འབྲིང་བ་འཇིགས་མེད།
༄༅། ། སྙན་ངག་འབྲི་བ་དང་། གླུ་ལེན་པ་སོགས་ཀྱི་སྐབས་ནང་དོན་ཕལ་ཆེ་བ་ནི་ཕ་རོལ་པོ་ལ་བསྟོད་པ་དང་། སྨད་པ་དང་། འགྲན་པའི་དོན་ཅན་ཤས་ཆེ་བ་ལྟར། བསྟོད་པ་དང་སྨད་པ་སོགས་གང་ཡིན་ཡང་དེ་དང་དེའི་བརྗོད་ཚུལ་ལེགས་པའི་ཚད་དུ་སོན་པ་ཞིག་ཡོང་བ་ལ། དེ་དག་གི་ཚིག་ལ་ཉམས་འགྱུར་ལྡན་ཞིང་ནང་དོན་གནད་དུ་ཐིངས་པ་ཞིག་དགོས་པ་དང་། དེ་ཡོང་བ་ལ་ནི་བསྟོད་པའི་ཡུལ་དང་། སྨད་པའི་ཡུལ། འགྲན་པའི་ཡུལ་གང་འདྲ་ཞིག་ཡིན་མིན་དང་། དེ་ལ་དཔགས་ཏེ་དོན་གང་དང་དཔེ་ཇི་ལྟ་བུའི་སྒོ་ནས་བརྗོད་དགོས་པ་དང་། དཔེ་དོན་ཇི་ལྟར་སྦྱོར་བའི་ཚུལ་སོགས་ལེགས་པར་ཤེས་དགོས་པ་གལ་ཆེ་བས། འདིར་དེ་དག་གི་སྐོར་མདོ་ཙམ་ཞིག་ས་སྐྱ་པཎྜིཏའི་གསུང་རོལ་མོའི་བསྟན་བཅོས་རྩ་འགྲེལ་དང་། མཁས་འཇུག སློབ་དཔོན་དབྱུག་པ་ཅན་གྱི་སྙན་ངག་མེ་ལོང་སོགས་ཀྱི་དགོངས་པ་བཞིན་བཤད་པར་བྱའོ། །
དང་པོ། བསྟོད་པ་སོགས་ཀྱི་ཡུལ་ནི།
བསྟོད་པའི་ཡུལ་ཆེན་པོའམ་རྒན་པ་ལ་དྲུག་སྟེ། ཡོན་ཏན་གྱིས་ཆེ་བ། ཤེས་རབ་ཀྱིས་ཆེ་བ། བསླབ་པས་ཆེ་བ། རིགས་ཀྱིས་ཆེ་བ། ན་སོས་ཆེ་བ། ནོར་གྱིས་ཆེ་བ་དང་དྲུག་ནི་བཀུར་བའི་གནས་ཡིན་པས་བསྟོད་པའི་ཡུལ་ཏེ། རོལ་མོའི་བསྟན་བཅོས་ལས། ཡོན་ཏན་ཤེས་རབ་བསླབ་པ་རིགས། །ན་སོ་ནོར་གྱིས་ཆེ་བ་དྲུག །ཅེས་གསུངས།
སྨད་པའི་ཡུལ་དམན་པ་ལའང་དྲུག་སྟེ། ཆེན་པོར་རློམ་ཞིང་ཡོན་ཏན་མེད་པ། ང་རྒྱལ་ཆེ་ལ་བློ་གྲོས་མེད་པ། རབ་ཏུ་བྱུང་བར་ཁས་འཆེས་ཀྱང་བསླབ་ཁྲིམས་ཉམས་པ།(འགྲེལ་པར་འདི་ཆད།) སྐྱེ་བོ་མང་པོའི་བདག་པོ་ཡིན་ཡང་རིགས་དམན་པ། ཚོགས་ཀྱི་གཙོ་བོ་ཡིན་ཡང་ལོ་ན་གཞོན་ཞིང་མཐོང་རྒྱ་དང་ཐོས་རྒྱ་ཆུང་བ། ཕྱུག་པོ་སེར་སྣ་ཆེ་བ་བཅས་དྲུག་ནི་མང་པོའི་ནང་དུ་ཁོ་རང་རྣམས་ངོ་ནོངས་པའི་གནས་ཡིན་ཞིང་གཞན་ལ་བརྙས་ན་སྨད་པའི་ཡུལ་ཏེ། ཆེ་ལ་ཡོན་ཏན་མེད་གྱུར་ཅིང་། །དྲེགས་པ་ཅན་ལ་བློ་མེད་པ། །རབ་ཏུ་བྱུང་བ་བསླབ་པ་ཉམས། །སྐྱེ་བོའི་བདག་པོ་རིགས་དམན་པ། །ཚོགས་ཀྱི་བདག་པོ་ལོ་གྲངས་གཞོན། །ཕྱུག་པོ་སེར་སྣའི་དབང་གྱུར་པ། །མང་པོའི་ནང་ན་ནོངས་པའི་གནས། །གཞན་ལ་བརྙས་ན་སྨད་པར་བྱ། །ཞེས་གསུངས།
འགྲན་པའི་ཡུལ་མཉམ་པ་ནི་ཡོན་ཏན་དང་ཤེས་རབ་སོགས་རང་དང་མཉམ་ཞིང་། མང་པོའི་ནང་དུ་ཁོ་རང་གིས་རང་ཕྱོགས་ལ་བསྟོད་ན་འགྲན་པའི་གནས་ཏེ། བདག་དང་ཡོན་ཏན་མཚུངས་པ་ཡིས། །རང་ཕྱོགས་བསྟོད་ན་འགྲན་པའི་གནས། །ཞེས་གསུངས།
གཉིས་པ། དེ་དག་ལ་དོན་ཇི་ལྟ་བུས་བཀུར་བ་སོགས་ནི།
ཡོན་ཏན་ཅན་ལ་དད་པས་བཀུར་སྟི་བྱ་བ་དང་། ཤེས་རབ་ཅན་ལ་བྱ་བ་དང་བྱ་བ་མ་ཡིན་པའི་ལུགས་ཀྱི་རྣམ་གཞག་དྲིས་པས་དང་། བསླབ་པ་རྒན་པ་ལ་ཕྱག་གིས་དང་། རིགས་ཀྱིས་མཐོ་བ་ལ་སྔོན་དུ་ལྡང་བ་སོགས་ཞེ་སས་དང་། ན་སོས་རྒན་པ་ལ་སྟན་དང་ཁ་ཟས་ལ་སོགས་པའི་བསྙེན་བཀུར་གྱིས་དང་། ནོར་གྱིས་ཆེ་བ་ལ་ཁྱོད་ཕྱུག་འགྲན་ཟླ་མེད་ཅེས་པ་ལ་སོགས་པའི་ངོ་དགས་བཀུར་སྟི་བྱ་སྟེ། ཡོན་ཏན་ཅན་ལ་དད་པས་བཀུར། །ཤེས་རབ་ཅན་ལ་ལུགས་དྲིས་པས། །བསླབ་པས་རྒན་ལ་ཕྱག་གིས་ཏེ། །རིགས་ཀྱིས་རྒན་ལ་ཞེ་སས་སོ། །ན་སོས་རྒན་ལ་བསྙེན་བཀུར་གྱིས། །ནོར་གྱིས་རྒན་ལ་ངོ་དགས་བཀུར། །ཞེས་གསུངས་སོ། ། དོན་ཇི་ལྟ་བུས་སྨད་པ་ནི་ཕལ་ཆེར་དེ་དག་ལས་ལྡོག་སྟེ་བྱ་ཞིང་། འགྲན་པའི་ཚུལ་ཡང་ཡོན་ཏན་དང་། ཤེས་རབ་སོགས་ཅི་རིགས་ཀྱི་ཆ་ནས་འགྲན་པའོ། །
གཞན་ཡང་། སྐྱེ་བོ་སོ་སོའི་བྱ་བ་ལ་མཐུན་འཇུག་གིས་དགའ་བར་བྱེད་པའི་ཚུལ་ནི། ནང་རིག་པའི་མཁས་པ་རྣམས་ལ་གཞི་ལམ་འབྲས་བུའི་གཏམ་དང་། རྒྱལ་པོ་ལ་རྒྱལ་སྲིད་ཀྱི་གཏམ། མཛངས་པ་ལ་ལུགས་ཀྱི་བསྟན་བཅོས། དཔའ་བོ་ལ་གཡུལ་འཁྲུག་གི་གཏམ། བུད་མེད་ལ་རྒྱན་དང་ཁ་དོག་མཛེས་པའི་གཏམ། ཚོང་པ་ལ་ཚོང་ཁེ་སྤོགས་ཀྱི་གཏམ། ཞིང་པ་ལ་ཞིང་དང་སྟོན་ཐོག་གི་གཏམ། བླུན་རྨོངས་ལ་རང་གང་གིས་དགོད་བྲོ་བའི་གཏམ་དག་བརྗོད་དགོས་ཏེ། ཤེས་བྱའི་གནས་ལ་རབ་མཁས་ཤིང་། །ལམ་གྱི་དམིགས་པ་མ་ལོག་པས། །ཐམས་ཅད་མཁྱེན་པ་ཐོབ་འགྱུར་བ། །འདི་ནི་མཁས་རྣམས་དགའ་བྱེད་ཡིན། །རྒྱལ་པོ་སྲིད་དང་མཛངས་ལ་ལུགས། །དཔའ་ལ་གཡུལ་ངོ་བུད་མེད་རྒྱན། །ཚོང་པ་ཚོང་དང་ཞིང་པ་ཞིང་། །ཚུལ་བཞིན་མིན་པས་རྨོངས་པ་དགའ། །མདོར་ན་སོ་སོའི་བྱ་བ་ལ། །བློ་དང་ལྡན་པས་མཐུན་འཇུག་བརྗོད། །ཐུབ་པས་ཀྱང་ནི་འདི་སྐད་གསུངས། །སེམས་ཅན་རྟེན་པར་བྱེད་པའང་ཡིན། །ཞེས་གསུངས།
གསུམ་པ། དེ་དག་ལ་ཚུལ་ཇི་ལྟ་བུས་བསྟོད་པ་སོགས་ནི།
ལུས་མཛེས་པ་དང་། ངག་སྙན་པ་དང་། ཡིད་བཟང་བ་ཙམ་གྱིས་བསྟོད་པ་ནི་བསྟོད་ཡུལ་རང་གི་ངོ་བོའི་སྒོ་ནས་བསྟོད་པ་དང་། དཔལ་འབྱོར་དང་། དབང་ཐང་། རིགས། ལུང་རྟོགས་ཀྱི་ཡོན་ཏན། སྙིང་བརྩེ་བ། སྙན་པར་སྨྲ་བ་ལ་སོགས་པས་བསྟོད་པ་ནི་བསྟོད་ཡུལ་རང་ལ་ཡོད་པའི་ཆོས་ཀྱི་སྒོ་ནས་བསྟོད་པ་སྟེ། རང་གི་ངོ་བོ་ལུས་ངག་དང་། །ཡིད་ཀྱི་ཡོན་ཏན་བརྗོད་པ་ཙམ། །ལུས་ངག་ཡིད་ལ་གཞན་པ་ཡིས། །འབྱོར་དང་དབང་ཐང་རིགས་ཡོན་ཏན། །བརྩེ་དང་སྙན་པར་སྨྲ་བ་སོགས། །བསྟོད་པར་བྱེད་ན་རང་གི་ཆོས། །ཞེས་གསུངས་སོ། ། དེ་བཞིན་དུ། སྨད་པའི་ཚུལ་ནི་ཕལ་ཆེར་དེ་དག་ལས་ལྡོག་སྟེ་བྱ་ལ། འགྲན་པའི་ཚེ་ན་ལུས་མཛེས་པ་སོགས་རང་ཉིད་ལ་སྦྱར་ཏེ་བརྗོད་རུང་བར་སེམས་སོ། །
བཞི་པ། དེ་དག་ལ་དཔེ་ཇི་ལྟ་བུས་བསྟོད་པ་སོགས་ཀྱི་དཔེ་ནི།
ས་གཞི་ནི་ཡོན་ཏན་ཅན་གྱི་དཔེ། གསེར་ནི་ཤེས་རབ་ཅན་གྱི་དཔེ། རྒྱ་མཚོ་ནི་རླབས་ཆེ་བའམ་བསླབ་པ་རྒན་པའི་དཔེ། ཀླུ་ནི་རིགས་བཟང་བའི་དཔེ། རླུང་ནི་ན་སོ་རྒན་པའི་དཔེ། རྣམ་ཐོས་བུ་ནི་ཕྱུག་པོའི་དཔེ་སྟེ་བསྟོད་པའི་དཔེ་དྲུག་གོ །
དེ་བཞིན་དུ་སྨད་པའི་དཔེ་དྲུག་ནི། ཁྲོན་པ་སྟོང་པ་ནི་ཆེན་པོར་རློམ་ཞིང་ཡོན་ཏན་མེད་པའི་དཔེ། ཆུ་བུར་ནི་ང་རྒྱལ་ཆེ་ལ་ཤེས་རབ་མེད་པའི་དཔེ། ཀིམ་པའི་འབྲས་བུ་ནི་རབ་ཏུ་བྱུང་བ་བསླབ་ཁྲིམས་ཉམས་པའི་དཔེ། ཐོ་ཡོར་ནི་སྐྱེ་བོ་མང་པོའི་བདག་པོ་ཡིན་ཡང་རིགས་དམན་པའི་དཔེ། ནེ་ཙོ་ནི་ཚོགས་ཀྱི་གཙོ་བོ་ཡིན་ཡང་ལོ་ན་གཞོན་ཞིང་མཐོང་རྒྱ་དང་ཐོས་རྒྱ་ཆུང་བའི་དཔེ། བྱི་བ་ནི་ཕྱུག་པོ་སེར་སྣ་ཅན་གྱི་དཔེ་སྟེ་དྲུག་གོ །
འགྲན་པའི་དཔེའང་དྲུག་སྟེ། ཉི་ཟླ་གཉིས། གསེར་དངུལ་གཉིས། དགེ་དང་སྡིག་པ། སྣང་བ་དང་མུན་པ། གཡས་པ་དང་གཡོན་པ། རྒྱལ་པོ་དང་བློན་པོ་སྟེ་དྲུག་པོ་འདི་དག་འགྲན་ཟླ་དང་འགྲན་པའི་དུས་སུ་ཅིག་ཤོས་ལྷག་པ་ཉི་མ་དང་། གསེར། དགེ་བ། སྣང་བ། གཡས་པ། རྒྱལ་པོ་རྣམས་བརྗོད་པར་བྱ་སྟེ། དེ་ཡང་ས་གསེར་རྒྱ་མཚོ་ཀླུ། །རླུང་དང་རྣམ་ཐོས་བུ་ལ་སོགས། །གཞན་ནི་ཁྲོན་སྟོན་ཆུ་བུར་འདྲ། །ཀིམ་པའི་འབྲས་བུ་ཐོ་ཡོར་བཞིན། །ནེ་ཙོ་བྱི་བ་འདྲ་བར་འདོད། །དེ་བཞིན་ཉི་ཟླ་གསེར་དང་དངུལ། །དགེ་སྡིག་སྣང་མུན་གཡས་དང་གཡོན། །རྒྱལ་བློན་ལ་སོགས་འགྲན་ཟླ་ལས། །ཅིག་ཤོས་ལྷག་པའི་དཔེ་བརྗོད་བྱ། །ཞེས་གསུངས།
གཞན་ཡང་། དཔའ་བོའི་དཔེ་ལ་སེངྒེ་དང་སྟག་སོགས། ཞུམ་པའི་དཔེ་ལ་ཝ་སྐྱེས་དང་ཅེ་སྤྱང་སོགས། མཁས་པའི་དཔེ་ལ་འཇམ་དབྱངས་སོགས། སྟོབས་ཆེ་བའི་དཔེ་ལ་སྲེད་མེད་བུ་སོགས། བླུན་པོའི་དཔེ་ལ་བ་ལང་། ཞེ་སྡང་ཆེ་བའི་དཔེ་ལ་སྦྲུལ། གསལ་བའི་དཔེ་ལ་ཉི་མ། སྐྱོན་གྱིས་མ་གོས་པའི་དཔེ་ལ་པདྨ། དེ་བཞིན་དུ། ཕྱིའི་རྒྱ་མཚོ་མཐའ་མེད་པ་སྔོ་བའི་དཔེ་ལ་ཉི་མའི་འོད་ཀྱིས་གནམ་སྔོན་བཞུས་པ། ཟུར་མིག་གི་དཔེ་ལ་མེ་ཏོག་ཀུནྡ་འཕངས་པའི་རྗེས་སུ་བུང་བ་བསྙེགས་པ། ཡོན་ཏན་རྒྱ་ཆེ་བ་ལ། ཁྱོད་ཀྱི་རྣམ་ཐར་ལ་བུ་ག་མེད། ཡོན་ཏན་གྱི་སྲད་བུ་ལ་མཐའ་མེད། དེས་ན་ཕྲེང་བ་བརྒྱུད་མ་ཤེས་པས། ནམ་མཁའ་ལ་གཏོར་བ་སྐར་མར་སོང་ཞེས་དང་། དཀར་པོའི་དཔེར་ཟླ་བའི་འོད་ཟེར་ཐིགས་པ་འཁྱགས་པ་འདྲ་ཞེས་སོགས་སྦྱར་བར་མཁས་པ་རྣམས་གསུང་སྟེ། ས་སྐྱའི་མཁས་འཇུག་ལས། དཔའ་ལ་སེངྒེ་སྟག་ལ་སོགས། །ཞུམ་པ་ཝ་སྐྱེས་ཅེ་སྤྱང་སོགས། །མཁས་པ་འཇམ་དབྱངས་སྟོབས་སྲེད་མེད། །བླུན་ལ་བ་ལང་ཞེ་སྡང་སྦྲུལ། །གསལ་བ་སྐྱེ་དགུའི་སྒྲོན་མེ་སོགས། །རྒྱས་པར་སྦྱར་ཞེས་མཁས་རྣམས་སྨྲ། །ཞེས་གསུངས།
ལྔ་པ། དཔེ་དོན་སྦྱོར་ཚུལ་གྱི་སྐྱོན་ཡོན་བཤད་པ་ནི།
མཁས་འཇུག་ལས། དཔེ་ཡི་རྒྱན་རྣམས་ཕལ་ཆེར་ནི། །རང་གི་ཆོས་དང་མཐུན་པར་སྦྱར། །དཔེ་དོན་འབྲེལ་བར་མ་གྱུར་ན། །སྙན་ངག་མཁན་གྱིས་སྨད་པ་སྲིད། །ཅེས་གསུངས་པ་ལྟར། འཇལ་བྱེད་ཀྱི་དཔེ་ནི་གཞལ་བྱའི་དོན་དང་མཐུན་པའི་སྦྱར་སྟངས་ལེགས་པོ་མ་བྱུང་ན་སྨད་པའི་གནས་སུ་འགྱུར་བས། དཔེ་དོན་གཉིས་དབར་ཕོ་མོའི་རྟགས་ཐ་དད་པ་དང་། མང་ཚིག་ཉུང་ཚིག་ཐ་དད་པ། མཆོག་དམན་རྒྱང་ཆེས་པའི་དམན་ལྷག་སོགས་ཀྱི་སྐྱོན་སྤང་དགོས་ཏེ། དེའི་ཚུལ་ནི། སྙན་ངག་མེ་ལོང་ལས། ངང་མོ་བཞིན་དུ་ཟླ་བ་དཀར། །མཚོ་རྣམས་བཞིན་དུ་མཁའ་དྲི་མེད། །ཁྱི་བཞིན་དཔའ་བོ་རྗེ་ལ་གུས། །ཉི་མ་བཞིན་དུ་མེ་ཁྱེར་གསལ། །ཞེས་གསུངས་པའི་རྐང་པ་དང་པོ་ནི་དཔེ་དོན་གཉིས་ཕོ་མོའི་རྟགས་ཐ་དད་པའི་སྐྱོན་དང་། གཉིས་པ་ནི་དཔེ་དོན་གཉིས་གཅིག་ཚིག་དང་མང་ཚིག་ཐ་དད་པའི་སྐྱོན། གསུམ་པ་ནི་དཔེ་ཅན་ལས་དཔེ་དམན་པའི་སྐྱོན། བཞི་པ་ནི་དཔེ་ཅན་ལས་དཔེ་ལྷག་པའི་སྐྱོན་ཡོད་པའི་དཔེ་ཡིན་པས་འདི་འདྲ་སྦྱོར་མི་རུང་བ་ཡིན། འོན་ཀྱང་སྦྱོར་ཚུལ་ཤེས་ན་སྐྱོན་དུ་མི་འགྱུར་བའི་སྐབས་ཀྱང་ཡོད་པ་ནི། སྙན་ངག་མེ་ལོང་ལས། མ་ནིང་འདི་འགྲོ་བུད་མེད་བཞིན། །བུད་མེད་འདི་སྨྲ་སྐྱེས་པ་བཞིན། །བདག་གི་གྲོགས་འདི་སྲོག་རྣམས་བཞིན། །རིག་པ་རྣམས་སྒྲུབ་ནོར་བཞིན་ནོ། །ས་གཞི་སྐྱོང་བ་ཁྱོད་བཞིན་དུ། །ལྷ་ཡི་རྒྱལ་པོ་རྣམ་པར་མཛེས། །ཚ་ཟེར་ཅན་གྱི་ནུས་པ་ལ། །མི་བདག་གཟི་ཡིས་འགོང་བར་ནུས། །ཞེས་གསུངས་པའི་རྐང་པ་དང་པོ་གཉིས་ནི་དཔེ་དོན་གཉིས་རྟགས་ཐ་དད་ཀྱང་མ་ནིང་གི་འགྲོ་སྟངས་དང་བུད་མེད་ཀྱི་སྨྲ་ཚུལ་མཚོན་པའི་དགོས་པའི་དབང་གིས་སྐྱོན་དུ་མི་འགྱུར་བ་དང་། གསུམ་པ་དང་བཞི་པ་ནི་དཔེ་དོན་གཉིས་མང་ཚིག་དང་གཅིག་ཚིག་ཐ་དད་ཀྱང་སྒྲ་རིག་པའི་འགྲོ་ལུགས་ཀྱི་དབང་གིས་སྐྱོན་དུ་མི་འགྱུར་བ། ལྔ་པ་དང་དྲུག་པ་ནི་དཔེ་དམན་ཞིང་དཔེ་ཅན་ལྷག་ཀྱང་བཟློག་པའི་དཔེའི་སྦྱོར་ཚུལ་ཡིན་པས་སྐྱོན་དུ་མི་འགྱུར་བ། བདུན་པ་དང་བརྒྱད་པ་ནི་དཔེ་ལྷག་ལ་དཔེ་ཅན་དམན་ནའང་རྒྱལ་པོ་ལ་ཆེད་དུ་བསྟོད་པའི་སྐབས་ཡིན་པས་སྐྱོན་དུ་མི་འགྱུར་བར་གསུངས། འོན་ཀྱང་འདི་འདྲ་ནི་སྦྱོར་ཚུལ་མ་ཤེས་ན་སྐྱོན་དུ་འགྱུར་སླ་བས། སྤྱིར་བཏང་དཔེ་དོན་གཉིས་རྟགས་མཐུན་པ་དང་། གཅིག་ཚིག་མང་ཚིག་མཐུན་པ། མཆོག་དམན་གྱི་ཧེ་བག་ཧ་ཅང་ཆེན་པོ་མེད་པ་ཞིག་བྱུང་ན་ལེགས་པ་ཡིན་ནོ། །
དེ་ལྟར་བསྟོད་པ་དང་སྨད་པ་སོགས་ཀྱི་ཡུལ་གང་འདྲ་ཡིན་མིན་ལེགས་པར་བརྟགས་ཏེ། དོན་དང་དཔེ་ཇི་ལྟ་བུའི་སྒོ་ནས་བསྟོད་དགོས་པ་སོགས་ཇི་ལྟར་འཚམ་པ་དེ་ལྟར་བྱས་ན་དོན་ལ་འབྱོར་ཞིང་གནད་དུ་སྨིན་པ་འབྱུང་བ་དང་། དེ་ལྟ་བུའི་སྒོ་ནས་བསྟོད་པའམ་སྨད་པའམ་འགྲན་པར་བྱེད་པ་ན་སྡེབ་ལེགས་ཚིག་གི་སྦྱོར་བ་དང་དབྱངས་དང་རོལ་མོའི་སྒྱུ་རྩལ་ལ་བརྟེན་དགོས་ཤིང་། ཚིག་གི་སྦྱོར་བའམ་ངག་ཕྲེང་གི་རྣམ་པ་ཚིགས་བཅད་ལྷུག་ཇི་ལྟར་སྦྱོར་བའི་ཚུལ་ནི་སྙན་ངག་གི་གཞུང་རྣམས་སུ་རྒྱས་པར་འབྱུང་བས་འདིར་མ་བྲིས་ལ། དབྱངས་དང་རོལ་མོའི་རྣམ་གཞག་ནི་རོལ་མོའི་བསྟན་བཅོས་རང་ལ་བལྟ་བར་བྱའོ། །
འདི་ནི་སྙན་ངག་འབྲི་བ་དང་གླུ་ལེན་པ་སོགས་ལ་དགའ་བའི་ལས་དང་པོ་བ་རྣམས་ལ་ཕན་པའི་ཕྱིར་དུ་འབྲིང་བ་འཇིགས་མེད་ཀྱིས་བྲིས། ༢༠༡༨།༥།༣༠ ལ།
སྟོད་འོས་པའི་རྒྱ་གར་བ་ཞིག་གིས།
https://www.facebook.com/119306658803462/videos/251635292237264/
སྟོད་འདི། བསྟོད་ལ་བཅོས།