ཁང་གསར་རྡོ་རྗེ།
བཙན་བྱོལ་སྤྱི་ཚོགས་ནང་། ད་ལོ་སྲིད་སྐྱོང་འོས་བསྡུའི་ཐད་དཔྱད་གླེང་བྱེད་མཁན་ཉུང་། ཅུང་ཟད་ཡོད་པ་དག་ཀྱང་སྤུས་ཀ་ཞན། ཁོ་བོ་དྲ་ལམ་དུ་ཐོན་ན། ཚིག་རྩས་གཞན་སྙིང་གཙེ་བས་དྲ་དམག་ཞར་དུ་འབྱུང་། དེ་ལ་འཛེམས་ནས་ད་བར་ཅི་ཡང་མ་བྲིས། ད་ནི་མ་བྲིས་ན། སྟོང་ཆ་ཆགས་འགྲོ་ལ་འགན་མ་ཁུར་བ་ཞིག་ཏུའང་སྣང་བས་ན། འདི་ན་མདོར་ཙམ་ཞིག་གླེང་བར་བྱའོ།།
བཙན་བྱོལ་བོད་མིའི་སྲིད་སྐྱོང་གི་འོས་བསྡུ་འདི་སྤྱི་ཡོངས་ནས་བཤད་ན་ཡག ཡག་པོ་རེད་ཟེར་དོན་ནི། གནད་དོན་གསུམ་གྱི་ཐད་ནས་ཡིན། དང་པོ་ནི་བོད་པ་སུ་ཡིན་ནའང་སྲིད་སྐྱོང་གི་འོས་མི་ལ་ལངས་ཆོག རི་མགོའི་ལུག་རྫི་ནས་སྲང་ལམ་གྱི་ཚོང་པ་སོགས་སུ་ཡིན་ནའང་ལངས་ཆོག་ལ་ལང་གི་ཡོད་རེད། དེ་འདྲའི་ལམ་ལུགས་སྟབས་བདེ་ཞིག་འཛམ་གླིང་ན་གཞན་གང་ནའང་ཡོད་མ་རེད། གཉིས་པ་དེ། སུ་ཡིན་ནའང་འོས་ཤོག་གཅིག་ལས་ཡོད་མ་རེད། བླ་མ་གྲྭ་པ་དང་། མཁས་པ་དཔོན་པོ་སོགས་སུ་ཡིན་ནའང་མི་མང་དཀྱུས་མ་དང་འདྲ་བར་འོས་ཤོག་གཅིག་རེད། འོས་ཤོག་གཅིག་དེ་བསགས་ཏེ་མང་ཤོས་སུ་ལ་ཐོབ་ནའང་དེ་སྲིད་སྐྱོང་རེད། དེ་མིན་ཨ་རི་ལྟ་བུར་མཚོན་ན། མི་མང་གི་འོས་ཤོག་མང་ཤོས་ཐོབ་རུང་འོས་འདེམས་ལྷན་ཚོགས་ཀྱི་འོས་གྲངས་མ་ཐོབ་ན་སྲིད་འཛིན་ཆགས་ཐབས་མེད་པ་ལྟ་བུ་དོན་དམ་གྱི་མང་གཙོར་ཁས་ལེན་དཀའ་བའི་གནས་ཚུལ་དེ་འདྲ་རང་རེར་མེད། གསུམ་པ་དེ། འོས་གཞིར་ལངས་མཁན་དང་འོས་འཕེན་མཁན་ཚོའི་ཀུན་སློང་དེ་རེད། སྲིད་སྐྱོང་གི་ལས་འགན་ཆེ་ཆུང་དང་དཀའ་ངལ། ཁེ་ཕན་བཅས་ལ་བསམས་ན། སྲིད་སྐྱོང་ལ་ལངས་མཁན་འདི་ཙམ་མང་པོ་འབྱུང་བ་ཡག་པོ་རེད། འོས་འཕེན་མཁན་མང་ཆེ་བར་ཡང་སྲིད་སྐྱོང་འདི་དང་གན་ལ་འོས་འཕངས་ནས་ཐད་ཀར་ཁེ་ཕན་གང་ཡང་ཐོབ་རྒྱུ་མེད་རུང་། ཚང་མས་མཉམ་ཞུགས་བྱེད་ཅིང་ཡོད་པ་རེད། འདི་ནི་བོད་པས་རང་དོན་རང་གཅེས་བྱེད་སྟངས་རེད། དེ་ཡན་བསྟོད་འོས་པ་རེད།
ད་ནི་སྲིད་སྐྱོང་འོས་མི་རེའི་ཡོན་ཏན་གསུམ་དང་སྐྱོན་གསུམ་རེ་གླེང་བར་བྱ། གོ་རིམ་ནི་མིང་ཡིག་དང་པོའི་ཀ་མད་ལྟར་ཡིན་པ་ལས་བཟང་ངན་གྱི་ཨང་རིམ་མིན།
རྒྱ་རི་སྒྲོལ་མའི་ཡོན་ཏན་གསུམ། ༡ གྲོས་ཚོགས་འཐུས་མི་དང་ཚོགས་གཞོན། བཀའ་བློན་སོགས་བྱེད་མྱོང་བས་ཉམས་མྱོང་ཆེ། ༢ བོད་དབྱིན་ཧིན་གསུམ་གྱི་སྐད་ལ་ཐོགས་པ་མེད། (བོད་ཡིག་འབྲི་ཀློག་ཞན) ༣ རྒྱ་གར་གྱི་སྲིད་དོན་མི་སྣར་འབྲེལ་བ་ཟབ།
ཞན་ཆ་གསུམ། ༡ ད་ཕན་བཀའ་བློན་དང་སྤྱི་འཐུས་གནང་རིང་། ཆོལ་ཁ་བྱེ་བྲག་ཅིག་གི་སྐུ་ཚབ་ལས། བོད་སྤྱིའི་སྤྱི་མི་ཡིན་པའི་རྣམ་པ་བསྐྲུན་ཐུབ་མེད། ༢ ལངས་ཕྱོགས་དང་སྐད་ཆ་གཉིས་ཀ་བརྟན་པོ་མིན་པས་ཡིད་རྟོན་བྱེད་དཀའ། ༣ ཆང་རག་དང་ཐ་མག་བག་མེད་དུ་སྤྱོད་པས་ཀུན་སྤྱོད་ཐད་ཞན་ཆ་མཆིས།
སྤེན་པ་ཚེ་རིང་གི་ཡོན་ཏན་གསུམ། ༡ གྲོས་ཚོགས་འཐུས་མི་དང་ཚོགས་གཙོ། སྐུ་ཚབ་དོན་གཅོད་སོགས་བྱེད་མྱོང་བས་ཉམས་མྱོང་ཆེ། ༢ བོད་དབྱིན་ཧིན་གསུམ་གྱི་སྐད་ལ་ཐོགས་པ་མེད། (བོད་ཡིག་འབྲི་ཀློག་བརྗོད་གསུམ་གྱི་གནས་ཚད་ལེགས) ༣ ཁྲིམས་དང་སྒྲིག་གཞིའི་གོ་རྟོགས་ཟབ།
ཞན་ཆ་གསུམ། ༡ གཞན་གྱི་བུད་མེད་ལ་སྒབ་མཐུན་བྱས་པ་དང་གཞུང་དོན་སྐབས་ཆང་རག་བག་མེད་དུ་སྤྱད་པ་སོགས་ཀུན་སྤྱོད་དང་འབྲེལ་བའི་གླེང་རྙོག་ཤིན་ཏུ་ཆེ། ༢ གྲོས་ཚོགས་ནས་དགག་བྱ་ཕོག་སྟེ་བཀའ་བློན་ལ་འཁོད་མ་ཐུབ་པའི་ཟིན་ཐོ་ལྡན། ༣ རང་གི་ཁེ་ཕན་ལ་ཐུག་དུས་རྫུན་ཆེན་པོ་བཤད་པའི་གནས་ཚུལ་ཡང་ཡོད།
བློ་བཟང་སྙན་གྲགས་ཀྱི་ཡོན་ཏན་གསུམ། ༡ གཞོན་ལྷན་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན། གྲོས་ཚོགས་འཐུས་མི། བཀའ་བློན། དོན་གཅོད། ཨ་རི་ཐེབས་རྩའི་འགན་འཛིན་སོགས་བྱེད་མྱོང་བས་ཉམས་མྱོང་ཤིན་ཏུ་ཟབ། ༢ བོད་དབྱིན་ཧིན་གསུམ་གྱི་སྐད་ལ་ཐོགས་པ་མེད། (བོད་ཡིག་འབྲི་ཀློག་བརྗོད་གསུམ་གྱི་གནས་ཚད་ལེགས) ༣ དཔལ་འབྱོར་གྱི་འགྲོ་སྟངས་དང་རོགས་དངུལ་འཚོལ་ལེན་སོགས་ལ་ཤེས་རྒྱ་དང་ཉམས་མྱོང་ཆེ།
ཞན་ཆ་གསུམ། ༡ དེ་སྔོན་གྲོས་ཚོགས་ནས་དགག་བྱ་ཕོག་སྟེ་བཀའ་བློན་ཐེངས་གཉིས་པ་བྱེད་མ་ཐུབ། ༢ མང་ཚོགས་དང་ཤེས་ཡོན་ཅན་ཚོར་འབྲེལ་ལམ་ཉུང་། ༣ ཀུན་སྤྱོད་ཐད་ལབ་གླེང་ཕྲན་བུ་ཡོད།
འབྲོང་ཆུང་དངོས་གྲུབ་ཀྱི་ཡོན་ཏན་གསུམ། ༡ ལོ་མང་གཞུང་ཞབས་དང་བཀའ་བློན། སྐུ་ཚབ་དོན་གཅོད་བྱས་ནས་ཡོང་བས་ཉམས་མྱོང་ཟབ་ཅིང་ཆོལ་ཁ་དང་ས་གནས་ཀྱི་འཐུས་ཚབ་ལྟ་བུའི་གཟུགས་བརྙན་མེད། ༢ བོད་དབྱིན་ཧིན་གསུམ་གྱི་སྐད་ལ་ཐོགས་པ་མེད། (བོད་ཡིག་འབྲི་ཀློག་བརྗོད་གསུམ་གྱི་གནས་ཚད་ལེགས) ༣ བོད་ནང་གི་གནས་སྟངས་ལ་རྒྱུས་མངའ་ཟབ་ཅིང་ཀུན་སྤྱོད་ལེགས།
ཞན་ཆ་གསུམ། ༡ སྐད་གདངས་གསལ་པོ་མེད་པ། ༢ ཉམས་མྱོང་གི་ཁྱབ་ཁོངས་གཙོ་བོ་བདེ་སྲུང་དང་དོན་གཅོད་ལས་ཁུངས་ཡིན་པས་ཚད་བཀག་ཆེ། ༣ བོད་འབྲེལ་གནད་དོན་མང་པོའི་ཐད་རང་གི་ལྟ་ཚུལ་དང་འཆར་གཞི་གང་ཡིན་གསལ་ཁ་མེད་པ།
ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་ཀྱི་ཡོན་ཏན་གསུམ། ༡ དགེ་རྒན་དང་། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། གྲོས་ཚོགས་སྲིད་བྱུས་ཉམས་ཞིབ་ཁང་། གྲོས་ཚོགས་འཐུས་མི། ཚོགས་གཞོན་བཅས་ཀྱི་ལས་དོན་བྱེད་མྱོང་བའི་ཉམས་མྱོང་ལྡན། ༢ བོད་ཧིན་གཉིས་ཀྱི་སྐད་ལ་ཐོགས་པ་མེད། (བོད་ཡིག་འབྲི་ཀློག་གི་གནས་ཚད་ཞན) ༣ ཀུན་སྤྱོད་བཟང་།
ཞན་ཆ་གསུམ། ༡ འཛིན་སྐྱོང་དང་གཞུང་དོན་གལ་ཆེ་ཐག་གཅོད་ཀྱི་ཉམས་མྱོང་མེད་པ། ༢ དབྱིན་སྐད་རང་སྐྱ་མི་འཕེར་བ། ༣ གནའ་དེང་གི་ཤེས་ཡོན་གནས་ཚད་དང་ཆོས་གཞུང་གི་གོ་རྟོགས་ཞན།
དབུ་སྐར་ཚང་སྐལ་རྡོར་གྱི་ཡོན་ཏན་གསུམ། ༡ དེང་རབས་ཀྱི་སློབ་སྦྱོང་དང་ལས་དོན་ཉམས་མྱོང་ངེས་ཅན་ལྡན་པ།
༢ དབྱིན་བོད་གཉིས་ཀྱི་སྐད་ལ་ཐོགས་པ་མེད་པ། (བོད་ཡིག་འབྲི་ཀློག་གི་གནས་ཚད་ཞན། ཧིན་དི་ཤེས་མིན་མ་རྟོགས) ༣ དེང་རབས་དང་མཐུན་པའི་ལས་འཆར་སྒྲིག་སྟངས་དང་དཔལ་འབྱོར་འདུ་འགོད་ཐད་ཤེས་ཚད་དང་ཉམས་མྱོང་ཆེ།
ཞན་ཆ་གསུམ། ༡ ལས་ཐོག་སྲིད་སྐྱོང་གི་གྲོགས་པོ་དང་ཕྱག་རོགས་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་སྤྱི་ཚོགས་ནང་གྲགས་པ་ཞིག་ལས། ལོ་བཅུའི་གོང་བོད་སྤྱི་པའི་ལས་དོན་ཐད་གྲུབ་འབྲས་གཟེངས་ཐོན་གང་ཡང་མེད་པ། ༢ འདས་པའི་ལོ་བཅུའི་ནང་ཨ་རི་དོན་གཅོད་འཕོ་འགྱུར་དང་། ལས་ཁུངས་ཀྱི་གནད་ཆེའི་ཚོམས་ཁང་དུ་༸གོང་ས་མཆོག་གི་སྐུ་པར་མ་བཤམས་པ་སོགས་ཀྱི་གླེང་རྙོག་མང་པོར་འབྲེལ་བ་ཡོད་པ། ༣ གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པའི་ནང་ཐེག་པ་རིམ་འཛེགས་ཀྱིས་ལོ་ནས་ལོ་བསྟུད་ཞབས་འདེགས་ཞུས་པའི་ཉམས་མྱོང་མེད་ཅིང་བོད་ཡིག་གནས་ཚད་ཞན།
རང་དང་ཀློག་པ་པོའི་དུས་ཚོད་གྲོན་ཆུང་ཆེད། འོས་མི་བཀྲ་ཤིས་སྟོབས་རྒྱལ་སྐོར་ཆེད་དུ་གླེང་སློང་བྱས་མེད།
གོང་གསལ་འོས་མི་རྣམས་ཀྱི་ལོ་རྒྱུས་དང་། གཏམ་བཤད། འཆར་གཞི་ཁག་ལ་བལྟས་རྗེས། ངའི་ངོས་ནས་ལེགས་ཤོས་སུ་མཐོང་བ་ནི་བློ་བཟང་སྙན་གྲགས་རེད། བློ་བཟང་སྙན་གྲགས་ཀྱི་ཉམས་མྱོང་གི་ཁྱབ་ཁོངས་རྒྱ་ཆེན་པོ་ཡིན་པ་དང་། སྐད་ཡིག་དང་མི་བབས་ལེགས་པ། བསམ་བློའི་གོ་རྟོགས་མཐོ་བ། དེང་རབས་དང་སྲོལ་རྒྱུན་གཉིས་ཀའི་རྣམ་པ་ལྡན་པས། འོས་མི་གཞན་ལས་འབུར་དུ་ཐོན་པ་ཞིག་རེད།
གནད་དོན་མདོར་བསྡུས་ཤིང་དྲང་ཚིག་ལྡན་་་
ཧ་ཅང་བཟང་གི སྐལ་ཡོད་ས་དེ་ལ་ཕྱི་རྟིང་གནམ་ལ་བཀྱགས་ཏེ་སྐེ་བསྲིངས་ནས་ལྟ་དགོས། ལག་བརྐྱངས་ཏེ་ལེན་དགོས། ཁ་གདངས་ནས་བཤད་དགོས།
དྲྭ་དམག་ཅི་ཙམ་གྱིས་མངས་ན་དེ་ཙམ་གྱིས་དམག་འཐབ་འཁྲུག་པོ་ཡོང་། དམག་འཐབ་འདིའི་ཁྲོད་ནས་ང་ཚོར་སྦྱོང་བརྡར་ཐོབ་དགོས། དེ་ནི་ཚང་མའི་རྒྱལ་ཁ་ཡང་ཡིན།
ཧཧཧ སྐུ་ཉིད་ཀྱི་སྲིད་སྐྱོང་འོས་མིའི་དགེ་སྐྱོན་གླེང་སྟངས་ཡག་པོ་འདུག འོན་ཀྱང་། སྐུ་ཉིད་ཕེབས་ཡུལ་གྱི་ཐ་མའི་ལམ་བུ་དེ་རྐང་ལམ་ཕྲ་མོ་དེ་ཡིན་པ་འདྲ། ད་ལྟའི་ཆར་འོས་མིའི་བཞི་ནི་རྒྱལ་ཕམ་གྱི་ལམ་དུ་བཞུད་བཞིན་པ་རེད། འོན་ཀྱང་། སྐུ་ངོ་བློ་སྙ་ལགས་ལ་ཧ་ལམ་ཐོབ་རྒྱུའི་རེ་བ་མེད་པ་དེ་གསལ་པོ་རེད། འོན་ཀྱང་། སྐུ་ཉིད་ལམ་ཟུར་གཅིག་ནས་རྐང་ལམ་ཕྲ་མོར་ཕེབས་འདུག་ཀ དེའི་ཐོག་ནས་སྐུ་ཉིད་ཀྱི་རྩོམ་ཡིག་འདིས་ད་རེས་འོས་ཤོག་འཕོ་འགྱུར་ལ་ཤུགས་རྐྱེན་ཅང་ཐེབས་ས་མ་རེད།
ལས་བྱེད་ཟུར་པ་ཚོས། འབྲོང་ཆུང་ལ་དགའ་ཞིང་། ཤེས་ཡོན་པ་མང་པོས། བློ་བཟང་སྙན་གྲགས་ལ་དགའ་ཤིང་། མི་མངས་ཚོས། སྤེན་པ་ཚེ་རིང་ལ་དགའ་ཞེན་འདུག་པས་་་་་་ རྒྱ་རི་དང་སྐལ་རྡོར་ལ་་་་་་་ ཨ་ཅརྱ་དང་བཀྲས་སྟོབས་ལ་་་་་་
རྐང་ལམ་ཕྲ་མོ་ལ་ཕེབས་ཀྱང་རུང་གཞུང་ལམ་ཡངས་པོ་ལ་ཕེབས་ཀྱང་རུང་གང་ལྟར་ ༢༠༢༡ ལོའི་སྲིད་སྐྱོང་དེ་ཨ་ཅེ་བུད་མེད་གཅིག་ལ་འོས་འཕེན་མི་མང་ནས་རྟགས་རྒྱབ་ཚར་མི་འདུག་གམ་།
གཞུང་པ་ཚེ་བསོད་པ་ཁྱོད། བོད་ཀྱི་བུད་མེད་ཆང་རག་འཐུང་མཁན་ཞིག་ལ་རེ་བ་བཅངས་པ་ནི་ནོར་བ་རེད། ད་དུང་སྲིད་སྐྱོང་ཐོབ་ཡ་རེ་བ་མེད་མཁན་ཞིག་ལ་རེ་བ་བཅོལ་བ་ནི། ཤ་ཁྱི་རྐང་པ་ཚ་རོགས་རེད། ཇོ་ལགས་སྐུ་ཐང་བསྙེ་རོགས་རེད། ཟེར་བ་དེ་མ་རེད་དམ། ལགས། ཧ་ཧ། ཀུ་རེ་དང་བཅས།། །།
བུད་མེད་སྲིད་སྐྱོང་འདེམས་བརྩོན་བྱེད་པ་ནི། ནང་ལ་རྩམ་པ་མེད་པར་སྒེའུ་ཁུང་རྩམ་རལ་ཡོག་ཡོག་ཞེས་པའི་དཔེ་ལ་སོང་འདུག ད་ཆ་བོད་རྒྱལ་ཁབ་དང་། མི་རིགས་ཆགས་འཇིགས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་འཐབ་བརྩོད་ལ་སུ་ཞིག་འཇོན་ཐང་ལས་སྐལ་ཐོན་ནུས་ཞིག་ལ་འདེམས་ཐོན་བྱུང་རྒྱུ་གཙོར་འདོན་ཡིན། སྤྱི་ཚོགས་རྙིང་ཞེན་གྱིས་བུད་མེད་ཀྱིས་མི་ཕན་བྱ་བ་མིན་ཡང་། ད་ལྟ་དེ་ཚོ་དགོས་མེད་ཀྱི་འབད་བརྩོན་ཞིག་ཏུ་མཐོང་།
ཁང་གསར་རྡོ་རྗེས། རྩོམ་ཐུང་དེའི་ནང་ལ་སྐྱག་རྫུན་རི་ཙམ་བཤད་འདུག སྲིད་སྐྱོང་མིང་གི་གོ་རིམ་དེ། ཀ་མད་ཀྱི་ཨང་རིམ་བསྒྲིགས་ཡིན་ཟེར། སྐལ་རྡོར་་་་་། ཨ་ཅ་ཡ་ཡི་རྗེས་སུ་བཞག་འདུག མ་གཞི་ཀ་དང་ཨ་གཉིས་་གོ་རིམ་མི་ཤེས་པ་ཞིག་ཡིན་ས་རེད། ཡང་ན་སྐལ་རྡོར་མ་ཡིན་པའི་གཞན་པ་དག་མིང་ཀ་མད་ཀྱི་གོ་རིམ་ལྟར་ཡིན་ལབ་པ་ཡིན་ནམ་་་་་་མགོ་འཚོས་མ་སོང་་་་་་་་
བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་དང་བློ་གཏད་བརྩི་བཀུར་ཉམས་ལེན་ཞུ་མཁན་ཞིག་ཡིན་ན་ཕོ་མོ་འདྲ་མཉམ་ལ་འགན་ཁུར་ནས་སྲིད་སྐྱོང་ལ་བུད་མེད་སླེབས་དགོས་པ་དེ་ཁྲིམས་མཐུན་མིན་པ་ཡིན་ནམ་།
ཕོ་མོ་འདྲ་མཉམ་རེད། ཐོབ་ཐང་གཅིག་མཚུངས་རེད།
བསོད་ནམས་ཆེ་ཆུང་དང་། འཇོན་ཐང་གཙོ་བོ་རེད།
སྐྱབས་བཅོལ་གཞུང་གིོ་ལས་འགན་གཙོ་བོ་ནི་སྲིད་ཕྱོགས་ཀྱི་ལས་དོན་ཁག་གཙོ་བཟུང་གིས་གཞུང་དང་མི་མང་ལས་འགན་ཞུ་རྒྱུ་དེ་རེད། གཞུང་དང་མི་མང་བདེ་དོན་ལ་རྒྱ་རི་སྒྲོལ་མ་ལགས་ཀྱི་མཛད་རྗེས་ལ་ཞིབ་ན་མཁྱེན། གལ་འགངས་ཆེ་ཤོས་ནི་ཆབ་སྲིད་ཐོག་གཟིགས་རྒྱུ་དེ་རེད། གནད་དོན་ཐད་རྒྱ་རི་ལགས་ལས་འཇོན་པ་ཞིག་ད་ལྟའི་འོས་མིའི་ནང་མིན་འདུག གཞུང་དང་མི་མང་ལ་སྐྱོན་ཆ་མི་འགྲོ་བའི་སྒེར་གྱི་གནས་དོན་དཔེ་ན་ཇ་ལངས་ནས་འཐུང་སང་བསྡན་ནས་འཐུང་ལྟ་བུ་གནད་མི་ཆེ་ཡང་རྒྱ་རི་སྒྲོལ་མ་ལགས་ནས་སྐྱོན་གནད་དུ་ལོས་ཐུགས་ཞིབ་གནང་ལ་གནང་རོགས། ལངས་ཕྱོགས་ཐད་རྒྱ་རི་ལགས་ནས་གསལ་བསྒྲགས་གང་གནང་ད་བར་ཕལ་ཆེར་བསྒྱུར་བའམ་འོས་མི་གཞན་འགའ་ཤས་ལྟར་བསམ་སྟོང་དྲན་སྐྱེས་སམ་འོས་ཐོབ་ཆེད་ཀྱི་སྐད་ཆ་སྔར་མེད་གསར་འཇུག་གང་ཡང་གནས་མ་སོང་བ་ཚང་མས་གཟིགས་ལམ་དུ་མིན་འདུག་གམ། བཟང་ཕྱོགས་ཀྱི་གནས་ཚུལ་གོ་རྒྱུ་ཡོད་པ་ངས་གཞན་ནས་གོ་སོང་བ་ཧྲག་གེ། ཚང་མས་འོས་གནང་ཕེབས་ཤོག།