ཕྲན་ཤར་ཕྱོགས་འོད་སྣང་བས།
ཀ་མ་ལ་ལྟར་འདམ་ལས་སྐྱེས་ཀྱང་འདམ་གྱིས་མ་གོས་འགྲོ་བའི་མགོན།།
ཁ་སྦྱོར་བདུན་ལྡན་སྤྲུལ་བའི་རོལ་གར་ངེས་མེད་གདུལ་བྱའི་ཞིང་ས་རུ།།
ག་ཤེད་ཡུལ་ན་སྣ་ཚོགས་སྤྱོད་སྐྱོང་གྲུབ་ཆེན་ཏཻ་ལོའི་བུ་རྒྱུད་མཆོག།
ང་བདག་འཛིན་པའི་གཡུལ་ལས་རྣམ་རྒྱལ་ཕ་གཅིག་མར་པའི་གཅེས་ཕྲུག་བསྟོད།།
ཅ་ཅོ་འདུ་འཛིས་དབེན་པའི་གནས་སུ་ཕྱག་ཆེན་ཟབ་མོའི་མན་ངག་ལ།།
ཆ་ལུགས་ཆོས་བརྒྱད་རིང་དུ་བོར་ཏེ་སྤྲང་འཁྱམས་བརྟུལ་ཞུགས་སྐྱོང་བའི་ངང༌།།
ཇ་མར་རྩམ་པའི་ལོངས་སྤྱོད་མེད་ཀྱང་ཏིང་འཛིན་ཟས་ཀྱིས་རབ་འཚོ་ཞིང༌།།
ཉ་རྒྱས་ཟླ་ལྟར་ཟག་མེད་འོད་ལུས་གྲུབ་པའི་དཔལ་རྫོགས་ཁྱེད་ལ་བསྟོད།།
ཏ་ཐཱ་ག་ཏའི་གཞུང་ལུགས་སྟོང་གི་ཉམས་ལེན་གཅིག་ཏུ་འདྲིལ་མཁས་པས།།
ཐ་མལ་འཁོར་བའི་སྐྱིད་སྡུག་ཟད་ཀྱང་མཁའ་མཉམ་འགྲོ་བའི་དོན་ཆེན་དུ།།
ད་དུང་བརྩོན་པའི་གོ་ཆ་བགོས་ཏེ་འགྲོ་ལ་བརྩེ་བའི་ངང་ཚུལ་དེས།།
ན་ཆུང་ཌཱ་ཀྐི་འབུམ་གྱི་སེམས་དཔའ་དབང་མེད་འཕྲོགས་པ་ཁྱེད་ལ་བསྟོད།།
པ་ཕ་གཤེགས་རྗེས་མ་བུ་གསུམ་པོས་ཡུན་རིང་ཨ་ཁུའི་གཡོག་བྱས་ཀྱང༌།།
ཕ་སྤུན་ཡུལ་མི་དགྲ་རུ་ལངས་རྗེས་ཨ་མའི་རེ་དོན་སྐོང་བའི་ཕྱིར།།
བ་གམ་ཅན་གྱི་ཁང་ཞིང་གཡུགས་ཏེ་གཟའ་དང་སེར་པའི་མཐུ་བསླབས་ནས།།
མ་ལུས་དགྲ་བོ་སྤ་བཀོང་མཛད་པས་ཕ་ཡུལ་བདུད་དཔུང་འཇོམས་ལ་བསྟོད།།
ཙ་རི་ལྟ་བུའི་དབེན་པའི་གནས་དེར་ཕ་གཅིག་མར་པའི་ཞབས་དྲུང་དུ།།
ཚ་གྲང་དཀའ་སྤྱད་ཁྱད་དུ་བསད་དེ་ཚེ་གཅིག་གྲོལ་བའི་མན་ངག་ལ།།
ཛ་དྲག་འཆི་བ་མི་རྟག་དྲན་བཞིན་ངེས་མེད་རི་ཁྲོར་བསྒོམས་བསྒོམས་ནས།།
ཝ་ལེར་ཆོས་ཀྱི་གནས་ལུགས་རྟོཌ་པས་འཁོར་འདས་མཉམ་གཟིགས་ཁྱེད་ལ་བསྟོད།།
ཞ་ར་ལྟ་བུའི་དེ་ཉིད་མ་མཐོང་ཐ་མལ་བྱིས་པའི་སྣང་ངོ་རུ།།
ཟ་ཚོད་སྔོན་པོའི་འཚོ་བའི་སྟེང་ནས་འཁོར་བའི་ས་མཚམས་བརྒལ་ན་ཡང་།།
འ་ཅག་ཉམས་ཐག་སྲིད་པའི་འགྲོ་ལ་བརྩེ་ཆེན་སྙིང་རྗེའི་གཞན་དབང་གིས།།
ཡ་ང་དུཿཁའི་གཡང་ལས་སྐྱོབས་ཕྱིར་སྣ་ཚོགས་ཚུལ་བསྟན་ཁྱེད་ལ་བསྟོད།།
ར་བ་གངས་རིས་སྐོར་བའི་ལྗོངས་ན་སྐྱེས་མཆོག་ཀུན་ལས་ངོ་མཚར་བ།།
ལ་ལུང་རི་ཁྲོད་ངེས་མེད་འགྲིམས་ཏེ་ཕྱག་ཆེན་ཟབ་མོའི་ཉམས་ལེན་གྱིས།།
ཤ་ཁྲག་ལུས་རྟེན་འདི་ཡི་སྟེང་ནས་གདོད་མའི་གོ་འཕང་མངོན་མཛད་པའི།།
ས་བཅུ་ལམ་ལྔའི་དབང་ཕྱུག་དམ་པ་བཞད་པ་རྡོ་རྗེ་ལན་བརྒྱར་བསྟོད།།
ཧ་ལས་མཛད་སྤྱོད་བློ་ངོར་མ་ཤོང་རྟོག་གེ་འགའ་ཡིས་ཁྱེད་དྲུང་དུ།།
ཧ་ཧ་སྨྱོན་པའི་མགོ་སྐོར་ཡིན་ཞེས་འཆལ་གཏམ་སྨྲ་བཞིན་རྩོད་ལྷགས་ཀྱང༌།།
ཨ་ཁ་བྱིས་པའི་ལོག་རྟོག་འཇོམས་ཆེད་མི་འཇིགས་སེངྒེའི་ངར་སྒྲ་ཡིས།།
ཨ་སྡུག་བུ་ཡི་ལོག་སྨྲ་རི་དྭགས་ཀླད་འགེམས་སེང་ཆེན་རྒྱལ་པོར་བསྟོད།།
རྗེ་བཙུན་མི་ལའི་མཛད་རྣམ་ཀློག་དུས་ཀྱི་ཉིན་མོ་ཞིག་ཏུ་བྲིས།
བྱང་ཕྱོགས་མུན་པའི་ནག་རུམ་ན། །
གངས་ལ་ཉི་མ་ཤར་འདྲ་བ། །
ཐོས་པ་དགའ་ཞེས་བྱ་བ་ཡི། །
སྐྱེས་བུ་དེ་ལ་ཕྱག་འཚལ་ལོ། །
ངན་ངོན་ཟས་ལ་ལུས་པོ་བཏགས།།
ལྟ་གྲུབ་ཀློང་ལ་སྤྱན་ཞགས་བརྐྱངས།།
ས་བཅུ་ཐོབ་པའི་རྒད་པོ་ཞིག།
སྔོན་ཚེ་གངས་ཀྱི་རི་ལ་བྱོན།།
དེ་དེའི་རྣམ་པར་ཐར་བའི་ཚལ།།
རྡོ་རྗེ་མགུར་གྱི་ཚིག་དྲུག་སོགས།།
སྔོན་ཚེ་མཇལ་བའི་བག་ཆགས་དེ།།
དེ་རིང་སླར་ཡང་བཞད་པར་བྱས།།
འོན་ཏེ་མི་ལ་བཞད་པའི་ཞབས།།
ཞི་བར་གཤེགས་པའི་ཚུལ་དེར་བསམས།།
སྐུ་ལུས་ས་ལ་བརྡབས་པའི་ཚུལ།།
སྙིང་ལ་གྲང་བའི་ཆུ་རླབས་འཕྱོ།།
མ་དག་ཞིང་ན་དག་པའི་སེམས།།
རྒྱན་དུ་འཆང་བ་ག་ཚད་ཡོད།།
དེ་དེའི་ནང་གི་རྒྱལ་མཚན་རྩེའི།།
འོད་དུ་འཛུམ་པ་སུ་གང་ཞིག།
ཐོས་པ་དགའ་ལ་དགའ་བ་འབུམ།།
ཡར་གིར་བྲག་ནས་མར་བབས་ཏེ།།
གྲོང་དང་གྲོང་རྣམས་གཤགས་པའི་དུས།།
བཞད་པའི་རྡོ་རྗེ་སྙིང་ནས་དྲན།།
ཀ་བ་ལྟ་བུའི་ཀེང་རུས་ལུས་ལ། །
ཁ་ལ་ཟ་རྒྱུ་ཟྭ་ལོ་ཙམ་ཞིག །
ག་རེ་སུ་ཡི་ཆོས་ལུགས་ཡིན་ཀྱང་། །
ང་ཡི་ནུས་པའི་ལས་ཞིག་མིན་འདྲ། །
ཅ་ལག་ཞང་པོས་འཕྲོག་པའི་སྤྲང་པོ།།
ཆ་མེད་ཕྱོགས་མཐར་འཁྱམ་པའི་ལོ་ཟླར།།
ཇ་ཆང་སྟོན་མོའི་སྟེང་གི་ཞང་པོ།།
ཉ་ཉོག་རུས་པའི་ལྷུ་ཚིགས་གཏོར་བ།།
ཏ་ན་མ་ནའི་ཚིག་གིས་བཤད་ན།།
ཐ་ཤལ་དམག་གི་སྦྱོར་བ་རེད་ལ།།
ད་ལྟ་བསམས་ན་དགྲ་ཤ་དགྲ་ལན།།
ན་སོ་ཕྲ་བའི་དབང་གིས་ཡིན་འདུག
པ་ལོ་བཅད་དང་མ་བཅད་ཁྱད་ཀྱིས།།
ཕ་རྒན་གྲྭ་རྒན་གཟུགས་སུ་དབྱེ་མོད།།
བ་ཕྱུགས་འཚོ་བའི་རྫི་བོའི་ཁྲོད་ནའང་།།
མ་རྒན་འདྲེན་པའི་འཇོན་པོ་མང་ཡ།།
ཙ་རི་གངས་ཀྱི་གཡས་གཡོན་དེ་ནས།།
ཚ་དམྱལ་ལྟ་བུའི་སྡུག་བསྔལ་མེ་ལས།།
ཛ་དྲག་མི་རྣམས་ཡར་ལ་འདྲེན་པ།།
ཝ་ལེར་བསམ་ན་མར་བ་མི་ལ།།
ཞ་ལུ་ལུང་པའི་ཕུ་མདའ་དེ་ནས།།
ཟྭ་ཚོད་བསྟེན་པའི་དྲང་སྲོང་ཁྱུ་གཅིག།
འ་ཅན་མགོན་དུ་གཤར་ནས་ཕེབས་པ།།
ཡ་མཚན་བྱུང་བའི་ངོས་ན་གསལ་འདུག།
རལ་མེད་པའི་མེ་ཏོག་དཀར་པོ།།
ལ་ལུང་མཁས་པའི་ཕེབས་ཤུལ་དཔྱོད་དང་།།
ཤ་གཟན་གདོང་དམར་འུ་བུ་ཅག་གིས།།
ས་ཆེན་འདི་ནས་ཅི་ཡང་འཇོན་འདུག།
ཧ་ཅང་མ་ཞུམ་སྤོབས་པའི་མེ་ལྕེ།།
ཨ་འཐས་སྙིང་ལ་མདུད་པ་རྒྱོབས་དང་།།
མི་སེམས་མེ་འདིས་མི་གསལ་དོན་བྱ།།
མུན་པའི་གསེབ་ན་མེད་ཚོད་འདྲ་འདུག
ཞེས་པའང་གྲོགས་མེ་ཏོག་དཀར་པོའི་ཚིགས་བཅད་ཀྱི་འཕྲོ་མཐུད་ཙམ་དུའོ།།
བཞད་པའི་རྡོ་རྗེ་གཤེགས་པའི་ལམ།།
འདེད་པའི་དཔའ་བོ་དཔའ་མོའི་ཚོགས།།
སྔོན་ནས་ད་བར་གཤར་དེ་ལས།།
མི་ལའི་ཞབས་ཟིན་ག་ཚད་ཡོད།།
སྒོམ་སྒྲུབ་ཉམས་གྱི་མགུར་ཚིག་གཅིག།
སེམས་ཀྱི་སྡོད་ལ་ལེགས་བཞད་པའི།།
གྲུབ་པའི་རི་མོའི་འཛུམ་གྲོལ་བ།།
གང་དག་དད་གསུམ་སྙིམ་པས་མཆོད།།
བུ་དད་པ་ཅན་གྱི་ཤར་འོད་སྣང། །
ལས་བྱས་པ་བཟང་ངོ་དགའ་བ་སྒོམས། །
ཁྱེད་ཀུན་གཞིའི་སེམས་ཀྱི་ཞིང་ས་རུ། །
ལས་བཟང་བའི་དད་པའི་མྱུ་གུ་འཁྲུངས།།
དེ་སྔོན་བསགས་ལས་ཀྱི་འབྲས་བུ་ཡིན།།
རང་དད་པའི་སེམས་ཀྱིས་སྣ་དྲངས་ཏེ། །
གཞན་བཟང་པོའི་ལམ་ལ་བཀྲི་བ་འདི།།
ཁྱེད་སྐལ་ལྡན་ལས་ཅན་རིགས་ཀྱི་བུ། །
མ་སེམས་ཅན་དོན་ལ་དཀའ་བ་སྤྱོད། །
ཁྱེད་མཆོད་པ་ཚད་ལྡན་བླ་མ་མཆོད། །
ཁྱེད་བརྟེན་པ་ཡང་དག་ལམ་ལ་བརྟེན།།
ཁྱེད་དཀར་བ་དགེ་བའི་ལས་ལ་དཀར་།།
ཁྱེད་ཆུང་བ་ཉོན་མོངས་ཆུང་བར་གྱིས། །
ཁྱེད་དེ་བྱུང་མཆོད་རྟེན་དཀར་ཆུང་རེད།།
ཡང་ཉོན་དང་དད་ཅན་འོད་ཀྱི་སྣང།།
ཕ་བླ་མའི་ཞལ་ཆེམས་འདི་ན་མདའ།།
སུས་བདག་གི་ཞལ་མཐོང་གསུང་ཐོས་དང། །
རྣམ་ཐར་པ་ཡིད་ལ་དྲན་པ་དང་། །
མཚན་བཟང་དང་རྣམ་ཐར་ཐོས་ཚད་རྣམས།།
མཐོ་མངོན་དགའི་ཞིང་དུ་མཇལ་བར་ཤོག །
ཞེས་སོགས་ཀྱི་བདེན་པའི་བཀའ་ལུང་གིས། །
ངེས་དད་ཅན་དབུགས་དབྱུང་མཛད་འདི་སྐྱིད། །
དོན་དེ་ཕྱིར་བུ་ཆུང་འོད་ཀྱི་སྣང་། །
ཁྱེད་མངོན་དགའི་ཞིང་དུ་ཐོན་རྩིས་གྱིས། །
གནམ་གྲུ་དང་མེ་འཁོར་ལག་ཁྱེར་སོགས། །
ངས་འདི་ནས་སྟ་གོན་བྱས་པས་ཆོག །
བུ་བཟང་པོ་ཤར་ཕྱོགས་འོད་་སྣང་ལགས། །
ད་མངོན་དགའི་ཞིང་དུ་བཞུད་རེ་རན།།
ཞིང་མཆོག་གྱུར་མངོན་པར་དགའ་བ་རུ། །
མ་མཁའ་འགྲོ་ཕྱག་རྒྱར་བསྟེན་རེ་རན། །
ཁྱེད་དགའ་བཞིའི་བདེ་བ་མྱོང་རེ་རན། །
ད་དགའ་བར་བྱོས་ཤིག་ཤར་ཕྱོགས་པ། །
ཨ་ཧོ། ཕ་རྗེ་བཙུན་གྲུབ་པའི་གཙུག་རྒྱན་དངོས།།
རྗེ་དུས་གསུམ་མངོན་གཟིགས་མི་ལ་རྗེས།།
བློ་དད་པ་རྩེ་གཅིག་བདག་གི་གྲོགས།།
གྲོགས་བི་བི་སི་ལ་ལམ་འགྲོ་མཛོད།།
ངས་ཤར་ཕྱོགས་ཞིང་ཁམས་འགྲིམས་བྱས་ཏེ།།
མ་མཁའ་འགྲོའི་ཚོགས་དཔོན་བྱེད་པའི་དུས།།
སེམས་དགའ་བཞིའི་ཚོར་བས་བཟི་དྲག་ནས།།
གྲོགས་ཁྱེད་རང་བརྗེད་པ་མཐོལ་ལོ་བཤགས།།
ང་མངོན་དགའི་ཞིང་དུ་ཡོད་པའི་ཚེ།།
ཕ་རྗེ་བཙུན་བླ་མའི་ཞབས་དྲུང་དུ།།
ཆོས་མན་ངག་བདུད་རྩིས་བཟི་དྲག་ནས།།
གྲོགས་ཁྱེད་རང་བརྗེད་པ་མཐོལ་ལོ་བཤགས།།
ངས་ད་ནང་དྲྭ་རྒྱའི་ཞིང་ཁམས་ནས།།
ལྷོ་འཛམ་གླིང་ཡུལ་ན་རྒྱང་བལྟས་སྐབས།།
གྲོགས་ཁྱེད་རང་ནུབ་ཕྱོགས་ཞིང་ཁམས་སུ།།
ཐར་ཨེ་ཐུབ་གཟིགས་པ་གཞི་ནས་མཐོང་།།
ཐུགས་ལྷོད་པོར་མཛོད་དང་བདག་གི་གྲོགས།།
ད་འདི་ན་འུ་གཉིས་འཛོམས་པ་ལེགས།།
ང་མངོན་དགའི་ཞིང་དུ་མ་ཐོན་གོང་།།
ཁྱེད་བདེ་ཆེན་ཞིང་དུ་མ་ཐར་ཀྱང་།།
བྱང་ལས་རབ་རྫོགས་པའི་གླིང་ཕྱོགས་སུ།།
ཁྱེད་འདྲེན་པའི་སྐྱེལ་མ་བདག་གིས་ལྕོགས།།
གྲོགས་ཤར་ཕྱོགས་འོད་སྣང་ལགས།
རྗེ་བཞད་པའི་ཉམས་ཀྱི་མགུར།
ནུབ་བྷི་བྷི་སིའི་བརྒྱུད་ནས།
ཆེས་གསང་བ་བསྒྲགས་རུང་ངམ།
ཉམས་མགུར་མ་ལེན་པའི་གྲོགས།
དུས་ལན་གཅིག་གསན་གནང་རོགས།
གླིང་མང་བ་སྐར་ཚོགས་འདྲ།
ལྷོ་འཛམ་བུ་གླིང་གི་མཆོག
མི་ནག་གདུང་ཐུང་ལ་ཐུགས་རྗེ་ཞུ།
མཛེས་སའི་མཛེས་སྡུག་ཁྱོད་ལ་ཕུལ་ཡང་། །
ཚེ་རིང་མ་དང་དགའ་རོགས་འགྲིག་འདི། །
པེ་ཏའི་ཇོ་ཇོའི་ཐུགས་བསམ་སྐོར་ལུགས། །
དེ་ཙམ་རན་པོ་ཨེ་ཡིན་དྲན་གི །
རྗེ་མི་ལ་རས་པའི་རྣམ་ཐར་དེ་མཇལ་ནས།།
ཡིད་དད་པ་སྐྱེས་པ་བརྗོད་ཐབས་རང་མེད་ཀྱང༌།།
རང་རྨོངས་གཉིད་སྟུག་པོའི་ལས་དབང་ལ་བསམ་ནས།།
ཞེ་སེམས་པའི་སྟེང་ནས་སྐྱོ་བ་རང་སྐྱེས་བྱུང༌།།
སྔོན་དམ་པའི་སྐྱེས་བུའི་དཀའ་སྤྱད་ཀྱི་མཛད་རྣམ།།
ཡངས་འདྲེན་བྱེད་སྒོར་མོའི་ལྟད་མོ་ལ་ཆས་སྐབས།།
དད་སྤུ་ལོང་གཡོ་བ་སྤྲིན་དཀར་དང་འགྲོགས་ནས།།
དད་མཆི་མའི་ཆར་གྱིས་བྲང་གཞི་རང་བརླན་སོང༌།།
སྨན་བུ་མོ་བདག་གི་དམར་ཆུང་གི་སེམས་པ།།
གནས་འཁོར་བའི་ཡུལ་ལ་ཡང་ཡང་དུ་ཆགས་ནས།།
དོན་གཤའ་མའི་ཆོས་ཞིག་ཡོང་རེ་དེ་དཀོན་པས།།
སེམས་སྨུག་པས་དཀྲིགས་པ་དྭངས་ཐབས་རང་མི་འདུག།
སྒྲ་ཤང་ཤང་སྙན་པའི་ཆུ་མོ་ཡི་ནང་ནས།།
འཁྱུག་རྩལ་དྲུག་ངོམ་པའི་ཉ་ཆུང་གི་འཁོར་ཚོགས།།
སྐྱིད་ཡར་མཆོང་མར་རྒྱུག་སྤྲོ་སྣང་དེ་མཐོང་དུས།།
འདྲིས་ཆུང་འདྲིས་བྱམས་པའི་ཞལ་ཟླ་དེ་དྲན་བྱུང༌།།
གཞོན་རྐང་དྲུག་སྦྲང་རྩིའི་སྙིང་ཁུ་ལ་ཆགས་ནས།།
དུས་ཉིན་མཚན་མ་ཤེས་ལས་བྲེལ་དེ་ཆེ་བས།།
སྙན་གླུ་དབྱངས་ལེན་པ་ཕྱོགས་མཐའ་ཡི་བུ་མོའི།།
སྙན་རྣ་བར་འཇེབས་པ་བརྗེད་ཐབས་རང་མི་འདུག།
ཤར་རི་བོའི་རྩེ་ནས་རྟ་བདུན་གྱི་དཀྱིལ་འཁོར།།
མདངས་དམར་སེར་ཚོན་གྱིས་འཛུམ་ཟེར་དེ་བཀྱེ་བས།།
མཛེས་སྐྱེད་ཚལ་ལྡུམ་རྭའི་ཆུ་སྐྱེས་ཀྱི་ཞལ་རས།།
དགའ་ངོམས་མེད་ཕྱོགས་བཞི་མཚམས་བརྒྱད་ནས་གྲོལ་བྱུང༌།།
རྗེ་དུས་གསུམ་སངས་རྒྱས་འགྲོ་བའི་མགོན། །
དཔལ་བཞད་པ་རྡོ་རྗེའི་ཞབས་ལ་འདུད། །
རྗེ་ཁྱེད་ཀྱི་སྒྲུབ་རྒྱུད་བསྟན་པ་ལ། །
བསམ་བཞིན་སྐྱེས་གདུང་འཛིན་འོད་ཀྱི་སྣང་། །
ཉམས་རྟོགས་པ་སྐྱོང་རོགས་ཆུ་སྐྱེས་སྒྲོལ། །
ལས་ཕྱག་རྒྱར་བསྟེན་པའི་གདོང་གྲོགས་མཛོད།།
གྲོགས་ཁྱེད་ཀྱིས་མཚན་ལྡན་ཕོ་ཉའི་ལམ། །
དགའ་བཞི་དང་སྐད་ཅིག་རྣམ་བཞི་ཡིས། །
ཉམས་བདེ་ཆེན་སྐུ་བཞི་མངོན་དུ་མཛོད། །
དེ་ཟུང་འཇུག་མཉམ་ཉིད་ཡེ་ཤེས་ལགས། །
མ་སེམས་ཅན་སྡུག་བསྔལ་རྒྱུ་དང་བཅས། །
ཟད་མི་སྐྱེའི་ཡེ་ཤེས་ཐོབ་པར་ཤོག །
༈ དཔལ་མཉམ་མེད་རྩ་གསུམ་འགྲོ་བའི་མགོན།།
ཕ་དུས་གསུམ་ཀུན་མཁྱེན་མི་ལ་རྗེ།།
བུ་མོས་གུས་གདུང་བས་གསོལ་བ་འདེབས།།
དོན་སྒྲུབ་བརྒྱུད་བསྟན་པ་འཕེལ་བར་ཤོག །
དེང་སྙིགས་མ་ལྔ་བདོའི་མར་གཤམ་འདིར།།
བུ་མོས་གུས་འོད་ཀྱི་སྣང་བ་དང་།།
བློ་འབྲལ་མེད་གཅིག་མཐུན་ཆུ་སྐྱེས་སྒྲོལ།།
རྗེ་འགྲན་མེད་ཁྱེད་ཀྱི་རྣམ་ཐར་ལ།།
ཡིད་དད་གདུང་མཚུངས་པའི་རྟེན་འབྲེལ་གྱིས།།
ལུས་ཚེ་རབས་སྐྱེ་བའི་ཕྲེང་བ་ཀུན།།
ངེད་མིང་སྲིང་འབྲལ་མེད་ལྷན་ཅིག་ཏུ།།
མགོན་མཆོག་གསུམ་ཀུན་འདུས་བླ་མ་ཡིས།།
ཐུགས་བྱམས་བརྩེའི་ཀློང་ནས་མི་འདོར་བར།།
ཆོས་ཟབ་དགུའི་གདམས་པས་བསྐྱེད་བསྲིང་སྟེ།།
མ་མཁའ་མཉམ་འགྲོ་བའི་གནས་རིས་སུ།།
དཔལ་རྗེ་བཙུན་གྲུབ་པའི་རྣམ་ཐར་ལ།།
དུས་ཉིན་མཚན་གཡེལ་མེད་སློབ་པ་དང་།།
སྒོས་བདག་གིས་མ་འདྲིས་གློ་བུར་གྲོགས།།
དུས་ད་ནང་ཀུན་གཞིའི་ཞིང་ས་རུ།།
དོན་ཐར་བའི་ས་བོན་འཐེབ་པ་པོ།།
བུ་ལས་འཕྲོས་སད་པ་བི་བི་སི།།
ཤར་འོད་སྣང་བདག་གིས་གསོལ་བཏབ་བཞིན།།
ལྷོ་རིན་འབྱུང་ཞབས་ཀྱིས་མ་ཐུལ་རུང་།།
ནུབ་སྣང་མཐའི་ཞིང་དུ་ཐར་དཀའ་བས།།
བྱང་ལས་རབ་གླིང་དུ་འདྲེན་པར་མཛོད།།
ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །
རྗེ་མི་ལའི་རྣམ་ཐར་མཁྱེན་པར་མཛོད། །
བུ་དད་པ་ཅན་ལ་བྱིན་རླབས་ཡོད། །
ཕ་སྒྲུབ་བརྒྱུད་བསྟན་པ་རིན་པོ་ཆེ། །
ཚེ་འདི་ཕྱི་གཉིས་ཀར་འབྲལ་བར་མེད། །
སྙན་ནས་སྙན་བརྒྱུད་༼རྣམ་ཐར་མཛོད་ནག༽་དང་།།
༼བྱིན་རླབས་སྤྲིན་ཕུང་༽༼ཉི་ཟླའི་འོད་སྒྲོན༽་སོགས།།
རྒྱས་བསྡུས་རྣམ་ཐར་ཤོག་དྲིལ་ནགས་ཀློང་ནས།།
རྗེ་བཙུན་བཞད་པའི་བཞད་ཉམས་ལོ་འགར་བཙལ།།
བྲག་དཀར་སྤོ་མཐོའི་རི་ཚོགས་གདན་གཞི་ན།།
རྗེ་བཙུན་ཐུགས་རྗེའི་གཏེར་གྱི་བདག་པོ་དེས།།
མཛེ་བོ་སྤྲང་རྒན་ཤི་བའི་རོ་གོས་རྙིང་།།
སྐུ་ལ་གསོལ་ནས་འགྲོ་དོན་མཛད་པ་མཇལ།།
ཤིན་ཏུ་ཉམས་ཆུང་ཞི་བ་དམ་པའི་གར།།
བདག་གིར་བཞེས་ནས་འགྲོ་བ་སྒྲོལ་དེ་ཉིད།།
གྲོ་ཆེན་གྲོ་ཆུང་ངན་པ་ཁ་མཐུན་ནས།།
ཚ་ཡི་ལྗོན་པ་བསྒྱེལ་བ་བདེན་ཅམ་ཅི།།
རྨུ་ལོང་རྩག་ཕུག་དགེ་བཤེས་བློ་དབང་བས།།
སྡོམ་ཁྲིམས་ཐིག་ལེ་ཟགས་ཡུལ་བུད་མེད་ཅིག།
གཡོ་བྱུས་ངན་པས་བསླུས་དེར་དུག་སྤྲད་པ།།
བཤད་པའི་རྡོ་རྗེས་མཆོད་དམ་འདི་ཅི་ཞིག།
ན་རོ་བོན་ཆུང་ཁྲོ་ཚང་འབྲུག་ལྷ་སོགས།།
རྫུ་འཕྲུལ་སྟོབས་ཀྱིས་བཏུལ་བས་ཉེས་སམ་ཅི།།
ཡང་ན་ཤམ་སྔོན་མཚང་ནས་བྲུས་པས་ཉེས།།
གསུང་མགུང་མང་ཞིག་གསང་བའི་ཚུལ་འདི་ཅི།།
མུན་པ་སྟུག་པོ་བྱེར་བའི་སེམས་ལྗོངས་དག།
དྲང་སྲོང་སྐྱོ་བོ་ཞིག་གི་ཕྱག་ཟུང་གིས།།
ཡང་དང་བསྐྱར་དུ་བྱིལ་ནས་འོད་ལྡན་དུ།།
མཛད་པའི་མེ་ཏོག་གང་སར་སྡུག་གུར་བཞད།།
སྒྲུབ་བརྒྱུད་བསྟན་པའི་ཆུ་བོ་གྷང་ག་མ།།
གངས་རིའི་ཞིང་ལ་བསྐྱིལ་བའི་ཚུལ་འདི་འདྲ།།
དྲིན་དུ་ཚོར་བའི་ཁྱུ་མཆོག་དྲང་སྲོང་ཁྱུ།།
གཅིག་མིན་དུ་མའི་སྙིམ་རྩེར་ཁྱེད་གཅིག་འཛུམ།།
རྗེ་བཙུན་མི་ལ་རས་པ་དེ། །
ཨ་ཕ་མར་པའི་དངོས་སློབ་རེད། །
དར་མ་རྡོ་རྗེས།
རྣལ་འབྱོར་མི་ལ་རས་པ་དེ། །
ཏི་ཕུ་ང་ཡི་བརྒྱུད་སློབ་རེད། །
ཏི་ཕུ་པས།
རྗེ་མི་བསྐྱོད་ཀྱི་ངོ་བོ་ཐུགས་རྗེ་ཅན། །
ལས་དམན་པའི་སེམས་ཅན་སྐྱོབ་ཏུ་གསོལ། །
རྗེ་ཁོྱོད་ཀྱིས་ཡིག་ནག་དཔེ་ཆ་ལ། །
སློབ་གཉེར་གྱི་ངལ་བ་མ་བསྟེན་ཀྱང་། །
ལྟ་ཀུན་གྱི་ཡང་རྩེ་ཀླུ་སྒྲུབ་ཀྱི། །
དཔལ་ཐལ་འགྱུར་དགོངས་པ་རྙེད་འདི་མཚར། །
ཐུགས་སྤང་རྟོགས་མཐར་ཕྱིན་འཁྲུངས་པའི་རྟགས། །
ནང་ལྟ་བའི་བའི་དཔྱད་པ་རྫོགས་པའི་རྟགས། །
སེམས་དད་པའི་སྤུ་ལོང་རབ་ཏུ་གཡོས།་།
དུས་གཏན་དུ་ཁྱེད་ལ་གསོལ་བ་འདེབས།།
རྗེ་ཁྱེད་ཀྱི་གསུང་ལ་འདི་ལྟར་གདའ། །
སྤྱིར་ཁམས་གསུམ་འཁོར་བའི་སེམས་ཅན་ལ། །
འདོད་པའི་བྱང་ཆུབ་སྣ་ཚོགས་ཡོད། །
ངར་འཛིན་ལྟ་བ་སྣ་ཚོགས་ཡོད། །
དེ་དག་སྤྱོད་ཚུལ་སྣ་ཚོགས་ཡོད། །
གཞི་བདག་ཏུ་ལྟ་བ་ཤིན་ཏུ་མང་། །
ཁྱེད་བློ་དམན་རྣམས་ཀྱི་བསམ་པ་དང་། །
བསྟུན་ནས་ཀུན་མཁྱེན་སངསརྒྱས་ཀྱིས། །
ཐམས་ཅད་ཡོད་ཅེས་གསུངས་པ་ཡིན། །
དོན་དམ་བདེན་པའི་དབང་དུ་ནི། །
བགེགས་པས་སངས་རྒྱས་ཉིད་ཀྱང་མེད། །
སྒོམ་པ་པོ་མེད་བསྒོམ་བྱ་མེད། །
བགྲོད་བྱ་ས་དང་ལམ་རྟགས་མེད། །
འབྲས་བུ་སྐུ་དང་ཡེ་ཤེས་མེད། །
དེ་ཕྱིར་མྱ་ངན་འདས་པ་མེད། །
མིང་དང་ཚིག་གིས་བཏགས་པ་ཙམ། །
ཁམས་གསུམ་བརྟན་དང་གཡོ་བར་བཅས། །
གདོད་ནས་མ་གྲུབ་སྐྱེ་བ་མེད། །
གཞི་མེད་ལྷན་ཅིག་སྐྱེས་པ་མེད། །
ལས་དང་ལས་ཀྱི་རྣམ་སྨིན་མེད། །
དེ་ཕྱིར་འཁོར་བའི་མིང་ཡང་མེད། །
མཐར་ཐུག་དོན་ལ་འདི་ལྟར་གདའ། །
ཨེ་མ་སེམས་ཅན་མེད་གྱུར་ན། །
དུས་གསུམ་སངས་རྒྱས་ཅི་ལས་བྱུང་།་།
རྒྱུ་མེད་འབྲས་བུ་མི་སྲིད་པས། །
ཀུན་རྫོན་བདེན་པའི་དབང་དུ་ནི། །
འཁོར་བ་དང་ནི་མྱ་ངན་འདས། །
ཐམས་ཅད་ཡོད་ཅེས་ཐུབ་པས་གསུངས། །
ཡོད་པ་དངོས་པོར་སྣང་བ་དང་། །
མེད་པ་སྟོང་པའི་ཆོས་ཉིད་གཉིས། །
ངོ་བོ་དབྱེར་མེད་རོ་གཅིག་པས། །
ཐམས་ཅད་ཟུང་འཇུག་ཡངས་པ་ཡིན། །
ཞེས་སོགས་ལྟ་བའི་མགུར་མ་ཡིས། །
དད་ཅན་རྨོངས་པ་རབ་ཏུ་བསལ། །
ཁོང་ཀླུ་སྒྲུབ་ལ་ཡང་ལྟ་བའི་གདེངས།་།
དེ་ལས་གཞན་དུ་འཆད་རྒྱུ་མེད། །
ཕྱིས་ཀྱི་སྒྲུབ་བརྒྱུད་ཆེན་པོ་འགས། །
ཁྱེད་ཀྱིས་དགོངས་དོན་མ་ལོན་པར། །
ཡོད་མིན་མེད་མིན་ལྟ་བ་ཡིས་། །
གདུལ་བྱའི་ཁ་ལོ་བསྒྱུར་འདི་སྐྱོ། །
གནས་ལུགས་མ་རྟོགས་ཡིད་རེ་སྐྱོ། །
ཐམས་ཅད་རྗེས་སུ་འཇུག་དེ་སྐྱོ། །
ཕ་ཁྱེད་ཀྱིས་ཚེ་རབས་ཕྲེང་བ་རུ། །་
བུ་བདག་ལ་ཐུགས་རྗེའི་སྐྱན་གྱིས་གཟིགས། །
ན་མོ་ཀྱེ།
ཀ་ལ་ཝང་ཀའི་ངག་ལ་འགྲན་པའི་ཁ་ནས་ཆོས་དབྱངས་ལྷང་ལྷང་སྒྲོག །
ག་ས་གང་དུ་ཕྱོགས་མེད་འགྲིམས་སྟེ་ང་ནི་མི་ལ་བཞད་པ་ཞེས། །
ཅ་ཅོའི་གཏམ་ནི་རབ་ཏུ་སྤངས་ཏེ་ཆ་ལུགས་ཆོས་བཞིན་སྤྲོས་བཅས་ནས། །
ཇ་དྭངས་ཙམ་ལས་བཏུང་བ་མེད་པར་ཉ་མོ་བཞིན་དུ་གོས་ཀྱང་བྲལ། །
ཏ་ཐ་གྰ་ཏའི་བསྟན་པའི་དོན་ལ་ཐ་ཤལ་ཟས་ཀྱིས་རང་ལུས་འཚོས། །
ད་ཕྲུག་བཞིན་དུ་ཉེ་དུ་བྲལ་ལ་ན་བཟའ་འཆོར་བོ་དེ་བས་དབེན། །
པ་ཏྲ་བཞིན་དུ་ཐུགས་རིས་ཟབ་མོ་ཕ་མཐའ་བྲལ་བའི་ཆོས་ལ་ཞུགས། །
བ་སོ་བཞིན་དུ་གསོན་དང་འདས་ཡང་མ་གྱུར་འགྲོ་བ་ཀུན་ལ་ཕན། །
ཙ་རི་གཟར་བོའི་གངས་ཀྱི་གསེབ་ནས་ཚ་གྲང་ལྟོགས་སྐོམ་ཚད་མེད་མྱངས། །
ཛ་ལང་ཀུན་སྤྱོད་མཐུ་རྩལ་དྲག་པོས་ཝ་མོའི་ཨ་ཁུ་ཨ་ནེ་བགྲད། །
ཞ་ར་ལྟ་བུའི་སེམས་ཅན་རྣམས་ལ་ཟ་མའི་ཆོས་ཀྱིས་འཚིམ་པར་མཛད། །
འ་ཅག་མི་རིགས་བོད་མིའི་ཁྲོད་དུ་ཡ་མེད་རྣལ་འབྱོར་བ་ཞིག་འཁྲུངས། །
ར་བ་གངས་ཀྱི་གནས་མཆོག་འདི་ན་ལ་རྒྱ་ཅན་གྱི་བུ་ཞིག་སྐྱེས། །
ཤ་དང་རུས་པའི་རྐང་གི་ནང་ན་ས་ཡ་དྲུག་གི་སྙིང་བཅུད་འདུས། །
ཧ་ལོ་ལྟ་བུའི་མེ་ཏོག་བཞིན་དུ་ཧ་ཅང་མཛེས་པའི་རྣལ་འབྱོར་བ། །
ཨ་རི་ལྟ་བུའི་འབྱོར་ལྡན་ཡུལ་ན་རྣ་ཐོས་མེད་པ་ཨ་ལ་ལ། །
ཕྱུག་པོ་ཞིག་གི་བུ་རུ་སྐྱེས་ཀྱང་སྦྲང་པོའི་འཚོ་བར་རིང་དུ་མྱོང་། །
ལང་ཚོའི་རང་བཞིན་ཤ་རྒོད་དར་ཡང་མི་སྡུག་རས་རྐྱང་ཙམ་གྱིས་འགྲོ །
ཕོ་རྒོད་ཅིག་གི་མཇེ་རྒོད་ཁུར་ཡང་ཤི་བའི་བུ་མོར་འཐམ་པ་གྲགས། །
ཉིན་མ་གཅིག་ལ་སྐྱིད་རབས་མེད་པའི་མི་ལ་བཞད་པ་སྙིང་ནས་དྲན། །
དགྲ་བོ་བསད་ནས་སྙིང་ནད་སངས། །
སྒོམ་སྒྲིབ་གནང་ནས་གྲུབ་པ་ཐོབ། །
ཨ་བོ་མཐུ་ཆེན་ཞེས་གྲགས་པའི། །
མི་ལ་བཞད་པའི་རྡོ་རྗེ་རྒྱལ། །
བུ་ཆུང་ཐོས་པ་དགའ་ཞེས་པ། །
ནར་སོན་ཨ་ཕོ་མཐུ་ཆེན་ཆགས། །
དད་ལྡན་བཞད་པ་རྡོ་རྗེ་དེ། །
མི་ལ་རས་པ་ཞེས་སུ་གྲགས། །
མི་ལའི་བསྟན་པ་ཡུན་གནས་ཤོག །