༄༅།། ས་ཁོངས་ཆོས་གཞིས་གཙང་རྩེ་གདོང་ཁང་ལྟག་གི་མི་ངོ་སྐྱབས་བཅོལ་བ་སྤེན་རྡོར་རང་ལོ་བརྒྱད་བཅུ་འཚོ་བའི་དུས་ཚེས་ ཐོག་རང་རང་གོ་སྐལ་སྲིད་ཞུའི་གྲུབ་འབྲས་སྙིང་བསྡུས་ཤིག་ཞུ་རྒྱུར། ཕྱི་ལོ་ ༢༠༠༩ དང་བོད་རབ་བྱུང་ས་གླང་ལོ་འདི། གང་ཟག་སྒེར་གྱི་ཆ་ནས་རང་ལོ་༨༠ བར་དུ་འཚོ་བའི་ལོ་ཚིགས་གལ་ཆེན་ཞིག་ཏུ་བརྩི་སྲོལ་ཡོད་པ་བཞིན། ཕྱོགས་མཐར་གནས་པའི་བུ་ཕྲུག་རྣམས་ནས་ཀྱང་ཕ་རྒན་རང་ལོ་ ༨༠ འཚོ་བའི་དགའ་སྟོན་དུ་འདུ་འཛོམས་བྱ་འཆར་འདུག་ཀྱང༌། དགའ་སྟོན་ལ་རོལ་བའི་འོས་བབ་མ་མཐོང་ཞིང༌། དོན་མེད་གནམ་གྲུ་སོགས་ཀྱི་ལམ་གྲོན་ཆུད་ཟོས་དང༌། དཀའ་ངལ་ཡོང་རྒྱུ་ཙམ་ལས་དགོས་དབང་མེད་པར་མཐོང་སྟེ། བུ་ཕྲུག་ཚང་མར་ཡོང་མ་དགོས་ཞེས་བརྗོད་པ་ཡིན། ཡིན་ནའང༌། རང་ལོ་ ༨༠ འཚོ་བའི་རིང་འདིར། རང་གི་རྒྱལ་ཁབ་དང་མི་རིགས་ལ་སྨན་པའི་སྲིད་ཞུ་འགྲུབ་མིན་ལ་ཕྱིར་བལྟ་བྱེད་སྐབས། འགྱོད་པ་སྐྱེ་གཞིའི་བྱ་བ་གང་ཡང་མེད་ཅིང༌། རང་རང་སྐབས་བབ་འོས་འགན་ཕྱོགས་བསྡོམས་ཞུ་རིན་ཡོད་ཙམ་ཞིག་མཐོང་ནས། ད་ལམ་རྒྱས་བཤད་མ་དགོས་པའི་ལས་བསྡོམས་སྙིང་བསྡུས་ཤིག་ཞུ་ན། བོད་མིའི་བླ་སྲོག་ལྟ་བུའི་རིག་གནས་ཆེན་པོ་ལྔའི་ཡ་གྱལ་མཆོག་གི་ལུས་བཟོ་རིག་པ་འབུར་སྐུ་རྟེན་བཞེངས་ཀྱི་ཕྱག་རྩལ་ལ་འཇུག་པར་བྱེད་པ་ལ། ཐོག་མར་བསླབ་པའི་རིམ་པ་གཅིག་ཅོག་གི་བསླབ་པ་དང༌། རིགས་གཅིག་རྐང་འཛིན་དུ་བསླབ་པ་གཉིས་ལས། བོད་གཞུང་དགའ་ལྡན་ཕོ་བྲང་བཀའ་ཤག་གི་འཛིན་སྐྱོང་འོག ལྷ་ས་ཞོལ་འདོད་དཔལ་ཞེས་པའི་རྟེན་བཞེངས་ལས་ཚོགས་ཆེན་པོ་དེ་དག་རིགས་གཅིག་རྐང་འཛིན་ཁོ་ན་ཡིན་ཅིང༌། དཔེར་ན། དྲང་སྲོང་ཁྲོས་པའི་ལྷ་སྐུ་བཅོམ་ལྡན་དུས་ཀྱི་འཁོར་ལོ་ལྟ་བུ་ཞིག་བཞེངས་པ་ལ་དང་པོ་བྲིས་པའི་སྡེ་ཚན་ ༡། གཉིས་པ་རྡུང་པའི་སྡེ་ཚན་ ༡། གསུམ་པ་ཚག་པའི་སྡེ་ཚན་ ༡། བཞི་པ་འཇིམ་བརྙན་སྡེ་ཚན་༡། ལྔ་པ་ལུག་པའི་སྡེ་ཚན་ ༡། དྲུག་པ་ཕྲ་བཟོ་སྡེ་ཚན་ ༡། བདུན་པ་གཟི་རྡར་ལག་གཡོག་གི་སྡེ་ཚན་བཅས། སྒྲིག་གཞི་དགོངས་དོན་མི་གྲངས་ ༡༢༨ ཡོད་པ་རྣམས། ལས་རིགས་སྣ་རེ་ལས་མི་ཤེས་ཏེ། ཤེས་ཀྱང་ལས་མི་ཆོག དེ་བཞིན་བླ་བྲང་ནང་མ་སྒང་གི་འཛིན་སྐྱོང་འོག་གཞིས་རྩེ་བཀྲ་ཤིས་སྐྱེད་ཚལ་ཞེས་པའི་ལས་ཚོགས་དེར་ལས་མི་གྲངས ༤༠ ཙམ་ཡོད་པ་དེ་ཡང༌། ཞོལ་འདོད་དཔལ་ལྟར་རིགས་གཅིག་རྐང་འཛིན་ཁོ་ན་ཡིན། འོ་ན་གཅིག་ཅར་གྱི་བསླབ་པ་ལ་ཞུགས་ན། ཐོག་མ་སློབ་མའི་རིམ་པ་དང༌། བར་དུ་བསླབ་པའི་རིམ་པ་གཉིས་ཡོད་པ་ནས། ཐོག་མར་སློབ་མའི་རིམ་པ་ཞུས་ན། མི་གཡོ་བ་རྟོགས་པའི་རྒྱུད་ཀྱི་རྒྱལ་པོ་ལས། ལྷའི་བཟོ་བོ་ནི་བཟོ་རིགས་ཕལ་པ་དང་མི་འདྲ་ཞིང༌། བྲམ་ཟེ་འམ། གཙང་སྦྲ་དང་ལྡན་པ། རབ་དགེ་སློང༌། འབྲིང་དགེ་བསྙེན། མཐའ་མའང་མི་སྐྱ་ཕལ་བ་མ་ཡིན་པར་བསྙེན་གནས་ཕབ་པར་བྱའོ།། དེ་ཡང༌། ཐོས་མང་བརྩོན་བཞིན་དམ་ཚིག་བསྡོམས་གནས་པ།། ཆོས་དང་སྦྱིན་མོས་བྱང་ཆུབ་སེམས་ལྡན་པ།། བློ་ལྡན་བཟོ་ཡི་གནས་ལ་མཁས་ཤིང་དུལ།། རང་དབང་ཡོད་ཅིང་མཆོད་ཅིང་བཀུར་འོས་པ།། སྔགས་རིགས་ལས་ཀུན་ཤེས་ཤིང་འགྲོག་ན་བདེ།། རྒས་མིན་ནད་ཀྱིས་གདུང་མིན་མ་ནིང་མིན།། ལུས་རིགས་བཟང་ཞིང་དགེ་བའི་གྲོགས་བྱེད་པ།། དངོས་གྲུབ་འདོད་ཅིང་སངས་རྒྱས་ཡིད་ལ་བྱེད།། མཁས་པའི་རྗེས་འཇུག་རང་བཟོ་སྤང་པ་བོ།། ཞེས་པ་ལྟར། རང་ཉིད་དུ་སློབ་མའི་རིམ་པ་ལམ་ཙམ་ཚང་ཁུལ་ཐོག གཅིག་ལྕོགས་སུ་བསླབ་པའི་རིམ་པ་ནི། ས་ཁོངས་ཆོས་གཞིས་རྩེ་གདོང་ཞེས་པའི་ཡུལ་ལུང་དེར། རྟེན་བཞེངས་ལས་རིགས་ཡོངས་རྫོགས་གཅིག་ལྕོགས་སུ་བསླབ་པའི་སྲོལ་རྒྱུན་ཕྱག་རྩལ་ལ་ཡོངས་སུ་གྲགས་པའི་མཁས་དབང་སློབ་དཔོན་གསུམ་གྱི་ཞབས་ལ་རང་ལོ་ ༡༤ ནས་ ༢༨ བར་དུ་བཏུད་དེ་ཕྱག་རྒྱུན་བཟང་པོ་གང་ཡོད་བུམ་པ་གང་བྱོས་སྩལ་ཐོབ་བྱུང་སྟེ། དགེ་རྒན་རྣམས་ཀྱི་ཐུགས་རེ་དང་རྒན་རབས་ཡོངས་ཀྱི་བསྔགས་བརྗོད་ཐོབ་པ་མ་ཟད། རང་ཉིད་ནས་ཀྱང་ལྷ་སྐུ་ཞི་ཁྲོ་གང་ཞིག་བཞེངས་བསྐྲུན་ཐུབ་པའི་གདེངས་དང་སྤོབས་པ་ངེས་གསལ་རྙེད་ཀྱང༌། ལོག་སྨོན་དུས་སུ་སྨིན་པ་བསྟན་དགྲ་དམར་པོས་ལྷ་ཡུལ་དུ་འདྲེ་ལག་བརྐྱངས་ཏེ་གནམ་སའི་དྲག་གནོན་འོག་བོད་ཀྱི་སྣོད་བཅུད་ཐམས་ཅད་ཤུལ་མེད་བཟོ་མགོ་ཚུགས་རྐྱེན། འདས་པའི་མི་ལོ་ ༡༤ རིང་གི་སྦྱང་འབྲས་བེད་མེད་སྡོད་ཐབས་བྲལ་བའི་སྐབས་སུ། རྒྱ་གར་འཕགས་པའི་ཡུལ་དུ་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དབུ་ཁྲིད་འོག་བཙན་བྱོལ་བོད་གཞུང་གསར་འཛུགས་བསྐྱངས་པའི་གནས་ལུགས་གསལ་རྟོགས་ལ་བརྟེན། ཕྱི་ལོ་ ༡༩༦༣ ལོར། རང་རང་སྐབས་བབ་ཀྱི་འོས་འགན་རྟེན་བཞེངས་ལག་རྒྱུན་འདིའི་ཐད་ྋརྒྱལ་བ་རིན་པོ་ཆེ་མཆོག་གིས་དབུ་འཁྲིད་པའི་བོད་གཞུང་འབངས་གཉིས་ཀྱི་སྲིད་ཞུའི་བགོ་སྐལ་འགྲུབ་རྒྱུའི་རེ་སྨོན་བཅངས་ཏེ་རྒྱ་གར་ལ་བཙན་བྱོལ་དུ་བཅར་བ་བཞིན། ཕྱི་ལོ་ ༡༩༦༧ ལོར། སྐུ་སྒེར་ཡིག་ཚང་གིས་བཀའ་འབྲེལ་ལྟར་བཞུགས་སྒར་དུ་ངོ་བཅར་ཞུས་ཏེ། ཐོག་མའི་ལས་གཞི་གནས་ཆུང་དང་དགའ་གདོང་གཉིས་ཀྱི་རྒྱལ་ཆས་ཟབ་བཞེས་གསར་བསྐྲུན་ཞུ་རྒྱུའི་གོ་སྐབས་ཐོབ། དེ་སྐབས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གསར་བཞེངས་རྨང་གཞི་ཚུགས་ཙམ་ཐོག་ཉིན་ཞིག་ལྕོག་སྟེང་སྐུ་ངོ་ཐུབ་བསྟན་ནོར་བཟང་མཆོག་དང༌། སྐུ་ངོ་མཁན་ཆུང་ཐུབ་བསྟན་ཉི་མ་ལགས། གུས་དང་བཅས་སྐུ་ཡིག་ནས་གསུང་འབོད་ཀྱིས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཞུགས་ཁྲི་སྐུ་མདུན་དུ་གདན་འཁོད་ཐོག་གསོལ་ཇ་དང༌། གྲོ་མ་འབྲས་སིལ། གནང་སྐྱེས་ལེགས་དར་བཅས་པ་གསོལ་སྩལ་དང་འབྲེལ། ྋགོང་ས་མཆོག་ནས་བཀའ་སྤྱི་བོར་ཕེབས་དོན། དེ་རིང་ཁྱེད་རང་གསུམ་འདི་གར་ཆེད་མངགས་འབོད་དོན་གཙོ་བོ་ད་ལྟ་གཙུག་ལག་ཁང་གསར་བཞེངས་ལས་མགོ་ཚུགས་བཞིན་པའི་ནང་རྟེན་དུ། བསྟན་པའི་བདག་པོ་སྟོན་པའི་སྣང་བརྙན་ཞིག་མ་བཞེངས་ཐབས་མེད་ཁར་ལས་ཅན་བོད་མི་ཞིག་ནས་རང་བྱུང་ལྔ་ལྡན་གཏོར་བཤིག་བཏང་བའི་ཚལ་བུ་ཞལ་རས་འགའ་ཤས་ཕུལ་འབྱོར་དང་འབྲེལ་སྐུ་ཚབ་གསར་བཞེངས་ཡོང་བའི་གསོལ་འདེབས་ཞུས་བྱུང་བ་མ་ཟད། ཡང་མི་རིང་བར་བོད་མི་རྒས་པོ་ཞིག་ནས་དངུལ་རྡ་ཡང་དོ་པོ་གཅིག་ཕུལ་འབྱོར་ཐོག དེས་ཀྱང་རང་བྱུང་ལྔ་ལྡན་གྱི་སྐུ་ཚབ་གསར་བཞེངས་ཡོང་བའི་གསོལ་འདེབས་ཞུས་བྱུང་བ་དང༌། ད་ཆར་ཁྱེད་རང་རྟེན་བཞེངས་ལག་རྩལ་བ་ཞིག་གིས་བོད་གཞུང་གི་ཞབས་ཞུའི་འདུན་པ་ཞུ་བ་བཅས་རང་བྱུང་ལྔ་ལྡན་སྐུ་ཚབ་གསར་བཞེངས་ཞུ་རྒྱུའི་རྒྱུ་རྐྱེན་མ་སྒྲིག་ལྷུན་འགྲུབ་བྱུང་བ་འདི་ནི། བོད་ཀྱི་བསྟན་པ་ཆབ་སྲིད་མཐའ་ལ་མ་ཐུག་པའི་རྟེན་འབྲེལ་དང༌། སྤྱི་མཐུན་གྱི་བསོད་ནམས་ཤིག་ཀྱང་ཡིན། དེ་བཞིན་དུས་འགྱུར་མ་བྱུང་སྔོན་དུ། འཇམ་དབྱངས་མཁྱེན་བརྩེ་དབང་པོའི་བཀའ་ལུང་དུ། བོད་བསྟན་སྲིད་སླད་དུ་གུ་རུའི་སྣང་བརྙན་སྐུ་ཚད་མ་ཆུང་བ་ཞིག་དཀྱིལ་འཁོར་མཐིལ་དུ་ཞལ་ཤར་དུ་གཟིགས་པ་ཞིག་བཞེངས་དགོས་པའི་བཀའ་ལུང་ཇི་བཞིན་མ་འགྲུབ་པ་དང༌། ད་ཆ་སྙིགས་དུས་འདིར་གུ་རུ་ལས་བཀའ་དྲིན་ཆེ་བ་མེད་སྟབས། གུ་རུའི་སྣང་བརྙན་ཞིག་ཀྱང་གསར་བཞེངས་ཞུ་དགོས་བཅས། དེ་ཡང་མ་འོངས་བོད་དོན་བདེན་མཐའ་གསལ་མཚམས་སྟོན་པའི་སྣང་བརྙན་འདི་བཞིན་གཙུག་ལག་ཁང་འདི་རང་གི་རྟེན་དུ་བཞུགས་སུ་གསོལ་རྒྱུ་དང༌། རང་བྱུང་ལྔ་ལྡན་དང་གུ་རུའི་སྐུ་བརྙན་གཉིས་བོད་དུ་གདན་འདྲེན་ཞུ་ན་འཁྱེར་ན་འཁྱེར་བདེ་བ་ཞིག་ད་ཆ་ནས་ལག་ཤེས་པ་ཚོས་བསམ་བློ་གཏོང་དགོས་པ་མ་ཟད། རྟེན་བཞེངས་དགེ་ཆེའི་འགན་འཁུར་ངོ་མ་སྤེན་པ་རྡོ་རྗེ་ཁྱེད་རང་ནས་ལེན་དགོས་པ་དང༌། དེ་ཡང་འདི་སྒང་གི་ལྷག་བསམ་ཙམ་མ་ཡིན་པར་རང་བྱུང་ལྔ་ལྡན་གྱི་སྐུ་ཚབ་བཞེངས་རྒྱུར་ཚེ་རབས་ཀྱི་ལས་སྨོན་རྟེན་འབྲེལ་ཡོད། ལས་རོགས་ཇི་ལྟར་དགོས་མིན་ཁྱེད་རང་ནས་བསམ་བློ་བཏང་སྟེ་གོང་གསལ་སྐུ་ངོ་གཉིས་ལ་སྙན་སེང་ཞུས་ཐོག་ཁོང་གཉིས་ནས་དགོས་མཁོ་ཅི་ཡོད་གོ་སྒྲིག་གནང་གི་རེད་ཅེས་བཀའ་སྩལ་ཐོབ་རྗཻས། གུས་རང་གི་བསམ་པ་དོན་འཁྱོལ་བྱུང་བར་དགའ་བཞིན་སྤྲོ་ནས་གུས་ཕྱག་དང་འབྲེལ་དམ་འབུལ་ཞུས་སྙིང༌། གུས་རང་བོད་དུ་ཁྱིམ་གཅིག་ཕ་མ་སྤུན་མཆེད་བཟའ་ཟླ་བུ་ཕྲུག་བཅས་པ་མི་གྲངས་ཉེར་གཉིས་བློས་གཏོང་གིས་བཙན་བྱོལ་དུ་ཡོང་བའི་དགོས་དོན། རང་སྐྱིད་འདོད་དང་དཔལ་འབྱོར་འདུ་འགོད་དུ་དམིགས་པ་མིན་པར། རང་ལ་དགེ་རྒན་བཟང་པོའི་བཀའ་དྲིན་ལས་བྱུང་བའི་ལག་རྒྱུན་འདིས་ྋགོང་སྋསྐྱབས་མགོན་ཆེན་པོས་དབུ་འཁྲིད་མཛད་པའི་བཙན་བྱོལ་གཞུང་དམངས་གཉིས་ཀྱི་ཞབས་འདེགས་སྒྲུབ་པའི་རེ་སྨོན་ཇི་བཞིན། བསམ་པ་དོན་འཁྱོལ་བྱུང་བར་དགའ་སྤྲོ་དང་འབྲེལ་ལུས་ངག་ཡིད་གསུམ་དམ་བཅའ་ཕུལ་བ་དང༌། ཆབས་ཅིག་རང་གི་ལག་ལེན་བསྟར་རྒྱུའི་སྐུ་རྒྱུ་རྣམས་རིན་པོ་ཆེའི་རིགས་ཤ་སྟག་ཡིན་པར་སོང༌། མི་རྒྱུ་དང༌། ཁྱི་ཁྲག་ལ་མི་དགའ་བ་མེད་སྟབས། སྐུ་རྒྱུར་ལྷག་བསམ་རྣམ་དག་ཞུ་རྒྱུའི་དམ་བཅའ་ཕུལ་བའི་སྐལ་བ་ཐོབ་སྟེ། ཕྱི་ལོ་ ༡༩༦༨ ནས་ ༡༩༧༠ བར་ྋགོང་ས་མཆོག་གི་བཀའ་དགོངས་ལྟར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་གཙོ་ཆོས་ལུང་སྤྲུལ་གསུམ་ཞབས་ཞུ་ལེགས་ཟིན་རྗེས་སྐུ་རྒྱུ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་ཐུབ་པའི་སྣང་བརྙན་གྲངས་ ༣༦༠ དང༌། རྣམ་རྒྱལ་གྲྭ་ཚང༌། གནས་ཆུང་གྲྭ་ཚང་གཉིས་ལ་རྒྱ་དངུལ་ལས་གྲུབ་པའི་མཆོད་ཆས་དུང་རྒྱ་སོགས་གྲངས་མང་ཞབས་ཞུས་རྗེས། ཕྱི་ལོ་ ༡༩༧༦ ནས་ཕྱི་ལོ་ ༡༩༩༢ བར་རང་གཞུང་དཔལ་ཤེས་ལྷན་ཁང་གཉིས་ཀྱི་ཟུང་སྦྲེལ་འཛིན་སྐྱོང་འོག་རྡ་ཤོད་དུ་སློབ་མ་བདུན་ཅུ་ཙམ་གྱི་རྟེན་བཞེངས་སློབ་དགེའི་ལས་འགན་ཞུས། དེ་མཚམས་གཞུང་ཞབས་ལས་བྱེད་སྤྱི་མཚུངས་རྒས་ཡོལ་སྩལ་ཐོབ་བྱུང་བསྟུན། ཕྱི་ལོ་ ༡༩༩༢ ནས་ ༡༩༩༣ ལོ་གཉིས་རིང་ས་སྐྱ་བདག་ཁྲི་རྡོ་རྗེ་འཆང་མཆོག་གི་བཀའ་དགོངས་ལྟར། ར་ཇི་པུར་ས་སྐྱ་ཆོས་ཚོགས་ཀྱི་རྟེན་གཙོ་ཐུབ་པ་གཙོ་འཁོར་ཁྲི་རྒྱབ་དང་བཅས་གསར་བཞེངས་ཟིན་འཕྲལ། སླར་ཡང་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཀའ་དགོངས་ལྟར། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་རྟེན་གཙོ་གསར་བཞེངས་དང་འབྲེལ། གཙོ་ཆེ་རྟེན་བཞེངས་རིག་གཞུང་སླར་སྤེལ་གྱི་འགན་འཁུར་དགོས་པའི་བཀའ་སློབ་ཐོབ་ཅིང༌། གུས་རང་དང་སྔར་ཡོད་སློབ་མ་དྲག་གྲས་ལྔ་བཅས་ཕྱི་ལོ་ ༡༩༩༤ ནས་ལས་བཅར་ཞུས་ཏེ། ངེས་སྟོན་པ་བཀའ་བློན་ཁྲི་ཟུར་སྐལ་བཟང་ཡེ་ཤེས་མཆོག་གཏན་ཞལ་རྣམ་གཉིས་ཀྱི་ལམ་སྟོན་དགོངས་གཞི་ཟབ་མོ་འདུ་འགོད་གཙོ་བོ་མ་ཡིན་པར། བོད་ཀྱི་རིག་གཞུང་ཚད་ལྡན་རྒྱུན་འཁྱོངས་ཤིག་དགོས་པ་གལ་ཆེར་གཟིགས་ཏེ་སྔ་ཕྱི་འབྲེལ་བའི་སློབ་མ་ ༣༠ ཙམ་གསོ་སྐྱོང་གནང་བར་སློབ་ཁྲིད་བྱ་རྒྱུའི་མཚོན། ཞར་བྱུང་དུ་ཕྱི་ནང་མི་རིགས་མང་པོའི་དད་རྟེན་གྲངས་མང་རུ་ང་ཞིབ་ཚགས་ཀྱིས་ཆོས་ཡུལ་གྱུར་པ་ཞེ་གཅིག་གསར་བཞེངས་དང༌། ལྷག་པར་སྔོན་བྱོན་མཁས་པའི་ཕྱག་རྒྱུན་གཉིས་སུ་མེད་པའི་རང་རྐྱ་འཕེར་བའི་སློབ་བུ་འགའ་ཤས་ཐོན་དང་ཐོན་ཉེ་རྣམས་སྤྱན་ལམ་དུ་ཡོད། དེ་བཞིན་ཕྲན་རང་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཞབས་འོག་ཏུ་གནས་ཏེ་བཀའ་དོན་ཐོད་བཅིངས་ཀྱིས་ཞབས་ཞུ་གཡའ་བཞུགས་གང་འཁྱོལ་ཐོག་རང་ལོ་ ༨༠ འཁོར་བར་དགའ་སྤྲོ་རྟེན་འབྱུང་ཞྭ་གོས་ལྷམ་གསུམ་དཀར་པོ་གྱོན་པ་དང་ཆབས་ཅིག རང་གི་བྱས་འབྲས་སུ་ཕྱིར་བལྟ་བྱ་སྐབས། འགྱོད་དགོས་པའི་ལས་དོན་སྣེ་གཅིག་མེད་ཁར། འཁུར་འཁྲིའི་སྲིད་ཞུ་གྲུབ་འབྲས་མི་དམན་ཙམ་ཞིག་འགྲུབ་འདུག་པའི་ཕྱོགས་བསྡོམས་གསལ་བསྒྲགས་སྙིང་བསྡུས་ཞུ་དགོས་དོན་ཕྱི་རབས་གཞོན་སྐྱེས་རྣམས་ནས་རང་རང་ཁུར་འཁྲིའི་འོས་འགན་དྭང་ལེན་ཞུ་ཕྱོགས་སུ་མིག་དཔེ་དང་ལམ་སྟོན་ཞིག་ཏུ་ཕན་ན་སྙམ་སྟེ་ཞུས་པ་ལགས་ན། ཞུ་ཕྱོགས་ལོག་ཀྱང་གསན་ཕྱོགས་མི་ལོག་པ་ཞུ་རྒྱུས་བཅས། གུས་པ་སྤེན་པ་རྡོ་རྗེ་ནས། བོད་རྒྱལ་ལོ་ ༢༡༣༦ ས་གླང་ཟླ་ ༡ ཚེས་ ༤ ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༨ ལ། བཀྲ་ཤིས་བདེ་ལེགས།
རྒད་པོ་འདི་ལྕགས་རྡུང་མཁན་མགར་བ་ལག་རྩལ་ཅན་ཞིག་ཡིན་པ་རྗེས་སུ་ཡི་རངས་ཡོད། ཡིན་ནའང༌། ཁོང་ཚང་ལ་མགར་བ་ཆེན་མོ་ཟེར་ནས་བོས་ན་དགའ་ནི་མ་རེད་ཟེར། ནམ་རྒྱུན་ཁོང་གིས་ང་རང་གསེར་མགར་ཡིན་མ་གཏོགས་ལྕགས་མགར་མིན་ཞེས་ལན་རྒྱག་གི་ཟེར། འདི་དགོད་བྲོ་བ་ལ། རང་གིས་ལྕགས་རྡུང་བཞིན་དུ་ལྕགས་མགར་མིན་ཟེར་ན་གནས་ལུགས་ཤིག་གང་ན་ཡོད་ནས། དྲ་གྲོགས་ཚོས་གནས་ལུགས་ཤིག་ཤོད་དང༌།
བྷིར་བུ་མོ་ཞིག་ལ་ཕུལ།
ངའི་སྙིང་ནས་བརྩེའི་སྨན་ཆུང་གང་གི་དྲུང་དུ་ཆེད་འབུལ། བར་ལམ་འི་གཉིས་ཀྱི་བར་ལ་འབྲེལ་ལམ་མ་བྱུང་བ་ཁྱེད་རང་སྐུ་གཟུགས་བདེ་ཐང་ཡིན་ཤག བུ་ཆུང་ངའི་ཉིན་མཚན་གཉིས་ཀ་ཁྱེད་རང་དྲན་ནས་བསྡད་ཡོད་པས། ཁྱེད་ཀྱིས་ང་ནམ་ཡང་མ་བརྗེད་པ་ཞཱུུ། ངའི་དངོས་གནས་ཁྱེད་ལ་དགའ་ཞིང་བརྩེ། བུ་ཆུང་མགོ་ཁྲ་ནས།
འདིར་ཀློག་པ་པོ་རྣམས་པ་ཚོ། ཁྱེད་རྣམས་ཀྱིས་འདིར་མོས་གོ་བའི་ཐབས་ཞིག་བྱེད་རོགས་ཞུ། གང་ཡིན་ཟེར་ན་ངའི་དངོས་གནས་མོ་ལ་དགའ། མོའི་མིང་ལ་བསྐལ་བཟང་ཟེར། ལོ་ཉི་ཤུ་རྩ་བཞི་རེད། བྷིར་རིས་ལ་ཡོད་རེད། ཁྱེད་རྣམས་ཀྱིས་ང་ལ་འཕྱར་སྨད་མ་བྱེད་རོགས།
ཨ་རོ་ང་ཧ་་་་་་་་་་་་་་་་་་་་་་་་་་་་ངའི་མོ་དྲན་གི་འདུག ད་ལྟའང་ང་གཉིད་ཁུག་ཀྱི་མི་འདུག
ངེད་གཉིས་མི་ཚེ་གཅིག་ལ་མཉམ་དུ་བསྡད་རྒྱུ་བྱུང་ན་དགའ་བ་ལ།