བསེ་རུ།
༼ལོ་གསར་པར་རྒྱ་ཆེའི་ཀློག་པ་པོ་དང་དྲ་གྲོགས་ཡོངས་ལ་བཅོས་མིན་གྱི་འཚམས་འདྲིའི་ བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག འདས་དོན་ལ་ཕྱིར་དྲན་གྱིས་སེམས་ཚོར་རྗེན་པར་སྨྲ་བར་བྱའོ།།༽
བདག་གི་དྲ་གྲོགས་ལྷན་རྒྱས་དང་། རྒྱ་ཆེའི་ཀློག་པ་པོ་ལྷན་རྒྱས་ལ་སྤྱི་ལོའི་ལོ་གསར་ལ་འཚམས་འདྲི་ཞུ་བ་དང་སྦྲགས། དེ་རིང་འདིར། ལོ་གསར་པའི་ནང་གོམ་པ་སྤོ་སྟངས་ཀྱི་གསལ་འདེབས་ཤིག་ཞུ་འདོད་བྱུང་ལ། དྲ་གྲོགས་ལྷན་རྒྱས་ནས་འདི་ཐད་གཞོགས་འདེགས་ཀྱི་ཡིད་ཆེས་དང་རེ་བ་མཉམ་བསྡེབས་ཀྱིས་ཞུ་བ་ལགས།
དེང་སྐབས་དྲ་བའི་བརྒྱུད་ལམ་ནས་བོད་ཀྱི་སྐད་ཡིག་གི་ཚེ་སྲོག་གི་ལང་ཚོ་དར་བཞིན་པའི་དུས་འདིར། བོད་ཕྱི་ནང་གཉིས་སུ་གཞུང་སྒེར་གྱི་བོད་ཡིག་དྲ་རྒྱ་ཇིི་སྙེད་ཡོད་ཅིང་། དེ་དག་གི་ཁྲོད་ཤེས་རིག་དང་། ཆབ་སྲིད། དཔལ་འབྱོར། ཁྲིམས་ལུགས། བརྡ་འཕྲིན། གསར་འགྱུར། པར་རིགས། གླུ་གཞས་ལ་སོགས་པའི་བརྗོད་གཞི་དང་། ཁྱབ་ཁོངས་མི་འདྲ་བ་ཇི་སྙེད་ཅིག་དང་། དེ་དག་གི་ཁྲོད་རྩོམ་པ་པོ་དང་། ཞིབ་འཇུག་པ། དཔྱད་བརྗོད་པ། སྙན་ངག་པ་སོགས་ཡིན་མིན་ལ་མ་བལྟོས་པར་རྩོམ་ཡིག་སྤེལ་མཁན་ནི་འཚང་ཁ་ཤིག་ཤིག་ཡིན་མིན་མི་ཤེས་ཀྱང་། རྩོམ་ཡིག་གི་ས་བཅད་ནི་སྟོང་པར་ལུས་པའི་དཀའ་ངལ་དེ་མེད་པར་སྣང་། ཡང་མང་པོ་ཞིག་ནི་རྒྱུན་གཏན་ནས་རྩོམ་ཡིག་རྒྱུན་མར་སྤེལ་བ་དང་། འགའ་ཞིག་གིས་གནད་འགག་གི་དུས་སུ་སྤྱི་ཚོགས་དཔྱད་བརྗོད་ཙམ་སྤེལ་བ། རེ་འགས་སྒྱུར་རྩོམ་རིགས་འདྲ་མིན་སྤེལ་བ། ལ་ ལས་ནི་ཉིན་ལྟར་རང་གི་ཚོར་འདུ་དང་འབྲེལ་བའི་རྩོམ་ལུས་མི་འདྲ་བའི་རྩོམ་ཡིག་ གང་མང་སྤེལ་བ་སོགས་གནངས་དང་གནང་མུས་ཚང་མས་བོད་སྐད་ཡིག་གི་རྣམ་ཤེས་སྲོག་ཏུ་ ཞུགས་པའི་རྩོམ་ལུས་ཀྱི་གར་སྟབས་སྣ་ཚོགས་སྒྱུར་བཞིན་ཡོད་པ་ནི་ཆེས་དགའ་འོས་ པའི་ དོན་ཆེན་ཞིག་ཡིན། དེར་དུས་ནམ་ཡང་རྗེས་སུ་ཡི་རངས་དང་དགའ་གུས་ལྷན་དུ་ཞུ་ཡི་ཡོད།
ལྷག་པར་བརྡ་འཕྲིན་དུས་ རབས་ནང་། བོད་ ཀྱི་སྐད་ཡིག་གི་ མདུན་ལམ་རྒྱ་ཇེ་ཆེ་དང་། བཀོལ་སྤྱོད་ཇེ་ཆེ། འཐུས་སྒོ་ཇེ་ཚང་དུ་བཏང་སྟེ། བོད་ཀྱི་སྐད་ཡིག་འདི་ ཉིད་འཛམ་གླིང་རང་བཞིན་གྱི་སྐད་ཡིག་ཏུ་མི་འགྱུར་ནའང་། བོད་མི་ཡོད་དོ་ཅོག་གིས་ཐུགས་སྣང་དང་བཀོལ་སྤྱོད་གནང་རྒྱུ་ནི། བོད་མི་རིགས་སྤྱི་ལ་འཁྲི་བའི་ལས་འགན་ཞིག་དང་། ཡང་སྒོས་བོད་ཡིག་མཁྱེན་མཁན་སྤྱི་དང་། བོད་ཀྱི་སྐད་ཡིག་གི་ལམ་ནས་རྩོམ་ཡིག་འབྲི་མཁན་ཡོངས་ཀྱིས་འབད་པ་བརྒྱ་དང་བརྩོན་པ་སྟོང་གི་ལམ་ནས་རང་ངོ་རང་ཤེས་གནང་སྟེ། རང་ཉིད་ཀྱི་ཚེ་སྲོག་ལྟར་གཅེས་སྐྱོང་གནང་དགོས་པ་ནི་གཡོལ་དུ་མེད་པའི་ལས་འགན་ཞིག་ཏུ་འཁུམས།
ཁོ་བོ་ནི་དྲ་ཐོག་ཏུ་ཡང་ཡང་མྱུལ་ཏེ་གསར་འགྱུར་དང་རྩོམ་རིགས་སོགས་གང་ཐུབ་ཀློག་ཁུལ་བྱེད་མཁན་གྱི་ཀློག་པ་པོ་ལེ་ལོ་ཅན་ཞིག་ཡིན་ལ། མཚམས་རེ་རྩོམ་ཡིག་ཐར་ཐོར་རེ་བྲིས་ཏེ་རང་སེམས་རང་གིས་གསོ་ཁུལ་བྱེད་མཁན་ཞིག་ཀྱང་ཡིན། ཡང་ཀློག་ཞོར་འབྲི་ཞོར་དུ་བོད་ཀྱི་དུས་བབ་གཙོ་བོར་གྱུར་པའི་གསར་འགྱུར་ བརྒྱུད་ལམ་ཁག་དང་། ཟིན་བྲིས་ཁག་གི་ནང་ཡིག་ནོར་ཆུང་ཚགས་རིགས་དང་། སྐབས་རེ་ཡིག་ནོར་ལ་བརྟེན་ནས་དོན་ཆེན་གོ་འཛོལ་ཡོང་ཉེན་གྱི་རིགས། ཐ་ན། རྩོམ་པ་པོའི་མིང་གི་དག་ཆ་ཚུན་ནོར་བའི་རིགས་ལ་ནོར་བཅོས་དང་། བསམ་འཆར་འབུལ་མཁན་གྱི་བསེ་རུ་ཟེར་བ་དེ་ཡིན། འདས་པའི་ལོ་ཟླའི་ནང་བློ་གཟུ་བོར་གནས་པའི་ཐོག་ནས་སྙིང་གཏམ་གསུང་མཁན་ཇི་སྙེད་ཅིག་བྱུང་ལ། འགའ་ཞིག་གིས་ཚིག་གི་མཚོན་ཆ་འཕངས་ཏེ་རང་སེམས་དུམ་བུར་གཏོང་འདོད་བྱེད་མཁན་ཡང་བྱུང་། འོན་ཀྱང་། ཁོ་བོ་ནི་སྤྱི་ཚོགས་ཤིག་གི་ནང་དུ་འཚར་ལོངས་བྱེད་བཞིན་པ་དང་། སྤྱི་ཚོགས་ཀྱི་རང་བཞིན་ཇི་འདྲ་ཞིག་ཡིན་མིན་བློ་ ངོར་གསལ་ལེར་འཆར་ཐུབ་མཁན་ཞིག་ཡིན་སྟབས། དེ་ཙམ་གྱིས་ན་ཟུག་དང་མྱ་ངན་གྱི་ངལ་བ་མི་འདུག སྙིང་ ཉེ་བའི་དྲ་གྲོགས་བསྟན་འཛིན་ཚེ་དཔག་ཞུ་བ་ཞིག་གིས་ཀྱང་གཞན་གྱིས་བརྒྱ་བཤད་ སྟོང་བཤད་ལ་མ་འཛེམས་པར་རང་ནུས་ཡོད་རྒུས་དྲ་ཐོག་ཏུ་ཡིག་ནོར་གྱི་རིགས་བཅོས་ ཏེ་ནུས་པ་གང་འཚམ་འདོན་མྱོང་བས་གོ་སྐབས་འདི་བརྒྱུད་ཁོང་ལ་ད་དུང་དུས་ཁོམ་ནམ་ ཡོད་ལ་དྲ་ཐོག་གི་དང་བླང་ཞུ་དག་པ་གནང་བར་ཕེབས་རོགས་ཞེས་ཀྱང་ཞུ་བར་ཐལ་ལོ། །
ཁོ་བོས་དེ་ལྟར་གཞན་ལ་རེ་བ་བཅོལ་བ་དང་རང་ཉིད་ཀྱིས་དབུགས་ལྷེམ་ལྷེམ་ངང་རྒྱུགས་ཁུལ་བྱེད་དགོས་པའི་དམིགས་ཡུལ་ནི། ཚང་མས་ཟུར་བལྟས་ལེབ་མཐོང་ཡིན་སྟབས་འདིར་དམིགས་སུ་བསལ་ནས་ཞུ་སྤྲོས་ཀྱི་ངལ་བ་བརྟེན་མི་དགོས་སྙམ། ད་དུང་ནན་ཏན་ངང་ཞུ་རྒྱུར། ཁོ་བོ་ནི་ལེ་ལོའི་མལ་དུ་གཏི་མུག་གཉིད་དང་གྲོགས་སུ་འགྱུར་མཁན་གྱི་མི་ཞིག་ཡིན་ནའང་། ཅི་སྟེ་དྲ་གྲོགས་ཚོའི་ཁྲོད་ན་དག་ཆའི་དཀའ་ངལ་ཤུགས་ཆེར་འཕྲད་མུས་ཀྱི་རིགས་ཡོད་ཚེ། རྩོམ་ཡིག་དྲ་ཐོག་ཏུ་མ་བསྐུར་བའི་སྔ་རོལ་ཏུ་ཁོ་བོར་མ་དཔེ་ཞིག་གློག་འཕྲིན་བརྒྱུད་དེ་བསྐུར་གནོངས་དང་། ཁོ་བོས་གང་ལྕོགས་གང་ནུས་ཞུས་ཏེ། མིག་གིས་གང་མཐོང་བའི་ཡིག་ནོར་རྣམས་དག་བཅོས་ཀྱིས་ཁྱེད་ལ་ཕུལ་ཆོག འདི་ནི་སྤྱི་ལོ་ཉིས་སྟོང་བཅུ་གཅིག་ལོའི་ནང་དྲ་གྲོགས་ཚོར་འབུལ་རྒྱུའི་ལེགས་སྐྱེས་ཆུང་ཆུང་ཞིག་སྟེ། ལན་དང་རེ་བ་མེད་པའི་སེམས་པ་དམར་མོ་དེ་ཡིན་ལ། ལོ་གསར་པའི་ནང་། དང་བླང་ཞབས་ཞུ་བསྒྲུབ་རྒྱུའི་ལས་འཆར་ཕྲན་ཚེགས་ཤིག་ཀྱང་ཡིན། དེ་ནི་བོད་ཀྱི་སྐད་ཡིག་ལ་བཅངས་པའི་གདུང་སེམས་རྣལ་མ་དེ་ཡང་ཡིན།
ཕྱིར་དྲན་ཞིག་བྱས་ན། ད་བར་ཁོ་བོས་ལོ་ཤས་རིང་དྲ་ཐོག་ནས་ཡིག་ནོར་གྱི་ནད་ཡམས་ལ་དཔྱོད་སྐབས། མང་པོ་ཞིག་འབྲི་བར་དགའ་ལ་བོད་ཡིག་གི་རྨང་གཞི་དེ་ཙམ་མེད་པའི་རིགས་གཅིག་དང་། ཁག་ཅིག་ནི་བོད་ཡིག་གི་གནས་ཚད་གང་འཚམ་ཡོད་ཀྱང་ནན་ཏན་གྱི་སྒོ་ནས་ཞུ་དག་མ་བཏང་ བ་དང་གཏགས་ནོར་ཤོར་བ། ལ་ལ་ནི་ཡིག་ནོར་ནི་དེ་ཙམ་གལ་མི་ཆེ་བར་བརྩི་བཞིན་དོན་གོ་ན་འགྲིག་པའི་ལྟ་ཚུལ་འཛིན་མཁན་གྱི་རིགས་ཤིག ཡང་འགའ་ཞིག་ནི་རང་གི་སྣང་བ་དག་སྟེ་མ་དག་པ་དག་པར་བརྩིས་ཏེ་རང་ལྟ་མཆོག་འཛིན་བྱེད་མཁན་གྱི་རིགས་ཤིག འགའ་ཞིག་ནི་བྱིས་པ་དག་ཡིག་ཁ་ནས་སྐྱོར། མ་དག་ཡི་གེ་ལག་ནས་འབྲི་མཁན་ཡང་འདུག
ཡང་དྲ་རྒྱའི་དོ་དམ་པ་དང་། རྩོམ་སྒྲིག་པ། གསར་འགོད་པ་སོགས་ལ་རང་རང་གི་དྲ་ཚིགས་སྟེང་གི་རྩོམ་ཡིག་དང་མཆན་གྱི་རིགས་ལ་དབྱེ་གསེས་དང་ཡོངས་ཁྱབ་འགོད་ འགྲེམས་ ཀྱི་དབང་ཚད་དང་ལས་འགན་གཉིས་ཀ་ཡོད་བཞིན་དུ་ཞུ་དག་གི་ཐད་ཐུགས་སྣང་ཆུང་སྐྱོན་ ལྟ་བུའི་གནང་སྟངས་རིགས་གཅིག་གིས་དྲ་ཚིགས་ཀྱི་སྤུས་ཀའི་ཐད་དང་། ཡང་ན། སྤྱི་ཡོངས་ཀྱི་འགན་ལེན་གནང་སྟངས་གང་ས་ཅི་ཐད་ནས་མིག་ལྟོས་ངན་པ་ཡོང་གིན་ཡོད་པ་དང་འབྲེལ་ནས་ཀྱང་ཡིག་ནོར་ཇེ་མང་དུ་ཐོན་པ། གཞན་དུ་ན། ཨུ་ ཚུགས་ལྟ་བུས་ཡུལ་ལུང་བྱེ་བྲག་པའི་ཁ་སྐད་ཀྱིས་བྲིས་ཏེ་རྒྱ་ཆེའི་ཀློག་པ་པོ་ བྱིངས་ཀྱིས་གཅིག་མཚུངས་སུ་གོ་བ་བསྐྱེད་པ་ལ་གེགས་སུ་སོང་ནས་མགོ་བོ་འཐོམས་སུ་ འཇུག་མཁན་ཡང་བྱུང་སོང་སྙམ། མདོར་ན། དེ་དག་ཚང་མས་རང་ངོ་རང་ཤེས་དང་། རང་འགན་རང་ཁུར་གྱི་ཐོག་ནས་བོད་མི་རིགས་ཀྱི་སྐད་ཡིག་ལ་སྲུང་སྐྱོབ་བྱེད་དགོས་ན། ཐོག་མར་རང་ཉིད་ནས་འགོ་བརྩམ་དགོས་ལ། རང་ཉིད་ཀྱིས་བོད་ཡིག་ཐོག་ནས་བྲིས་པའི་མཆན་བུ་ཚུན་ནས་རྩོམ་ལུས་མི་འདྲ་བ་གང་ཡིན་དེའི་ནང་ཡིག་ནོར་ གྱི་ནད་ཡམས་མ་ཁྱབ་པ་ཞིག་གནང་གལ་ཆེ།
དྲ་ངོས་ཡིན་ནའང་འདྲ། ཤོག་ངོས་ཡིན་ནའང་འདྲ། ཟིན་བྲིས་ཡིན་ནའང་འདྲ། མཆན་བུ་ཡིན་ནའང་འདྲ། ཀློག་མཁན་ཚོར་མཚོན་ན། འབྲི་མཁན་ཚོའི་ཚིག་གི་དག་ཆ་དེ་ནི་གནད་འགག་ཆེ་ཤོས་ཤིག་རེད། གང་ལ་ཟེར་ན། སྔོན་དང་ད་ལྟའི་མཁས་པ་དག་མགྲིན་གཅིག་དབྱངས་གཅིག་གིས་གདམས་པའི་དོན་ལ། ཚིག་གི་དག་ཆས་དོན་གྱི་གནད་འབྱིན་ཅིང་། ། ཞེས་དང་། ཚིག་མེད་དོན་ནི་བྱིས་པའི་གནའ་གཏམ་སྟེ། ། ཞེས་དང་། དག་ཆ་ཡི་གེའི་རྨང་གཞི་ཡིན། ། ཞེས་དང་། དོན་གྱི་རྒན་པོ་ཚིག་གི་འཁར་བ་ལ། ། ཞེས་སོགས་ནན་ཏུར་གྱིས་གདམས་པའི་གནད་དེ་དག་དང་། སྒོས་སུ་དེང་གི་སྐབས་ན་བོད་ཀྱི་སྐད་ཡིག་ཉམས་པ་ལས་སྐྱོབ་པ་དང་། བསྐྱབས་ནས་ཇི་སྲིད་བོད་མི་རིགས་གནས་པ་དེ་སྲིད་དུ་རྒྱུན་བསྲིངས་སྲུང་སྐྱོབ་ དང་དར་སྤེལ་རྒྱུན་འཛིན་གཉིས་ཀ་ནི་ང་ཚོའི་ལས་འགན་ཆགས་ཡོད་པའི་ཆ་ནས་བསམས་ན། ང་ཚོས་དག་ཆའི་ཐད་ནས་འཐུས་ཤོར་སོར་གང་ཡང་གཏོང་མི་རིགས་པར་འདོད། བོད་ཀྱི་སྐད་ཡིག་ཚགས་ཤོག་གིས་ཀྱང་བཙན་བྱོལ་སྤྱི་ཚོགས་ཀྱི་ཚོང་ཁང་དང་ཟ་ཁང་གི་སྒོ་བྱང་དང་། གཞུང་ སྒེར་གྱི་གསལ་བསྒྲགས་ཚུན་ནས་ཡིག་ནོར་ཐེར་འདོན་གྱི་ལས་གཞི་སྤེལ་བ་དེས་ཀྱང་ ཡིག་ནོར་གྱི་ནད་ཡམས་ཡོང་རྒྱུར་དམིགས་བསལ་གྱི་ནུས་པ་བཏོན་དང་འདོན་མུས་སུ་ ཡོད་པས་གོ་སྐབས་འདི་བརྒྱུད་སྔར་བྱས་དགའ་སྒོམ་དང་། ཕྱིན་ཆད་རྒྱུན་མཐུད་གནང་རོགས་ཞེས་ཞུ་བར་སྤོབས། ང་ ཚོ་ཚང་མས་བཙན་བྱོལ་གྱི་ཁོར་ཡུག་འདིའི་གྲུ་དང་ཟུར་གང་ས་ནས་རྗེས་ཡོང་སྔོན་ དྲན་གྱི་ཐོག་ནས་ཕྱར་གྲུ་མཉམ་འདེགས་ཀྱི་ནུས་པ་ཞིག་བཏོན་པ་ཡིན་ན། ནུས་པ་རྩ་བ་ནས་ཐོན་རེ་མེད་པའི་གནས་སྟངས་ནི་གང་ཡང་མ་རེད།
དེས་ན། བོད་ཀྱི་སྐད་ཡིག་འདི་ཉིད་འོ་མ་ལྟ་བུ་ཞིག་ཡིན་ན། ཡིག་ནོར་ནི་ཁྲག་ཐིགས་ལྟ་ བུ་ཞིག་དང་། བོད་ཀྱི་སྐད་ཡིག་འདི་ཉིད་ལང་ཚོའི་ལུས་ སྟོབས་རྒྱས་པའི་སེང་ཆེན་ཞིག་ཡིན་ན། ཡིག་ནོར་ནི་ལང་ཚོའི་ལུས་སྟོབས་ཉམས་བྱེད་ཀྱི་འགོས་ནད་ལྟ་བུ་ཞིག་ཡིན། ཡང་ན། བོད་ཀྱི་སྐད་ཡིག་འདི་ཉིད་མི་ཞིག་ཡིན་ན། ཡིག་ ནོར་ནི་མི་དེའི་ཚེ་སྲོག་འཕྲོག་བྱེད་ཀྱི་སྐྲན་ནད་ལྟ་བུ་ཞིག་ཡིན་པའི་སེམས་ ཚོར་ཁྱད་པར་བ་འདི་ནི་དྲ་ངོས་དང་ཤོག་ངོས་གང་གིའང་འབྲེལ་ཡོད་ང་ཚོར་ཡོད་ དགོས་པ་ཞིག་ཅིས་ཀྱང་མ་ཡིན་ནམ། དེའི་ཕྱིར་སྤྱི་ལོ་ཉིས་སྟོང་བཅུ་གཅིག་ལོའི་ནང་གཞུང་སྒེར་དྲ་རྒྱ་ཁག་དང་། མི་སྒེར་གྱི་ཟིན་བྲིས། རྩོམ་རིགས་སྣ་ཚོགས། ཐ་ ན་མཆན་བུ་ཚུན་ཆད་ཀྱི་ནང་འབྲེལ་ཡོད་རྩོམ་རིགས་སྤེལ་མཁན་ཀུན་གྱིས་ཡིག་ནོར་ གྱི་ནད་ཡམས་ཇེ་ཉུང་དུ་གཏོང་རོགས་ཞེས་ནན་གྱིས་ཞུ་འདོད་བྱུང་ལ། དེ་ནི་དོན་དམ་དུ་ཁྱོད་དང་ང། ཁོང་བཅས་ང་ཚོ་ཚང་མས་བོད་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་བྱས་པ་ཡིན་ལ། རང་ཉིད་ཀྱིས་རང་ཉིད་ལ་འགན་འཁུར་བའི་ཡ་རབས་ཀྱི་བྱ་བ་ཞིག་ཀྱང་ཡིན།
མདོར་ན། དེ་ནི་འགྱེལ་གྱིན་འགྱེལ་གྱིན་ལངས་དགོས་པའི་སྐུལ་ལྕག་ཚ་ནན་ཞིག་ཀྱང་ཡིན་པར་བརྟེན། ལོ་གསར་པའི་ནང་གི་བསེ་རུའི་གཟུགས་མེད་སེམས་ཀྱིས་བོད་མི་རིགས་ལ་བཅངས་པའི་ལྷད་མེད་དྭངས་གཙང་གི་བརྩེ་བ་རྣལ་མ་ཞིག་ཀྱང་ཡིན།།
སྤྱི་ལོ་ ༢༠༡༡ ཟླ་ ༡ པོའི་ཚེས་ ༡ ཉིན།
བོད་ཀྱི་སྐད་ཡིག་ནི་རྒུད་པའི་གཡང་ཁ་ན་སྐྱོམས་བཞིན་ཡོད། བོད་ཀྱི་སྐད་ཡིག་ནི་སྐད་ཡིག་གཞན་གྱི་བཙན་འཛུལ་གྱིས་ཡལ་བཞིན་ཡོད། སྐད་ཡིག་སྲུང་སྐྱོབ་ནི་ཁ་ཚ་དགོས་གཏུགས་ཆགས་འདུག སྐད་ཡིག་སྲུང་སྐྱོབ་ནི་མི་རིགས་ཤིག་གཞི་རྩ་ནས་སྐྱོབ་པའི་རྟེན་གཞི་ཡིན། ད་དུང་བོད་ཀྱི་སྐད་ཡིག་ནི་་་་་ ་་་་་་་་
སྐུ་ངོ་ཚོ་དང་དགེ་རྒན་ཚོས་འདི་ལྟར་སྨྲ་ལ། ཉམས་ཞིབ་པ་དང་རྩོམ་སྒྲིག་པ་ཚོས་ཀྱང་འདི་ལྟར་སྨྲ། ཡིན་ནའང་། དོན་གྱི་གནད་དམ་པ་དེ་སུ་གང་གིས་ངོ་འཕྲོད་མེད་པ་ལྟ་བུ་ཆགས་འདུག ང་ཚོའི་སྐད་ཡིག་གི་གནས་སྟངས་ནི། ཁ་སང་ལས་དེ་རིང་འཇིག་ཉེན་ལ་གཏུགས་ནས་ཡོད་པར་བཤད་མཁན་ཧ་ཅང་མང་བ་དེའི་ཁྲོད་ན། ཉེན་ཁའི་གནས་སྟངས་ཀྱི་ཆེ་ཆུང་དེ་གསལ་པོར་མཐོང་ནས་མཛུབ་མོ་འཛུགས་པ་དང་། ཉེན་ཁའི་གནས་སྟངས་དེ་ནས་སྐྱོབ་པའི་ལས་ཀ་བྱེད་མཁན་ལག་བསྟར་བ་ནི་ཧ་ཅང་དཀོན་པོ་ཆགས་ཡོད། དེ་རིང་བསེ་རུ་ལགས་ཀྱིས་གནད་འགག་ཟེར་ན་འདྲ། གནད་དོན་ཟེར་ནའང་འདྲ། གང་ལྟར་ཡིག་ནོར་གྱི་ཡོང་ལུགས་ཡོང་སྟངས་དང་། དེར་གདོང་ལེན་བྱེད་སྟངས་ཤིག་བསྣམས་ནས་ཕེབས་པ་འདི་ནི་དངོས་འབྲེལ་གསལ་འདེབས་ཤིག་ཆགས་འདུག་ལ། གསལ་འདེབས་བྱ་ཡུལ་ཚང་མས་ཀྱང་ཁུར་མཉམ་ལེན་བྱེད་དགོས་པ་ཞིག་རེད། ད་སྔ་ཕན་ལ་སྐད་ཡིག་གླེང་མཁན་མང་པོ་བྱུང་ཡོད་པ་དང་། གླེང་མཁན་དེ་ཚོས་ཀྱང་སོ་སོར་དཔག་པའི་ནུས་པ་རྩལ་སྤྲུགས་ཀྱི་སྟ་གོན་བྱས་པ་དེ་ཚོར་ཡང་ཡི་རང་ཞུ་དགོས་པ་ཞིག་རེད། ང་ཚོས་སྐད་ཡིག་གི་འཇིག་ཉིན་འདི་གླེང་སྐབས། མི་རྒན་པའི་ཁྲོད་སྐད་ཡིག་གནས་སྟངས། གཞོན་སྐྱེས་ཁྲོད་ཀྱི་གནས་སྟངས། བྱིས་པའི་སྤྱི་ཚོགས་ཀྱི་གནས་སྟངས་བཅས་ལ་གྲངས་ཀར་འབེབས་པའི་ཉམས་ཞིབ་ཅིག་ཐུབ་པ་ཡིན་ན། དེ་ནི་མི་རེ་ངོ་རེར་སེམས་ཚོར་ཡོང་བར་ཕན་པ་ཞིག་རེད། འདིའི་ཐད་ནས་ཉམས་ཞིབ་གནང་མཁན་རེ་ཡོད་ན། དེར་ང་ཚོས་རོགས་རམ་རྒྱ་གང་ཆེ་གནང་དགོས་པ་རེད། སྐད་ཡིག་གླེང་མཁན་ཚོས་འདིའི་ཕྱོགས་ལ་བསམ་གཞིགས་རེ་གནང་རོགས།
སྐད་ཡིག་གླེང་སའི་སྐད་ཡིག་ཚགས་པར་ལ་མཚོན་ན། སྐད་ཡིག་གླེང་གིན་ཡོད་ནའང་། མཚམས་རེར་ཁོ་རང་ཚོས་ཀྱང་ཡིག་ནོར་སྤེལ་ནས་ཡོང་གི་ཡོད་པའི་མཐོང་སྣང་བྱུང་། དེ་ནི་སྐད་ཡིག་ཚགས་པར་འདོན་ཐེངས་ཁ་ཤས་བཀླགས་པའི་མཐོང་སྣང་ཙམ་ཞིག་ཞུས་པ་ཡིན། དེང་སང་སྐད་ཡིག་ཚགས་པར་ནང་ཡིག་ནོར་ཡོང་གིན་ཡོད་མེད་ང་ལ་ཞུ་ཡག་གང་ཡང་མེད། ཟླ་བ་ཁ་ཤས་ཀྱི་སྔོན་དེར་བཀླགས་པའི་སྐད་ཡིག་ཚགས་པར་དེ་ཚོའི་ནང་ཡིག་ནོར་འདུག ཡིན་ནའང་། ཉུང་ཉུང་རེད། དེང་སང་སྐད་ཡིག་ཚགས་པར་མ་མཐོང་ནས་ཟླ་བ་ཁ་ཤས་ཡིན། སྐད་ཡིག་ཚགས་པར་གྱིས་སྐད་ཡིག་མཐོར་འདེགས་ཀྱི་ཕྱག་ལས་མུ་མཐུད་ནས་གནང་གི་ཡོད་པ་ཡིན་ན། དེ་བརྒྱུད་ནས་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་དོན་འདི་ཚ་ཚ་འུར་འུར་ཞིག་ཏུ་བསྒྱུར་ཏེ། ལག་ལེན་གྱི་ལམ་ནས་གྲུབ་འབྲས་ཐོབ་པ་བྱ་རྒྱུར་འབད་པ་བསྟེན་པའི་རེ་བ་ཞུ་བ་ཡིན། སྐད་ཡིག་སྲུང་སྐྱོབ་ནི་ང་ཚོ་ཚང་མར་འོས་འགན་ཡོད་པ་ཞིག་ཆགས་ཡོད།
བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ནི་ང་ཚོ་ཚང་མར་འོས་འགན་ཡོད་པ་ཞིག་ཆགས་ཡོད་པ་མ་ཟད། སྐབས་དོན་ང་རང་ཚུད་པའི་སྨྱུག་ཐོག་པ་ཀུན་གྱིས་མི་ཤེས་པའི་ཡིག་ནོར་མ་ཡིན་པའི་ཤེས་བཞིན་འབྲི་ནོར་མི་ཡོང་བ་ལ་འཛེམས་དགོས་འདུག འབྲི་རྩོམ་བསེ་རུས་དག་ནོར་བཅོས་ཡ་ཁས་བླངས་པ་ནི་རྗེས་སུ་ཡི་རང་ཞུའོ། །
བསེ་རུ་ཟེར་དེས་མང་པོ་ཞིག་བྲིས་ནས་བཤད་ཡོང་དུས་བསམ་ཚུལ་གཅིག་གཉིས་ཞུ་འདོད་འདུག
དྲ་རྒྱའི་ནང་དུ་ཡིག་རྨོངས་པ་ནི་ཡོང་ཐབས་མེད། ཡིག་རྨོངས་པ་མིན་ན། ཡི་གེ་ཤེས་པ་ཚོ་སླེབས་ཡོང་གི་རེད། དེ་ཚོས་ཡི་གེ་དག་མ་དག་འདྲ་མི་འདྲ་བྲིས་ཡོང་ན། ཡོད་ཚད་ལ་ཐེ་བྱུས་བྱས་ན་དུས་ཚོད་འཕྲོ་བརླག་རེད།
གལ་ཆེ་བའི་རིགས་དང་། རིན་ཐང་ཡོད་པའི་རིགས་དེ་ཚོར་ཞུ་དག་དང་བསམ་ཚུལ་བཤད་ན་ཡག་པོ་འདུག
ཁྱེད་རང་གིས་ཀྱང་དག་པོ་ཞིག་བྲིས། གཞན་ལའང་དག་པོ་ཞིག་བྲི་བར་བསྐུལ་ན་དེ་ནི་དངོས་གནས་རྗེས་སུ་ཡི་རང་ཡོད། གཞན་གྱིས་རྒྱུ་མཚན་ཡོད་དང་མེད་པའི་སྐད་མང་པོ་བཤད་ཀྱི་རེད། ཡོད་པ་ཚོ་ཉན། མེད་པ་ཟུར་ལ་ཞོག ཁོང་ཁྲོ་མ་ལངས། དཀྲུག་ཤིང་མ་རྒྱག། གཞན་ལ་ཁྱད་གསོད་མ་བྱེད། ཚང་མས་བོད་སྤྱི་ལ་སོམས། བོད་མི་རིགས་ལ་སོམས། བོད་ཀྱི་སྐད་ཡིག་ལ་སོམས།
ད་འདི་ཚོ་ང་མགྲོན་པོའི་བསླབ་བྱ་ཡིན། །
གོང་གི་དྲ་གྲོགས་གསུམ་པོས་དགོངས་ཚུལ་དང་ལམ་སྟོན་གནང་བར་བཀའ་དྲིན་ཆེ་ཞུ་འདོད་བྱུང་། ད་དུང་འདི་རྩོམ་ཡིག་འདིར་དུས་བབ་དྲ་ངོས་སུ་དགག་གཞག་གི་རྣམ་པའི་སྟེང་ནས་མཆན་བུ་སྤེལ་བ་ཡང་འདུག་པས་དེར་ལན་ཅིག་གཟིགས་པར་ཕེབས་དང་། །