༼ངས་འདི་ལྟར་གླེང་འདོད་ཅིང་། ངས་འདི་ལྟར་བསམ་བཞིན་ཡོད།༽
བསོད་ནམས་དབང་ཆེན།༼ཝཱཎ༽
༈ གངས་ཅན་མགོན་པོ། ངེས་པ་དོན་གྱི་གནས་ལུགས་ཀྱི་ཐོག་ནས་བཤད་ན་གངས་ཅན་མགོན་པོ་ནི་སྐྱེ་འཆི་ལ་རང་དབང་ཡོད་ཅིང༌། བགྲེས་རྒུད་ལས་སྔར་ནས་འདས་ཟིན་ཡོད་རྒྱུ་རེད། ང་ཚོའི་མགོན་པོ་ཁོང་གི་སྐུ་ཚེའི་ལོ་རྒྱུས་ཀྱི་ལེའུ་རེ་རེ་ན་སྐྱེ་བ་ནས་སྐྱེ་བའི་ཕྲེང་བའི་བར་དུ་བོད་འབངས་ཡལ་བར་མ་དོར་བའི་ས་ཆེན་སེམས་པའི་སྒྱུ་འཕྲུལ་གྱི་ལྟད་མོ་འཁོད་ཡོད་ཅིང༌། འདོད་རྒུར་ཡིད་བཞིན་འཇོ་བ་མིན་པའི་སོ་ནམ་པའི་ཁྱིམ་ཚང་དཀྱུས་མ་ཞིག་གི་འཚོ་བ་ཡང་འཁོད་ཡོད། དུས་རབས་ཏེ། བརྒྱ་ཕྲག་ཉེར་ཅིག་གི་ཞིང་འདིར་གངས་ཅན་མགོན་པོའི་རང་སྣང་གི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་དེ་བདེ་སྟོང་མཉམ་པ་ཆེན་པོའི་ཏིང་འཛིན་ཀྱིིས་མྱོས་ཡོད་སྲིད་ཀྱང༌། གཞན་སྣང་ཕུང་པོ་ལྔ་དང་རྣམ་ཤེས་ཚོགས་དྲུག་ལ་བཏགས་པའི་གངས་ཅན་མགོན་པོ་ནི་བདེ་སྡུག་གི་ཚོར་བ་ལས་འདས་པ་ཞིག་ཏུ་བསམ་མི་རུང༌། སྐྱིད་སྣང་ངམ། ཡང་ན་དད་པའི་ཚོར་འདུ་རྣོ་དྲག་པས་གངས་ཅན་མགོན་པོ་ཆབ་གསང་ལ་ཕེབས་དགོས་པ་ཐོས་དུས་ཡིད་མི་ཚིམ་པའི་རྣམ་འགྱུར་མངོན་མཁན་ཡོད་སྐད། ཁོང་ཚོས་ནི་གངས་ཅན་མགོན་པོའི་ཕྱོགས་སུ་མ་ལྷུང་བའི་བྱམས་བརྩེ་འདི་ཁོང་ཉིད་རྒྱུན་རིང་གོམས་པའི་རྒྱུས་ཡོད་ཀྱི་ལམ་ཕྲན་ཞིག་དེད་པ་ཙམ་དང༌། དགའ་ཕྱོགས་ཤིག དམ་བཅའ་ཞིག་རེད་སྙམ་ཡོད་ངེས་ལ། བོད་མི་རིགས་ཀྱིས་ཁོང་ལ་མོས་པ་དང་དད་པའི་དགོས་དམིགས་ཡོད་ཚད་རྩོལ་སྒྲུབ་མི་དགོས་དགོས་འདོད་ལྷུན་གྱིས་གྲུབ་པའི་དངོས་གྲུབ་མྱུར་མོ་ཞིག་གི་ཆེད་དུ་རེད་སྙམ་ཡོད་སྲིད། དེ་ལྟར་སྙམ་པས། དེ་ལྟར་སྙམ་པས་མི་འགའ་ཞིག་གངས་ཅན་མགོན་པོའི་སྐུ་པར་སྔས་མགོར་བཞག་ནས་གཉིད་དུ་ཡུར་བ་རེད་ལ། འགའ་ཞིག་གིས་གངས་ཅན་མགོན་པོ་ལ་སྙིང་རྗེ་སྤུ་ཙམ་མེད་པར་ཇི་ཙམ་སྐུ་ངལ་ཆེ་བར་དེ་ཙམ་མནར་གཅོད་ནན་པོར་གཏོང་བ་རེད། དེ་ལས་ལྡོག་སྟེ། དེ་ལས་ལྡོག་སྟེ་གངས་ཅན་མགོན་པོ་ནི་སྤྱན་མི་གསལ་བས་སྤྱན་ཤེལ་བཞེས་དགོས་པ་དང༌། སྐུ་མི་བདེ་བས་བླ་སྨན་ཉར་དགོས་པ་ཞིག་ཏུ་གོ་ན་གཟོད་ཁོང་ཚོས་གངས་ཅན་མགོན་པོས་བོད་མི་རིགས་ཀྱི་བདེ་དོན་ཡོལ་གོའི་ནང་རྔུལ་ཆུའི་ཐིགས་པ་ཇི་ཙམ་བསགས་ཡོད་མཐོང་ངེས་རེད། ད་དུང༌། ད་དུང་མི་ཡིས་མི་ལ་གནང་བའི་བྱམས་བརྩེ་དང་བཀའ་དྲིན་ནི་ལྷ་དང་དཀོན་མཆོག་གིས་གནང་བའི་བྱམས་བརྩེ་དང་བཀའ་དྲིན་ལས་ལྡབ་སྟོང་གིས་ལྷག་པར་ཡིན་པ་ཡང་མཐོང་ངེས་རེད། བོད་ཕྲུག་ལྷ་མོ་ཚེ་རིང་གི་བྱིས་པའི་ལང་ཚོ་མ་ཡི་པང་དུ་བསྐྱལ་ལོང་བྱུང་མེད་པར་ཆུང་འོ་འཐུང་གི་དུས་ནས་གལ་འགངས་ལྕི་བའི་མི་ཚེའི་འགྲུལ་བཞུད་རིང་པོ་དེའི་དབུ་བཙུགས་ཡོད། ཁོང་ཉིད་ཀྱི་ཞབས་སེན་ཐོག་མར་སྐུ་འབུམ་དགོན་དུ་བཞག་དུས་རང་གི་གཅེན་པོ་སྟག་འཚེར་རིན་པོ་ཆེར་ 1〝 ངུ་ངག་གི་ཐོག་ནས་ང་པཱ་ལགས་དང་ཨ་མ་ལགས་སར་སྐྱེལ་རོགས་〞 ཞེས་པའི་གདུང་དབྱངས་སྙན་མོ་དང༌། མཚམས་རེར་རིང་ནས་ཐུགས་དབུས་སུ་ཉར་བའི་བོད་མི་རིགས་ཀྱི་བདེ་དོན་ལ་ཕྱི་བཤོལ་མི་མཛད་པའི་སྔོན་བརྡ་ལྟ་བུས་2〝 སྐུ་རྩེད་ཀྱི་ཡོ་བྱད་ཚང་མ་རས་ཀྱི་ནང་སྒྲིལ་བ་གནང་ནས་ལྷ་སར་ཕེབས་ཀྱི་ཡིན་〞 གསུངས་པ་སོགས་ཀློག་ན་མིག་ཆུ་འཆོར་བའི་ལོ་རྒྱུས་དངོས་མ་དེ་གངས་ཅན་མགོན་པོའི་བྱིས་དུས་ཀྱི་རྣམ་ཐར་ཡིན། ད་ཆ་ང་ཚོས་ངོ་མི་ཤེས་པའི་མགྲོན་པོ་ལ་འཚེར་སྣང་བྱེད་པའི་བྱིས་པ་ལྷ་མོ་ཚེ་རིང་ནས་འཛམ་གླིང་ཧྲིལ་པོར་མཚན་སྙན་གྱིས་ཁྱབ་པའི་འཛམ་གླིང་ཞི་བདེའི་དེད་དཔོན་བར་གྱི་སྐུ་ཚེ་གཅིག་གི་ལོ་ཟླ་རེ་རེ་ལ་ཞུས་དག་ཞིག་བྱས་ན་མི་ལོ་ཧྲིལ་པོ་དོན་ལྔའི་རིང་ཁོང་ལ་ཐུགས་སེམས་བདེ་བས་ཁྱབ་པ་ཞིག་དང༌། བག་ཕེབས་གུ་ཡང་གི་འཚོ་བ་ཞིག་སྟེ། དགེ་སློང་ཉམས་ཆུང་ཞིག་གིས་སྤྱོད་ཆོག་པའི་འཚོ་བའི་བདེ་སྐྱིད་ཉིན་སྐར་ལས་ཀྱང་ཉུང་ངེས་ཡིན། ཁོང་ལ་རང་འདོད་ཆབ་སྲིད་ཀྱི་ཁེ་ཕན་སྒྲུབ་ཐུབ་པའི་འཇོན་ཐང་ཡོད་ཅིང༌། འདིར་སྣང་འཇིག་རྟེན་གྱི་བདེ་སྐྱིད་བསུ་ཐུབ་པའི་སྟོབས་འབྱོར་ཡང་ཡོད། ཁོང་ལ་ཕོ་ལུས་བྲན་དུ་བཀོལ་ཐུབ་པའི་དབང་ཚད་ཡོད་ཅིང༌། མོ་ལུས་དབང་དུ་བྱེད་ཐུབ་པའི་སྙན་གྲགས་དང་གཟུགས་བྱད་ཡང་ལྡན་ཡོད། དེ་ལྟར་ཡོད་ན་ཡང༌། ཁོང་ནི་ད་དུང༌། ཁོང་ནི་ད་དུང་ཡང་དགེ་སློང་དཀྱུས་མ་ཞིག་ཡིན་ལ། ད་དུང་ཡང་ཕྱག་གཉིས་ཐལ་མོ་སྦྱར་སྟེ་གངས་ཅན་པའི་བདེན་དོན་གྱི་སློང་མོ་བ་ཞིག་གི་ངང་ཚུལ་བཟུང་འདུག ང་ཚོས་གལ་སྲིད་གངས་ཅན་མགོན་པོ་ནི་སྤྱན་རས་གཟིགས་སྐུ་ཤ་རློན་པ་ཞིག་ཏུ་སྒོམ་ནས་བསྡད་ན་ཐ་ན་ཁོང་གི་བྱིས་དུས་ཀྱི་བདེ་སྐྱིད་ཕྲ་མོ་དེ་ཡང་ཉམ་ཆུང་བོད་མི་ཚོས་འཕྲོག་ཡོད་པའི་སྐུ་ངལ་ལ་བསམ་ཤེས་ཚད་ལྡན་སྐྱེད་མི་ཐུབ་ལ། ལོ་གསུམ་ལ་སོན་པའི་བྱིས་པ་ཞིག་གིས་དབུ་ཞྭ་རྣ་གཉིས་ཅན་ཞིག་བཞེས་ནས་དགུན་གསུམ་ས་མཐོའི་གྲང་ངར་ལ་གདོང་ལེན་མཛད་ཡོད་པའི་བཀའ་དྲིན་ལ་ཐུགས་རྗེ་ཆེ་ནམ་ཡང་ཞུ་མི་སྲིད། ཕྲེང་བ་དང་ཆོས་གོས་ལ་བརྟེན་པའི་བོད་ཀྱི་ཞི་བའི་འཐབ་རྩོད་འདི་ཡི་མགོ་ཁོང་ཉིད་ནས་འབུས་ཤིང༌། མཇུག་ཀྱང་ཁོང་ཉིད་ནས་བསྡུ་ཐུབ་པའི་རེ་བ་དང་ཡིད་ཆེས་འདི་ལ་མི་ཆོས་རིག་གནས་ཀྱི་སྟེང་ནས་བལྟས་ན་གཟོད་གངས་ཅན་མགོན་པོའི་ཁྱད་ཆོས་དང་ཐུགས་སྟོབས་མཐོང་སྲིད་པ་ལས་འཇིག་རྟེན་ལས་འདས་པའི་ལྟ་བའི་ཐོག་ནས་བལྟས་ན་ནི་སྤྱིར་བཏང་གི་གནས་ཚུལ་ཞིག་ལས་མ་འདས། ད་དུང༌། ད་དུང་མི་རིགས་ཀྱི་སྲོག་རྩ་ཆད་ལ་ཉེ་ཡང་〝 སྤྱན་རས་གཟིགས་མཁྱེན་〞 ཞེས་སྨོན་འདུན་སྙན་མོ་ཞིག་དང་ལྷན་འཕྲད་ཉལ་བྱེད་པའི་གངས་ཅན་པའི་མི་སྣ་མང་པོ་ཞིག་ལ་མི་རེ་ངོ་རེ་ནས་ལས་འགན་གལ་ཆེན་ཞིག་གིས་ལུས་ཕུང་ཡོངས་རྫོགས་མནན་ནས་ཡོད་པའི་གོ་བརྡ་སྤྲོད་པ་ལ་གངས་ཅན་མགོན་པོ་འདི་ནི་དགེ་སློང་ཉམ་ཆུང་ཞིག་དང༌། སོ་ནམ་པའི་བུ་ཆུང་ཞིག་ཡིན་པའི་ར་སྤྲོད་གཏོང་རྒྱུ་དེ་ལས་ཀྱང་གལ་ཆེ་བ་ཡིན། དེ་ལྟར་གལ་ཆེ་བ་སྟེ། དེ་ལྟར་གལ་ཆེ་བའི་གོ་བ་དེ་རྙེད་ན་ང་ཚོའི་མགོན་པོ་མཆོག་འདིས་ཐོག་མའི་གོམ་སྟབས་མདོ་སྨད་ནས་བསྒྱུར་ཞིང༌། མཛད་ཕྲིན་གྱི་ཞབས་རྗེས་ཤར་ནུབ་ཀྱི་རྒྱ་མཚོའི་ཕ་མཐར་སོན་པ་འདི་ཅི་འདྲའི་བློ་ཡུལ་ལས་འདས་པའི་ངོ་མཚར་ཞིག་རེད། གངས་རིའི་མགོན་པོ་སོ་ནམ་པའི་བུ་ཆུང་ཞིག་ཡིན་སྟབས་ད་ལྟའི་ཁོང་གི་བྱམས་བརྩེའི་སྟོབས་ཤུགས་དེ་རྡུལ་ཕྲན་མཚོན་ཆའི་གོང་ན་སོན་ཡོད་པ་འདི་ལ་བསམ་ཤེས་བློ་གྲོས་ཅན་ཚོའི་སེམས་སུ་ཚད་ལས་འདས་པའི་དད་གུས་དང་བརྩི་བཀུར་ཐོབ་ཡོད། དེ་མིན་ཁོང་ཉིད་ལ་ཕྱག་སྟོང་དང་སྤྱན་སྟོང་ཡོད་ཚེ་སྟོབས་ཤུགས་འདི་ལ་སུ་ཡང་ཧ་ལས་མི་སྲིད་དེ། དེ་ནི་དང་པོ་ནས་གོང་ན་སོན་ཟིན་པ་ཞིག་རེད། དྲང་བདེན་གྱི་གོང་ན་ལྷ་མི་བཀུར་ཞིང༌། བྱམས་བརྩེ་ཡི་གོང་ན་ཆོས་མི་བཞེས་པའི་གངས་ཅན་མགོན་པའི་ཐུགས་གཤིས་ཚུགས་ཐུབ་ཅན་དེས་འཛམ་གླིང་སྟེང་ལྷ་ཆོས་དང་སྦྲེལ་བའི་མི་ཆོས་རིག་གནས་ཀྱི་གོ་ས་དམིགས་བསལ་ཞིག་བཟུང་སོང་བས་བསམ་བཞིན་བསམ་བཞིན་སྤྲོ་བའི་མཐུ་ཞིག་སེམས་གཏིང་ནས་བརྟས་འོང༌། དེ་ནི་གངས་ཅན་མགོན་པོ་སོ་ནམ་པའི་བུ་ཆུང་དེས་འཛམ་གླིང་ས་ཆེན་སྟེང་བགྲང་བྱ་བདུན་ཅུ་དོན་ལྔའི་རིང་འགྲུལ་བཞུད་གནང་བའི་ཞབས་རྗེས་ཡིན་ཆོག་སྙམ། འཕོ་ལྟུང་གི་སྡུག་བསྔལ་ཆེ་ཤོས་དེ་ནི་ཉམ་ཆུང་བོད་རིགས་ཀྱི་དོན་དུ་དབུ་སྐྲའི་རང་མདངས་ཡོངས་སུ་ཡལ་ཞིང༌། འཇིག་རྟེན་ཞི་བདེ་ཡི་ཆེད་དུ་རྣོ་མཐོང་སྤྱན་གྱི་ནུས་པ་རབ་རིབ་ཏུ་གྱུར་ཟིན་པའི་གངས་ཅན་མགོན་པོ་ཁོང་ད་ཆ་འཇིག་རྟེན་འདི་ནས་ཁ་བྲལ་ལ་ཉེ་བའི་མི་སྣ་རྒན་གྲས་སུ་སོན་ཟིན་སོང་བ་འདི་རེད། གནད་དོན་འདི་ནི་སྙིང་ཁར་ལག་པ་བཞག་ནས་བསམ་ཕོད་པ་ཙམ་ལས་ཁ་ལྕེ་ལྷབ་ལྷབ་གཡོ་བཞིན་བཤད་མི་ཕོད་པའི་གཏམ་ངན་ཡིན། རེད་དེ་བཤད་མི་ཕོད་པ་ཙམ་གྱིས་བཅོས་ཐུབ་པ་དང༌། ཞབས་བརྟན་རིམ་གྲོ་བྱས་པས་ཟློག་ཐུབ་པའི་གནད་དོན་ཞིག་མིན་པས་ལག་པ་འདར་བཞིན་འབྲི་དགོས་ལ། མིག་ཆུ་འབྱིན་བཞིན་ཀློག་དགོས་ཨང་། ཉེ་དུས་ཏེ། ཉེ་དུས་ཀྱི་ཉིན་མོ་ཞིག་ཏུ་གངས་ཅན་མགོན་པོས་སྐུ་སྒེར་གྱི་ཆབ་སྲིད་ཀྱི་འགན་དབང་མི་དམངས་ལ་གནང་རྩིས་ཡིན་པའི་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་བསྐྲུན་ཡོད། འདི་ཡི་ཐད་ལ་མཁས་བླུན་ཐམས་ཅད་〝 མི་སུམ་ཅུར་བསམ་པ་སུམ་ཅུ་དང༌། མཛོ་སུམ་ཅུར་རྭ་ཅོ་དྲུག་ཅུ་〞 ཡིན་ཚོད་རེད། འོན་ཀྱང་ངས། ངས་ནི་བརྩེ་ཆེན་སྙིང་རྗེའི་བདག་ཉིད་ཁོང་གི་སྒོ་གསུམ་གྱི་གཡོ་བ་ཐམས་ཅད་སེམས་ཚོར་ཙམ་གྱིས་ཐག་གཅོད་གནང་མེད་པར་ཡིད་ཆེས་བྱེད་ཀྱི་ཡོད། དེ་ལྟར་བས་ན། དེ་ལྟར་བས་ན་གངས་ཅན་མགོན་པོས་བོད་མི་རིགས་ཀྱི་བདེན་དོན་ལས་ནམ་ཡང་གཡོལ་མི་སྲིད། དཔེ་མཚོན་ཙམ་དྲངས་ན་སྐུ་ཉིད་ཀྱི་ཞལ་ནས་3〝 ངོས་ལ་ཆ་བཞག་ནའང་བོད་མི་སྤྱི་བོ་གནམ་བསྟན་གྱི་གྲས་ཤིག་ཆགས་ཡོད། མདོ་སྨད་ཨ་མདོའི་ཡུལ་ནས་ཡོང་བའི་བོད་པ་ཞིག་དང༌། གངས་ཅན་པ་ཞིག་ཆགས་ཡོད། ངོས་རང་མ་འཆི་བར་འགན་དེ་ཡོད་ཡོད་པ་རེད། ད་ལྟ་ངོས་གཟུགས་པོ་བདེ་པོ་ཡོད་པའི་སྐབས་ལ་ཁྱེད་རང་ཚོས་འགན་ཆ་ཚང་ཁྱེར་དང་དམིགས་བསལ་དཀའ་ངལ་འཕྲད་དེ་ངོས་ཀྱིས་མ་བྱས་ན་མི་འགྲིག་པ་ལྟ་བུ་འདུག་ན་ངོས་རང་འདིར་ཡོད་ཡོད་པ་རེད། ངོས་ཀྱི་བློས་གཏོང་བ་མ་རེད་ལ། ངོས་རང་སེམས་ཤུགས་ཆག་སྟེ་བསྐྱུར་བ་མ་རེད་〞 ཅེས་པ་ལས་ཤེས་ནུས། དོན་དངོས་ཐོག་ནས་བཤད་ན་〝 ངོས་ལ་མཚོན་ནའང་བོད་མི་སྤྱི་བོ་གནམ་བསྟན་གྱི་གྲས་ཤིག་ཆགས་ཡོད་〞 ཅེས་པ་དེས་ཁོང་ད་དུང་བོད་མིའི་བདེན་དོན་ཀྱི་འཐབ་རྩོད་ལས་འདས་མེད་པའི་གནས་ལུགས་བསྟན་ཡོད་ཀྱང༌། ལག་པས་འགྲམ་པ་སྐྱོར་ནས་བསམ་གཞིག་ནན་མོ་བྱེད་དུས་ཁོང་གི་ཚབ་མཚོན་ཙམ་བྱེད་ཐུབ་པའི་མི་སྣ་སུ་ཡང་མེད་པ་འདིས་སེམས་ཁམས་ལ་མནར་གཅོད་ཅིག་རང་བཞིན་གྱིས་གཏོང་འོང༌། དེ་ལྟར་ན་ཡང་འགྱུར་མེད་ཡིད་ཆེས་ཀྱི་ཐོག་ནས་བལྟས་ན་མནར་གཅོད་དེ་ནི་སེམས་ཚོར་ཙམ་ཞིག་མིན་ནམ་སྙམ། དེ་མིན་མནར་གཅོད་འདི་ལ་བདེན་པ་ཞིག་ཡོད་ཚེ་གངས་ཅན་མགོན་པོའི་སྒམ་རླིང་གི་ཐག་གཅོད་དེ་ལ་བདེན་དོན་ཡོད་པའི་ར་སྤྲོད་ཐུབ་ཐབས་མི་འདུག ལྷག་དོན་དུ་ཁོང་གིས་ནན་ཏན་དུ་4〝 དགོས་པ་རྒྱུ་མཚན་ཆེན་པོ་མཐོང་ནས་ང་ཚོ་མང་གཙོའི་ཐོག་ལ་ཕྱིན་པ་དེས་འགན་ཆ་ཚང་ཁྱོག་གི་རེད་ལ་ཁྱེར་རོགས་གྱིས་ཟེར་རྒྱུ་དེ་ཡིན་〞 ཞེས་པའི་གསུངས་འདི་ཡི་ནང་ཁོང་གིས་ང་ཚོར་བཅོལ་བའི་རེ་བ་མང་པོ་ཞིག་དང༌། ཡིད་ཆེས་མང་པོ་ཞིག་འདུས་ཡོད་པར་མ་ཟད་ཨུ་ཚུགས་ཀྱི་རྣམ་པ་ཡང་ཤུགས་ཆེར་མངོན་ཡོད། གོང་དུ་བསྡུས་ཙམ་བཀོད་པའི་གསུངས་དེ་དག་ཁོང་ཉིད་ཀྱིས་ལོ་མང་རིང་བསམ་གཞིག་གནང་བའི་གྲུབ་དོན་ཡིན་པས་རྒྱུ་མཚན་དང་དགོས་པ་ཏན་ཏན་ཡོད་ངེས་རེད། དགོས་པ་དེ་གང་ཡིན་བཙལ་ཚེ་ད་ཆ་ང་ཚོ་ཁོང་གི་ཚབ་སུ་ཡང་མེད་ཅེས་སྡོད་པའི་དུས་མིན་པར་ཁོང་གི་ཚབ་ནི་བོད་མི་མང་གིས་བྱེད་དགོས་རྒྱུ་དེ་ཡིན་ཚོད་རེད། རྒྱུ་མཚན་འདི་ལྟར་བཙལ་ཞིང༌། ཡིད་ཆེས་འདི་ལྟར་བྱས་ཚེ་ད་ལན་གྱི་འཕོ་འགྱུར་འདི་ནི་གངས་ཅན་མགོན་པོས་འཛམ་གླིང་མི་མང་ཚོ་ལ་〝 ང་བསྟན་འཛིན་རྒྱ་མཚོ་གངས་ཅན་པ་ཞིག་ཡིན་པ་ལས། གངས་ཅན་པ་ང་བསྟན་འཛིན་རྒྱལ་མཚོ་མིན་〞 ཞེས་བརྡ་གཏོང་བ་ཡིན་རྒྱུ་རེད། བརྡ་འཕྲིན་གྱི་ཁུར་པོ་འདི་ཉིད་ང་ཚོ་གངས་ཅན་པ་ཚོས་རྐང་པ་ཆག་ཀྱང་ཁྱེར་དགོས་ལ། ལག་པ་ཞ་ཡང་འཛིན་དགོས། ཐ་ན་ཡང༌། ཐ་ན་ཡང་ད་ལན་གྱི་ཁུར་པོ་འདི་ང་ཚོས་ང་ཚོའི་མགོན་པོ་ཁོང་གི་ཞལ་ལས་འཛུམས་མདངས་ཤིག་མངོན་ཐུབ་ཕྱིར་དང༌། ལོ་ཤས་རིང་སྐུ་ངལ་ཕྲ་མོ་ཞིག་སོས་ཐུབ་ཕྱིར་ཁྱེར་དགོས། ཅི་གསུངས་བཀའ་སྒྲུབ་ཞུ་བའི་བླ་སློབ་ཀྱི་འབྲེལ་ལམ་ནས་བལྟས་ན་ཁོང་ཉིད་ཀྱིས་འདི་ཕྱི་གཉིས་ཀྱི་ལེགས་ཚོགས་ཐམས་ཅད་ང་ཚོར་གནང་ཡོད་པ་བཞིན། ང་ཚོས་ཀྱང་ཁོང་ཉིད་ཀྱི་དགོངས་བཞེད་མཐའ་དག་མགོ་སྟེང་གི་བུམ་པ་དང༌། ལྕེ་སྟེང་གི་བདུད་རྩི་རུ་ཡིད་ཆེས་དང་སྤྲོ་བའི་སྒོ་ནས་དང་དུ་ལེན་དགོས་ངེས་ཡིན། ད་དུང་ཡང༌། ད་དུང་ཡང་གངས་ཅན་མགོན་པོའི་ཞལ་ནས་5〝 ༧གོང་ས་ལྔ་པ་ཆེན་པོས་བཙུགས་གནང་བའི་དགའ་ལྡན་ཕོ་བྲང་གི་ཆོས་སྲིད་གཉིས་ཀྱི་འགན་ཁུར་རྒྱུའི་དུས་ཚོད་དེ་རྫོགས་པ་དང༌། ཁ་སང་ཞུས་པ་བཞིན་དཔལ་དང་རྒྱལ་ཁའི་ངང་ནས་བཀྲ་ཤིས་བདེ་ལེགས་དང་དུ་བླངས་ཏེ་མཇུག་རྫོགས་པ་རེད་〞 ཅེས་པ་འདིས་〝 བོད་དོན་ནི་བོད་དོན་རང་ཡིན་པ་ལས་ང་བསྟན་འཛིན་རྒྱ་མཚོ་དང་དགའ་ལྡན་ཕོ་བྲང་གི་རྩ་དོན་ཞིག་མ་རེད་〞 ཅེས་གལ་པོ་ཆེ་ལ་ནན་ཏན་དུ་བྱས་པ་ཙམ་ཡིན་པ་སུས་མི་ཤེས། ད་དུང་ཡང་མགོ་ནག་གངས་ཅན་པའི་ཁྲོད་དུ་ད་ལྟའི་འཐབ་རྩོད་འདི་ཁོང་ཚོའི་ཡིན་གྱི། ང་ཚོའི་མིན་བསམ་མཁན་དང༌། སྤྱི་དམངས་དང་ལྷན་དུ་གཅིག་དྲིལ་མི་ཐུབ་ཅིང༌། མཉམ་གནས་མི་ཐུབ་མཁན་གྱི་མི་སྣ་འདུག་ན་དེ་ནི་ནམ་དུ་ཡང་བོད་མིས་ངོས་ལེན་བྱེད་མི་ཐུབ་པའི་མི་སྣ་ཡན་གར་བ་ཞིག་ཡིན་ཅིང༌། དེས་ནི་གངས་ཅན་མགོན་པོས་ཕྱག་སྟོང་ནམ་མཁར་རྐྱོང་ཞིང༌། སྤྱན་སྟོང་འབུར་ཚུགས་སུ་ཅེར་ཡང་མིག་འཕྲུལ་སྟོན་པ་རེད་ཟེར་ངེས་ཡིན།། །།
གངས་ཅན་པ། གངས་ཅན་པ་ནི་ཕ་གཞིས་གནམ་ལས་ཆེ་ཞིང༌། མ་རྒྱུད་དར་ལས་གཙང་བའི་ཁྱིམ་བདག་ཞིག་ཡིན། ཁྱིམ་བདག་འདི་ཡི་ལོ་རྒྱུས་སུ་ཆོས་རིག་ཤེས་ཡོན་མ་དར་བའི་ཡ་ཐོག་མི་ཡི་འཕེལ་རིམ་ཡོད་ལ། ཆོས་རིག་ཤེས་ཡོན་དར་བའི་མདུན་སྐྱོད་ཀྱི་གོམ་སྒྲ་ཡང་ཡོད། ཉན་ལོ་ཞིང་བཤད་རི་བའི་དངོས་ཡོད་ཀྱི་ལོ་རྒྱུས་ཐད་ནས་གངས་ཅན་པ་ནི་གངས་ལྗོངས་ཀྱི་བདག་པོ་ཡིན། སྔ་རབས་བསྐལ་པ་བཟང་དུས་སུ་ཆོས་སྲིད་གཉིས་ཀར་མི་རིགས་གཞན་གྱི་ལེགས་ཆ་ཚུར་བསྡུ་མྱོང་ལ། ཟློག་མེད་དྲག་པོའི་དམག་དཔུང་ཕར་འདྲེན་མྱོང༌། བར་དར་དུས་ཀྱི་ཁུག་སོ་ན་ཡར་རྒྱས་མདུན་སྐྱོད་ཀྱི་གོམ་སྟབས་དལ་ཡང་ཆོལ་གསུམ་གངས་ཅན་པ་ཚང་མས་དུས་བདེ་ཞི་འཇགས་ཀྱི་སྒོ་ནས་6〝 རྒན་མོ་གསེར་ཁུར་ཀྱི་དུས་〞 བཟང་ལ་སྤྱོད་མྱོང༌། འོན་ཀྱང་དེ་ཐམས་ཅད་འདས་དོན་རེད། འདས་དོན་དེས་ད་ལྟའི་རྩ་དོན་གྱི་དཔང་པོ་བྱེད་ཐུབ་ཀྱང་ད་ལྟའི་འཚོ་བ་བྱེད་མི་ཐུབ། ཁྲམ་པ་ཁྱུ་ཞིག་གིས་ང་ཚོའི་འཐུང་ཕོར་ལ་དྲི་མ་ཡོད་པར་བསྙད་དེ་འཐུང་ཕོར་བཅག་སོང་བ་རེད། མགོ་ནག་གངས་ཅན་པས་〝 ཐག་རིང་གི་གཉེན་ལས། ཁྱིམ་མཚེས་ཀྱི་དགྲ་དགའ་〞 སྙམ་པའི་མཛའ་མཐུན་གྱི་གོམས་གཤིས་དང༌། ཁྲེལ་གཞུང་མེད་པའི་ཁྱིམ་མཚེས་ཀྱིས་〝 བདག་དང་བསྟུན་ན་དར། བདག་དང་འགལ་ན་རྒུད་〞 ཟེར་བའི་བཙན་ཤེད་ཀྱི་དབང་སྡུད་གཉིས་པོ་འགལ་བ་ལྟག་སྤྲོད་དུ་སོང་བས་རྐྱེན་བྱས་ཏེ་ད་ལྟའི་གངས་ཅན་པ་ཡོད་ཚད་ཡུལ་གྱར་བ་ཤ་སྟག་ཡིན་པའི་གནས་ཚུལ་སྐྱོ་པོ་འདི་བྱུང་འདུག ད་ཡོད་དེ། ད་ཡོད་འཚོ་བའི་ནང་དུ་གཞིས་བྱེས་གཉིས་ཀའི་གངས་ཅན་པ་རྣམས་དོན་དུ་བྱེས་པ་འབའ་ཞིག་ཡིན། ད་ཆ་ང་ཚོས་ཡིག་ཐོག་ཏུ་བོད་གཞིས་པ་ཞེས་འབྲི་ཁུལ་བྱེད་པ་འདི་ཁོང་ཚོའི་འཚོ་བ་ལ་རྒྱུས་ལོན་གཏིང་ཟབ་མ་ཐུབ་པའམ། ཡང་ན་ཚབ་མཚོན་མིང་ཚིག་གཞན་མ་རྙེད་པ་ཙམ་ལས་མ་འདས། དངོས་དོན་གྱི་ཐོག་ནས་ཁོང་ཚོར་གཞིས་འཛིན་པའི་དབང་ཆ་ཅི་ཡང་མེད། ཁོང་ཚོར་སྨྲ་བརྗོད་རང་དབང་མེད་ལ་རང་ས་རང་སྲུང་གི་ཐོབ་ཐང་མེད། ཁོང་ཚོར་ཆོས་དད་རང་མོས་མེད་ལ་དབྱངས་གསལ་སོ་བཞིའི་རི་མོ་འབྲི་བའི་དབང་ཚད་ཀྱང་འཕྲོག་བཞིན་ཡོད། དེ་ཙམ་མ་ཟད། དེ་ཙམ་མ་ཟད་ཁོང་ཚོའི་སེམས་ཚོར་སྣང་མེད། ཁོང་ཚོའི་འཚོ་བར་འཁྱོགས་བརྗོད། ཁོང་ཚོའི་གཟུགས་བརྙན་དམའ་འབེབས། ཆོས་དད་སྤྱི་འབངས་ལ་མཐོང་ཆུང་བཅས་བྱས་ཏེ་མགྲོན་པོས་ཁྱིམ་བདག་ལ་བཟོད་མི་ཐུབ་པའི་སུན་བཙེར་བཟོ་བཞིན་ཡོད། དེས་ན་གཞིས་བཞུགས་གངས་ཅན་པ་ཡོད་ཚད་རང་ཁྱིམ་དུ་གནས་པའི་སྐྱབས་བཅོལ་བ་ཞིག་ཡིན། འཇིག་རྟེན་གྱི་བྱུང་བ་ངོ་ཚ་ཅན་ཞིག་གི་ངོས་ནས་བཤད་ན་ད་ཆ་གངས་ཅན་པ་ཚོ་རང་ཡུལ་དུ་རང་ཉིད་གནས་པ་ལས་གཞན་ཡུལ་དུ་སྐྱབས་བཅོལ་འགྲིམ་ན་འཚོ་བའི་ཁོར་ཡུག་མཐུན་ཆེ་བ་དང༌། སྤྱི་ཚོགས་ཀྱི་གནས་བབས་འཕྲོད་ཆེ་བ། རང་དབང་གི་རྒྱ་ཁྱོན་ཆེ་ཆེ་བ་འདི་འཛམ་གླིང་སྤྱི་ཡི་ལོ་རྒྱུས་ཐོག་བྱུང་མ་མྱོང་བ་ཞིག་ཡིན་ལ། 〝 བཅིང་གྲོལ་〞 ཞེས་པའི་ཁ་དབྱངས་སྙན་མོ་དང་ཁ་གཏད་ཏག་ཏག་ཏུ་གྱུར་ཡོད། དེ་ལྟའི་འཚོ་ཐབས་ཡིད་ཐང་ཆད་པ་ཞིག་བསྐྱལ་ནས་འདི་ལོར་མི་ལོ་ཧྲིལ་པོ་ང་གཉིས་འདས་སོང༌། འོན་ཀྱང༌། གངས་ཅན་པས་འཚོ་བ་དེ་ལྟར་བསྐྱལ་དགོས་ཀྱང་ད་དུང་བཟོད་སྲན་རྡོ་ལས་སྲ་ཞིང༌། ཞི་བདེ་ཅི་ལས་ཆེ་ཚུལ་སྟོན་པ་འདི་གངས་ཅན་པ་ཚོ་གྲི་མཚོན་ལ་སྐྲག་ཆེ་ཞིང༌། ཟུང་ཁྲག་ལ་འཇིགས་སྣང་ཆེ་བས་མིན། གངས་ཅན་པ་ཚོ་ནི་7〝 དཔའ་ལ་སྟག་གིས་མ་བསྟོད་ན། །དཔའ་བོ་བྱེད་པའི་རུ་མ་མེད〞་ ཅེས་བུ་དཔའ་བོར་སྟག་སློག་གི་བསྟོད་མཁན་དང༌། 〝 སྡར་མ་ཝ་ཞུས་མ་སྨད་ན། །དཔའ་དང་སྡར་མ་ཤན་མི་ཕྱེད་〞 ཅེས་སྡར་མ་ལ་ཝ་ཞྭས་སྨད་མཁན་གྱི་མི་རིགས་ཡིན་པའི་སྟེང༌། སྤུ་གྲི་ལས་རྣོ་བའི་གྲི་མཚོན་རྒྱན་ཆའི་མཆོག་ཏུ་བརྩི་མཁན་ཞིག་ཀྱང་ཡིན། བསྟུན་ན་ཕན་པ་བསྒྲུབ་ཅིང་འགལ་ན་སྲོག་ལ་རྒོལ་བའི་མི་རིགས་གཏུམ་དྲག་ཅན་ཞིག་ཡིན་ལ། གསོན་ན་དཀོན་མཆོག་གི་བཀའ་དྲིན་དང་ཤི་ན་སྔོན་ལས་གྱི་འབྲས་བུར་བཟུང་བའི་མི་རིགས་འཇིགས་སུ་རུང་བ་ཞིག་ཀྱང་ཡིན། འདས་ཟིན་པའི་གངས་ཅན་པའི་ཡིག་ཚང་དུ་དཔའ་རྟགས་ཀྱི་ཕྱག་རྒྱ་འཁོད་ཡོད་ཅིང༌། དཔའ་ཚན་དྲུག་གི་ཕྱག་རིས་ཀྱང་གསལ་ཡོད། དེས་ན། དེས་ན་ད་ལྟའི་གངས་ཅན་པ་ཚོས་ཞི་འདུམ་ཀྱི་ཐབས་ལམ་བཟང་པོ་ཞིག་དང༌། དབུ་ཁྲིད་ཀྱི་མགོན་པོ་མཆོག་གྱུར་ཞིག གཉིས་སྨན་ཀྱི་ཐབས་ཤེས་དན་པོ་ཞིག་བཅས་ལ་ཡིད་ཆེས་བྱས་ཡོད་ཅིང༌། དོན་དུ་བྱ་མ་དཀྲོག་སྒོང་ང་ལོན་པའི་ཞི་བདེའི་འབྲས་བཟང་ཞིག་ལ་སྒུག་ཡོད། དགེ་སློང་སྡེ་སྣོད་འཛིན་པ་ཞིག་སྟེ། དགེ་སློང་སྡེ་སྣོད་འཛིན་པ་ཞིག་གིས་སྣེ་ཁྲིད་པའི་བོད་མི་ས་ཡ་དྲུག་གི་ཞི་བའི་འཐབ་རྩོད་ཀྱི་སྟོབས་ཤུགས་དེ་དང༌། གངས་ཅན་མགོན་པོ་དང་གངས་ཅན་པའི་འབྲེལ་ལམ་དེ་དག་ལ་ཁོང་ཚོས་ཚོད་བགམ་ནན་མོ་ཞིག་གཏན་ནས་ཐུབ་མེད་ཚོད་རེད། གཞིས་བཞུགས་ཏེ། རང་དབང་མེད་པའི་གཞིས་བཞུགས་བོད་མི་ཚོས་རང་དབང་གི་བདེན་དོན་ཞིག་གི་ཆེད་བཟོད་དཀའ་བའི་གཅར་བརྡུང་དང་མནར་གཅོད་མྱོང་དུས། ཀྱེ་མ། ད་ནི་འཆི་བདག་གཤིན་རྗེའི་ཕོ་ཉ་སྐར་མ་གཅིག་ཡིན་ཡང་སླེབས་སྔ་ན་སྙམ་བཞིན་པའི་སྒང༌། ཐག་རིང་ན་བཞུགས་པའི་གངས་ཅན་མགོན་པོའི་དགྱེས་བརྩེའི་ཞལ་རས་དྲན་ནས། ཨེ་མ། མནར་གཅོད་ཇི་ཙམ་མྱོང་དགོས་ཀྱང་ད་དུང་ལོ་ཤས་འཚོ་ཐུབ་ན་སྙམ་པའི་རེ་བའི་ཟུང་ཁྲག་ལྷོག་ལྷོག་ཁོལ་བཞིན་ཡོད། འདི་ནི་གངས་ཅན་མགོན་པོ་སྐུ་འཁྲུངས་ནས་ད་ལྟའི་བར་བོད་མི་ཚོའི་ཆེད་དུ་བསྐྱོན་པའི་སྐུ་ངལ་དང༌། བོད་མིར་ཚོར་གཉོར་སྐྱོངས་མཛད་པའི་བཀའ་དྲིན་གྱི་ཟིན་ཐོ་ཡིན་ལ། ང་ཚོའི་མགོན་པོ་ནི་ང་ཚོའི་སེམས་ཁོངས་སུ་ཐིམ་ཟིན་པས་ཆུ་གྲི་རྣོན་པོས་བཅད་མི་ཐུབ་ཅིང༌། མེ་ཤུགས་འཕུར་མདས་གཏོར་མི་ཐུབ་པའི་གཟུགས་མེད་ཚད་བཀག་བྲལ་བའི་འབྲེལ་ཐག་དམ་པོ་ཞིག་ཀྱང་ཡིན། ཁོང་ཚོ་སྟེ་ང་ཚོའི་ཁྱིམ་མཚེས། ང་ཚོའི་ཁྱིམ་མཚེས་ཀྱིས་བོད་པ་ནི་8〝 ལེ་ལོ་དང༌། བག་འཁུམས། རིག་གནས་མེད་པ། སྤུས་ཚད་ཞན་པ། ཚན་རིགས་མི་ཤེས་པ། ཚོང་རྫས་དང་ཁྲོམ་རའི་བསམ་བློ་མེད་པའི་〞 མི་རིགས་ཐ་ཆད་ཅིག་ཏུ་བསམ་པར་མ་ཟད། དངུལ་སྒོར་ཆག་པ་ཁ་ཤས་ཀྱིས་ཉོ་ཆོག་ཆོག་དང༌། མི་སྣ་རེ་གཉིས་ཀྱིས་གར་ཁྲིད། དུས་གཏན་དུ་གཉིད་ཡུར་བའི་ལེ་ལོ་ཅན། བཟང་ངན་དཔྱད་མི་ཐུབ་པའི་གླེན་ལྐུག་ཅན། ཁྲེལ་གཞུང་མེད་པའི་དགའ་རོགས་ཤ་སྟག་རེད་སྙམ་འདུག དེ་ནི་འདས་ཟིན་པའི་ལོ་རྒྱུས་ཀྱི་ཆག་གྲུམ་ངན་པ་འགས་ཁོང་ཚོ་ངན་ལང་གཏོང་བ་རེད། རེད་དེ། དེས་མི་རེ་གཉིས་ཀྱི་འདོད་རྔམས་དང་ལྐུག་རྟགས་མཚོན་ནུས་པ་ལས་གངས་ཅན་པའི་མི་གཤིས་མཚོན་མི་ཐུབ། གངས་ཅན་པའི་མི་གཤིས་ངོ་མ་ནི་ 9〝 མི་གཤིས་ལེགས་ཤིང༌། ལས་ལ་བརྩོན་པ། དཔའ་ངར་ལྡན་པ། བབ་ཆགས་པ། གཞུང་བཟང་བ། བློ་གྲོས་གསལ་བ་བཅས་ཀྱི་མི་རིགས་ཤིག་ཡིན་〞 པར་མ་ཟད། 〝 དགྲ་ལ་དགྲ་ལན་མེད་ན་སྡར་མ་དང༌། ཟས་ལ་ཟས་ལན་མེད་ན་ཁྲམ་པར་〞 བརྩི་ཞིང༌། འདེགས་དཀའ་བའི་ཁུར་པོ་ཕྲག་ཏུ་ལྷུང་ཡང་གདོང་རིས་ཀྱི་འཛུམ་མདངས་མི་ཡལ། སྒྲུབ་དཀའ་བའི་ལས་དོན་བྲག་ལས་སྲ་ཡང་ལེགས་འགྲུབ་ཡོང་བའི་རེ་ཐག་ནམ་ཡང་མི་གློད་པའི་མི་རིགས་སྙིང་རུས་ཅན་ཞིག་ཡིན། དེ་ལྟར་ཡིན་པས། དེ་ལྟར་ཡིན་པས་གཞན་དབང་གཉའ་གནོན་འོག་ཏུ་མཚོན་མེད་ལག་རྡུམ་ལུས་པའི་ཆོལ་གསུམ་བོད་མིའི་གཅིག་དྲིལ་གྱི་སྟོབས་ཤུགས་ལ་གནམ་ས་བླ་འོག་བརྗེ་བའི་དྲག་གནོན་གྱིས་ཀྱང་ཁ་ཡ་མ་ཐུབ་པས་དབུགས་རིང་འབྱིན་བཞིན་ཡོད། འོན་ཀྱང༌། འོན་ཀྱང་ང་ཚོ་རླུང་རྟ་ཞན་པ་ཞིག་ལ་ཁ་གཏད་ཁྲེལ་གཞུང་མེད་པ་ཞིག་དང་འཕྲད་པ་རེད། གལ་སྲིད་ཁོང་ཚོ་ལ་བདེན་དོན་ཉན་སའི་རྣ་བ་དང༌། དྲང་གཏམ་བཤད་སའི་ལྕེ་རྩེ་ཞིག་ཡོད་ཚེ་〝 བདེན་ཡོད་འགྲོ་སའི་ལམ་དང་། བདེན་མེད་གཅུར་སའི་འཕྲང་〞 ཞིག་ང་ཚོ་ལ་མེད་པ་མིན་མོད། ཁོང་ཚོས་མི་གཙང་བ་དར་གྱིས་སྒྲིལ་ནས་གསེར་གྱི་གཏེར་ཡོད་ཚུལ་བཤད་བཞིན་ཡོད་ལ། ང་ཚོས་ཆུ་གྲང་མོ་བླུད་ཀྱང༌། ཁོང་ཚོས་ཁ་ཚིག་མདོག་བྱེད་བཞིན་ཡོད། ཁོང་ཚོའི་དངོས་ཡོད་ལོ་རྒྱུས་ཀྱི་མདའ་མོས་དཀྱོག་ལམ་བསྙེགས་ཤིང༌། གཉེན་དགྲ་རུ་བཟུང་ནས་དྲག་གནོན་ལ་བཅིང་གྲོལ་སྒྲོགས་ཏེ་〝 རྫུན་མ་དེ་བརྒྱ་བཤད་ན། བདེན་པར་འགྱུར་〞 ཟེར་བའི་ལྟ་གྲུབ་ངན་པ་དང༌། ང་ཚོས་10〝 ལེགས་ན་དགྲའི་བུས་ལེགས་ཀྱང་བྱ་དགའ་གསོལ། ཉེས་ན་རང་གི་བུས་ཉེས་ཀྱང་ཆད་པས་གཅོད་〞 ཅེས་པའི་མི་ཆོས་རིང་ལུགས་ཀྱི་དྲང་བདེན་སྟེང་ནས་〝 གཅིག་བཤད་དོན་ལ་མ་གནས་ན། བརྒྱ་བཤད་སྟོང་བཤད་སྟོང་པ་ཡིན་〞 ཞེས་པའི་གཏམ་དཔེ་གཉིས་བསྡུར་ཚེ་གཞི་རྩའི་མི་རིགས་ཀྱི་ཤ་རུས་ལ་ཁྱད་ཅི་ཙམ་ཡོད་གསལ་བར་མ་ཟད། ཁོང་ཚོའི་བློ་གྲོས་ཉིན་རེ་ནས་ཉིན་རེར་རྒུད་པའི་མཐའ་ལ་ལྷུང་ཞིང༌། ཁོང་ཚོའི་ཆབ་སྲིད་ལོ་རེ་ནས་ལོ་རེར་རྩུབ་ཏུ་སོང་བ་འདིས་ཀྱང་〝 ལུ་གུ་རྒྱག་ཀྱང༌། རྐང་མར་ཁྲག་ཡིན་〞 པར་གསལ་སྟོན་བྱས་ཡོད། ད་དུང་ཁོང་ཚོས་ང་ཚོའི་འཐབ་རྩོད་འདི་ནི་མི་རབས་གཅིག་གི་ལུས་ཕུང་སྟེང་དུ་ཡོད་པའི་ནད་རོ་ཞིག་ཏུ་ངོས་འཛིན་བྱས་ཡོད་ཅིང༌། ནད་གཞི་དེ་མི་རབས་དེའི་ལུས་ཕུང་དང་ལྷན་དུར་འཇུག་བྱེད་ཆོག་པར་ཡིད་ཆེས་བྱས་ཡོད། དེ་ལྟར་ཡིད་ཆེས་བྱས་ནས་མི་ལོ་ཧྲིལ་པོ་བཅུ་ཕྲག་ལྔ་ལྷག་འདས་རྗེས་ད་ལྟ་བོད་མི་ལྔ་འདུས་སར་རྒྱ་དམག་བཅོ་ལྔ་གཏོང་དགོས་པ་འདིས་ཁོང་ཚོའི་རྨི་ལམ་སྐྱིད་པོ་དེ་ཡལ་བཅུག་པ་རེད་ལ། ང་དགུའི་ལོར་ཕོ་ཕྱེད་རོ་དང༌། མོ་ཕྱེད་ཡུག་ས་བཟོས་རྗེས་སླར་ཡང་ད་ལྟའི་གངས་ཅན་པ་ཚོ་〝 བཅད་པའི་ཤུལ་དུ་བཙུགས་པ་འདྲ་〞 བ་ཞིག་བྱས་ནས་བསྡད་ཡོད་པ་འདིས་〝 རིན་ཆེན་མི་ལ་དགུ་སྐོར་དང༌། འདོ་བ་རྟ་ལ་ཁྲི་སྐོར་〞 ཡོད་པའི་གནའ་གཏམ་ལ་བདེན་ཁ་བྱིན་ཡོད། བོད་ས་སྟོད་སྨད་ཀུན་ཏུ་མེ་མདའ་དང་རྡུལ་མཚོན་གྱི་དྲག་གནོན་རྒྱུན་མ་ཆད་ཅིང༌། བོད་ཡིག་འབྲུ་གཅིག་ཡིན་ཡང་སྦས་ཐབས་དང༌། བོད་སྐད་སྦྲང་སྐད་ཙམ་ཡང་བཀག་ཐབས་བྱས་ཏེ་མི་ལོ་ཧྲིལ་པོར་ལྔ་བཅུར་འདས་རྗེས་སླར་ཡང་གངས་ཅན་པའི་གཞོན་ནུ་སྡེ་ཚན་ཞིག་མཚར་ལོང་བྱུང་བ་འདིས་ཁོང་ཚོའི་རྨི་ལམ་སྐྱིད་པོ་དེ་ཟར་ཟིར་ཏུ་འཁྲུལ་བཅུག་ཡོད་ཅིང༌། རྒྱབ་ལྗོངས་མེད་པའི་གཉིད་ལབ་ཙེར་བཅུག་ཡོད་པར་མ་ཟད། འདས་ལོ་ལྔ་བཅུ་ལྷག་གི་རིང་དྲག་གནོན་བྱེད་རྒྱུ་དེ་ཤུགས་ཆུང་དྲག་འདུག་སྙམ་ཡོད་ཀྱང་སྲིད། འདིས་གངས་ཅན་པའི་མི་གཤིས་ཅི་འདྲ་ཡིན། སྙིང་སྟོབས་ཇི་ཙམ་ཆེ། ལ་རྒྱ་ཇི་ལྟར་བརྟན་གསལ་བཤད་ནན་མོ་བྱས་ཡོད་ལ། མི་རིགས་ཀྱི་གནད་དོན་ནི་རྣག་འབུར་ཞིག་དང་འདྲ་བར་ཇི་ཙམ་ཐུག་རེགས་བྱས་ན་དེ་ཙམ་ཟུག་གཟེར་ལྡང་འོང་ངེས་ཡིན་པའི་སྔོན་བརྡ་སྤྲད་ཡོད། འདིས་གངས་ཅན་པའི་རྟོགས་སད་དང༌། མདུན་སྐྱོད། མ་འོངས་འབྱུང་འགྱུར་གྱི་གྲ་སྒྲིགས་སོགས་ལ་བསྡོམས་ཚིག་བརྒྱབ་ཡོད། གཅིག་བྱས་ན། གཅིག་བྱས་ན་ང་ཚོས་བློས་གཏོང་དང་འབད་རྩོལ་བརྒྱ་ཕྲག་བྱེད་བཞིན་འབྱུང་འགྱུར་གྱི་ལོ་ངོ་ལྔ་བཅུའི་རྗེས་སུ་ད་དུང༌། ད་དུང་ཡང་ཆབ་སྲིད་ཀྱི་གནས་སྟངས་འདི་ལྟར་ལྷག་སྲིད། ཚོད་དཔག་འདི་ལྟར་དགོས་དོན་ནི་ང་ཚོའི་ཁྱིམ་མཚེས་འདི་〝 འདོད་པའི་ནམ་ལང༌། ཤེས་བྱའི་མུན་རུབ་〞 ཡོད་པས་ཡིན། གལ་སྲིད་དེ་ལྟར་ལྷག་ཚེ་སྐབས་དེ་དུས་ཀྱི་གངས་ཅན་པའི་གཅིག་དྲིལ་གྱི་སྟོབས་ཤུགས་ནི་ད་ལྟ་ལས་ལྡབ་སྟོང་གིས་ལྷག་པ་ཡིན་ངེས་ཏེ། མི་རིགས་ཀྱི་བློ་གྲོས་དང་ཤེས་ཡོན་ཉིན་རེ་ནས་ཉིན་རེར་མདུན་སྐྱོད་བྱེད་བཞིན་ཡོད་པས་སོ།། མདོ་ཧྲིལ་གྱིས་དྲིལ་ན་རྒྱ་ནག་དམར་པོའི་སྲིད་གཞུང་གིས་ང་ཚོ་གངས་ཅན་པ་ཚོ་〝 སྔར་མགོ་ཡི་ཞྭ་ཉན་པ་དེ། ད་རྐང་པའི་ལྷམ་མི་ཉན་པ〞་ བཟོས་བྱུང་ཡང་འདས་ཟིན་པའི་དུས་ཡུན་དེ་དག་ཏུ་གངས་ཅན་པ་ཚོས་ཀོ་ཐག་སྣེ་གཅིག་གློད་མེད། འདི་ནས་བཟུང་མ་འོངས་འབྱུང་འགྱུར་གངས་ཅན་པའི་འཚོ་ཐབས་ཀྱི་ཆེད་དུ་དང༌། མ་འོངས་པའི་གཞོན་སྐྱེས་ཚོའི་སེམས་ཤུགས་ཀྱི་ཆེད་དུ། མ་འོངས་པའི་བོད་གསར་པ་སོགས་ཀྱི་ཆེད་དུ་རང་སྒེར་གྱི་དགའ་ཕྱོགས་དང་ཉེ་ཕྱོགས། སེམས་ཚོར་དང་གཡོན་ལྷུང་སོགས་བློས་གཏོང་གནད་སྨིན་བྱེད་དགོས། ད་ནས་བཟུང་གངས་ཅན་པ་ཚོས་བདེན་དོན་ཁབ་ཙམ་གྱི་ཆེད་དུ་ས་ཡ་དྲུག་གི་ཟུང་ཁྲག་རྫོགས་ཀྱང་གཅིག་དྲིལ་གྱི་ལག་གདང་མི་བཤིག་པའི་དམ་བཅའ་སྙིང་ནས་བྱེད་དགོས། འདི་ནི་ང་ཚོའི་སྟོབས་ཤུགས་ཡིན། འདི་ནི་ང་ཚོའི་འདུན་ལམ་ཡིན། འདི་ནི་ང་ཚོའི་སྐུ་བགྲེས་མི་སྲིད་ལ། ཡང་སྲིད་འཕྲོག་མི་ཐུབ་པའི་དབུ་ཁྲིད་ཉག་ཅིག་དེ་ཡིན་ནོ།། །།
དཔྱད་གཞིའི་ཡིག་ཆ་ཁག་གི་མཚན་ཐོ་རགས་ཙམ།
༡ བོད་ནི་ངོས་ཀྱི་ལུང་པ་ཡིན། ཞེས་པ་ལས་དྲངས།
༢ མཛད་རྣམ་རྒྱ་ཆེན་སྙིང་གི་རོལ་མཚོ་གླེགས་བམ་གཉིས་པ་ལས་དྲངས།
༣ ཤེས་བྱ་དུས་དེབ་ནང་གསལ་༧གོང་ས་མཆོག་གི་བཀའ་སློབ་ལས་དྲངས།
༤ ཤེས་བྱ་དུས་དེབ་ནང་གསལ་༧གོང་ས་མཆོག་གི་བཀའ་སློབ་ལས་དྲངས།
༥ བོད་ཀྱི་བང་ཆེན་སྤྱི་ཡི་འདོན་ཐེངས་༣༣༠ལས་དྲངས།
༦ སྲིད་དོན་རྒྱལ་རབས་ལས་དྲངས།
༧ བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་ལས་དྲངས།
༨ ཝང་ལི་ཞུང་གི་རྩོམ་ཡིག་ 〝བོད་ཀྱི་མདུན་དུ་ལྷགས་པའི་བཙན་རྒྱལ་རིང་ལུགས་ཁག་གཉིས་〞 ཞེས་པ་ལས་དྲངས།
༩ ཀུན་གཟིགས་༧པཎ་ཆེན་གྱི་བཀའ་སློབ་ཕྱོགས་བསྡུས་དེབ་ཕྲེང་གཉིས་པ་ལས་དྲངས།
༡༠ བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་ལས་དྲངས།
ཡག་པོ་བྲིས་འདུག་མོད། ཡིན་ཡང་རིང་དྲགས་ནས་ཀློག་རྒྱུ་ཉོབ་ཀྱིན་འདུག