རྨ་ཆུའི་དོན་ཁོ།
ཨེ་མ།
ཇི་འདྲའི་སྙན་འཇེབས་ལྡན་པའི་དབྱངས་རྟ་ཞིག
ཇི་འདྲའི་ཡིད་དུ་འོང་བའི་སྒྲ་དབྱངས་ཤིག
སེམས་ཀྱི་གཏིང་རིམ་ལ་འཐིམ་པའི་འགྱུར་ཁུགས་ཤིག
རྐང་གི་ཁོང་དུ་ཟུག་པའི་གསུང་སྐད་ཅིག
དེ་ནི། ཚངས་སྲས་རྒྱུད་མངས་དང་། ཁུ་བྱུག་གསུང་སྙན་སོགས་གང་ཡང་མིན་པར། དེ་ནི་སྐྱེས་བུའི་ཤེས་རྒྱུད་ཀྱིས་ཟིན་ཅིང་། ཟབ་མོ་དབུ་མའི་ལྟ་གྲུབ་དབྱངས་སུ་གྱེར་བའི་རྒྱལ་བའི་བཞད་སྒྲ་སྟེ། རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་ཕྱག་ན་པདྨོ་མིའི་རྣམ་པར་རོལ་བའི་བཞད་སྒྲ་རེད།
ཁྱེའུ་ལྷ་མོ་དོན་འགྲུབ།
ཙོང་ཁ་སྟག་འཚེར་གྱི་གྲོང་ཁུག་ནས་བརྩེ་ལྡན་ཡབ་ཡུམ་གྱི་བྱམས་སྐྱོང་འོག་ཁྱེད་ཉིད་ཆེས་ཐོག་མར་བཞད་འགོ་ཚུགས་ཤིང་། ཕོ་བྲང་པོ་ཏ་ལའི་མཁར་རྫོང་དུ་མཁྱེན་ལྡན་ཡོངས་འཛིན་རྣམ་པས་འཆད་ཁྲིད་འོག་ཁྱེད་ཀྱི་བཞད་སྒྲ་ལ་དབྱངས་རྟ་ཆགས། ཨ་མའི་བྱམས་བརྩེས་བསྐྲུན་པའི་དགོད་སྒྲ་དེ་ལ་ནང་བསྟན་གཞུང་ལུགས་ཀྱི་དབྱངས་རྟ་ཆགས་པའི་དུས་དེ་ནས་བཟུང་།
ཁྱེད་ཉིད་ཡོངས་སུ་བཞད། རབ་ཏུ་བཞད། ཀུན་ཏུ་བཞད། དུས་རྟག་ཏུ་བཞད།
ཁྱེད་ཀྱི་བཞད་སྒྲ་ལ་འཇིགས་ཞུམ་བྲལ།
ཁྱེད་ཀྱི་བཞད་སྒྲ་ལ་ཆགས་ཐོགས་བྲལ།
ཁྱེད་ཀྱི་བཞད་སྒྲ་ལ་རྒྱལ་མཚམས་བྲལ།
ཁྱེད་ཀྱི་བཞད་སྒྲ་ལ་དམིགས་པ་དང་འཛིན་པ་བྲལ།
ཀྱེ་མ། འདི་ནི། མི་ཡིན་ཚད་ཀྱིས་རྟོགས་ཐུབ་པ་ཞིག་དང་།
རྣ་བ་ཡོད་ཚད་ཀྱིས་གོ་ཐུབ་པ་ཞིག་ག་ལ་ཡིན།
འོན་ཀྱང་། ང་ཚོ་བསོད་ནམས་ཆེ། ང་ཚོ་སྐལ་བ་བཟང་།
སྣང་སྟོང་ཆོས་ཉིད་རྟོགས་པའི་བཞད་སྒྲ །
རྟེན་འབྱུང་གནས་ལུགས་བརྗོད་པའི་བཞད་སྒྲ།
གཞུང་ལུགས་རིགས་པས་འཇལ་བའི་བཞད་སྒྲ།
ལུང་རིགས་གར་ལ་རོལ་བའི་བཞད་སྒྲ།
ལོག་རྟོག་ཀླད་རྙིང་འཇོམས་པའི་བཞད་སྒྲ།
ཀླ་ཀློ་ཆོས་ལ་འགོད་པའི་བཞད་སྒྲ།
འགྲོ་དྲུག་མ་རུ་ཤེས་པའི་བཞད་སྒྲ།
དམྱལ་ཁམས་དོང་ནས་སྤྲུག་པའི་བཞད་སྒྲ།
ངན་སོང་སྐྱེ་སྒོ་འགོག་པའི་བཞད་སྒྲ།
བདག་གཞན་བདེ་སྡུག་བརྗེ་བའི་བཞད་སྒྲ།
དགྲ་ལ་གཉེན་དུ་བལྟ་བའི་བཞད་སྒྲ།
མི་ཡུལ་བྱམས་བརྩེས་སྐྱོང་བའི་བཞད་སྒྲ།
འཇིག་རྟེན་ཞི་བདེར་འགོད་པའི་བཞད་སྒྲ།
འདི་ཕྱིའི་བླང་དོར་སྟོན་པའི་བཞད་སྒྲ།
བཙན་པོའི་ང་རྒྱལ་གཅོག་པའི་བཞད་སྒྲ།
གཉོམ་པོའི་སྤོབས་པ་སློང་བའི་བཞད་སྒྲ།
ཕྱུག་པོའི་འདོད་རྔམ་འཇོམས་པའི་བཞད་སྒྲ།
དབུལ་པོར་ཆོག་ཤེས་སྐྱེད་པའི་བཞད་སྒྲ།
འཇིག་རྟེན་ཆོས་ཉིད་སྟོན་པའི་བཞད་སྒྲ།
མི་ཚེར་རིན་ཐང་སྩོལ་བའི་བཞད་སྒྲ།
ཀྱེ། ༧གོང་ས་མཆོག
ཁྱེད་ཉིད་ཡོངས་སུ་བཞད། རབ་ཏུ་བཞད། ཀུན་ཏུ་བཞད། དུས་རྟག་ཏུ་བཞད།
ཕྱག་གཉིས་ཐལ་མོ་སྦྱར་ཏེ་བཞད།
རྒྱལ་ཁམས་ཞབས་ཀྱིས་བཅགས་ཏེ་བཞད།
བཙན་རྒྱ་སྲིན་མོའི་མཆེ་བར་ན་ལུས་པའི་བོད་མི་ས་ཡ་དྲུག་གི་བདེ་སྡུག་ཕྲག་ཏུ་ཁུར་ཏེ་བཞད་ཅིང་།
བཙན་འཛུལ་དང་མནར་གཅོད་འོག་ཚེ་སྲོག་ཤོར་བའི་རྣམ་ཤེས་འཁྱམས་པོ་འབུམ་ཕྲག་མང་པོ་ཐུགས་
སུ་ཉར་ཏེ་བཞད། ཡུགས་ཕོ་དང་ཡུགས་མོ། དྭ་ཕྲུག་དང་དབུལ་ཕོངས་སོགས་ཡུལ་གྱར་བཙན་
བྱོལ་བ་ཁྲི་ཕྲག་མང་པོའི་སྐྱིད་སྡུག་ཕྱག་ཏུ་བཞེས་ཏེ་བཞད་ཅིང་། ནོར་བེལ་ཞི་བདེའི་གཟེངས་རྟགས་
དང་། ཨ་རིའི་གསེར་གྱི་རྟགས་མ་སོགས་ཆེ་བསྟོད་དང་གཟེངས་རྟགས་བརྒྱ་ཕྲག་མང་པོ་ཕྱག་ཏུ་
བསྣམས་ཏེ་བཞད། ནུབ་ཕྱོགས་དངོས་གཙོ་སྨྲ་བའི་དངོས་ཁམས་ན་ཁྱེད་ཉིད་བཞད་ཅིང་།
ཤར་ཕྱོགས་སེམས་གཙོ་སྨྲ་བའི་སེམས་ཁམས་ན་ཁྱེད་ཉིད་བཞད།
ཡེ་ཤུ་ཆོས་དཔོན་དག་ལ་དབུ་གཏུག་མཛད་དེ་བཞད་ཅིང་།
ཁ་ཆེའི་བླ་ཆེན་རྣམས་ཀྱི་ཨོག་ཚོམ་ནས་འཇུས་ཏེ་བཞད།
ཀྱེ། ༧རྒྱལ་བ་རིན་པོ་ཆེ། ཁྱེད་ཀྱི་བཞད་སྒྲ་ནི།
མཁས་པ་རྣམས་ལ་ལེགས་བཤད་དང་།
བླུན་པོ་རྣམས་ལ་མཚར་གཏམ།
ཚན་རིག་པ་ལ་དཔྱད་གཞི་དང་།
ནད་པ་རྣམས་ལ་སྨན་མཆོག་སོགས་ཡིན་པ་མ་ཟད། ཚོང་པ་རྣམས་ཀྱི་ཚོང་རྫས་དང་།
ཆབ་སྲིད་པ་ཡི་འཁྲབ་ཆས་ཤིག་ཀྱང་ཡིན་པས། ཁྱེད་ཀྱི་བཞད་སྒྲ་ནི་སྨྲ་བརྗོད་ལས་འདས།
མདོར་ན། གོ་ལ་ཟླུམ་པོ་འདི་ཁྱེད་ཀྱི་བཞད་སྒྲས་བཀང་ཡོད་ལ། དད་ལྡན་འགྲོ་བ་ས་ཡ་མང་པོའི་
སེམས་ཀྱི་རེ་འདུན་ཡོད་ཚད་ཁྱེད་ཀྱི་བཞད་སྒྲ་ལ་བཏགས་ཡོད།
ང་ཚོ་སྟེ། ལས་དང་སྨོན་ལམ་བཟང་བའི་ཆོས་ལྡན་གངས་ཅན་པ་རྣམས་དར་ན་ཡང་། རྒུད་ན་ཡང་།
སྐྱིད་ན་ཡང། སྡུག་ན་ཡང་། ཤི་ན་ཡང་། གསོན་ན་ཡང་། ཚེ་རབས་ནས་ཚེ་རབས་ཀུན་ཏུ་ཁྱེད་
ཀྱི་བཞད་སྒྲ་དང་འབྲལ་བ་མེད་པར་སྨོན།
འགྲོ་བ་ཇི་སྲིད་གནས་འགྱུར་བ།།
དེ་སྲིད་ཁྱེད་ནི་གནས་འགྱུར་ནས།།
འགྲོ་བའི་སྡུག་བསྔལ་སེལ་བར་ཤོག།།
༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༥་ཕེབས་པའི་སྐུའི་འཁྲུངས་སྐར་ལ་བཀྲ་ཤིས་རྟེན་འབྲེལ་གྱི་དོད་
དང་། མགོན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་བྲིས་པ་དགེ་གྱུར་ཅིག།
ཕྱི་ལོ་༢༠༢༠ ཟླ་ ༧ ཚེས་ ༥ ཉིན་ཀ་སྦུག་ཏུ་བྲིས།