ཁྲི་འཛུམ་གྲོལ། བོད་འབྱོར།
—–༧གོང་ས་མཆོག་གི་འཁྲུངས་སྐར་གྱི་སྐྱེས་སུ་བཏེགས།
བརྩེ་ཆེན་སྙིང་རྗེའི་རང་གཟུགས་བཟླུམས་པའི་བདེ་སྟོང་གསང་གསུམ་སྒྱུ་མའི་གར།།
སྲིད་ཞིའི་གདུང་སེལ་རྟེན་འབྱུང་ཟབ་མོའི་ཡེ་ཤེས་འོད་ཀྱི་སྣང་བ་འབར།།
གཞན་ཕན་འཚེ་མེད་སྤྱོད་པའི་རླུང་ཤུགས་ལས་ཉོན་འཁོར་བའི་རི་ལ་བརྫུས།།
སྨིན་གྲོལ་བདེ་ཆེན་གཡུ་ལོའི་ཞིང་མཆོག་འགྲོ་ཀུན་འདྲེན་པའི་སྐྱབས་སུ་མཆོད།།
གངས་རིའི་མགོན་པོ་རྒྱལ་ཀུན་རྣམ་འདྲེན་ལྷ་གཅིག་ཕྱག་ན་པད་དཀར་འཆང་།།
ངུར་སྨྲིག་ཐུགས་སྤྲུལ་གར་གྱི་རྣམ་རོལ་མི་ཡི་ཤ་ཚུགས་ཟོལ་གྱིས་བསྟེན།།
ཙོང་ཁ་སྡེ་བརྒྱད་ས་ཡི་ཡང་སྙིང་མེ་ཏོག་བསྐྱོད་པའི་གཡར་མོའི་ཐང་།།
རིགས་རུས་ཆོ་འབྲང་གཙང་མའི་ཁྱིམ་ལ་མཚན་བཟང་ཁྱེའུ་ཞིག་ལྷ་ལས་བབས།།
སྐུ་ན་ཕྲ་མོའི་ལང་ཚོའི་འདབ་སྟོང་ཤེས་རིག་སྐྱེད་མོས་ཚལ་དུ་བཞད།།
སྦྱོང་བརྩོན་དད་མོས་དྲི་བསུང་རླུང་བུས་སྐྱེ་དགུའི་བུང་བ་མགྲོན་དུ་བཀུགས།།
བཅུ་ཕྲག་རིག་པའི་གེ་སར་སྟོང་གིས་བློ་གསལ་འདབ་གཤོག་འོད་དུ་རྩེན།།
ས་ཆེན་ཡངས་པོའི་སྣོད་བཅུད་ཁམས་ལ་བསུབས་མེད་ཞབས་རྗེས་འོད་སྣང་སྦར།།
རྒྱལ་བསྟན་གསེར་རིའི་ལྷུན་པོའི་སྤོ་ལ་འཇིགས་མེད་རིག་པའི་གད་རྒྱངས་སྒྲོག།
བདེན་ལུགས་ཚད་འབྲས་ཚངས་པར་བརྟོལ་བས་ལུང་རྟོགས་བསྟན་པའི་མངའ་བདག་བརྙེས།།
རིས་མེད་གྲུབ་མཐའི་སྲོལ་བཟང་རབ་སྤེལ་ནང་ཆོས་སྨྲ་བའི་དེད་དཔོན་གྲུབ།།
གང་གི་མཛད་འཕྲིན་འོད་སྣང་དཀར་བོས་ཁམས་གསུམ་གདུང་བའི་སྨག་རུམ་གཞིབས།།
བདེན་ལུགས་དཔྱད་གསུམ་ཚད་ལ་གཞལ་བས་བདེན་དོན་སྨྲ་བའི་ཁྱུ་མཆོག་བརྟས།།
རླབས་ཆེན་དཀའ་སྤྱོད་འཚེ་མེད་ལམ་བཟང་ཉམས་ལེན་སྒྲུབ་པའི་དྲང་སྲོང་མཆོག།
ངེས་དོན་འཛམ་གླིང་ཞི་བདེའི་དེད་དཔོན་བྱང་ཆུབ་རྒྱལ་སྲས་འགྲོ་བའི་མགོན།།
སྙིགས་དུས་འགྲོ་བའི་སྐྱབས་གཅིག་མཆོག་ཉིད་ཚེ་རབས་དུ་མའི་སྐྱབས་སུ་འཛིན།།
སྙིང་རྗེའི་འོད་ཞགས་རིང་ནས་འཁྱུགས་པས་ཤར་ནུབ་འཛམ་གླིང་དབང་དུ་བསྡུས།།
ལས་འབྲས་ཚངས་ཐིག་སྲང་ལ་འཇལ་བས་མི་སྟེགས་དད་པའི་སྤུ་ལོང་གཡོ།།
ཁ་བའི་བདེ་སྡུག་གཙོས་གནང་མཛད་པའི་ཆེར་སྙིགས་འགྲོ་བའི་གདུང་བ་ཀུན།།
ཉིད་ཀྱིས་རིང་ནས་ཐུགས་འཁུར་མཛད་པས་འོ་བརྒྱལ་ཉུང་མིན་ཁྱེད་ལ་བཟོས།།
ཁྱོད་ནི་ཁ་བ་གངས་རིའི་ལྗོངས་ཀྱི་སྣོད་བཅུད་བརྟན་པོའི་སྲོག་ཤིང་ཡིན།།
ཁྱོད་ནི་སྐྲ་དཀར་བགྲེས་བོའི་དབྲལ་གྱི་སྲོག་ལས་གཅེས་པའི་མིག་འབྲས་ཡིན།།
ཁྱོད་ནི་མགོ་ནག་དར་མའི་སྙིང་གི་འཕར་རྩ་ལྡིང་བའི་ཟུངས་ཁྲག་ཡིན།།
ཁྱོད་ནི་བོད་མི་ས་ཡ་དྲུག་གི་འདི་ཕྱིའི་རེ་འདུན་བཅོལ་ས་ཡིན།།
རྨད་བྱུང་ལྷག་བསམ་ལྗོན་པའི་བསིལ་གྲིབ་སྙིགས་དུས་འགྲོ་བའི་དཔྱིད་དུ་འབེབས།།
གཞན་ཕན་སེམས་བསྐྱེད་དྲི་གཞོན་རླུང་གིས་བདེན་མཐའི་དབུ་མའི་ལམ་བཟང་འབྱེད།།
བྱམས་བརྩེ་མེ་ཏོག་གངས་ལྷའི་མཚེར་སྡུག་དུང་མདོག་ཁ་བའི་རི་ལ་བཞད།།
གདོང་དམར་ཚང་གིས་བསགས་པའི་བསོད་ནམས་བྱིན་མཐུའི་ནུས་སྟོབས་བསམ་མི་ཁྱབ།།
ཕུན་ཚོགས་དགེ་ལེགས་འོད་སྣང་འཛུམ་ཟེར་རིས་མེད་གཙུག་གི་རྒྱན་དུ་མཆོད།།
དོན་གཉིས་རླབས་ཆེན་སྤྱོད་པའི་བདུད་རྩི་འགྲོ་ཀུན་སྙིང་གི་གསོས་སུ་སྒྲོན།།
རྒྱལ་བསྟན་ཉིན་མོར་གསལ་བར་བྱེད་པའི་འཛམ་གླིང་ཉི་མ་སེར་བོའི་སྤུན།།
དུས་ཀྱི་འོད་སྣང་གངས་རིའི་དབྱིངས་སུ་རྟག་བརྟན་རི་མོའི་དཔལ་གྲུབ་ཤོག།
བདག་སྙིང་དད་གསུམ་འཛུམ་པའི་མེ་ཏོག་དབང་མེད་བཞད་པའི་ལང་ཚོ་ཡིས།།
གང་གི་མཛད་འཕྲིན་མུ་མེད་རྒྱ་མཚོར་ཆུ་ཐིགས་ཙམ་ཞིག་བླངས་པ་འདིས།།
བདག་ཀྱང་ཚེ་རབས་དུ་མར་རྗེས་འཛིན་རྒྱལ་བའི་བསྟན་ལ་ལེགས་མཇལ་ནས།།
རིང་མིན་རྣམ་འདྲེན་རྒྱལ་བའི་གོ་འཕང་མྱུར་དུ་འཐོབ་པའི་རྒྱུར་གྱུར་ཅིག།
སྤྱི་ལོ2013ལོའི་ཟླ་7པའི་ཚེས་6ཉིན་གྱི་ཞོགས་པར།
བརྗོད་བྱེད་ཀྱི་ཚིག་དང་བརྗོད་བྱ་དོན་གཉིས་ཀའི་ཆ་ནས་བཤད་པ་ཞིག་མེད་ཀི། བཀའ་དྲིན་ཆེ།
ཚིག་སྦྱོར་སོགས་བདེ་མོ་རེད།ཡིན་ཡང་རྩོམ་བྱང་གི་ཁྲི་ལོར་ཤོག་ཟེར་བ་འདི་རིག་གནས་གསར་བརྗེ་སྐབས་བོད་ལ་དར་བ་ཞིག་རེད། དེ་དུས་མའོ་ཙེ་ཏུང་ཁྲི་ལོར་ཤོག་གུང་ཁྲན་ཏང་ཁྲི་ལོར་ཤོག་ལྟ་བུ་རྣ་བྱང་ཁ་བྱང་ལ་སོང་བ་རེད།དེས་རྐྱེན་དེང་སང་ཡང་བོད་པ་གཞོན་སྐྱེས་མང་པོས་ཁྲི་ལོར་ཤོག་ཟེར་བའི་ཚིག་བེད་སྤྱོད་ཀྱི་འདུག་མོད།འོན་ཀྱང་བོད་པའི་ཚིག་གིས་བཤད་སྲོལ་ལ་སྐུ་ཚེ་བརྟན་པར་ཤོག་ཅེས་འབྲི་དགོས་བར་སྙམ།
ནོར་ཡོད་ཚེ་དགོངས་དག་ཞུ།