ཐེ་བོ་དཀོན་མཆོག་ཤེས་རབ་ཀྱིས།
ཐུགས་རྗེའི་ཤུགས་ཀྱིས་འགྲོ་བའི་གདུང་བ་སྐྱོབ།།
བདག་མེད་གཟིགས་པས་སྲིད་པའི་འཆིང་བ་བཅད།།
སྲིད་ཞིའི་མཐའ་ལ་མི་གནས་ཡིད་ཅན་མགོན།།
ཟླ་མེད་སྟོན་པ་ཤཱཀྱའི་དབང་བོར་འདུད།།
འདུས་བྱས་མཐའ་དག་མི་རྟག་སླུ་བའི་ཆོས།།
ཟག་བཅས་ཐམས་ཅད་སྡུག་བསྔལ་ཉིད་དུ་མཁྱེན།།
ཆོས་རྣམས་མ་ལུས་སྟོང་ཞིང་བདག་མེད་པ།།
མྱང་འདས་ཁོ་ན་ཞི་བ་དགོངས་ལ་འདུད།།
འདི་ན་མི་བཟད་སྡུག་བདེན་ཇི་སྙེད་པ།།
ལས་ཉོན་ཀུན་འབྱུང་བཟོ་བོས་བྱས་མཁྱེན་ནས།།
དེ་ཉིད་སྤངས་པའི་ཞི་བ་འགོག་བདེན་གང་།།
འཐོབ་བྱེད་ལམ་བདེན་གསུངས་པར་མཛད་ལ་འདུད།།
འདི་ཡོད་པས་ན་འདི་ནི་འབྱུང་ངོ་ཞེས།།
ཀུན་བྱང་རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་དང་།།
ལུགས་ལྡོག་ཉིད་དུ་འབྱུང་བས་འཁོར་བ་དང་།།
མྱང་འདས་འགྲུབ་པའི་གནད་གསང་གཟིགས་ལ་འདུད།།
ཆོས་ཀུན་ཡིད་ཀྱི་རྟོག་པས་བྲིས་པ་སྟེ།།
བརྟེན་ནས་བཏགས་པའི་རྟེན་འབྱུང་མ་གཏོགས་པར།།
འཁོར་འདས་ཆོས་ནི་འགའ་ཡང་མ་དམིགས་ཕྱིར།།
ཆོས་ཀུན་རྟེན་འབྲེལ་སྒྱུ་མར་གསུངས་ལ་འདུད།།
གཏི་མུག་བག་ཆགས་བཅས་པའི་སྒྲིབ་པ་གཉིས།།
གཞོམ་སླད་ཐབས་དང་རིགས་ཚུལ་བགྲང་ཡས་ཤིག།
བསྟན་པས་འགྲོ་མང་ཡིད་ཀྱི་བདག་ལྟའི་དཔུང་།།
མ་ལུས་ཕམ་པར་མཛད་པ་ཁྱོད་ལ་འདུད།།
གདུལ་བྱའི་ཁམས་ཀྱི་མོས་པའི་རྗེས་སོང་བའི།།
སྣ་ཚོགས་དྲང་དོན་རླབས་ཕྲེང་གཡོ་བའི་རྩེར།།
བྱེ་མདོ་རྣམ་རིག་གྲུབ་མཐའ་ནོར་བུའི་ཕྲེང་།།
གདུལ་བྱའི་སྐལ་བར་འཇོག་མཁས་ཁྱོད་ལ་འདུད།།
གདོད་ནས་དྲི་མས་མ་གོས་སེམས་ཀྱི་དབྱིངས།།
རང་བཞིན་འོད་གསལ་བདེ་གཤེགས་སྙིང་བོའི་ཁམས།།
འགྲོ་བ་ཡོངས་ཀྱིི་སྙིང་ལ་བཞུགས་གཟིགས་ནས།།
དེ་ཉིད་འདི་ཞེས་མངོན་སུམ་སྟོན་ལ་འདུད།།
གློ་བུར་ཀུན་རྟོག་རྐྱེན་གྱིས་འདུས་མ་བྱས།།
དྲི་མས་མ་བསླད་འོད་གསལ་དག་པའི་དབྱིངས།།
བདེ་གཤེགས་ཡོན་ཏན་གང་གཱའི་བྱེ་སྙེད་རྣམས།།
འཆར་བའི་གཞི་ཉིད་གསལ་བར་གསུངས་ལ་འདུད།།
ཀུན་རྟོག་ཕྲ་རགས་བཞོན་པ་དང་བཅས་པ།།
འགགས་པའི་བདེ་བ་ལམ་དུ་བྱེད་པའི་ཚུལ།།
མདོ་ལས་ཐབས་མཁས་ཁྱད་འཕགས་རྨད་བྱུང་བ།།
བགྲང་ཡས་རྒྱུད་སྡེ་གསུངས་པར་མཛད་ལ་འདུད།།
འཇིག་རྟེན་འདི་ན་ལྷ་དང་དྲང་སྲོང་སོགས།།
སུས་ཀྱང་སྐོར་བར་མ་ནུས་ཆོས་ཀྱི་ཚུལ།།
རང་གི་མཁྱེན་རབ་སྟོབས་ཀྱིས་གསལ་མཛད་པ།།
ས་གསུམ་སྒྲོན་མེ་གཅིག་པུར་གྱུར་ལ་འདུད།།
སྟོན་པ་མཆོག་དེའི་གསང་གསུམ་ཡོན་ཏན་ཁྱོན།།
ནམ་མཁའི་མཐའ་དང་རྒྱ་མཚོའི་གཏིང་བཞིན་ཏེ།།
འཕགས་ཆེན་གཞན་གྱི་སྤྱོད་ཡུལ་མ་ཡིན་ན།།
བྱིས་བློའི་བུ་གར་ཤོང་ནུས་ག་ལ་ཞིག།
་
དེ་ལྟར་ན་ཡང་གང་གི་ཡོན་ཏན་ཆ།།
ལྕེ་རྩེར་བླངས་པའི་ཕན་ཡོན་བརྗོད་འདས་ཕྱིར།།
གསུང་གི་མཛད་པར་ཅུང་ཟད་བསྟོད་པའི་དགེས།།
འགྲོ་ཀུན་བདེ་གཤེགས་མཆོག་གིས་རྗེས་འཛིན་ཤོག།
ཅེས་པ་འདི་ནི་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་ཚུར་མཐོང་སྣང་ངོར་མྱ་ངན་ལས་འདས་ནས་༢༥༥༦འཁོར་པ་བོད་ཆུ་འབྲུག་ལོའི་ཆོས་འཁོར་དུས་ཆེན་ཉིན་དབྱངས་ཅན་རིག་པའི་འདོད་འཇོར་འབོད་པས་བྲིས་པ་དགེའོ།།
ཐུགས་རྗེ་ཆེ། བྱང་ཆུབ་མ་འཐོབ་ཀྱི་བར་དུ་ནང་པའི་བསྟན་པ་དྲི་མ་མེད་པ་དང་མི་འབྲལ་ཤོག
བདག་ནི་སྟོན་པ་གཞན་སྤངས་ནས། །
བཅོམ་ལྡན་ཁྱོད་ལ་སྐྱབས་མཆིས་པ། །
དེ་ཅིའི་སླད་དུ་ཞེ་ན་ཁྱོད། །
སྐྱོན་མོ་མངའ་ལ་ཡོན་ཏན་ལྡན། །
དཀོན་མཆོག་པས་བསྟོད་ཚིགས་འདི་བརྗིད་ཉམས་ཤིན་ཏུ་ཆེ།
ཀུན་རྟོགས་སྒྱུ་མའི་སྣང་བ་ཕྲ་རགས་གཟུགས།། བདེ་ལམ་རྫོགས་པའི་ཀུན་བྱང་སྨིན་པའི་མཐར།། ཡོན་ཏན་ལུས་ཅན་མཁོ་ལགས་གྱུར་པའི་གཉེན།། མངོན་མེད་དགེ་ལེགས་དྲ་བ་སྟོབས་ཀྱིས་འགྱེད།།
རྨད་བྱུང་ཉམས་འགྱུར་སྟོང་གི་རོལ་གར་ཅན།།
དབྱངས་ཅན་རིག་པའི་དག་སྣང་ནོར་བུའི་མཛོད།།
ལུས་ཅན་འདྲེན་བྱེད་དཔལ་གྱི་དགའ་སྟོན་ལ།།
འགྲེམ་པའི་གྲགས་སྙན་དབྱར་རྔ་འདི་ན་རྡིར།།
དབྱངས་ཅན་རིག་པའི་འདོད་འཇོ་ཡིས།
ཤཱཀྱ་ཐུབ་པར་བསྟོད་པ་འདི།
བཀླགས་ཏེ་རྣམ་དཔྱོད་ཀྱིས་བསམ་ན།
བསྟན་ལ་ངེས་རྙེད་རྒྱུར་འགྱུར་ངེས།།
མྱང་འདས་ཁོ་ན་ཞི་བ་དགོངས་ལ་འདུད།།
འདིར་བདག་ལ་དོགས་པ་ཞིག་འདུག དགོངས་ཞེས་པས་མྱང་འདས་ཁོ་ན་ཞི་བ་དགོངས་པ་ཅན་དུ་མི་འགྱུར་རམ།
བྱེ་མདོ་རྣམ་རིག་གྲུབ་མཐའ་ནོར་བུའི་ཕྲེང་།།
གདུལ་བྱའི་སྐལ་བར་འཇོག་མཁས་ཁྱོད་ལ་འདུད།།
འདིར་གྲུབ་སྨྲ་བ་གསུམ་ལས་མ་བསྟན་པའི་རྒྱུ་མཚན་དང་། གཞན་ཡང་། ཡི་གེ་དག་ཆར་དཔྱད་དགོས་ཏེ། དབང་པོར་ལ་དབང་བོར་དང་། ནོར་བུའི་འཕྲེང་ལ་ནོར་བུའི་ཕྲེང་ཞེས་སྔར་གྱི་དག་ཆ་དང་མི་མཐུན་པ་འབྲི་དགོས་པའི་རྒྱུ་མཚན་དང་། སྒྲོན་མེ་ཞེས་པ་ལ་སྔོན་དུས་སུ་སྒྲོན་མ་ཞེས་བྲིས་པ་ལ་ཕྱིས་སུ་ཨ་ཡིག་ཨེ་རུ་འདོན་ཨེ་ཡིག་ཨ་རུ་འདོན་ཞེས་བདག་གིས་ལན་མང་བྲིས་པ་ལ་སྒྲ་འདི་དཔེར་མཚོན་པ་ཞིག་ཏུ་མི་འདུག་གམ་ཞེས་བཀའ་དྲི་ཞུ་བ་བདག་རང་གི་ཕྱིར་མ་ཡིན་པར་མ་འོངས་བོད་ཀྱི་གཞོན་ནུ་རྣམས་ཀྱི་ཕྱིར་ཞུ་བ་ལགས་སོ།།
སྟོན་པ་ལ་བསྟོད་པའི་སྙན་ཚིག་ཡིད་ལ་བབས་སོང་ལེགས། ཡིག་ནོར་མེད་གི །འོག་གི་མཆན་དག་ལ་ཡིག་ནོར་མང་གི་ཡ།
རྒན་ལ་དྭགས་པས་གསུངས་པ་ལྟར་འདིར་གྲུབ་སྨྲ་བ་གསུམ་ལས་མ་བསྟན་པའི་རྒྱུ་མཚན་དང་། གཞན་ཡང་། ཡི་གེ་དག་ཆར་དཔྱད་དགོས་ཏེ། དབང་པོར་ལ་དབང་བོར་དང་། ནོར་བུའི་འཕྲེང་ལ་ནོར་བུའི་ཕྲེང་ཞེས་སྔར་གྱི་དག་ཆ་དང་མི་མཐུན་པ་དཔྱད། ཁྱདཔར་ཞི་བ་མྱང་འདས་གཅིག་བུ་ལ་དགོངས་ཟེར་ན་ཉན་རང་དགྲ་བཅོམ་པ་རྣམས་མྱང་འདས་བགྲོད་པ་གཅིག་བུ་དགོངས་པས་ཞི་བའི་མཐའ་ལ་ལྷུང་ཟེར་གི་རེད། སངས་རྒྱས་རྣམས་ཀྱི་ཡོན་ཏན་ཁྱད་ཆོས་གཙོ་བོ་ནི་གཞན་དོན་འབད་མེད་ལྷུན་གྲུབ་ཏུ་མཛད་པ་གཙོ་བོ་རེད། ཉོན་མོངས་སྤངས་པ་ལ་ཞི་བ་མྱང་འདས་ཟེར་གི་རེད། དེ་ཉན་རང་དང་ཡང་ཐུན་མོང་བ་ཡིན་པས་སངས་རྒྱས་ཀྱི་ཡོན་ཏན་གྱི་ཁྱད་ཆོས་ལ་སྦྱོར་མི་རུང་།
ཀུན་རྟོག་ཕྲ་རགས་བཞོན་པ་དང་བཅས་པ།།
འགགས་པའི་བདེ་བ་ལམ་དུ་བྱེད་པའི་ཚུལ།།
མདོ་ལས་ཐབས་མཁས་ཁྱད་འཕགས་རྨད་བྱུང་བ།།
བགྲང་ཡས་རྒྱུད་སྡེ་གསུངས་པར་མཛད་ལ་འདུད།།
སྤྱིར་ཆགས་པའི་བདེ་བ་ལམ་དུ་བྱེད་པ་རྒྱུད་སྡེ་བཞི་ག་ལ་སྦྱར་རུང་ཡང་། འདི་རྒྱུད་སྡེ་བཞི་ག་ལ་སྦྱར་མི་རུང་པས་ཀུན་རྟོག་བརྒྱད་ཅུ་རླུང་དང་བཅས་པ་འགགས་པའི་ཚུལ་སྣང་མཆེད་ཐོབ་གསུམ་གྱི་ཡེ་ཤེས་གསུམ་ལ་སྦྱོར་བས་བླ་མེད་ལས་གཞན་དུ་ཡོད་པ་མ་ཡིན། སྤང་བྱའི་གཙོ་བོ་ཡང་སྣང་མཆེད་ཐོབ་གསུམ་གྱི་བག་ཆགས་ཉིད་ཡིན་པས་སོ།།བསྐྱེད་རིམ་གྱི་སྐབས་ལ་ལྷའི་རྣལ་འབྱོར་གཙོ་བོ་དང་རྫོགས་རིམ་གྱི་སྐབས་ལ་རླུང་གི་རྣལ་འབྱོར་དེ་གཙོ་བོ་ཡིན་པས་ཀུན་རྟོག་བརྒྱད་ཅུ་དང་རགས་པ་ཉེར་ལྔ་ཐིམ་རིམ་བཤད་པའི་འཆི་བ་འོད་གསལ་དེ་འཆི་བ་རང་ག་བའི་ངོ་བོར་མི་འགྲོ་བར་ཡེ་ཤེས་ཀྱི་ངོ་བོར་འགྲོ་བར་བཤད་པ་རྫོགས་རིམ་གྱི་སྐབས་ཡིན་པས་སོ།།
ཧ་ཅང་གི་ཡག་པོ་འདུག་བཀའ་དྲིན་ཆེ། མངོན་པོར་བསྟོད་ཏོ།
ང་ཡི་གྲོགས་པོ་གཅིག་ཡོད་ཁོང་གིས་་་་་བསྟོད་ར་བཏང་ཚུལ་ནི་འདི་ལྟར་་་་་ཁོ་དཔེ་ཡག་པོ་ཡོ་རེད་ད།
ང་གཉིས་འཛིན་གྲཱ་གཅིག་པ་རེད། ཟེར་གྱི་རེད་འདི་ག་འདྲ་འདུག་་་་་ཡང་མི་འགའ་ཤས་ནས་བསྟོད་ཚུལ་ནི་་་་་ཁོ་ཡག་པོ་ཞེ་པོ་ཅིག་ཡོད་རེད་ད་་་་ང་ལ་ཁ་ལག་མང་པོ་ཀྱག་སོང་། ཡང་སྨད་རྭ་བྱེད་སྟངས་ལ་ཡང་་་་ཁོ་དཔེ་སྡུག་ཅག་ཡོ་རེད་ད་་་ང་ཚོའི་ཕ་མ་ཚོར་དགའ་ཡི་མ་རེད། ཡང་་་་ཁོང་ཚོ་དཔེ་སྡུག་ཅག་ཡོ་རེད་ད་་་་་ང་ཚོའི་བླ་མར་དད་པ་འཁྱོན་ནས་ཡོ་མ་རེད་་་་་་ཟེར་ནས་སྨད་རྭ་བྱེད་མཁན་དེ་འདྲ་མང་པོ་ཞིག་ཡོང་གི་འདུག །དེ་ཚོ་ནི་ཕར་གའི་མི་དེ་ཡག་སྡུག་རྩིས་སའི་གཞི་དེ་སོའི་འདོད་པ་ཡོད་མེད་དང་སོ་སོའི་བློར་བབས་མིན་རང་ལ་བརྩིས་པ་མ་གཏོགས་དོན་ལ་ཞིབ་འཇུག་བྱེད་ཀྱི་མེད་པའི་རྟགས་གསལ་པོ་རེད་་་་དེ་ནི་བོད་སྤྱི་ཚོགས་ནང་དུ་དར་སྲོལ་ཆེན་པོ་འདུག་པས་་་་ཅིས་ནས་ཀྱང་ཡོ་བསྲང་གནོང་རོགས་གནང་ཞུ་རྒྱུ་ཡིན།།
ལ་དྭགས་པས་དབང་བོ་དང་དབང་པོ་གཉིས་ལས་ཕྱི་མ་དག་ཚུལ་གསུངས་པ་ནི་རྟགས་འཇུག་གི་རྟགས་མཐའ་
འདྲེན་ཚུལ་དགོངས་པ་ཡེ་མ་འཆུག་པ་ཡིན་ལ། སུ་ཏིའི་ལྟར་བརྗོད་བདེ་འདྲེན་ཚུལ་མང་དྲགས་ན་ལུང་བ་རེ་རེ་
ན་རང་རང་གི་ཁ་ལ་བདེ་བའི་རྗོད་པ་རེ་ཡོད་པས། བོད་ཀྱི་བརྡ་སྤྲོད་འཆལ་འཆོལ་དུ་མི་འགྱུར་གྲང་།
ཕྲེང་བ་དང་འཕྲེང་བ་གཉིས་ཀ་གདམ་ང་ཡིན་པར་གསུངས་པ་ཉིད་འཐད་དོ།།
རྒྱུད་སྡེ་འོག་མ་གསུམ་གྱི་སྐབས་སུ་ལྟ་རྒོད་ལག་བཅང་གི་སྐབས་སུ་ཡང་ཀུན་རྟོག་ཆེས་རགས་པ་འགའ་ཞིག་
འགགས་པ་ལ་བརྟེན་ནས་བདེ་བ་སྐྱེས་པ་སྟེ། འདིའི་ཀུན་རྟོག་ནི་བླ་མེད་སྐབས་ནས་གསུངས་པའི་ཀུན་རྟོག་
བརྒྱད་ཅུ་ཁོ་ནར་སྦྱར་རྒྱུ་མིན་པ་ནི་རྩོམ་པ་བོའི་འདོད་པར་སེམས་སོ། །
རང་དབང་ལགས། དངོས་གནས་རེད། འགའ་ཞིག་གིས། རྡ་སའི་སྒྲིག་འཛུག་སྡུག་ཅག་རེད། ང་སྣང་བ་འགྲོ་གི་མིན་འདུག་ཟེར་མཁན་ཡང་འདུག་ག ཧ་ཧ་ཧ་
ཀུན་རྟོག་ཕྲ་རགས་བཞོན་པ་དང་བཅས་པ།།
འགགས་པའི་བདེ་བ་ལམ་དུ་བྱེད་པའི་ཚུལ།།
རྩོམ་པ་པོའི་འདོད་པ་ཀུན་རྟོག་བརྒྱད་ཅུ་ཁོ་ནར་འདོད་པ་མིན་པ་ངས་ཀྱང་ཤེས་མོད། ཀུན་རྟོག་ཕྲ་རགས་ཞེས་འགགས་པའི་བདེ་བ་ལམ་དུ་བྱེད་ཚུལ་རྒྱུད་སྡེ་འོག་མ་ལ་འོངས་དོན་མེད་ལ། དཔེར་ན་འདོད་ཆགས་ལམ་དུ་ལམ་དུ་བྱེད་ཟེར་བ་ལས་འདོད་ཆགས་འགགས་པའི་བདེ་བ་ལམ་དུ་བྱེད་ཟེར་ན་རྒྱུད་སྡེའི་དོན་དང་འགལ་འགྲོ་བར་དོགས།
ཁྲི་ཆེན་བསྟན་པ་རབ་རྒྱས་ཀྱི་གསུང་ན་འདོད་ཆགས་ལམ་བྱེད་མ་གཏོགས་ཞེ་སྡང་དང་ཕྲག་དོག་སོགས་ཉོན་མོངས་གཞན་རྣམས་ལམ་དུ་འཁྱེར་སྟངས་མེད་གསུངས་འདུག འདི་ལ་འགྲེལ་བཤད་གནང་མཁན་རེ་ཡོད་དམ།
ཀླུ་སྨྱོན་ལགས། ཞེ་སྡང་དང་གཏི་མིག་ལ་ངོ་བོའི་སྒོ་ནས་ལམ་དུ་བྱེད་ཚུལ་མི་འདུག །དཔེར་ན་དྲག་ལས་བྱེད་པ་ལྟ་བུ་ཡིན་ན། རྒྱུའི་ཀུན་སློང་གི་དུས་སུ་ཞེ་སྡང་མེད་ཀྱང་དུས་ཀྱི་ཀུན་སློང་གི་ཚེ་རྩུབ་སེམས་དང་། སྲུང་འཁོར་སྒོམ་པ་ལྟ་བུ་ཡིན་ན་དུས་ཀྱི་ཀུན་སློང་གི་ཚེ་བགེགས་ལ་གནོད་སེམས་སྐྱེད་དགོས་པར་བཤད་པ་སོགས་ཞེ་སྡང་དང་དེའི་ཆར་གཏོགས་འགའ་ཞིག་གནང་བ་ཡོད་པ་གསུངས་འདུག །གཏི་མིག་ལ་མཚུངས་ལྡན་སོགས་ཞར་བྱུང་གི་སྒོ་ནས་གནང་བ་མ་གཏོགས་སྒོས་སུ་གནང་བ་མེད་ཅེས་དབལ་མང་གིས་གསུངས་འདུག
ཞེ་ནས་སྡང་བ་དུས་ཀྱིས་ཀུན་སློང་ལ།།
བཞག་ན་ཅུ་ཟད་མི་བདེ་བ་ཞིག་འདུག།
དེས་ན་ཞེ་ནས་སྡང་པ་རང་མིན་པའི།།
རྩུབ་སེམས་དེ་ལ་ཐ་སྙད་གཞན་ཡོད་དམ།།
བསྟོད་པ་མཛད་པ་པོ་རང་ཉིད་ཀྱིས་དབང་པོ་ལ་དབང་བོ་བྲིས་པ་ལ་བདག་གིས་དྲི་བ་ལ་ལན་ཅང་མ་གསུངས། གཅིག་ན་ཁོང་སྐྱེས་བུ་དམ་པ་ཐ་སྙད་མི་སྨྲ་བ་ཞིག་ཡིན་ངེས། སློབ་དཔོན་མིག་བརྒྱད་པ་སོགས་ཀྱིས་དབང་པོ་ལ་དབང་བོ་ཞེས་པར་དག་པར་འཛིན། འོན་ཀྱང་བཀའ་བསྟན་དང་བོད་ཀྱི་གསུང་འབུམ་དག་དང་། ལྷག་པར་རྗེ་ཡབ་སྲས་གསུམ་དང་། དགེ་འདུན་གྲུབ་པ་སོགས་སྔོན་གྱི་བསྟན་བཅོས་རྣམས་ན་དབང་པོ་ཞེས་པ་མ་གཏོགས་དབང་བོ་ཞེས་པ་ཁོ་བོའི་འདྲེན་བྱེད་ལམ་དུ་མ་གྱུར། དེས་ན་ཡི་གེ་དག་པ་རྣམས་ལ་རང་རེའི་ཕལ་སྐད་ཀྱི་དྲི་མ་ངན་པ་མ་ཞུགས་ན་ཅི་མ་རུང་ཞེས་སེམས། བཀའ་བསྟན་གྱི་དཔེ་ཆ་དག་གསར་དུ་སྐྲུན་པ་ན། རང་རེའི་ཕལ་སྐད་གྱི་དྲི་མས་སླད་པ་ཁོ་བོས་མངོན་སུམ་དུ་མཐོང་། སི་ཏུ་པཎ་ཆེན་གྱིས་སྔོན་གྱི་བཀའ་བསྟན་གསུང་འབུམ་སོགས་གཟིགས་ནས། དེ་དག་གཞིར་བཟུང་ནས་བརྡ་སྤྲོད་བྲིས་པ་གྱི། རང་ཉིད་ཀྱི་ཁུངས་མེད་ཚིག་བཀོལ་པ་མ་མཐོང་བར་མ་ཟད་སུམ་རྟགས་འགྲེལ་པ་དེ་ལ་བོད་ཀྱི་བརྡ་སྤྲོད་མཁས་པ་མང་པོས་ཆེ་བསྔགས་གསུངས། གཞན་ཡང་རང་རེས་འདི་ཉིད་ཤེས་དགོས་པ་ཞིག་སྟེ། དག་ཆ་ཉམས་པ་དག་ཡོངས་གྲགས་ཆགས་པ་ན་དག་པ་དང་མ་དག་པ་གཉིས་ཀ་རུང་བའི་འདམས་ཀར་ཡོད་ཀྱང་། དག་པ་དེ་འདམ་དགོས། དེ་ཡང་བོད་ཀྱི་སྐད་གཞུང་མང་པོ་ལ་མ་སྦྱངས་པར་དག་པ་དང་། མ་དག་པའི་དབྱེ་བ་འབྱེད་མི་ཐུབ། དཔེར་ན། སྒྲ་སྒྲོགས་པ་དང་། སྒྲ་སྒྲོག་པ་གཉིས་ན། གང་དག་པ་ཡིན་སྙམ་ནས། ད་ལྟ་ཡོངས་གྲགས་ཀྱི་བོད་རྒྱ་ཚིག་མཛོད་ཆེན་མོ་ལྟ་བུ་ལ་་བལྟ་ན། སྒྲོག་པ་ཞེས་པ་མ་གཏོགས། སྒྲོགས་ཞེས་སྐུལ་ཚིག་ལ་ཡོད་ཀྱང་། སྒྲོགས་པ་ཞེས་བྱ་ཚིག་ད་ལྟ་བའི་དོན་ལ་གཏན་ནས་ཆུད་མི་འདུག འོ་ན་སྒྲོགས་པ་དང་སྒྲོག་པའི་ཁྱད་པར་གང་གིས་ཤེས་ཤེ་ན། སྔོན་གྱི་སྐད་སྒྲ་མ་ཉམས་པ་བཀའ་འགྱུར་ན་ཡོད་ཅིང་། དེ་དག་ན་ཡོད་པའི་ཚིག་འགའ་ཞིག་བསྡུས་པ་དག་ཡིག་ཟ་མ་ཏོག་དང་། དག་ཡིག་ངག་གི་སྒྲོན་མ་དག་ལ་རྟག་སྦྱོར་དང་། གུས་སྦྱོར་གྱིས་ཐོས་བསམ་བྱེད་ན། རང་རེས་ཚིག་དེ་རྣམས་དག་པ་ཡིན་པ་ཤེས་ཐུབ་པར་མ་ཟད་བོད་ཀྱི་རིག་གཞུང་སྲུང་ཐུབ་པའི་སྐྱེས་བུ་ཞིག་ཏུ་ཡང་འགྱུར་རོ།།
རྒན་ལ་དྭགས་པས་གསུངས་པ་དེ་ག་རང་རེད། མདོ་དང་བསྟན་བཅོས་གང་ན་ཡང་དབང་པོ་ཟེར་བ་ལས་དབང་བོ་མེད། ཡིན་ཡང་ཁམས་དང་ཨ་མདོའི་ཁ་སྐད་དུ་དབང་བོ་ཟེར་བ་ཡོད་ཀྱང་དབུས་གཙང་སྐད་ལ་མེད། མུ་ཏིག་ཕྲེང་མཛེས་ལས། བསྟར་བ། ཤར་བ། རྒྱལ་བ། དམ་པ། བསམ་པ། རྣམ་པ། བུམ་པ། སྟོང་པ་ལྟ་བུ་བརྗོད་བདེ་འདྲེན་པ་དང་། རྐང་པ་ལྟར་དབང་པོ་ཟེར་བ་ཡང་བརྗོད་བདེ་འདྲེན་པ་ཡིན། སྒྲ་ལཱ་པར། ལྷག་མ་འཇིག་རྟེན་པའི་ཉེར་སྤྱོད་ལས་འཛིན་པ་གྲུབ་པོ། ཞེས་པ་ལྟར་འཇིག་རྟེན་པའི་གྲགས་པ་དང་བསྟུན་དགོས་པ་ཡིན།
འདོད་ཆགས་ལམ་འཁྱེར་དང་། ཞེ་སྡང་ལམ་འཁྱེར་ཡོད་པ་མ་ཟད།
ནམ་མཁའ། གཏི་མུག ཀུན་བཟང་མ།
རླུང་། ཕྲག་དོག སྒྲོལ་མ།
ཆུ། འདོད་ཆགས། མ་མ་ཀི
ས། ཞེ་སྡང་། སངས་རྒྱས་སྤྱན་མ།
མེ། ང་རྒྱལ། གོས་དཀར་མོ།
འགའ་ཞིག་བསྡུས་པ་ཞེས་པ་བཏུས་པ་ཞེས་བཅོས་སོ།། སློབ་དཔོན་མིག་བརྒྱད་པ་འཇིག་རྟེན་གྲགས་པ་དང་བསྟུན་སྟངས་དེ་འདྲ་རང་ཡིན་ནམ། ཡིན་ན་ཧ་ཅང་ཐལ་བར་འགྱུར་རོ།།
རྒན་ལ་དྭགས་པས་ཡིག་སྐད་རང་གཞིར་བཞག་པ་གཟི་བྱིན་ཆེ། དཔེར་ན་བསྔུས་པ་དང་བཏུས་པ་ལྟ་བུ་མིང་དང་བྱ་ཚིག་གི་ཁྱད་པར་ཡོད་པ་རེད་དམ། ཡང་ན་ལེགས་སྦྱར་གྱི་སྟེང་ནས་གོ་ཐོབ་བཙལ་དགོས། སུམ་རྟགས་དང་བསྟུན་པ་ཡིན་ན། པྲ་ཏི་དང་སི་ཏུ་གཉིས་ཀའི་ལུགས་ལ་རྟགས་མཚུངས་འདྲེན་པ་ཡིན། རྐང་པ། ལག་པ། དབང་པོ་ཟེར་དགོས་པ་ལྟར་ཁ་ནས་གང་བདེ་དང་ལག་ཏུ་གང་བདེ་འབྲི་མི་རུང་བ་འདྲ་ཡང་། མཁས་དབང་སྐུ་གཤེགས་གར་ཞ་དངོས་གྲུབ་ཁོང་གིས་ངེད་ཅག་ལ་རྟགས་འཇུག་ཁྲིད་སྐབས་བྱ་བྱེད་ལས་གསུམ་དང་རྟགས་མཚུངས་དང་སྒྲ་མཚུངས་འདྲེན་ཚུལ། དུས་གསུམ་གྱི་རྣམ་བཞག་སྐོར་ལ་ཞིབ་ཅིང་ཕྲ་བའི་གསུང་གླེང་མང་པོ་ཞིག་གནང་མྱོང་། རྒྱ་གར་གྱི་ཡི་གེ་ལའང་ཕོ་མོའི་དབྱེ་བ་ཡོད་པ་དང་སྔོན་འཇུག་དང་རྗེས་འཇུག་གི་ཐ་སྙད་མེད་ཀྱང་དབྱངས་ཡིག་སྲོག་ཞུགས་ཀྱི་ཐ་སྙད་འདོད་པས་དེས་གོ་ཆོད་པ་དང་། ཕྱིའི་ཅ་ལག་དང་མི་དང་དངོས་པོ་ཚང་མ་ལ་ཡི་གེའི་ཕོ་མོའི་དབྱེ་བ་སྦྱོར་སྟངས་མཚམས་སྦྱོར་གྱི་སྒྲ་སྒྲུབ་ཀྱི་སྟེང་ནས་ཤེས་དགོས་གསུངས། ཁོང་གིས་དུས་གསུམ་གྱི་རྣམ་བཞག་རྒྱས་པ་ཞིག་བརྩམས་པ་དང་དེ་ལ་ཟམ་གདོང་བླ་མས་ཀྱང་བསྔགས་བརྗོད་ཆེན་པོ་གནང་འདུག །བོད་ལ་ད་སྔ་འདི་འདྲ་རྒྱས་པོ་བྱུང་མེད་ཅེས་གསུངས། ཁོང་ནི་ཡི་གེའི་དག་ཆ་ལ་ཧ་ལས་པའི་ནན་ཏན་མཛད་མཁན་ཞིག་རེད། རྒྱ་གར་གྱི་ལུང་པ་ཁུག་ཀྱོག་འདི་འདྲ་ཞིག་ནས་བོད་ཀྱི་སྐད་ཡིག་ལ་མཁས་པ་བྱོན་པ་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་རིན་པོ་ཆེ་ལྟ་བུ་ཧ་ལམ་དུས་ཐོག་དེར་བོད་ལའང་བྱུང་མེད་ཅེས་མཁས་པ་མང་པོའི་ཞལ་ནས་ཐོས་མྱོང་། མཁས་དབང་དགེ་ཆོས་ཚང་གིས་ཀྱང་བྱང་ཆུབ་སེམས་དཔའ་བསྟན་འཛིན་རིན་པོ་མཇལ་མྱོང་པའི་ལོ་རྒྱུས་འདུག་ལ་ཧ་ལས་པའི་བསྔགས་བརྗོད་གནང་འདུག །ང་དགུ་ལོའི་རྗེས་ཙམ་ལ་མ་སི་རིར་བོད་ཀྱི་མཁན་པོ་མཁན་ཟུར་བླ་སྤྲུལ་དགེ་བཤེས་མཁས་དབང་དྲག་བགྲེས་རྣམས་ལ་དག་ཡིག་ཟ་མ་ཏོག་དང་དག་ཡིག་ངག་སྒྲོན་སོགས་བརྡ་སྤྲོད་སྐོར་དང་བཀའ་ཆོས་ལོ་གཅིག་ལྷག་རིང་གནང་་ཡོད་པ་རྣམ་ཐར་ན་གསལ།
གང་གི་བློ་གྲོས་མགྲིན་པ་ལས། །
འོང་བའི་བཅོམ་ལྡན་བསྟོད་པའི་གླུའི། །
བརྗིད་ཁོག་རི་བོའི་རྗེས་སོང་བས། །
ཉམ་ཆུང་ཕྲག་པས་འདེགས་ནུས་མིན། །
བྱང་ཆུབ་སེམས་དཔའ་ཁུ་ནུ་བླ་མ་བསྟན་འཛིན་རིན་པོ་ཆེའི་ཞལ་སློབ་མཁས་དབང་ཞིང་གཤེགས་གར་ཞ་དངོས་གྲུབ་དང་ད་ལྟ་འཚོ་བཞུགས་སློབ་དཔོན་ཆེན་པོ་ལ་དྭགས་བློ་བཟང་འཇམ་དཔལ་ལགས་གཉིས་ནི་ཧི་མ་ལའི་མི་རིགས་ཤིག་གིས་རང་གི་སྐད་ཡིག་གི་རྒྱུན་སྐྱོང་དག་སྤེལ་གནང་མཁན་མཛད་རྗེས་ཅན་ཞིག་ཡིན་པ་ནམ་ཡང་བརྗེད་མི་སྲིད་པ་ལྟ་བུ་རེད། ལ་དྭགས་བླ་མ་བློ་བཟང་ཆོས་འཕེལ་མཆོག་གིས་གསུངས་པ་ལྟར་ཀ་ཁ་ག་ང་ནི་ཧི་མ་ལའི་རིག་གཞུང་གི་རྩ་ལག་གཅིག་བུ་དེ་ཡིན་ལ། ལ་དྭགས་དང་གར་ཞ། ཁུ་ནུ། སྤེ་ཏི་སོགས་སུ་བྷོ་ཊིའི་སྐད་ཡིག་ཟེར། འབྲུག་ཡུལ་ལ་ལྷོ་ཡིག །མོན་ཡུལ་ལ་མོན་ཡིག །བོད་ལ་བོད་ཡིག་ཅེས་མིང་འདོགས་སྟངས་མི་འདྲ་མ་གཏོགས་དོན་དག་རང་གི་སྐད་ཡིག་རེད་ཅེས་གསུངས་པ་དྲན། རྒྱ་གར་གྱི་མི་རིགས་སྐད་ཡིག་སྡེ་ཚན་ནང་འཛུད་འཇུག་བྱ་རྒྱུའི་ཐབས་ཤེས་གང་མང་གནང་ཡང་མིའི་གྲངས་འབོར་གྱི་ཆ་ནས་བཙུད་མ་ཐུབ་པ་འདྲ།
ཁ་ཅིག་ཚིག་བརྗོད་སྙན་ཡང་དོན་གྱིས་སྟོང་། །
ཁ་ཅིག་བརྗོད་དོན་ཟབ་ཀྱང་ཚིག་གིས་བསླུས། །
གང་ལ་བལྟས་ཀྱང་བརྗོད་ཚིག་དོ་མཉམ་པའི། །
བསྟོད་པའི་སྙན་ངག་འདི་ནི་མཁས་པའི་རྒྱན། །
ཚིག་སྦྱོར་ལ་བཅོས།
རྟེན་འབྲེལ་བསྟོད་པ་དང་ཆོས་དབྱིངས་བསྟོད་པ་ལྟ་བུའི་ཁྱད་ཆོས་རེས་འགའ་འདུག། ནང་དོན་ཕུན་སུམ་ཚོགས་པོ་ཡོད་རུང་། ཚིག་སྦྱོར་དང་དོན་སྔ་ཕྱི་ཤར་རེར་འགྲོ་ཐུབ་ཀྱི་མིན་འདུག
དཔེར་ན། མྱང་འདས་ཁོ་ན་ཞི་བ་དགོངས་ལ་འདུད།། ལྟ་བུ་གོ་རྒྱུ་བདེ་པོ་མིན་འདུག