུག་སློབ་མའི་བསོད་ནམས་སུ་འགྱུར་བས་ན། དེབ་གཅིག་དཔར་སྐྲུན་བཟོ་ངེས་པར་ཡིན་པས་རང་མོས་སྙན་རྩོམ་མམ་རང་སྣང་གང་ཤར་གྱི་རྗེས་དྲན་རེ་གནང་བར་མཁྱེན་ཞེས་ཡང་སྐྱར་དུ་བསྐུལ་བར་ཞུས་པ་ལགས་སོ། །ཆོས་མཆེད་འགའ་རེས་ཕྱག་འཕྲིན་འབྱོར་སོང་བས་ཐུགས་རྗེ་ཆེ། བོད་ཟླ་དགུ་བའི་སྔོན་ལ་ཕྱག་འཕྲིན་མ་འབྱོར་ན་དེབ་ཀྱི་ནང་དུ་གཞག་གི་མེད་པས་དེ་ལུགས་མཁྱེན་ནོ།
འཕྲིན་བྱང་khenchenlama@yahoo.com
དཔལ་དགྱེས་པ་རྡོ་རྗེས་གུས་ཕུལ། །
འ་ཁ་ཁ་ ཡང་དགྱེས་པ་རྡོར་རྗེས་འདི་ན་ཁེར་བཤད་རྒྱབ་ནས་བསྡད་འདུག ད་རྒན་འགོ་ཆགས་སོང་ན་དཀའ་ཡ འདི་ལྟར་ཁེར་བཤད རྐྱང་རྒྱབ་ནས་བསྡད་ཡོད་ནི་རེད། འདིས་ཀྱང་མི་རྟག་པ མི་བརྟན་པ འཇིག་པ། སྡུལ་བསྔལ་བ་ཅིག་གོ་ཡོང་གི འ་སམ་སྰ་ར།། །།
ནམ་རྒྱུན་དུ་ཁྱད་གསོད་མཁན་གྱི་གཞོན་ནུ་ཟླ་མེད་དམ་ཁྲེལ་མེད་ཁྱེད་ཨ་ཕ་དང་ཨ་མའི་འི་སྔོན་ནས་སྐྱག་ལོང་ཤོར་བས་རྒན་པོ་ལ་ཆོས་བཤད་གནང་བ་ཐུགས་རྗེ་ཡང་། རྒན་པ་ཡིད་མུག་མ་གཏོང་བཀུར་སྟིས་སྐྱོང་ཞེས་པ་གོ་ལོག་ཏུ་འཛིན་པའི་གཞོན་ནུ་ཁྲེལ་མེད་ཁྱོད་ཀྱིས་ཁ་ལ་ཉན་ནས་སྡད་པ་ལས། རྒན་པོ་ཤི་ན་དགའ། ཁ་ཁོག་མཚུངས་ན་ཆོས་བཤད་ཡིན་ཀྱང་ཁ་ཁོག་དང་ལྟ་སྤྱོད་མི་མཚུངས་པའི་གཞོན་ནུ་ཁྲེལ་མེད་ཀྱིས་ད་རྒན་འགོ་ཆགས་སོང་ན་དཀའ་ཡ འདི་ལྟར་ཁེར་བཤད རྐྱང་རྒྱབ་ནས་བསྡད་ཡོད་ནི་རེད། འདིས་ཀྱང་མི་རྟག་པ མི་བརྟན་པ འཇིག་པ། སྡུལ་བསྔལ་བ་ཅིག་གོ་ཡོང་གི འ་སམ་སྰ་ར།། །། ཞེས་ཆོས་བཤད་ཁུལ་དེ་ཁྱོད་རང་རང་གི་ཕ་མ་ལ་འགྲོ་ན་ཐང་ཡང་མ་གཏོགས་རྣམ་དཔྱོད་བློ་གྲོས་ཅན་གྱི་རྒན་པོ་ཚོ་བཤད་ན་གོ་ངེས་སོ། ། དྲྭ་ཁང་འདིར་བཟང་ངན་གོ་ནོར་བ་ཕལ་ཆེ་བ་སྣང་ཡང་གཞོན་ནུ་ཟླ་མེད་ཀྱིས་རྒན་པོ་ཁེར་རྐྱང་ལ་སེམས་ཁུལ་གནང་བ་ཐུགས་རྗེ་ཆེ།
བླ་མ་མཁྱེན་ནོ། །ཆོས་དབྱིངས་ཁྱབ་བརྡལ། །
ན་མོ་གུ་རུ་དྷརྨྰ་ཀྰ་ཡ་ཡེ། །
གདོད་མའི་མགོན་པོ་ཆོས་སྐུ་ཀུན་བཟང་གི་ངོ་བོ། །
རང་སྣང་ལོངས་སྤྱོད་རྫོགས་སྐུ་རྡོར་སེམས་ཀྱི་རང་བཞིན། །
སྣ་ཚོགས་སྨིན་གྲོལ་བཀོད་པའི་མཆོག་སྤྲུལ་གྱི་ཐུགས་རྗེ། །
ཀུན་འདུས་བྱ་བྲལ་ཆོས་དབྱིངས་ཁྱབ་བརྡལ་ཁྱེད་མཁྱེན་ནོ། །
སྙིགས་དུས་སེམས་ཅན་དུག་ལྔའི་བསྟན་འཛིན་གྱི་རྒྱལ་པོ། །
རྩོད་ལྡན་སྐྱེ་བོས་ཆོས་བརྒྱད་ལུས་ངག་གི་སྐྱབས་མགོན། །
ཚུལ་འཆོས་རྟགས་ཙམ་འཛིན་པའི་ངུར་སྨྲིག་གི་བླ་གྲྭ།།
ཀུན་གྱིས་ཟླ་མེད་རྒྱལ་བསྟན་མཛེས་རྒྱན་གྱི་རྒྱལ་བ།།
ཚེ་གཅིག་སངས་རྒྱས་ཐོབ་པའི་རྫོགས་ཆེན་གྱི་རྣལ་འབྱོར། །
རེ་དོགས་འཁྲུལ་བ་ཞིག་པའི་མཚན་ལྡན་གྱི་བྱ་བྲལ། །
འཇིག་རྟེན་ཆོས་བརྒྱད་བྲལ་བའི་ངེས་དོན་གྱི་དགེ་བཤེས། །
ཀུན་མཁྱེན་རྗེས་འཇུག་གསུངས་ཀྱང་ཀུན་འདུས་ཀྱི་ཁྱབ་བདག །
ཆོས་རྗེ་བླ་མ་དམ་པས་ཐུགས་སྨོན་གྱི་དེད་དཔོན། །
མི་ལ་ཞལ་དཀར་ལས་ལྷག་གདན་གཅིག་གི་བླ་མ། །
སྲས་བཅས་རྒྱལ་ཀུན་དགྱེས་པའི་ཟུང་ཐུབ་ཀྱི་བློ་གྲོས། །
ལྟ་སྤྱོད་ཀུན་མཚུངས་ཆོས་དབྱིངས་ཁྱབ་བརྡལ་ཁྱེད་མཁྱེན་ནོ། །
མཆོག་འཛིན་ཞེན་བྲལ་རྨི་ལམ་ངང་ཚུལ་དུ་གཟིགས་ཀྱང་། །
ཆོས་འཆད་སྒོམ་སྒྲུབ་ཉིན་མཚན་བར་མེད་དུ་མཛད་ནས། །
དམ་ཆོས་ཚུལ་བཞིན་སྤེལ་བའི་ཞི་བདེ་ཡི་མཁན་པོ། །
དམ་པའི་མཚན་ཉིད་ཀུན་ལྡན་ཆོས་ཁྱབ་ཁྱེད་ཁོ་ན། །
དད་གུས་ཞེ་ས་བྱས་ན་བཀའ་སྐྱོན་དང་ཞལ་མཚར། །
ང་རྒྱལ་རྒྱགས་ཆེ་རྣམས་ལ་ངོ་ཚ་དང་སུན་འབྱིན། །
ཉམ་ཐག་སྤྲང་པོའི་ཕ་མ་བྱམས་བརྩེ་ཡི་རང་མདངས། །
གྲགས་རྒྱུགས་སྟོང་འུར་མེད་པའི་ཚུལ་གནས་ཀྱི་བླ་མ། །
ས་ཐོབ་སེམས་དཔའི་སྤྲུལ་མིང་བདག་གིར་ཡང་མ་མཛད། །
མཛད་ཕྲིན་སྲས་བཅས་རྒྱལ་བའི་ཀུན་བཟང་ལ་སྤྱོད་པ། །
མཉམ་ཉིད་ཕན་བདེའི་དགའ་སྐྱིད་ཚོགས་བསགས་ལ་རོལ་བའི། །
གཞན་དོན་རླབས་ཆེན་མཛད་པའི་རི་ཁྲོད་པ་མཁྱེན་ནོ། །
ཀུན་མཁྱེན་ཡབ་སྲས་གཞུང་དང་བཀའ་གཏེར་གྱི་མན་ངག །
ཀུན་མཁྱེན་མི་ཕམ་གསུངས་རྟོགས་བོད་སྤྲུལ་གྱི་རྒྱལ་ཚབས། །
ཀུན་མཁྱེན་རོང་ཟོམ་སྤྲུལ་བ་འཁྲུལ་མེད་དུ་གྲགས་ཀྱང་། །
ཀུན་མཁྱེན་རྒྱལ་བའི་གསུང་བཞིན་ཀུན་སྤྱོད་ཉིད་རྨད་བྱུང་། །
མཁྱེན་ཡངས་དག་པ་རབ་འབྱམས་ཆོས་དོན་ཀུན་མཐོང་ནས་། །
མཁྱེན་བརྩེ་ནུས་པས་འཁོར་བའི་སྡུག་བསྔལ་དག་སེལ་བ། །
ངེས་དོན་འཇམ་དཔལ་དཔའ་བོའི་རྣམ་འཕྲུལ་དུ་བྱོན་པ། །
སྔ་འགྱུར་བསྟན་པའི་སྒྲོན་མེ་ས་སྤྱོད་ཀྱི་སངས་རྒྱས།།
སྙིགས་ལྔའི་རང་རྟགས་སྒྲོ་སྐུར་ངན་སྨོད་ཀྱིས་གནར་ཀྱང་། །
གངས་ཅན་སྙིང་ནོར་དམ་ཆོས་སྣང་མེད་དུ་གྱུར་དུས། །
ཞུམ་མེད་ཐུགས་བསྐྱེད་དཔལ་ལྡན་བླ་མ་ཡི་རྣམ་ཐར། །
དམ་པའི་རང་གཤིས་ངོམས་པ་ཆོས་སྲིད་ཀྱི་སྙིང་ནོར། །
ཕྱི་ལྟར་དུས་འགྱུར་ནག་པོས་མནར་གཅོད་ཀྱིས་མ་གནོད། །
ནང་ལྟར་ཆོས་སྒྲུབ་འགལ་རྐྱེན་འཚུབ་རླུང་གིས་མ་འདས། །
གསང་ཆེན་བླ་མེད་རྣལ་འབྱོར་ངོ་མཚར་གྱི་མཛད་པས། །
གསང་གསུམ་གཡོ་བ་མེད་པའི་ངེས་དོན་གྱི་སྐྱབས་མགོན། །
བྱ་བྲལ་བླ་མ་དམ་པ་སྙིང་དབུས་ནས་འདུད་དོ། །
བྱ་སྤྱོད་ཆོས་མཐུན་བསྟན་འགྲོའི་དོན་ཆེན་ཞིག་འགྲུབ་ནས། །
རྒྱལ་དང་རྒྱལ་སྲས་བཟང་པོ་སྤྱོད་པ་ཡི་སྨོན་ལམ། །
ཇི་བཞིན་འགྲུབ་པའི་དམ་བཅའ་གསོལ་འདེབས་ཞིག་ཞུའོ། །
ཞེས་པ་༢༠༠༩ ༨ ༡༦ ལ་རྨི་ལམ་ཞིག་ལ་བརྟེན་ནས་གསེར་རྟ་བྱ་བྲལ་མཁན་པོ་ཆོས་དབྱིངས་ཁྱབ་བརྡལ་
དྲན་པ་དང་སྐྱབས་འགྲོའི་སྨོན་ལམ་འདི་ཡིད་ལ་ཅི་ཤར་དུ་བཅོས་བསྒྱུར་མེད་པར་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་གསོལ་བ་འདེབས་པར་དགེའོ། ། ཤྲྰི་སརྦ་བི་ཛ་ཡནྟུ། །
དཔལ་དགྱེས་པའི་རྡོ་རྗེ་ལགས།
ཁྱེད་ངོ་མ་སྤྱི་ལ་ཕན་པའི་ལས་ཀ་ཞིག་བྱེད་འདོད་ན། བླ་མ་ལ་སྤྲེལ་ལད་ལྟ་བུའི་སྙན་རྩོམ་ཕན་མེད་དེ་ཚོ་བཏོན་པ་ལས། དངོས་ནས། བློ་གསར་ཤེས་བྱར་འཇུག་པའི་དཔེ་དེབ། དཔེར་ན། གློག་ཀླད་ནང་བོད་ཡིག་གྱི་དྲ་རྒྱ་བཟོ་སྟངས། དེ་བཞིན། བོད་ཡིག་བཀོལ་སྟངས་སོགས་པར་སྐྲུན་བྱས་ན། ཁྱེད་ཚོའི་དགོན་པའི་སློབ་བུ་དེ་ཚྲོར་ཡང་ཕན།
དེ་མིན། དབྱིན་ཇི་སྦྱོང་སྟངས་དང་། བོད་ཡིག་གི་རྩོམ་ཡིག་འབྲི་སྟངས་སོགས་ཀྱི་ཤེས་བྱ་ལྡན་པའི་དེབ་དཔར་ན། དངོས་ནས་སྤྱི་ཚོགས་ལ་ཕན་གྱི་རེད།
འཛམ་གླིང་འདིའི་ནང་བླ་མ་ལ་བསྟོད་པའི་དཔེ་ཆ་མང་ཤོས་བོད་པ་ཚོ་ལ་ཡོད། ཡིན་ནའི་དེ་ཚོས་ཅི་ཕན། ངོ་མ་ཡིན། ཅི་ཕན། ཁྱེད་ཕ་ཡུལ་རྒྱ་འོག་ལ་ཤོར་ནས། གཅེས་པའི་བོད་རིགས་སྤུན་ཟླ་ཚོ་བཙོན་ལྟ་བུའི་བོད་ཡུལ་ལ་གནས་པའི་སྐབས་ལ། བླ་མའི་བསྟོད་པ་བྲིས་ནས་ཕན་ནམ། ངོ་མ་ཡིན།
མ་ཟད། གཞུང་ཆེན་དང་འགྲེལ་ཆེན། བློ་སྦྱོང་། ལམ་རིམ་སོགས་ཕར་ཕུད་པའི་བླ་མའི་བསྟོད་པ་དེ་ཚོས། བློ་སྦྱོང་བ་དང་། སེམས་ཆོད་པར་ཕན་ནམ། ཆོས་ཕྱོགས་ཀྱི་བྱ་བའི་ཐོག་ནས་བལྟས་ཀྱང་། བླ་མའི་བསྟོད་པ་དེ་ཚོད་ཅི་ཕན།
ང་ཆུང་ཆུང་སློབ་གྲྭ་འགྲོ་སྐབས་ཅིག་ལ་དགུ་རོང་དོན་གྲུབ་རྒྱལ་གྱི་༼བསྟོད་པ་བཀླགས་པའི་འཆར་སྣང༽ཟེར་བ་ཅིག་ཀློག་མྱོང་། དེ་ཡང་འདི་འདྲ་ལ་བསུན་པ་ཡིན་རྒྱུ་རེད།
ཡ་ད་ཡིན་ན་དཔལ་དགྱེས་པ་རྡོར་རྗེ་ཚང་འདི་ཐུགས་རྒྱལ་བཞེངས་པ་འདྲ་འདུག རིག་མ་དེ་གང་ལ་བུད་སོང་ནས་ན། རིག་མ་མ་ཡོང་བར་དུ་འདིའི་ཐུགས་རྒྱལ་འཇགས་ཐུབ་ནི་མ་རེད་ཡའ། འ་ལ་སྐུ་རྩེད་ཞུས་པ་ཡིན།
ཀ་དག་ཀ་དག་ཟེར་ནས་དག་རྒྱུ་མེད།།
ག་ལེ་ག་ལེ་སྦྱང་ན་དག་འགྲོ་ཡ།།
ཁ་དོན་ཁ་དོན་ཟེར་ན་འདོན་རྒྱུ་མེད།།
ང་རྒྱལ་འགོང་བོ་བཅོམ་དང་དེ་གས་འགྲིག།
ཅ་དག་ཅ་དག་ཟེར་ན་མི་ཤེས་ལ།།
ཆ་ལུགས་དུས་དང་འཚམ་ན་ཅ་དག་ཡིན།།
འོ་ཡང་འདི་བ་ཚང་གིས་ངས་ཁོང་གི་ཐུགས་དགོངས་དཀྲུགས་ན་དགོངས་པ་ཆོས་དབྱིངས་སུ་སྟོན་གི་ཡིན་ཟེར། བླ་མ་སྐྱོ་བ་ཅན་ཟེར་ནོ་རེད་ཡ། ངས་ཁྱོད་ལ་ཡ་མ་བྱས་ན་མི་སུ་གང་གིས་ཀྱང་འདི་ན་ཁྱོད་ལ་ཡ་བྱེད་མཁན་མེད་ཀ དེ་བས་ངས་ཁྱོད་ལ་ཡ་བྱས་ན་རིན་ཐང་སྤྲད་དེ་དྲ་ཁང་འདིར་བརྟན་བཞུགས་ཕུལ་གྱི་ཡོད་པ་མི་ཤེས་ཀ ད་འདི་གོ་བ་མེད་མཁན་ཟེར་ནོ་རེད་ཡ
དགྱེས་པ་རྡོར་རྗེ་ཁྱོད་བདེན། ང་ཕ་མའི་བདུན་ནས་སྐྱག་ལང་ལ་ཤོར་བའི་མི་ཅིག་ཡིན་ལ། རྒན་འགོ་ཚོའི་མདུན་ནས་སྐྱག་ལང་ལ་ཤོར་བའི་མི་ཅིག་ཀྱང་ཡིན་པས་ངས་ཁྱོད་ལ་མུ་མཐུད་སྐྱང་ལང་བཤད་ཀྱི་ཡིན། ད་ཁྱོད་བསུན་ན་ཡང་ང་བཀོད་པ་མེད་གི་ཡ།
དངོས་ནས་བཤད་ན་ང་རང་གི་ངོ་ནས་རྒན་པོ་བསམ་ཤེས་དང་གཞོན་ནུ་ཁྲེལ་མེད་གཉིས་ཀ་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན། རྒན་པོ་ང་ད་སྐབས་དཀོན་མཆོག་གི་བཀའ་དྲིན་གྱིས་ཤི་མ་སོང་བས་གངས་རིའི་ལས་དབང་ལ་བསམ་ནས་སྨྲེ་ངག་རེ་འདོན་རྒྱུ་ཡིན་བསམ་བྱུང་། །
༄༅། །དྲང་བདེན་གྱི་སྨྲེ་ངག་དིར་དིར །
ན་མོ་གུ་རུ་ཀརྨ་མ་ར་ཡེ། །
རྒྱལ་ཀུན་སྤྱི་གཟུགས་པདྨ་ཀ་ར་ཡི་རྣམ་སྤྲུལ། །
རྒྱལ་བསྟན་སྤེལ་མཁས་བྷོ་དྷི་ས་ཏྭ་ཡི་ཕྲིན་ལས། །
རྒྱལ་སྲས་འཇམ་དཔལ་དཔའ་བོ་ཁྲི་སྲོང་རྗེའི་རྣམ་རོལ། །
རྒྱལ་མཆོག་ལྷ་མིའི་རྣམ་འདྲེན་སྙིང་དབུས་ནས་འདུད་དེ། །
རྒྱལ་ཀུན་དགྱེས་པའི་ཀུན་བཟང་སྤྱོད་པ་ལ་སྨོན་ནོ། །
ཀ་ལྷུན་ཟུང་འཇུག་རིག་སྟོང་མཉམ་ཉིད་ཀྱི་ལྟ་བ། །
བསྐྱེད་རྫོགས་ཟུང་འཇུག་གསལ་སྟོང་དབྱེར་མེད་ཀྱི་སྒོམ་པ། །
སྣང་སྲིད་ཟུང་འཇུག་སྣང་སྟོང་འཛིན་མེད་ཀྱི་ལམ་འབྲས། །
སྣང་སྟོང་ཟུང་འཇུག་བདེ་སྟོང་དམིགས་མེད་ཀྱི་ལམ་རིམ། །
ལྟ་སྒོམ་སྤྱོད་འབྲས་གཙོར་འདོན་རིས་མེད་ཀྱི་ནང་པ། །
ཡང་གསང་རྫོགས་ཆེན་རྣལ་འབྱོར་འཇའ་ལུས་སུ་གཤེགས་པ། །
ལྷན་གཅིག་ཡེ་ཤེས་ཕྱག་རྒྱས་ཚེ་གཅིག་གི་སངས་རྒྱས། །
འཛིན་མེད་རང་གྲོལ་མཐོང་བ་ས་ཐོབ་ཀྱི་སེམས་དཔའ། །
རྟེན་འབྲེལ་ལམ་རིམ་ཟབ་མོས་དགའ་ལྡན་གྱི་རྒྱལ་སྲས། །
ཡང་དག་ལམ་བཟང་འབད་པ་ལྷ་མི་ཡི་རྟེན་ཐོབ། །
འཇིགས་བྲལ་བདེན་རྫུན་འབྱེད་པའི་གླིང་དཀར་གྱི་དཔའ་བོ། །
མཁས་བཙུན་བཟང་གསུམ་ལྡན་པའི་མཚན་ལྡན་གྱི་དགེ་བཤེས། །
འཆད་རྩོད་རྩོམ་གསུམ་སྤེལ་བའི་ཚད་ལྡན་གྱི་སྐྱ་སེར། །
བྱམས་བརྩེ་དྲང་བདེན་མངའ་བའི་བོད་རིགས་ནི་ཡང་དག །
ལ་རྒྱ་རང་གཤིས་འགྱུར་མེད་མི་རབས་དག་སྣང་ངོ་། །
སྐྱོན་བྲལ་ཡོན་ཏན་ཀུན་རྫོགས་བོད་བརྒྱུད་ཀྱི་ནང་བསྟན། །
སྐྱོན་ཅན་དུག་ལྔའི་གྲུབ་མཐའ་ཕྱི་རོལ་བའི་ལྟ་གྲུབ། །
སྐྱོན་མེད་སྐྱོན་ཅན་སྒྲུབ་པ་སྒེར་སྤྱོད་ཀྱི་སྤྱི་ཚོགས། །
རྒྱ་བོད་དབྱིན་རིགས་ཚོ་ལ་ཁྱད་པར་ཞིག་མི་འདུག །
གང་ཟག་ལས་ཉོན་གཞན་དབང་གྱུར་པ་ཚོ་གཟིགས་ཤིག །
དོལ་རྒྱལ་ཚོགས་པས་ལམ་རིམ་ལུས་ངག་གི་སྐྱབས་འགྲོ། །
སི་ཞྭ་ནང་འཁྲུག་གདམས་ངག་ཁ་ཁྱེར་གྱི་བྱང་སེམས། །
དབང་ཆོསས་བཀའ་གནང་འཁོར་འཛིན་འཇིག་རྟེན་གྱི་བྱ་བཞག །
དོན་སྤྱོད་སྤྱི་མཐུན་མགོ་སྐོར་ནམ་མཁའ་ཡི་རིག་འཛིན། །
བཟང་ངན་བྱ་སྤྱོད་མ་བརྟག་འཁྲུལ་ངན་གྱི་བག་ཆགས། །
རྒྱུ་ནོར་ཁོ་ན་བསམ་པའི་ཁྲེལ་མེད་དང་གཡོ་སྒྱུ། །
བསླུ་མེད་ལས་འབྲས་མ་བསམ་ཧོར་བདུད་ཀྱི་བསྟན་བཅོས། །
ང་རྒྱལ་རང་ལུགས་སྤེལ་བའི་མཁན་སྤྲུལ་གྱི་ལག་ཁྱེར། །
རྒྱ་བལ་སྤྲང་པོའི་མདུན་ན་གཟི་བརྗིད་ཀྱི་རྡོ་མཁར། །
དོན་མེད་ཉིན་མཚན་འདའ་བའི་སྤྲེལ་ལད་དག་མཐོང་སོང་། །
དྷར་སའི་ཆོས་གླིང་དྷརྨྰ་ར་ཛ་ཡི་ཕྲིན་ལས། །
ཡིད་བཞིན་ནོར་བུ་དམ་པ་རང་ལག་ལ་ཡོད་ཀྱང་། །
ནོར་བུ་བྱི་དོར་གཅེས་ནོར་མི་བྱེད་མཁན་མཐོང་ཚེ། །
གཏོར་གཤིག་ཚོགས་པ་བཤད་ཀྱང་དེ་ཀ་རང་ལགས་ཞེས། །
དྲང་བདེན་སྨྲེ་ངག་དིར་དིར་མགྲིན་ལམ་ནས་ཤོར་ཐལ། །
༢༠༠༩ ༨ ༡༨ ལ་ཤྲྰི་སྨྱོན་པས་བོད་ཀྱི་གསར་འགྱུར་འགའ་དང་
ཁ་བརྡ་དྲྭ་བ་མཐོང་བའི་རྐྱེན་ལས་ཅི་དྲན་དུ་བྲིས་པའོ། །
ཨ་རོ། ང་ཐོན་ཡོད།
ཀ་ཁ་སུམ་ཅུའི་འབྲི་ཀློག་མ་ཤེས་པར། །
ཁ་བའི་བུ་ཕྲུག་ཡིན་ཞེས་གཞན་སྐད་ཀྱིས། །
ག་སར་སྒྲོགས་པའི་ཡིན་མདོག་ཚ་པོ་རྣམས། །
ང་ཅག་བོད་ཀྱི་རྐང་འདྲེན་མིན་ན་ཅི། །
ཅ་དག་སྐད་དང་ཡི་གེ་རྒྱང་དུ་དོར། །
ཆ་ཚང་རིག་གནས་བཅུ་པོ་སྣང་མེད་པར། །
ཇ་ཆང་ཐ་མག་རིན་གོང་མཐོ་དམའ་དང༌། །
ཉ་ཤ་ཁྱི་ཤ་གླེང་བའི་ཞབས་འདྲེན་སྐྱོ། །
ཏ་ཐཱའི་བསྟན་འདི་སྔོན་ཐོན་གེགས་རྡོ་ཞེས། །
ཐ་མ་སྐྱེ་བོ་རྣམས་ཀྱི་རྗེས་འབྲངས་ནས། །
ད་དུང་ཕ་མེས་བསམ་བློ་རུལ་སངས་བརྗོད། །
ན་ཆུང་བསམ་མེད་དེ་ཚོ་རིགས་ཀྱི་ནོངས། །
པ་ཕའི་སྡུག་གི་ཁྲོད་ནས་སྐྱིད་མྱོང་ཡང༌། །
ཕ་རྒན་བླུན་པོའི་སྤྱོད་ཚུལ་འདི་འདྲ་ཞེས། །
བ་སྤུའི་གྲངས་ལ་འགྲན་པའི་ངན་དཀྲུ་བའི། །
མ་རབས་འདི་ཚོ་རིགས་ཀྱི་སྣ་རྫོད་རེད། །
ཙ་ཙིག་མ་བྱིན་ལེན་པ་སྤྱོད་ལོབས་ཤིང༌། །
ཚ་ཚ་ན་ནའི་ནང་དམེ་རེ་བྱེད་པའི། །
ཛ་ཧཱུྃ་ཕཊ་ཀྱིས་བསྒྲལ་རྒྱུའི་ལས་ངན་ཚོས།།
ཝ་མོའི་གཡོ་སྒྱུ་བཟུང་བ་རིགས་ཀྱི་མཚང། །
ཞ་བོ་འོན་པར་སྡང་མིག་ཆེར་བགྲད་ནས། །
ཟ་ལ་ཁད་ཀྱི་ཉམས་ཤིག་སྟོན་པ་ཡི། །
འ་ཅག་རིགས་ཀྱི་མི་བུ་ཐ་མ་འགས། །
ཡ་གི་མི་ཆེན་མཐོང་ཚེ་ལྡག་ལ་ཁད། །
ར་བ་གངས་ཀྱིས་བསྐོར་བར་སྐྱེས་ན་ཡང༌། །
ལ་ལུང་ཡུལ་གྲུ་གཞན་པའི་སྲོལ་སྦྱོང་ནས། །
ཤ་ཟན་བོད་ཀྱི་སྲོལ་རྙིང་མཁོ་མེད་ཅེས། །
ས་ནས་འུར་གྱིས་སྒྲོགས་པ་རྐང་འདྲེན་ནོ། །
ཧ་ལམ་ད་ལྟའི་དུས་འདིར་ཆེར་མཐོང་བའི། །
ཨ་རོག་བོད་མི་འགའ་ཡི་བྱ་སྤྱོད་འགའ། །
ཧ་ཅང་མཁས་པར་རློམ་ཏེ་བྲིས་མིན་མོད། །
ཨ་ལ་སྐྱོ་སེམས་ཆེ་བས་བྲིས་ལེ་ཡིན།
འདི་ཡག་པོ་བཤད་འདུག