འཇིགས་མེད་ཟིལ་གནོན་སྒྲ་དབྱངས།
མཆོད་པར་བརྗོད་པ།
༄༅། །གཅིག་ཏུ་མཐའ་ཡས་འགྲོ་ལ་ཕན་བཞེད་ཅིང་། །
བྱང་ཆུབ་སེམས་དང་རྟེན་འབྲེལ་ཕྲ་མོའི་གནད། །
གདུལ་བྱའི་ཁམས་བཞིན་རིགས་པ་བརྒྱ་ཕྲག་གིས། །
ཐབས་མཁས་ཐུགས་རྗེས་འདོམས་པ་དེ་ལ་འདུད། །
སྣུམ་ཟད་མར་མེ་ལྟ་བུའི་བསྟན་པ་འདི། །
ཕྱི་ནང་མི་མཐུན་རླུང་གིས་གཡོ་བའི་ཚེ། །
ཐུགས་བསྐྱེད་སྨོན་ལམ་མཁའ་མཉམ་མཛད་འཕྲིན་གྱིས། །
ཉི་ཟླ་བཞིན་དུ་གསལ་མཛད་ཁྱེད་ལས་སུ། །
སྔོན་གླེང་།
ཟླ་ཤས་གོང་ནས་འཛམ་གླིང་ས་ཕྱོགས་གང་སར། རྒྱ་ཁྱབ་ཏུ་སོང་བ་དང་འགྲོ་བཞིན་པའི་ཏོག་དབྱིབས་འགོས་ནད་ཀྱི་རྐྱེན་པས་མི་རྣམས་ཁྱིམ་སྡོད་བཀའ་རྒྱ་བསྡམས་པར་བརྟེན། ལུས་སེམས་སྡུག་བསྔལ་གྱིས་ངལ་ཞིང་དུབ་སྟེ། ཉིན་མཚན་འཁྱོལ་དཀའ་བའི་གནས་སྟངས་འོག ཆོས་དང་ཚན་རིག་སོགས་ཤེས་ཡོན་གྱི་སྡེ་ཚན་ཕྱོགས་དང་སྒོ་མང་པོ་ནས་ཐབས་ལམ་སྣ་མང་བཙལ་དང་འཚོལ་བཞིན་པ་དང་ཕྱོགས་མཚུངས། འཛམ་གླིང་ས་ཕྱོགས་གང་ས་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན། འཇིག་རྟེན་སྐྱེ་འགྲོ་སྤྱི་དང་། བོད་ཕྱི་ནང་གི་ཁ་བ་གངས་ཅན་པའི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་གང་ཉིད་ཀྱིས་ཐུགས་བརྩེ་བ་ཆེན་པོས་ཉེ་བར་གཟིགས་ཏེ། ས་ག་ཟླ་བའི་དུས་ཚེས་ཁྱད་པར་ཅན་དང་བསྟུན། བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་དྲ་ལམ་བརྒྱུད། འཕགས་མཆོག་སྙིང་རྗེའི་རང་གཟུགས་བོད་ཀྱི་ལྷ་སྐལ་འཕགས་པ་སྤྱན་རས་གཟིགས་ཀྱི་བཀའ་དབང་གནང་རྒྱུར་ཀུན་གྱིས་ལྟོགས་པས་ཟས་དང་། སྐོམ་པས་ཆུ་ལ་སྒུག་པ་བཞིན་སླེབས་ལ་ཉེ་བའི་བར་མཚམས་སུ། རྒྱལ་བའི་མཛད་འཕྲིན་ལ་ལོག་པར་འཁུ་ཞིང་། ཉི་ཤར་སྤར་མོས་འགེབས་པར་འདོད་པ་རེ་ཟུང་གིས། གཟིག་ལྤགས་བཀབ་པའི་བོང་བུའི་དཔེ་ལྟར། ཕྱི་ཚུལ་ནས་བསྟན་པ་ལ་ཤ་ཚ་ཡོད་མདོག་གི་ཟོལ་སྦྱོར་གྱིས། ནང་དོན་རྒྱལ་བའི་མཛད་འཕྲིན་འཛམ་གླིང་མཐའ་དབུས་ཀུན་ཏུ། སྐད་ཅིག་གིས་ཁྱབ་པ་ལ་ཁོང་ནས་མི་བཟོད་པའི་ཕྲག་དོག་གི་དུག་ཆུས་ཀུན་ནས་མྱོས་ཏེ། མ་རུང་ཁོག་བཅུག་གིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བསྟན་པ་བཤིག་པའི་སྟ་རེ་བཟོ་བཞིན་ཡོད་སྐོར་དང་། བསྟན་བཤིག་ཆེན་པོ་ཡིན་པ། དམ་ཚིག་ཉམས་པ་དང་། བདུད་ཀྱི་ལས་ཀ་ངོ་མ་ཡིན་ཚུལ། སྐུ་དབང་ཆེན་པོ་ཡིན་ལུགས་སོགས། མངོན་སུམ་འཛེམ་མེད་ཀྱིས་དོན་མེད་ཟུར་ཟའི་ཚིག་མཚོན་གྱི་ཕྲེང་བ་ལན་གཅིག་མ་ཡིན་པར་རིམ་པར་སྤེལ་བ་དང་། གཟུགས་མེད་ཀྱི་དྲ་འབུ་ཞིག་གིས་ཀྱང་། ལྟར་སྣང་གི་རིགས་པ་འགའ་ཞིག་འགོད་ཁུལ་གྱིས་གྱ་གྱུའི་ཚིག་གི་སྦྱོར་བས་རྒྱལ་བའི་མཛད་འཕྲིན་ལ་ཟུར་ཟ་བ་ནི། བོད་མི་སྤྱི་བོ་གནམ་བསྟན་སུ་ཞིག་གིས་ཀྱང་ཉན་མི་བཟོད་ཅིང་། རིམས་ནད་ཀྱི་རྐྱེན་པས་ལུས་སེམས་དཀའ་ཁག་གི་གནས་བབ་འོག །མུ་གེའི་ཐོག་ལ་ཟླ་ལྷག་བཞིན། སེམས་པ་མ་སྐྱིད་པའི་དཀའ་ངལ་འཕར་མ་བཟོས་ཤིང་། ས་ག་ཟླ་བའི་དགེ་སྒྲུབ་ཀྱི་དུས་བཟང་ཁྱད་པར་ཅན་དེ་ཡང་ཆུད་ཟོས་ལྟ་བུར་བཏང་བ་སོགས་སྡིག་རྐྱེན་བསམ་ཡུལ་ལས་འདས་པ་བཟོས་པ་དང་། གཞི་མེད་སྒྲོ་སྐུར་གྱི་གླེང་རྙོག་དེ་དག་གིས། བོད་ཕྱི་ནང་ཀུན་ཏུ་སེམས་པ་མ་སྐྱིད་པའི་འུར་ཟིང་ཆེན་པོ་ཆགས། སྤྱིར་བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས་ཀྱིས་རྣམ་པ་མི་འདྲ་བའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ་དང་། སློབ་དཔོན་ཐུགས་རྗེ་ཅན་གྱིས་དམ་པའི་ཆོས་སྟོན་པ་དང་། འཇམ་མགོན་རྒྱལ་བ་གཉིས་པས་ཟབ་གསལ་གསུང་གི་བདུད་རྩིས་གདུལ་བྱ་སྐྱོང་བའི་ཚེའང་། ལོག་པའི་སྨོན་ལམ་དུས་སུ་སྨིན་པའི་གཟུགས་ཅན་གཟུགས་མེད་དག་གིས་ཆོ་འཕྲུལ་སྣ་ཚོགས་ཀྱིས་ཅ་ཅོ་བསྒྲགས་ཤིང་། གླགས་བཙལ་བ་ནའང་། སྟོན་པ་བདེ་བར་གཤེགས་པ་དེ་དག་གི་མཛད་འཕྲིན་གྱི་ཆ་ཕྲ་མོ་ཙམ་ལ་ཡང་བསྒུལ་སྐྱོད་ལྟ་ཅི། ཕྱིར་ཞིང་ཡར་ངོའི་ཟླ་ལྟར་འཕེལ་བ་ནི་སྨོས་ཅི་ལ་དགོས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྤྱིར་བཏང་གསང་སྔགས་ཀྱི་ཆོས་སྐོར་འདི་དག་ལ་བཀའ་དོག་པོ་གནང་བཞིན་ཡོད་པ་ནི། དཔེར་ན། བདེ་གསང་འཇིགས་གསུམ་གྱི་དབང་གནང་བའི་ཚེ་ལྷ་དེ་དང་དེའི་བདག་བསྐྱེད་དང་ཐུན་དྲུག་རྣལ་འབྱོར་ལྟ་བུ་རྒྱུན་གྱི་ཁ་ཏོན་དུ་བྱེད་མི་ཐུབ་མཁན་ཚོ་དབང་གྲལ་ལ་སྡོད་མི་རུང་ཚུལ་དང་། རྡོར་གདན་དུ་འཇིགས་བྱེད་ཀྱི་བཀའ་དབང་གནང་སྐབས་དྲ་ལམ་དུ་ཐད་གཏོང་བྱེད་མི་དགོས་པར་གསུངས་པ་སོགས་ཀྱིས་ཀྱང་ཤེས་ནུས་ལ། དམིགས་བསལ་དགག་དགོས་ཁྱད་པར་ཅན་གྱི་དབང་གིས་དུས་འཁོར་བཀའ་དབང་ལྟ་བུ་དྲ་ལམ་དུ་ཐད་གཏོང་གིས་དབང་བརྡ་ལེགས་པར་འཕྲོད་པ་སོགས་ཀྱི་རྐྱེན་ཚང་ན་དབང་ངེས་པར་ཐོབ་པའང་མགོན་པོ་གང་ཉིད་ཀྱི་དགོངས་གཞི་ཡིན་ལ། མིའི་བསམ་བློར་འགྱུར་བ་བཏང་སྟེ། སྡུག་བསྔལ་སེལ་བ་དང་བདེ་སྐྱིད་སྒྲུབ་ཐབས་གནད་འགག་ཅིག་ཏུ་གཟིགས་ཀྱི་ཡོད་པ་ལྟར། དབང་ཡིན་ཟེར་དུས་མི་མང་པོས་དོ་སྣང་བྱེད་བཞིན་པའི་གོ་སྐབས་དང་བསྟུན། ཁ་ཡོད་ལག་ཡོད་ཀྱི་བསམ་བློར་འགྱུར་བ་གཏོང་སྟངས་འགྲེལ་བཤད་གནང་གི་ཡོད་པ་ཡང་ཤེས་དགོས། དུས་རྒྱུན་ཆ་འཇོག་མེད་པའི་མིས་ཅི་བཤད་ལ་ལན་གདབ་དགོས་མ་མཆིས་ཀྱང་། དགོས་པ་འགའ་ཞིག་གི་དབང་གིས་ཁྲོམ་དབང་བཟོ་ཆོག་མིན་དང་། དྲ་ལམ་བརྒྱུད་དབང་བསྐུར་བས་དབང་ཐོབ་མིན་ཐད། དོགས་སྤོང་འགའ་ཞིག་ཁུངས་ལྡན་འགོད་དགོས་པའང་དུས་བབ་ཀྱི་དགོས་མཁོར་མཐོང་།
དངོས་གཞི།
ཁ་ཅིག་ན་རེ། ད་དེ་ནས་བར་སྐབས་ལོ་ལྔ་དྲུག་ཅིག་ནས་ཁྲོམ་དབང་བཟོ་བཞག་རེད། ད་མི་བརྒྱ། ཉིས་བརྒྱ། སྟོང་ཕྲག་ཁ་ཤས་ག་ཚོད་འཛོམས་ན། འོ་བླ་མ་དེས་དབང་བསྐུར་ནས་མི་སྟོང་དང་། སྟོང་ཕྲག་ལྔ་འཛོམས་འདུག །ཅེས་དེ་འདྲའི་རྫིག་རྫིག་འདྲ་ཞིག་བཤད་ནས་ཁྲོམ་དབང་བཟོ་བཞག་རེད། དེ་ད་དབང་བསྐུར་མ་ཤེས་ནས་དམ་ཚིག་ཉམས་པའི་རྟགས་རེད། བཤད་ན་མ་བཤད་ན་ཉམས་འགྲོ་གི་རེད།
ཅེས་སོགས་ཀྱི་ཚིག་དུམ་འདིའི་ཐད། བར་སྐབས་ལོ་ལྔ་དྲུག་ཅིག་ནས་ཁྲོམ་དབང་བཟོ་བཞག་པ་ཞེས་པ་ནི། རྒྱུད་རྒྱ་གཞུང་དང་བོད་ཀྱི་ཆོས་བརྒྱུད་ཁག་གི་སྤྱིར་བཏང་དམིགས་བསལ་དང་། ཡུལ་དུས་གདུལ་བྱའི་དབང་གིས་ཕྱག་ལེན་ཡངས་དོག་གི་ཁྱད་པར། དགག་དགོས་ཀྱི་གནད་འགག་སོགས་རྣམ་ཐར་ལོ་རྒྱུས་གང་ལའང་རྒྱུས་མངའ་དང་བསམ་ཞིབ་གང་ཡང་མེད་པའི་རྣམ་འགྱུར་ཁྲོམ་ལ་སྟོན་པ་སྟེ། སྟོན་པ་སངས་རྒྱས་རང་ཉིད་ཞལ་བཞུགས་པའི་སྐབས། བྱང་ཤམྦྷ་ལའི་རྒྱལ་པོ་ཉི་མའི་འོད་དང་། བཙུན་མོ་ལྷ་མོ་རྣམ་པར་རྒྱལ་བའི་སྲས་ཕྱག་ན་རྡོ་རྗེའི་སྤྲུལ་པ་རྒྱལ་པོ་ཟླ་བ་བཟང་པོ་དང་། ཡུལ་ཆེན་དགུ་བཅུ་གོ་དྲུག་གི་རྒྱལ་ཕྲན་དགུ་བཅུ་གོ་དྲུག་དང་བཅས་རྫུ་འཕྲུལ་གྱིས། རྒྱ་གར་ལྷོ་ཕྱོགས་དཔལ་གྱི་རིར་ཉེ་བ་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་དུ་འདུས་པ་ལ་སྟོན་པ་སངས་རྒྱས་ཀྱིས་དབང་བསྐུར་ནས་དུས་འཁོར་རྩ་རྒྱུད་ཤོ་ལོ་ཀ་སྟོང་ཕྲག་བཅུ་གཉིས་པ་གསུངས།
ཡང་། རིགས་ལྡན་ཆེན་པོ་འཇམ་དཔལ་གྲགས་པས་དྲང་སྲོང་ཉི་མའི་ཤིང་རྟ་སོགས་བྱེ་བ་ཕྲག་ཕྱེད་དང་བཞི་དུས་ཀྱི་འཁོར་ལོའི་བློས་བསླངས་ཀྱི་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་བར་གསུངས་པ་ལྟ་བུ་སྔོན་དང་དུས་ཕྱིས་སུ་དཔེ་མཚོན་ཤིན་ཏུ་མང་བས། ལོ་ལྔ་དྲུག་ནས་རང་བཟོ་གནང་བ་ཞིག་ག་ལ་ཡིན། ཤེས་བཞིན་དུ་ཁྱད་དུ་གསོད་ཅིང་ཁོང་ཁྲོའི་ཚིག་གིས་ཟུར་ནས་ཟ་བཞིན་ཡོད་ན། དེ་ནི་ཇི་སྐད་དུ། མདོ་སྡེ་དཀོན་བརྩེགས་ལས། ཁོང་ཁྲོ་བ་ཞེས་བྱ་བ་ནི་བསྐལ་བ་སྟོང་དུ་བསགས་པའི་དགེ་རྩ་སྲེག་པར་བྱེད་པའི་ངང་ཚུལ་ཅན་ནོ། །ཞེས་དང་། དབུ་མ་ལ་འཇུག་པ་ལས། གང་ཕྱིར་རྒྱལ་སྲས་རྣམས་ལ་ཁྲོས་པ་ཡིས། །སྦྱིན་དང་ཁྲིམས་བྱུང་དགེ་བ་བསྐལ་བ་བརྒྱར། །བསགས་པ་སྐད་ཅིག་གིས་འཇོམས་དེ་ཡི་ཕྱིར། །མི་བཟོད་ལས་གཞན་སྡིག་པ་ཡོད་མ་ཡིན། །ཞེས་དང་། སྤྱོད་འཇུག་ཆེན་མོ་ལས། བསྐལ་བ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང་། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཅེས་སོགས་མདོ་དང་བསྟན་བཅོས་དག་ལས་ཁོང་ཁྲོའི་ཉེས་དམིགས་མང་དུ་གསུངས་པ་འདི་དག་མ་མཐོང་བ་ག་ལ་ཡིན།
ཡང་ཁ་ཅིག་ན་རེ། ཁྲོམ་དབང་བཟོས་པས་དམ་ཚིག་ཉམས་འགྲོ་བ་དང་། དམ་ཚིག་ཉམས་པའི་རྟགས་རེད། ཅེས་ཟེར་བའི་ཐད། དབང་བསྐུར་བའི་སློབ་མའི་གྲངས་ལ་ཉི་ཤུ་རྩ་ལྔ་ལས་བརྒལ་མི་ཆོག་པའི་ལུང་ཞིག་དྲངས་ནས་སྤྱིར་བཏང་དང་དམིགས་བསལ། དགོས་པ་དང་དགག་བྱ་སོགས་ཀྱི་རྣམ་དབྱེ་མ་ཤེས་པར་འུར་རྒྱག་པ་ནི། ངས་རྒྱུད་སྡེ་ལ་དགའ་རབ་སྦྱངས་པ་ཡིན་ཞེས་ངར་རློམ་གྱི་ཁེངས་པའི་སྐད་གསང་བསྟོད་པ་ཙམ་ལས། སྤྱིར་བཏང་དམིགས་ཀྱིས་བསལ་བ་དག །བསྟན་བཅོས་ཀུན་ལ་རབ་ཏུ་གཅེས། །ཞེས་པ་ལྟར། སྤྱིར་བཏང་དང་དམིགས་བསལ་གྱི་རྣམ་གཞག་མི་ཤེས་པའི་འུར་ཤོབ་རང་གི་འཁོར་ཙམ་ལ་བསྒྲགས་པ་སྟེ། སྤྱིར་དཀྱིལ་འཁོར་དུ་གཞུག་པ་ཙམ་དང་། ཞུགས་པ་ལ་དབང་བསྐུར་བ་གཉིས་ལས། གཞུག་པ་ཙམ་ལ་སློབ་མའི་གྲངས་མ་ངེས་པར་གསུངས་པ་ཡོད་དེ། དེ་ཉིད་བསྡུས་པ་ལས། བཅོམ་ལྡན་འདས་དཀྱིལ་འཁོར་ཆེན་པོ་འདིར་གཞུག་པ་ལ་སྣོད་དུ་གྱུར་པ་དང་། སྣོད་དུ་མ་གྱུར་པ་བརྟག་པར་མི་འཚལ་ལོ། །དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས། སེམས་ཅན་ཁ་ཅིག་ནི་སྡིག་པ་ཆེན་པོ་བགྱིད་པ་ཡང་མཆིས་ཏེ། དེ་དག་གིས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་དེར་ཞུགས་ཏེ་མཐོང་ན། ངན་སོང་ཐམས་ཅད་དང་བྲལ་བར་འགྱུར་རོ། །ཞེས་དང་། སྔགས་རིམ་ཆེན་མོ་ལས། དཀྱིལ་འཁོར་དུ་གཞུག་པ་ཙམ་ལ་གྲངས་མ་ངེས་པར་ཡང་བཞེད་དེ། ཞེས་སོགས་གསུངས། ཞུགས་པ་ལ་དབང་བསྐུར་བའི་སློབ་མ་ལའང་གྲངས་མ་ངེས་པར་རྣམ་སྣང་མངོན་བྱང་1ལས། སློབ་མ་དད་ཅིང་རིགས་བཙུན་པ། །དེ་བཞིན་དཀོན་མཆོག་གསུམ་ལ་དད། །ཟབ་མོ་ཡི་ནི་བློ་དང་ལྡན། །སྤྲོ་བ་ཆེ་ཞིང་ཚུལ་ཁྲིམས་ལྡན། །བཟོད་དང་ལྡན་ཞིང་སེར་སྣ་མེད། །དཔའ་ལ་ཡི་དམ་བརྟན་པ་ནི། །བཅུ་འམ་བརྒྱད་དམ་བདུན་ནམ་ལྔ། །གཅིག་གཉིས་བཞི་ལས་ལྷག་ཀྱང་རུང༌། །དཔྱད་མི་དགོས་པས་གཟུང་བར་བྱ། །ཞེས་དང་། སློབ་དཔོན་སངས་རྒྱས་གསང་བའི་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ཀྱི་ཚིག་འགྲེལ་2ལས། བཅུ་འམ་བརྒྱད་དམ་བདུན་ནམ་ལྔ། །གཅིག་གཉིས་བཞི་ལས་ལྷག་ཀྱང་རུང༌། །ཞེས་པ་ནི། ཇི་སྐད་དུ་བཤད་པའི་མཚན་ཉིད་དང་ལྡན་པའི་སློབ་མ་ནི་ཤིན་ཏུ་དཀོན་པས་གྲངས་ཉུང་ངུ་གསུངས་པ་ཡིན་ལ། ལྷག་ཀྱང་རུང་ཞེས་པ་ནི་མཚན་ཉིད་དེ་ལྟ་བུ་དང་ལྡན་པ་མང་བ་དཀོན་པ་སྟེ། བརྒྱ་ལ་དེ་ལྟ་བུའི་མཚན་ཉིད་དང་ལྡན་ན་དེ་ལས་ལྷག་སྟེ་གྲངས་མེད་པ་ཡོད་ན་ཡང་ཉེས་པ་མེད་དོ། །ཞེས་དང་། ཡང་། སློབ་དཔོན་དེ་ཉིད་ཀྱིས་མཛད་པའི་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ཆེན་པོའི་འགྲེལ་བཤད་ལས་ཀྱང་ཚིག་དེ་བཞིན་དུ་གསུངས་པའི་ཕྱིར།
སློབ་དཔོན་ཨ་བྷྱ་ཀ་རས་ཀྱང་བཞེད་དེ། དཀྱིལ་ཆོག་རྡོ་རྗེ་ཕྲེང་བ་3ལས། དེ་ལ་སློབ་མ་གཅིག་གམ་གཉིས་སམ་མང་པོ་མཎྜལ་བྱས་ནས་པུས་མོ་ས་ལ་བཙུགས་ཏེ། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་བ་རྣམས་ལ་འཇིག་རྟེན་འདི་ཉིད་ཀྱི་མངོན་པར་མཐོ་བ་དོན་དུ་གཉེར་བས་མ་ཡིན། འཇིག་རྟེན་ཕ་རོལ་ཏུ་མངོན་པར་མཐོ་བའི་ཆེད་དུ་ཡང་མ་ཡིན་གྱི། འོན་ཀྱང་དེ་བཞིན་གཤེགས་པའི་སྐུ་གསུམ་གྱི་ཕུན་སུམ་ཚོགས་པ་ཐོབ་པར་བྱ་བའི་ཕྱིར་དཀྱིལ་འཁོར་དུ་འཇུག་པར་བྱའོ། །ཞེས་པ་ནས། དབང་བསྐུར་བར་བསྒོམས་ནས། ཞེས་མང་པོ་ཞེས་པའི་ཚིག་གསལ་བར་གསུངས་པ་ལྟར། མཁས་པ་མང་པོས་ཀྱང་གྲངས་མ་ངེས་པའི་དོན་དུ་བཀྲལ་བ་དང་། གཞུང་འདི་དག་གི་ཐད།
རྒྱལ་མཆོག་བསྐལ་བཟང་རྒྱ་མཚོས་མཛད་པའི་གསང་འདུས་མི་བསྐྱོད་རྡོ་རྗེའི་དཀྱིལ་ཆོག་རྣམ་བཤད་ཡང་གསལ་སྣང་བ་རྡོ་རྗེ་སེམས་དཔའི་ཞལ་ལུང་4ལས། གཉིས་པ་ནི། སྤྱིར་དཀྱིལ་འཁོར་དུ་གཞུག་པ་ཙམ་དང་། ཞུགས་པ་ལ་དབང་བསྐུར་བ་གཉིས་ལས། དང་པོ་ལ་ཞེས་པ་ནས། རྒྱུད་དེར་བཅུ་མན་ཆད་གྲངས་ངེས་བཟུང་མཛད་པ་ནི། སློབ་མ་མཚན་ཉིད་དང་ལྡན་པ་རྡོ་རྗེ་སེམས་དཔའ་དང་འདྲ་བར་དཀོན་པའི་རྒྱུ་མཚན་གྱིས་ཡིན་གྱི། གཞུག་པ་ཙམ་ལ་གྲངས་ཀྱི་ཚད་ངེས་བཟུང་མེད་པར་གསུངས་ཤིང་། དེའི་འགྲེལ་པར་སངས་རྒྱས་གསང་བས་ཀྱང་། དཀྱིལ་འཁོར་དེར་བཙུད་ན་སློབ་དཔོན་ནམ་སྒྲུབ་པ་པོར་མི་འགྱུར་ཡང་། དཀྱིལ་འཁོར་དུ་བཅུག་ཅིང་བྱང་ཆུབ་ཏུ་སེམས་བསྐྱེད་ན་བྱང་ཆུབ་ཀྱི་རྒྱུའི་ས་བོན་དུ་འགྱུར་བའི་ཕྱིར། ཚད་དང་གྲངས་ཆད་པ་མེད་པ་བཟང་ངོ་། །ཞེས་གསུངས་པ་བྱ་སྤྱོད་གཉིས་ཀར་འདྲ་བ་སློབ་དཔོན་དེ་བཞེད་ལ། ཞེས་དང་། ཞུགས་པ་ལ་དབང་བསྐུར་བའི་སློབ་མ་ལ་ནི། སྔར་བཤད་པ་ལྟར་གྱི་མཚན་ཉིད་ཚང་བར་དགོས་ཤིང་། ཞེས་པ་ནས། དམ་ཚིག་གསུམ་བཀོད་པ་ལས་ཀྱང་། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ནས་གཅིག་གཉིས་གསུམ་བཞི་ལྔ་ཡང་གཞུག་པར་བྱ་ཞིང་། ཞེས་མཚན་ཉིད་དང་ལྡན་པའི་སློབ་མ་ལ་ཟུང་དུ་གྱུར་པའང་གསུངས་ཤིང་། དཀྱིལ་ཆོག་རྡོ་རྗེ་ཕྲེང་བར། སློབ་མ་གཅིག་གམ་གཉིས་སམ་མང་པོ་ཞེས་གསུངས་པ་ལ། མཚན་ཉིད་དང་ལྡན་པའི་རྡོ་རྗེ་སློབ་དཔོན་གྱིས་སློབ་མ་མཚན་ཉིད་དང་ལྡན་པ་འདུལ་བའི་དགོས་པ་ཁྱད་པར་ཅན་དང་འབྲེལ་བ་ལ་ནི། རིགས་ལྡན་ཆེན་པོ་འཇམ་དཔལ་གྲགས་པས། དྲང་སྲོང་ཉི་མའི་ཤིང་རྟ་སོགས་བྱེ་བ་ཕྲག་ཕྱེད་དང་བཞི་དུས་ཀྱི་འཁོར་ལོའི་བློས་བསླངས་ཀྱི་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་བར་གསུངས་པ་ལྟ་བུའི་དམིགས་བསལ་ཀྱང་ཡོད་སྐོར་གསུངས་ནས་སྤྱིར་བཏང་དང་དམིགས་བསལ་གྱི་ཁྱད་པར་ཕྱེ་བ་དང་། ཡང་། སྡོམ་གསུམ་རབ་དབྱེར་སྤྱོད་རྒྱུད་ཀྱི་དབང་བསྐུར་བའི་སློབ་མ་ལ་གྲངས་ངེས་མེད་པ་དང། ཞེས་པ་ནས། དེ་སྐོར་ལ་དཔྱད་པ་ཤིན་ཏུ་མང་བ་འབྱུང་མོད་ཀྱང་འདིར་མ་སྤྲོས་སོ། །ཞེས་གསུངས། དཀྱིལ་ཆོག་རྡོར་ཕྲེང་གི་ལུང་དོན་ལ་དོགས་ལན་འཆད་པ་ན། སྡེ་དགེ་བཙུན་པ་ཚུལ་ཁྲིམས་རིན་ཆེན་གྱིས། 5རྣམ་པར་དཔྱོད་ལྡན་ནས་སོམ་ཉིའི་གནས་ཀྱི་གསུང་ལན་དབང་པོའི་ཟླ་རིས་ཞེས་པ་ལས། དྲི་བ་དྲུག་པ། རྡོ་རྗེ་ཕྲེང་བའི་དབང་བསྐུར་ལ་སློབ་མ་གྲངས་ངེས་མེད་པ་འདིའི་དོན་གང་ལགས། ཞེས་ཕེབས་པར། གསུང་ལན་ནི། དུས་ཀྱི་འཁོར་ལོའི་དབང་ལ་གྲངས་ངེས་མེད་པ་ནི། སློབ་དཔོན་སཱ་དྷཱུ་པུ་ཊས། དབང་བསྐུར་བའི་སློབ་མ་གཅིག་གམ་གཉིས་སམ་མང་པོ་ཡང་རུང་སྟེ། ཞེས་གསུངས་པ་འདི་རྣལ་འབྱོར་བླ་མེད་ལ་དགོངས་པ་ཡིན་གྱི། གསང་བ་སྤྱི་རྒྱུད་ཀྱི་ལུང་དོན་ནི། བྱ་རྒྱུད་ལ་དགོངས་པ་ཡིན་ཞེས་བླ་མ་རྣམས་གསུང་ངོ༌། །ཞེས་མཁས་གྲུབ་བུ་སྟོན་གྱིས་དེ་ཙམ་ཞིག་གསུངས་པ་དང༌། རྡོ་རྗེ་ཕྲེང་བ་ལ། སློབ་མ་གྲངས་ངེས་མེད་པ་འདི་ནམ་ཞིག་ནས་བྱུང་བ་ཡིན་མ་ངེས་ཀྱང༌། དཔྱད་ན། དུས་འཁོར་དབང་ཆོག་རྒྱས་ཆེ་བ་དང༌། ཕྲེང་བའང་དཀྱིལ་འཁོར་མང་པོའི་དབང་བསྐུར་འདི་དག་གི་གྲངས་ངེས་ཁོ་ན་བྱས་ན་རྒྱུན་ཆད་ཀྱིས་དོགས་པས་ཅུང་ཟད་གུ་ཡངས་སུ་བཏང་བ་ཡིན་ནམ་སྙམ། ཞེས་ཀྱང་གསུངས།
འབྲུག་པ་པདྨ་དཀར་པོས་ཀྱང་། བརྟག་གཉིས་འཆད་པ་རྣམས་ལ་དྲིས་པ་6ལས། སྣོད་རུང་གང་ཟག་ཉེར་ལྔ་ལས་གཞན་པ། །འཇུག་པ་བླ་མེད་རྒྱུད་སྡེ་གང་དུ་བཀག །བྱ་བའི་རྒྱུད་ལས་སྐབས་འདིར་བཙན་པའི་ལུང༌། །དཔལ་ལྡན་དུས་ཀྱི་འཁོར་ལོར་གནང་མིན་ནམ། །བྱ་བའི་རྒྱུད་ལས་བཀག་ན་དེ་ཉིད་ཀྱི། །རིག་གཏད་རྗེས་གནང་ཁྲོམ་ལ་བྱེད་པའང་འགལ། །སྐབས་འདིའི་རྗེས་གནང་དབང་ལ་དགོས་པའི་ཁྱད། །ཅི་ཡང་མ་མཐོང་ཚིག་ལ་རྩོད་པས་ཅི། །རིགས་པས་ཆོ་ག་རྫོགས་པར་མི་འགྱུར་རོ། །དུས་འཁོར་འཕྲེང་བའི་དབང་ཉིད་མང་པོ་ལ། །སྟོན་བཞིན་དེ་སྐད་སྨྲས་ཀྱང་མཛེས་པ་མིན། །ཞེས་དང་། ཡང་འབྲུག་པ་པདྨ་དཀར་པོའི་གསུང། འཇམ་དཔལ་ཕྱག་རྒྱ་ཟིལ་གྱིས་གནོན་པའི་ཚེ་བདག་ནག་པོའི་དབང་ཆོག་ཅེས་པ་ལས། སློབ་མའི་གྲངས་ངེས་ནི། བྱ་བ་སྤྱི་རྒྱུད་ཀྱི་རྩ་ཆིངས་གསང་བ་སྤྱི་རྒྱུད་ཀྱི་རྗེས་སུ་འབྲངས་པས་རྒྱུད་སྡེ་ཐམས་ཅད་ལ་འགེབས་པའི་གྲངས་ངེས་མཛད་པོ་དག་མཆིས་ཀྱང༌། འདིར་ནི་བྱ་བ་བྱེ་བྲག་གི་རྒྱུད་དམ་ཚིག་གསུམ་བཀོད་དང་། རྡོར་འཕྲེང་དུས་འཁོར་སོགས་རྒྱུད་སྡེ་གོང་མར་གྲངས་ངེས་མི་དགོས་པར་བཤད་པ་བཞིན་རང་ལུགས་ཕྱག་ལེན་ལྟར་གྲངས་གང་རུང་ལ། ཞེས་གསུངས། གཞན་ཡང་། ཁྲོམ་དབང་སྐུར་མཁན་གྱི་ཚད་ལྡན་གྱི་བླ་མ་མང་དུ་བྱུང་ཡང་མཚོན་པ་ཙམ་ནི། དཔལ་སྔ་འགྱུར་རྙིང་མ་ལ་མཚོན་ན་ཡང་། སྔ་འགྱུར་མ་དགོན་དྲུག་གི་ཡ་གྱལ་ཀཿ ཐོག་གི་གདན་ས་ཕྱག་འདེབས་མཁན་ཀཿཐོག་དམ་པ་བདེ་གཤེགས་ཀྱི་རྣམ་ཐར་གྲུབ་མཆོག་རྗེས་དྲན་ལས། དབང་ལ་ཁྲི་ཚོ་བདུན་ཙམ་བྱུང་། མེ་ཏོག་གི་ཆར་དང་འཇའ་འོད་བྱུང་བ་མངོན་སུམ་མོ། །7ཞེས་སོགས་གསུངས། དོལ་པོ་བ་ཤེས་རབ་རྒྱལ་མཚན་གྱིས་ཁྲོམ་དབང་གནང་བ་ནི། ཇོ་ནང་ཆོས་འབྱུང་ཟླ་བའི་སྒྲོན་མེ་8ལས། དཔལ་དུས་ཀྱི་འཁོར་ལོའི་ཆོས་ཀྱི་མངའ་བདག་ཆེན་པོར་མངོན་སུམ་དུ་བཞུགས་པ་ལ་བརྟེན། དུས་མཉམ་གྱི་དགེ་བཤེས་ཕལ་མོ་ཆེ་ཞིག་གིས། ཆོས་འདི་དང་འབྲེལ་བའི་མན་ངག་ཅི་རིགས་པ་མ་གསན་པ་མེད་པ་ལྟ་བུ་ཡིན། དབང་རྒྱུད་མན་ངག་རྫོགས་པར་གསན་པ་ཡང་སྟོང་ཕྲག་མང་པོ་དང། དབང་དང་ཁྲིད་ཆ་ཚང་ཐོབ་པ་ནི་ཁྲི་ཕྲག་བརྒལ་བ་དང། མཆོག་དབང་གོང་མ་དང་། སོ་སོར་སྡུད་པའི་ཁྲིད་གསན་ཅིང་ཉམས་མྱོང་སྐྱེས་པ་ནི་བགྲང་བར་མི་དཔོག་པ་ཙམ་ཡོད་པར་གྲགས། ཞེས་གསུངས།
ཟབ་མོའི་དབང་འགའ་རེའི་སྐབས་སུ་སློབ་མའི་གྲངས་ངེས་པ་ལྟ་བུ་གསུངས་པ་ཡང་། དངོས་བསྟན་སྒྲ་ཇི་བཞིན་པ་མིན་པའི་སྐོར་ཡང་། སྔ་འགྱུར་བསྟན་འཛིན་རྒྱ་མཚོའི་གཙུག་རྒྱན་རྒྱལ་བ་ཀློང་ཆེན་རབ་འབྱམས་པས་(༡༣༠༨-༡༣༦༣) མཛད་པའི་གསང་བ་སྙིང་ཐིག་གི་གདམས་ངག་ཟབ་པའི་མཐར་ཐུག་བླ་མ་ཡང་ཏིག་ཡིད་བཞིན་ནོར་བུའི་སྤྲོས་བཅས་ཀྱི་དབང་ཆོག་ཚངས་པའི་དྲྭ་བ་9ལས། དབང་འདི་ནི་སྐལ་བ་རབ་དང་ལྡན་པ་གཉིས་ནས་བདུན་ཚུན་ཆད་ལས་མང་ན། མཁའ་འགྲོས་ཆད་པ་འབྱུང་བས་མི་བྱ་བར་གསུངས་ཀྱང་། སྣོད་དང་ལྡན་མི་ལྡན་བརྟགས་ཏེ་བྱ་བ་ཡིན་ནོ། །ཞེས་པ་ནས། དེ་ཡང་སྐལ་བ་དང་ལྡན་པ་ཡིན་ངེས་ན། མང་པོའང་འགལ་བ་མེད་དེ། བདུན་གྱི་ངེས་བཟུང་དང་མི་འགལ་བའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། རྣམ་པར་ཤེས་པའི་ཁམས་བདུན་དག་པར་བྱ་བའི་སྣོད་ཡིན་པས་སོ། །ཞེས་(བི་མ་སྙིང་ཐིག་གི་) དབང་གི་གནད་ཡིག་ལས་འབྱུང་བའི་ཕྱིར་རོ། །ཞེས་གསུངས་པ་དང་། ཚུལ་དེ་དང་མཐུན་པ་ཀུན་མཁྱེན་ཀློང་ཆེན་པའི་རྣམ་ཐར་གུ་བཀྲའི་ཆོས་འབྱུང་དུ་བཀོད་པ་ལས། 10སླར་ཡང་ལྷོ་འབྲོག་གི་ཆེ་དགུས་སྤྱན་དྲངས་པ་ལ་ཡག་ལྷ་ལུང་དང་མོན་བུམ་ཐང་གནས་སུ་དགེ་འདུན་པ་གཙོ་བོར་གྱུར་པའི་འདུས་པ་སྟོང་ཕྲག་ལོངས་པ་ལ་གསང་བ་སྙིང་ཐིག་གི་དབང་ཁྲིད་སྤྱི་དང་། ཁྱད་པར་མཁན་ཆེན་དགེ་འདུན་རྒྱལ་མཚན་ལ་གདམས་པའི་བཀའ་སྲོལ་རྫོགས་པར་གནང་ནས་བསྟན་པའི་གཉེར་གཏད། ཅེས་གསུངས།
སྔ་འགྱུར་བཀའ་གཏེར་བསྟན་པའི་གསལ་བྱེད་ཆེན་པོ་སྨིན་གླིང་གཏེར་ཆེན་ཨོ་རྒྱན་གཏེར་བདག་གླིང་པའི་(༡༦༤༦-༡༧༡༤) རྣམ་ཐར་11ལས། དགུང་ལོ་ཉེར་དགུའི་དུས་ཀྱི་མཛད་རྣམ་སྐབས། 12དེ་ནས་ལབ་ལ་བརྒྱུད་མཚོ་སྣ་ཐང་གྲོང་དུ་ཟུར་རི་དྲུང་པ་སོགས་ལ་ཐུགས་ཐིག་གི་ལུང་། ཨ་ནི་ནང་ཚང་བཅས་པར་ཚེ་རྟ་དྲག་དམར་གྱི་དབང་། སྨད་ཚོར་མི་ཁྲི་ཚོར་ཉེ་བ་འདུས་པ་ལ་ཚེ་དབང་རྣམས་མཛད། ཅེས་པ་ནས། དེ་ནས་ཕྱིར་ལམ་མདོ་མཁར་དུ་སྤྱན་དྲངས་སྡེ་པ་ཡུམ་སྲས་རྣམས་ལ་ཚེ་རྟ་སྒྲོལ་དཀར་གྱི་རྗེས་གནང་ཐུགས་ཐིག་གི་དབང་ལུང་རྣམས་སྩལ། ཡུལ་མི་སྟོང་ཚོ་བརྒལ་ཙམ་ལ་ཁྲོམ་དབང་མཛད་དུས་མེ་ཏོག་གི་ཆར་བབས་པས་ཀུན་དད་པར་གྱུར། ཅེས་དང་། དགུང་ལོ་ཞེ་དྲུག་གི་སྐབས་ཀྱི་མཛད་རྣམ་སྐབས། 13ཚེས་བརྒྱད་ལ་འགོ་གསུམ་ལགས་སོགས་ཉེ་འཁོར་གྱི་ཚེས་བཅུ་པ་ཁག་ལྔས་དབང་གཞི་བཏེག་པར་གྲྭ་ཕྱི་ནང་སོགས་ཁད་ཉེའི་སྐྱེ་བོ་ཁྲི་ཕྲག་ཏུ་ལོངས་པའི་འདུས་པར། གཙུག་ལག་ཁང་གི་མདུན་ངོས་ཁོར་ས་ཆེན་མོར་ཁྲོམ་དབང་རྒྱས་པར་གནང་ཞིང་། ཞལ་མཇལ་ཕྱག་དབང་དང་འདོན་ཆའི་བཀའ་ལུང་སོགས་ཞུ་མི་མཐའ་ཡས་པ་སོ་སོར་ཡང་རེ་འདོད་ཚུལ་བཞིན་དུ་སྐོང་བའི་བཀའ་དྲིན་མཛད། ཅེས་གསུངས་པས་མཚོན་ཁོང་གི་རྣམ་ཐར་དེའི་སྔ་ཕྱི་བར་གསུམ་དུ་ཁྲོམ་དབང་མཛད་པའི་སྐོར་ཧ་ཅང་མང་པོ་གསལ།
སྤྱིར་གསང་སྔགས་སྔ་འགྱུར་གྱི་ལུགས་ལ་ཁྲོམ་དབང་བསྐུར་བའི་ལུགས་སྲོལ་ཡོད་པ་དེ་ཉིད་ཡང་དག་ཡིན་པའི་ཚུལ་ནི། རྒྱལ་བའི་དབང་པོ་ཀརྨ་པ་མི་བསྐྱོད་རྡོ་རྗེས་གསང་སྔགས་རྙིང་མ་བ་རྣམས་ལ་དྲི་བའི་ཆབ་ཤོག་གནང་བའི་དྲིས་ལན་ལུང་དང་རིགས་པའི་འབྲུག་སྒྲ་ཞེས་བྱ་བ་སྔ་འགྱུར་རྙིང་མའི་ཁྲོད་ཡོངས་སུ་གྲགས་པའི་མཁས་པ་སོག་ཟློག་པ་བློ་གྲོས་རྒྱལ་མཚན་(༡༥༥༢-༡༦༢༤) གྱིས་མཛད་པ་ལས། སློབ་མའི་སྐབས་སུ་མིའི་འདུ་ཚོགས་གཙོ་བོར་བཟུང་ནས་སྣོད་ལ་བརྟག་དཔྱད་མི་བྱེད་པས་སྣོད་མ་དག་གསུངས་པའི་ལན་དུ། 14དེ་ཉིད་བསྡུས་པར། དཀྱིལ་འཁོར་ཆེན་པོ་འདིར་འཇུག་པ་ལ་སྣོད་དུ་གྱུར་པ་དང་མ་གྱུར་པ་བརྟག་པར་མི་འཚལ་ལོ། །དེ་ཅིའི་ཕྱིར་ཞེ་ན། དཀྱིལ་འཁོར་མཐོང་བ་ཙམ་གྱིས་སྡིག་པ་འདག་པའི་ཕྱིར་རོ། །ཞེས་གསུངས་པ་ཉིད་ཀྱིས་གསལ་བ་ཡིན་ལ། རྒྱུ་མཚན་དེ་དག་གིས་ནི་སྤྱིར་སྔ་འགྱུར་རྙིང་མ་བ་དག་གི་དབང་གི་ལག་ལེན་མ་འཁྲུལ་བ་བསྟན་པ་ཡིན་ནོ། །ཞེས་སྐལ་བ་དང་ལྡན་པའི་སློབ་མའི་གྲངས་ལ་ངེས་བཟུང་མེད་པ་གསར་རྙིང་གི་རྒྱུད་སྡེའི་དགོངས་པ་ཡིན་པ་ལུང་རིགས་མང་པོས་བསྒྲུབས་གནང་བ་གཞུང་ཉིད་ན་ཤིན་ཏུ་གསལ། རིན་ཆེན་གཏེར་མཛོད་ཆེན་མོ། ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་དབང་བཞི་འབྲིང་དུ་བསྐུར་བ་གཏོར་དབང་ཡིད་བཞིན་ནོར་བུ་མཚམས་སྦྱོར་མདོར་བསྡུས་ཀྱིས་བརྒྱན་པ་ཞེས་པ་ལས། ཁྲོམ་དབང་སོགས་ལ་སྟབས་བདེར་བྱེད་ན། མཎྜལ་དང་གསོལ་བཏབ་ཙམ་གྱི་རྗེས་སྐྱབས་འགྲོ་ཡན་ལག་བདུན་པ་སེམས་བསྐྱེད་རྣམས་བྱར་གཞུག །སློབ་མ་ལྷར་བསྐྱེད། གཏོར་མ་ཡེ་ཤེས་པར་གསལ་བའི་བྱིན་རླབས་འབེབས་པར་དམིགས་ལ་གཏོར་དབང་ཚིག་རྐང་དྲུག་པོ་དང་ཡིག་བདུན་སྔགས་ཤམ་བཅས་པས་དབང་བསྐུར་བའི་སྐོར་གསལ་བ་དང་། ཉེ་བའི་དུས་རབས་སུ་ཡང་། རྒྱ་གར་དུ་བདུད་འཇོམས་རིན་པོ་ཆེ། དིལ་མགོ་མཁྱེན་བརྩེ། གྲུབ་དབང་པདྨ་ནོར་བུ་སོགས་རྙིང་མའི་བླ་མ་ཆེ་བགྲེས་རྣམས་ཀྱིས་ཁྲོམ་དབང་གནང་བ་ཡོངས་གྲགས་ཡིན།
བོད་ནང་དུ། ཀཿཐོག་རྨོག་ཚ། དཔལ་ཡུལ་གར་དབང་ཉི་མ། ཁང་སར་བསྟན་པའི་དབང་ཕྱུག །སྨྱོ་ཤུལ་སྤྲུལ་སྐུ་སངས་རྒྱས་ཚེ་རིང་། མཁན་ཆེན་འཇིགས་མེད་ཕུན་ཚོགས་སོགས་ཀྱིས་ཀྱང་དགེ་འདུན་པ་ཁྲི་སྟོང་མང་པོར་ཁྲོམ་དབང་གནང་མྱོང་བ་དང། བཀའ་བརྒྱུད་བླ་མ་ཀ་ལུ་རིན་པོ་ཆེ། བོད་དུ་པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་བཅུ་པ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན། གུང་ཐང་འཇམ་པའི་དབྱངས་རྗེ་བཙུན་འཇིགས་མེད་བསྟན་པའི་དབང་ཕྱུག །ལ་མོ་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོ། བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་སོགས་མཁས་གྲུབ་ཚད་ལྡན་བགྲང་གིས་མི་ལང་བས་ཁྲོམ་དབང་བསྐུར་བ་བརྙན་པར་ལས་མཇལ་རྒྱུ་འདུག་པ་འདི་ཚོ་ཡང་ཁྱོད་ཀྱིས་བཤད་པ་ལྟར། ཁྲོམ་དབང་བཟོས་ནས་དམ་ཚིག་ཉམས་པ་ཡིན་ནམ། འདི་དག་གིས་ཁྲོམ་དབང་བསྐུར་རེས་བཞིན་སེམས་ཅན་ཚད་དང་གྲངས་མེད་པས་སྡིག་རྒྱུན་བཅད་ཅིང་། ཐར་བའི་ས་བོན་བསྐྲུན་ཅིང་རྒྱལ་བསྟན་ཡུན་རིང་དུ་གནས་པའི་མཐུན་རྐྱེན་མཛད་པ་འདི་ཚོ་ལ་སྐུར་བ་གདབ་རུང་ངམ། ཁྱོད་ཀྱིས་བཤད་པ་ལྟར་གསང་སྔགས་བསྟན་པ་ཉམས་པ་དང་བཤིག་པའི་སྟ་རེ་བཟོ་བཞིན་ཡོད་དམ། སྐྱེས་བུ་དམ་པ་གང་ན་ཡོད་མི་ཤེས་ཤིང་སྐྱེས་བུ་དམ་པ་ལ་སྨོད་པ་ནི། ངན་འགྲོ་མི་བཟད་པའི་རྒྱུ་ཕུལ་དུ་ཕྱིན་པར་མདོ་རྒྱུད་ཀུན་ནས་གསུངས་པས། ཐལ་བས་གཡོགས་པའི་མེ་དོང་བཞིན་དུ་གནས་འདི་ལ་བློ་གྲོས་དང་ལྡན་པ་རྣམས་ཀྱིས་ཤིན་ཏུ་བག་དང་ལྡན་པར་བྱའོ། །ཞེས་དམ་པ་གོང་མ་རྣམས་གསུངས། སྐྱེ་བོ་གཞན་དག་ལ་དག་སྣང་སྦྱོང་བར་མ་ནུས་ནའང་སྐྱོན་བརྗོད་ཀྱི་སྨྲ་བ་ཉུང་བར་བྱ་དགོས་ན། ས་སྟེང་འདིའི་ཕྱི་ནང་གི་སྐྱེ་འགྲོ་ཕལ་མོ་ཆེ་ལོག་པའི་གཡང་ས་ལས་སློང་མཁན་དུ་མཐུན་སྣང་ལ་གྲུབ་པའི་རྒྱལ་བ་རྡོ་རྗེ་འཆང་འདི་ལྟ་བུ་ལ་སྨོད་ཚིག་སྟ་རེ་ལྟར་རྩུབ་པ་དེ་ལྟ་བུ་བརྗོད་ག་ལ་རུང་།
ཡང་། ཁ་ཅིག་ན་རེ། ཁོ་རང་ཚོས་ཅི་བཟོ་བསྡད་ཀི་ཡོད་ན་དེ་བཟོས། དབང་ཐོབ་ཀི་ཡིན་ཟེར་ན་ད་ག་ན་ག་ན། ཞེས་ཟེར་བའི་ཐད། འོ་ན། མཆོག་གྱུར་བདེ་ཆེན་གླིང་པའི་(༡༨༢༧-༡༨༧༠) རྣམ་ཐར་བཀྲ་ཤིས་དབྱངས་སྙན15ལས། ཁྱད་པར་མེ་སེང་རིན་ཆེན་ཤེལ་བྲག་གི་ཞོལ་གྲོང་པའི་ཉེ་ལོགས་སུ་བཞུགས་ཤིང་། ཚོགས་དང་བསྐང་བ་བརྔན་གསོལ་མཆོད་དང་ཁྲོམ་དབང་གནང་། ཞེས་དང་། ཡང་། 16 ཁྲོམ་སྟོང་ཕྲག་བརྒལ་བ་ཙམ་ལ་དབང་གནང་། ཞེས་དང་། ཡང་། 17 ཆོས་སྡེ་རྫོང་དཔོན་ཨ་གདུགས་དཔོན་སྡེའི་སྤྱི་རིམ་ཞུས་པར་བསང་ཆེན་དང་དགྲ་བླའི་དཔང་བསྟོད། ཁྲོམ་དབང་རྣམས་མཛད། ཅེས་དང་། ཡང་། 18ཚེས་བཅུ་བདུན་ལ་རྫོགས་ཆེན་གདན་ས་ཆེན་པོར་བསུ་བ་སེར་ཕྲེང་རྒྱ་ཆེ་བ་དང་བཅས། ཞབས་པད་བཀོད་ཅིང་གྲུབ་པའི་དབང་ཕྱུག་མི་འགྱུར་ནམ་མཁའི་རྡོ་རྗེ་དང་མཇལ། ཆོས་ཀྱི་བདག་པོའི་རྟེན་འབྲེལ་གྱི་སྒོ་བརྒྱ་ཕྲག་དུ་མ་སྐད་ཅིག་ལ་འཇོ་བར་མཛད་པ་ནི་བསམ་གྱིས་མི་ཁྱབ་སྟེ་བརྗོད་ལས་འདས། སྒྲུབ་མཆོད་ཆེན་མོའི་ཚོགས་དབུར་ཕེབས་ཤིང་སྐབས་རེར་གཏེར་ཤོག་འབེབས་པ་དང་། སུ་ར་ཏོའི་མཆོད་གར་དང་གར་འཆམ་ཕྱི་ནང་ལ་གཟིགས་པ་སྦྱིན་བསྲེགས་ཀྱི་དབུར་བཞུགས་ཕྱག་ལེན་མཛད་ཅིང་། མང་ཇ། རྣམ་བཞག །ཇ་འགྱེད་སོགས་ཕུལ། དངོས་གྲུབ་ལེན་ཆོག་དང་ཁྲོམ་དབང་བཅས་མཛད། ཕྱོགས་འདུས་ཀྱི་མཆོག་དམན་མང་པོར་དབང་ཆོག་མཇལ་ཁ་སོགས་ཀྱི་རེ་འདོད་བསྐངས། ཞེས་སོགས་ཁྲོམ་དབང་མཛད་པར་གསུངས་ན། འདི་དག་ཁྱེད་ཀྱིས་མ་མཐོང་ངམ། ང་ཚོ་མཆོག་གྱུར་གླིང་བ་ལ་དེ་བཟོ་ཆོག་གི་མ་རེད་ཅེས་སོགས་སྐད་ཤུགས་ཆེན་པོས་བཤད་བསྡད་པ་དེས་ཅི་ཕན། ད་དུང་རྒྱུད་སྡེ་ལ་དགའ་རབ་སྦྱངས་སྐོར་ཡང་དང་བསྐྱར་དུ་སྐྱོར་བ་འདི་ཡ་མཚན། རང་གི་ཕ་ཆོས་ལ་བདག་པོ་རྒྱག་སྟངས་འདི་ཙམ་ཡིན་ནམ། ཁྱོད་ཀྱིས་སྐད་ཆ་འདི་དག་མ་བཤད་པའི་སྔོན་དུ། བདག་ཅག་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་འཁོན་རིགས་བསྟན་པའི་མངའ་བདག་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་ནས་ཀྱང་རིམས་ནད་ཀྱིས་མནར་བའི་སེམས་ཅན་ལ་ཕན་བདེ་འབའ་ཞིག་གི་ཆེད་དྲ་བརྙན་བརྒྱུད། རྡོ་རྗེ་ཕུར་བ་དང་ལོ་མ་གྱོན་མ་སོགས་ཀྱི་བཀའ་དབང་གནང་བ་མིན་ནམ། འདི་འདྲ་གནང་བ་ཤེས་བཞིན་དུ། ཏཱ་ལའི་བླ་མས་ཞེས་རྒྱ་གཞུང་གི་བཤད་སྟངས་ལྟར། གདངས་རྟ་བཏང་ནས་རང་གི་འཁོོར་གྱི་ནང་དུ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོར་ཅོ་འདྲི་བ་འདི་ལན་པོ་རང་ཨེ་ཡོད།
གཞན་ཡང་། ས་སྐྱའི་ཁྲི་ཆེན་སོ་གསུམ་པ། པདྨ་བདུད་འདུལ་དབང་ཕྱུག་དང་། ས་སྐྱའི་ཁྲི་ཆེན་སོ་བདུན་པ་ཀུན་དགའ་སྙིང་པོ་བསམ་འཕེལ་ནོར་བུ་སོགས་ཀྱིས་ཁྲོམ་དབང་གནང་བ་དང་། ཇོ་ནང་ཏཱ་ར་ན་ཐའི་རང་རྣམ་མ་བཅོས་ལྷུག་པའི་ནང་ཁྲོམ་དབང་གནང་པའི་སྐོར་ཧ་ཅང་མང་པོ་བཞུགས།
རིས་མེད་མཁས་གྲུབ་ཀུན་གྱི་གཙུག་རྒྱན་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་ཁྲོམ་དབང་གནང་བའི་སྐོར་ཁོང་གི་རང་རྣམ་19ལས། ཁྱད་པར་ཉང་སྟོད་ཀྱི་ཕ་ཕུ་རྣམས་དང་། ཞེས་པ་ནས་དད་ཅན་རྣམས་ཀྱིས་སྤྱན་འདྲེན་དང་བསྟུན་ནས་ས་ཕྱོགས་དང་ཡུལ་གྲོང་དེ་དང་དེར་རྐང་པས་བཅགས་ཤིང་། ཁྲོམ་དབང་རབ་ཏུ་གནས་པའི་མེ་ཏོག་གཏོར་བ་དེར་ནད་རིམས་དཀོན་ཞིང་ལོ་ལེགས་པ་བྱུང་ཞེས་གླེང་ཞིང་། ཞེས་དང་། ཡང་། 20ཕྱིར་ལམ་སྤང་ཡུལ་བདེ་བ་ཅན་པ་རྣམས་ཀྱིས་བསྙེན་བཀུར་ཕུན་སུམ་ཚོགས་པ་བྱུང་ཞིང་། དེར་ཡང་ཁྲོམ་དབང་བསྐུར། ཅེས་དང་། ཡང་། 21གཙང་གྲོག་ཏུ་ཁྲོམ་དབང་དང་། ཞེས་དང་། ཡང་། 22 ཤོ་ནང་། བྱ་ར་གསལ། འབྲལ་མོ། རྒྱ་གྲགས། དགའ་ལྡན་ཆོས་འཕེལ་གླིང་། སྙུགས་གྲོང་། ཞི་གནས་གྲྭ་ཚང་རྣམས་སུ་སྐྱ་སེར་སོ་སོའི་འདོད་ཆོས་དང་། སྤྱིར་ཁྲོམ་དབང་སོགས་ཀྱིས་བཞེད་པ་བསྐངས་ཏེ། ཞེས་དང་། 23ཁྱད་པར་བྱམས་པ་གླིང་དུ་ཞག་གསུམ་འདུག་ནས་མཆོད་ཡོན་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་གསོལ་བ་བཏབ་པས། ཁྲོམ་དབང་ཞིག་བྱས། ཞེས་དང་། ཡང་། 24 སྐྱ་སེར་སྟོང་ཕྲག་བརྒྱད་ལྷག་པ་ལ་ཚེ་རྟ་ཟུང་འབྲེལ་གྱི་ཁྲོམ་དབང་བསྐུར། ཅེས་སོགས་གསུངས་པའི་ཕྱིར་དང་། གུང་ཐང་བསྟན་པའི་སྒྲོན་མེའི་རྣམ་ཐར་25 ལས། སེར་སྐྱའི་ཁྲོམ་ཆེན་པོ་ལ་ལམ་གཙོའི་ཁྲིད་དང་། འཇིགས་བྱེད་ཀྱི་དབང་བསྐུར་མཛད། ཅེས་ཁྲོམ་ཆེན་པོ་ལ་དབང་བསྐུར་པ་ལྟ་བུ་རྣམ་ཐར་དེའི་གོང་འོག་དུ་མར་སྣང་བ་དང་། ཨ་ཁུ་ཤེས་རབ་རྒྱ་མཚོའི་རྣམ་ཐར26 ལས། ཉེར་བཞི་ཉེར་ལྔ་གཉིས་ལ་འཇིགས་བྱེད་བཅུ་གསུམ་མའི་སྟ་གོན་དང་དབང་དགེ་འདུན་བརྒྱ་ལྷག་ལ་གནང། ཞེས་དང་། ཡང་27 ལས། ཞབས་དྲུང་འཇམ་དབྱངས་བསྟན་དར་སོགས་ལ་ལྷོ་བྲག་བཀའ་འབུམ་གྱི་ལུང། དེའི་ཁྲོད་ཀྱི་དབང་དང་རྗེས་གནང་སོགས་བླ་གྲྭ་སུམ་ཅུ་ལྷག་ལ་སྩལ། ཅེས་དང་། ཡང་དེ་ཉིད་28ལས། ཉེར་བཞི་ཉེར་ལྔ་གཉིས་ལ་སྤྲུལ་པའི་སྐུ་བསྟན་འཛིན་རྒྱ་མཚོ་སོགས་ཞབས་དྲུང་རྣམས་བཅས་བརྒྱ་ཕྲག་གཅིག་ལྷག་ལ་འཇིགས་བྱེད་བདུད་ལས་རྣམ་རྒྱལ་གྱི་སྟ་གོན་དང་དབང་དམ་པ་གོང་མ་རྣམས་ཀྱི་ཕྱག་བཞེས་མ་ཉམས་པར་སྩལ། ཅེས་སོགས་མང།
རྒྱལ་མཆོག་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་དང་། བདུན་པ་བསྐལ་བཟང་རྒྱ་མཚོ་སོགས་ཀྱིས་ཀྱང་ཁྲོམ་དབང་བསྐུར་བ་སྨོས་ཅི་དགོས། གཞན་ཡང་། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ་སོགས་རྩོད་མེད་ཡོངས་གྲགས་ཀྱི་དམ་པ་ཤིན་ཏུ་མང་པོས། ཁྲོམ་དབང་གནང་སྐོར་སོ་སོའི་རྣམ་ཐར་དུ་གསལ་ན། འདི་དག་ཚང་མ་དམ་ཚིག་ཉམས་པ་དང་། གསང་སྔགས་བརྒྱུད་པ་ཉམས་པར་བྱས་པ་རེད་དམ། དྲ་འབུ་ཁ་ཅིག་གིས་ཀྱང་། མཁས་མདོག་དང་། བསྟན་པ་ལ་ཤ་ཚ་མདོག་གི་གཡོ་ཟོལ་གྱིས། ལུགས་ངན་རྒྱ་ཁྱབ་ཏུ་དར་བ་ཞེས་ངན་སྨྲས་བྱེད་པའི་སྨྲ་བའི་ལྕེ་རྐྱོང་ཕོད་དམ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག །རྒྱལ་བ་རྡོ་རྗེ་འཆང་ཆེན་པོའི་བསྟན་འགྲོར་གཅིག་ཏུ་ཕན་པའི་མཛད་འཕྲིན་ལ་ཞབས་འདེགས་ཕྲན་ཙམ་རེ་ལས་ཞུ་མ་ཐུབ་ནའང་། ཞིང་དམ་པ་ལ་བརྟེན་པའི་སྡིག་ཁམ་པོ་ཆེ་མ་གསོག་ཅིག །
ཡང་། ཁ་ཅིག་ན་རེ། དེ་ཡང་དངོས་སུ་དབང་ཞུ་རུ་འགྲོ་དགོས་པ་མ་རེད། ད་ T.V ནང་ནས་དབང་བསྐུར་ཡོང་གི་ཡོད་པ་རེད། ཏཱ་ལའི་བླ་མས་ཐུགས་རྗེ་ཆེན་པོའི་དབང་ཆེན་ཉི་མ་གཉིས་ལ་འཛམ་བུའི་གླིང་ལ་T.V (བརྙན་འཕྲིན་) བརྒྱུད་དབང་བསྐུར་གྱི་ཡོད་པ་རེད། ད་དེ་ཚོ་བསྟན་པ་བཤིག་པའི་སྟ་རེ་ངོ་མ་དེ་བཟོ་གི་ཡོད་པ་རེད། ཞེས་ཟེར་བའི་ཐད།
ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནས། དུས་འཁོར་དབང་ཆེན་ཐེངས་༣༤ བ་གནང་ལ་ཉེ་སྐབས། བོད་ལ་ཕྱིར་ལོག་བྱ་དགོས་པའི་གནས་སྐོར་བ་ཁག་ཅིག་ལ། ༢༠༡༧ ལོའི་བོད་ཟླ་༡༡ ཚེས་(༡༣-༡༥) བར་དང་། ཕྱི་ཟླ་༡ ཚེས་(༡༠-༡༣) བར་གྱི་ཉིན་གསུམ་ནི་དབང་ཆེན་དངོས་གཞི་ཡིན་པས། ངོས་ཀྱིས་རྡོ་རྗེ་གདན་ནས་ཁྱེད་རང་ཚོ་དབང་གི་དམིགས་འོག་ཏུ་བཅུག་ནས་སྨོན་ལམ་རྒྱག་གི་ཡིན། ཏན་ཏན་དབང་ཐོབ་ཀྱི་རེད། ཅེས་གསུངས།
༢༠༡༦ ལོའི་ཕྱི་ཟླ་༡༢ ཚེས་༢༥ ཉིན་རྒྱ་གར་གྱི་རྒྱལ་ས་ལྡིར་ལིར། ཨུ་རུ་སུའི་ནང་བའི་ཡུལ་གྲུ། ཐུའུ་ཝ་དང་། ཁལ་མུག །སྦོ་རད་ཐུ་སོགས་ཀྱི་ཆོས་ཞུ་བ་མང་བོ་ཞིག་སྐབས་དེའི་སྤྱོད་འཇུག་ཆེན་མོའི་གསུང་ཆོས་གྲུབ་མཚམས། དུས་འཁོར་དབང་ཆེན་ལ་སྡོད་ལོང་མ་བྱུང་བར་ཕྱིར་བསྐྱོད་བྱ་དགོས་ཐུག་པས་གྱེས་མཇལ་སྐབས། ཞལ་བཞེས་སྔར་བཞིན་མཛད།
ཡང་། ཟླ་དེའི་ཚེས་༢༨ ཉིན་འབི་ཧར་པར་ཎ་གྲོང་ཁྱེར་དུ། བོད་ནས་གནས་སྐོར་ལ་འབྱོར་བ་ཁག་ཅིག་དབང་ཆེན་ལ་སྡོད་སྟབས་མ་འགྲིགས་ནས་ཕྱིར་ལོག་སྐབས་གྱེས་མཇལ་ཞུ་དུས། བོད་ནང་གི་བོད་མི་དད་པ་དང་དམ་ཚིག་གཡོ་བ་མེད་པ་ཡོད་པ་རྣམས། ངོས་ཀྱིས་དབང་གི་དམིགས་འོག་ཏུ་བཅུག་ནས་སྨོན་ལམ་རྒྱག་གི་ཡིན། ཁྱེད་རང་ཚོར་དབང་ཐོབ་ཀྱི་རེད། དེར་བརྟེན་ཁྱེད་རང་ཚོ་བློ་བདེ་བོ་བྱས་ནས་སྡོད། ཅེས་སོགས་གསུངས།
ཡང་། ཕྱི་ལོ་༢༠༢༠ ཟླ་༡ ཚེས་༤ ཉིན་གནས་མཆོག་རྡོ་རྗེ་གདན་ནས། ངོས་ནས་འདི་གར། དབང་དང་རྗེས་གནང་དེ་འདྲ་བྱེད་པའི་སྐབས་ལ། དྲ་རྒྱའི་ནང་ནས་ཡུལ་ལུང་མང་པོ་ལ་འགྲོ་སྡོད་ཀྱི་ཡོད་པ་རེད། བྱས་ཙང། དེ་འདྲ་ཡིན་དུས། དེ་རིང་འདི་གར་ཡུལ་ལུང་འདྲ་མི་འདྲ་ནས་དྲ་རྒྱའི་ཐོག་ལ་དོ་སྣང་འདྲ་པོ་བྱས་ནས་ཉན་སྡོད་པ་ཡོད་པ་ཡིན་དུས་ཙ་ནས། གང་ལྟར་བླ་མའི་ངོས་ནས་མཐའ་གཅིག་ཏུ་ཕན་པའི་སེམས་ཀྱི་འདུན་པའི་ཤུགས་དང་། ཁྱེད་རང་དད་པ་ཅན་ཕྱོགས་དང་མཚམས་ལ་འཁོད་སྡོད་མཁན་མི་རིགས་འདྲ་མི་འདྲ་ཡུལ་ལུང་འདྲ་མི་འདྲ་ཁྱེད་རང་ཚོས་ཀྱང་། བསམ་བློའི་འདུན་པ་རྩེ་གཅིག་པའི་ཐོག་ནས་ཉན་པ་ཡིན་ན། བཅོམ་ལྡན་འདས་རང་ཉིད་ཞལ་བཞུགས་པའི་ཁ་ཐུག་ལའང་འཕྲིན་གྱི་སྒོ་ནས་བསྙེན་པར་རྫོགས་པ་ཟེར་བ་ཞིག་གནང་གི་ཡོད་པ་རེད། ཕ་གིར་དགག་བྱ་འདྲ་པོ་དེ་འདྲ་ཡོད་བྱས། ཚུར་བསྙེན་རྫོགས་སྒྲུབ་སར་ཡོང་མ་ཐུབ་པ་དེ་ཚོའི་གྲས་ལ། དེ་དུས་ཁ་པར་སོགས་ནི་ཡོད་པ་མ་རེད། དགའ་རབ་འགོར་གྱི་ཡོད་ཀྱི་རེད་མ་གཏོགས། འཕྲིན་གྱི་སྒོ་ནས་བསྙེན་པར་རྫོགས་པ་དེ་འདྲ་ཡོང་གི་ཡོད་པ་རེད། དེ་རིང་ཁ་སང་གང་ལྟར། བརྙན་འཕྲིན་གྱི་ཐོག་ནས་ས་ཆར་ཉེ་རྒྱང་ཧ་ལམ་མེད་བསྡད་པ་ཞིག་གིས་ཁྱབ་བསྡད་ཡོད་དུས། ཁྱེད་རང་ཚོ་ཕྱོགས་དང་མཚམས་སུ་འཁོད་སྡོད་མཁན། དད་པ་ཅན་ཁྱེད་རང་ཚོ་ཚང་མར་དབང་དང་བྱིན་རླབས་དེ་ཚོའི་གྲས་ཐོབ་ཀི་རེད། ངས་ཀྱང་དེ་ལུགས་སྨོན་ལམ་རྒྱག་ཀིན་ཡོད། གང་ལྟར། སྔར་བཅོམ་ལྡན་འདས་ཞལ་བཞུགས་པའི་ཁ་ཐུག་ལ་འདུལ་བའི་ལག་ལེན་ཏོག་ཙམ་ཞིབ་ཚགས་པོ་འདྲ་ཞིག་ཡོད་པ་རེད། དེ་ལ་འཕྲིན་གྱི་སྒོ་ནས་བསྙེན་པར་རྫོགས་ཆོག་ཟེར་དུས་ཙ་ནས། ད་རེས་འདིར་དག་སྣང་གི་ཆོས་སྐོར་ཕལ་ཆེར་རེད། སྔགས་བླ་མེད་དང་འབྲེལ་བསྡད་པ་ཞིག་ཆགས་བསྡད་ཡོད་པ་རེད། དེ་འདྲ་ཡིན་དུས། ཁྱེད་རང་ཚོར་དབང་དང་བྱིན་རླབས་དེ་ཚོའི་གྲས་ངེས་པར་དུ་འཐོབ་ཀི་རེད། དེ་ལུགས་ཀྱི་བསམ་བློ་ཐོངས་ཤོག་ཨ། ཞེས་བླ་མའི་ངོས་ནས་མཐའ་གཅིག་ཏུ་ཕན་པའི་ཕན་སེམས་ཀྱི་འདུན་པའི་ཤུགས་ཡོད་པ་དང་། དེས་དམིགས་འོག་ཏུ་ཚུད་པ། སློབ་མས་དབང་ཞུ་འདོད་ཀྱི་དད་པ་དང་དམ་ཚིག་གཡོ་བ་མེད་པའི་ཐོག་ནས་སྤྱོད་ལམ་ཚུལ་དང་མཐུན་པར་འདུན་པ་རྩེ་གཅིག་པའི་ཐོག་ནས་ཉན་པ། གནས་ཚུལ་འདྲ་མིན་གྱི་རྐྱེན་པས་ཚད་ལྡན་གྱི་བླ་མ་རྡོ་རྗེ་སློབ་དཔོན་གྱི་མདུན་དུ་བཅར་མ་ཐུབ་ནའང་། རྒྱལ་བ་རང་ཉིད་ཀྱིས་དབང་ཐོབ་ཀྱི་ཡོད་སྐོར་གསུངས་ཡོད་པས། དྲ་འབུ་ཁ་ཅིག་གིས་ཆ་རྐྱེན་དེ་དག་མ་གོ་མ་ཐོས་པའི་ཁུལ་གྱིས་ཉན་མཁན་ཐམས་ཅད་ལ་དབང་ཐོབ་པར་ཐལ་བ་འཕངས་ཏེ། དཔའ་སྐད་འཐེན་པ་ནི། འབེན་མ་མཐོང་བར་མདའ་རྡེག་པ་ཁོ་ན་ཡིན་པས་སྙིང་པོ་ཅི་ཡོད་སོམས་ཤིག །
དབང་བསྐུར་བ་ལ། བླ་སློབ་ཕན་ཚུན་མཐོང་བའི་ཉེ་འཁོར་དུ་ཡོད་དགོས་པས་ཁྱབ་པའང་མེད་དེ། དཔེར་ན། སྔར་སློབ་མ་རྗེས་གཟུང་གི་ཆོ་ག་བྱས་པའི་སློབ་མ་རྣམས་སྟ་གོན་གྱི་ཚེ་བླ་མའི་མདུན་དུ་མེད་ནའང་སྟ་གོན་བྱ་ཆོག་པ་དང་། དབང་ཡང་བསྐུར་ཆོག་པ་ནི། སྔགས་རིམ་ཆེན་མོ་ལས། སྔར་སློབ་མ་རྗེས་གཟུང་གི་ཆོ་ག་བྱས་པའི་སློབ་མ་རྣམས་སྟ་གོན་གྱི་ཚེ་མ་ཚང་བ་ལ་ཇི་ལྟར་བྱ་བ་ནི། སྤྱི་རྒྱུད་ལས། སློབ་མ་ཡོངས་སུ་བཟུངས་པ་གང༌། །སྟ་གོན་གནས་ཚེ་མེད་ན་ནི། །དེ་ཡི་གཟུགས་བརྙན་བྱས་ནས་སུ། །ཇི་སྐད་བཤད་པའི་ལས་རྣམས་བྱ། །སློབ་མ་ཡོངས་སུ་བཟུངས་པ་གང༌། །གལ་ཏེ་རྐྱེན་འགའ་ཞིག་གིས་ནི། །དེར་ནི་འོངས་པར་མ་གྱུར་ན། །གཞན་དག་དེ་ཡི་སྐྱིན་པར་གཞུག །ཅེས་གསུངས་སོ། །དོན་ནི། སློབ་མས་དབང་ཞུ་བར་གསོལ་བ་བཏབ་ཅིང་། སློབ་མར་ཡོངས་སུ་བཟུང་སྟེ། རྐྱེན་གཞན་ཅི་རིགས་པའི་དབང་གིས་སྟ་གོན་གྱི་ཚེ་བླ་མའི་མདུན་དུ་བཅར་མ་ནུས་ཤིང་གནས་མེད་ཚེ། སློབ་མ་དེ་ཡི་གཟུགས་བརྙན་བྱས་ནས་དེ་ལ་དེའི་རྣམ་ཤེས་བཀུག་སྟེ་དབང་བསྐུར་བས་ཀྱང་ཆོག་པར་གསུངས་ན། དྲ་བརྙན་བརྒྱུད་བླ་སློབ་གཉིས་ཀས་ཕན་ཚུན་གྱི་གཟུགས་མཐོང་ཞིང་གསུང་ཐོས་ཏེ་དབང་བརྡ་ལེགས་པར་འཕྲོད་ན། དབང་ཐོབ་པ་སྨོས་མ་དགོས་པའི་ཕྱིར་རོ། །
དེ་བཞིན་དུ་གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེས་ཀྱང་29གསུངས་ཏེ། དང་པོ་ནི། དེ་ཉིད་ལས། སློབ་མ་ཡོངས་སུ་བཟུང་བ་གང་། །སྟ་གོན་གནས་ཚེ་མེད་ན་ནི། །དེ་ཡི་གཟུགས་བརྙན་བྲིས་ནས་ནི། །ཇི་སྐད་བཤད་པ་ཐམས་ཅད་བྱ། །ཞེས་གསུངས་པ་ལྟར། དེའི་གཟུགས་བརྙན་བྲིས་ནས་རྟེན་བསྐྱེད་པ་དང་། རྣམ་ཤེས་བཀུག་པ་བྱས་ནས་དེ་ཉིད་གྲལ་དུ་བཞག་སྟེ་དེ་དང་བཅས་པ་ལ་དབང་བསྐུར་རོ། །འདི་ལ་དགོས་པ་ཁྱད་པར་ཅན་གཉིས་ཡོད་དེ། དེ་ཉིད་ལ་སྡིག་སྦྱོང་གི་སྒོ་ཁྱད་པར་ཅན་དུ་འགྱུར་བ་དང་། གཞན་རྣམས་ལ་ཟུང་དུ་གྱུར་པའི་སྐྱོན་སྤོང་བའོ། །གལ་ཏེ་སློབ་མ་གང་རུང་གཅིག་རྐྱེན་འགའ་ཞིག་གིས་སྟ་གོན་གྱི་གནས་དེར་འོངས་པར་མ་གྱུར་ན་ཅི་ལྟར་བྱ་སྙམ་ན། དེ་ཉིད་ལས། སློབ་མ་ཡོངས་སུ་བཟུང་བ་གང་། །གལ་ཏེ་རྐྱེན་འགའ་ཞིག་གིས་ནི། །དེར་ནི་འོངས་པར་མ་གྱུར་ན། །གཞན་དག་དེ་ཡི་སྐྱིན་པར་གཞུག །ཅེས་གསུངས་པ་ལྟར། གཞན་གང་རུང་ཞིག་དེའི་ཚབ་ཏུ་འཇུག་སྟེ། འདིས་སློབ་མ་རྗེས་འཛིན་མ་བྱས་པ་ལའང་སྟ་གོན་བྱེད་དུ་རུང་བའི་དམིགས་བསལ་བསྟན་ནོ། །འདི་ལའང་དགོས་པ་ཁྱད་པར་ཅན་གཉིས་ཡོད་དེ། དེ་ཉིད་ཀྱིས་དབང་བསྐུར་ཐོབ་པ་དང་། གཞན་རྣམས་ཟུང་དུ་གྱུར་པའི་སྐྱོན་སྤོང་བའོ། །ཞེས་གསུངས།
དེ་བཞིན་དུ་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་ཀྱང་30གསུངས་ཏེ། སློབ་དཔོན་སྙིང་རྗེ་ཆེན་པོ་དང་ལྡན་པས་གཟུགས་བརྙན་དེ་ལ་དབང་བསྐུར་བ་ཡང་མཛད་པའི་དོན་འདི་ལ་བསམས་ནས། བོད་དུ་རྗེས་བཟུང་གི་སློབ་མ་ཡུལ་གཞན་དུ་སོང་བ་དང༌། བཙོན་དུ་ཚུད་པའམ། ལུས་སྲོག་དང་ཚངས་སྤྱོད་ཀྱི་བར་ཆད་བྱུང་བའི་ཚེ། གཟུགས་བརྙན་ལ་དེའི་ཤེས་པ་བཀུག་ནས་དབང་བསྐུར་བྱེད་པ་སོགས་ཀྱི་ལག་ལེན་བྱུང་བར་སྣང་ངོ༌། །ཞེས་དང་།
དེ་བཞིན་དུ་ས་སྐྱ་ཨ་མྱེས་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་ཀྱང་གསུངས་ཏེ། དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པ་ཞེས་པ་31ལས། ཁོ་བོ་ཅག་ནི་རྒྱུད་ལས། རྐྱེན་གྱིས་འགའ་ཞིག་མ་འོངས་ན། །ཞེས་པ་དེ་གཞིར་བཞག་ནས། རྐྱེན་དགོས་ཀྱི་ཚེ་ཁ་འཆམ་ལ་དབང་བསྐུར་བྱས་ཆོག་པ་དང་། རྗེས་བཟུང་གི་ཆོ་གའི་ཁོངས་སུ་མི་གཏོགས་ཀྱང་། རྗེས་བཟུང་གི་ཡོན་ཏན་དང་ལྡན་པ་གཞན་དག་ལ། སྟ་གོན་བྱས་ནས་དབང་བསྐུར་ཆོག་པའི་དོན་དུ་འཆད་ལ། ཁྱེད་ཀྱིས་ནི་དམིགས་བསལ་མེད་པར་རྒྱུད་ཀྱི་དངོས་བསྟན་སྤྱི་ཁྱབ་ལ་སྦྱར་ནས་འཆད་ཚུལ་འདྲ་བ་མ་ཡིན་ནོ། །བྱེ་བྲག་ཏུ་གཟུགས་བརྙན་ལ་སྟ་གོན་བྱས་པ་ནི། སློབ་མ་འགའ་ཞིག་ཚེའི་དུས་བྱས་པ་ལ་དགོངས་ཏེ། སློབ་དཔོན་སྙིང་རྗེ་ཆེན་པོ་དང་ལྡན་པས་གཟུགས་བརྙན་དེ་ལ་དབང་བསྐུར་བ་ཡང་མཛད་པའི་དོན་འདི་ལ་བསམས་ནས་བོད་དུ། རྗེས་བཟུང་གི་སློབ་མ་ཡུལ་གཞན་དུ་སོང་བའམ། བཙོན་དུ་ཚུད་པའམ། ལུས་སྲོག་དང་ཚངས་སྤྱོད་ཀྱི་བར་ཆད་བྱུང་དོགས་པའི་ཚེ། གཟུགས་བརྙན་ལ་དེའི་ཤེས་པ་བཀུག་ནས་དབང་བསྐུར་བྱེད་པ་སོགས་ཀྱི་ལག་ལེན་བྱུང་བར་སྣང་ངོ་། །ཞེས་སོགས་གསུངས།
དྲིས་ལན་ལུང་དང་རིགས་པའི་འབྲུག་སྒྲ་ལས་32སློབ་དཔོན་དཀྱིལ་འཁོར་གྱི་ལྐོག་ཏུ་འདུག་ནས་བསྒྲུབས་པའི་ལག་ལེན་ཀྱང་མ་འཁྲུལ་པ་ཡིན་ཏེ། འདི་ལྟར་སྣང་གྲགས་ཀྱིས་བསྡུས་པའི། །སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང༌། །བཅུད་རྣམས་ལྷ་ལ་གྲགས་པ་སྔགས། །དྲན་རྟོག་ཆོས་ཉིད་དུ་ཤེས་ན། །གསང་སྔགས་པ་ཞེས་དེ་ལ་བྱ། །ཞེས་པ་འདི་གསང་སྔགས་ཀྱི་དོན་མཐར་ཐུག་ཡིན་པས། དེ་ལྟ་བུའི་དོན་ལས་མི་འབྲལ་བའི་སྐྱེས་བུ་དེ་གང་དུ་གནས་ཀྱང་། བསྐྱེད་རྫོགས་ཀྱི་རོལ་པ་ལས་མ་འདས་པས་ན་གང་དུ་འདུག་ཀྱང་རུང་སྟེ། དཀྱིལ་འཁོར་གྱི་དྲུང་ཁོ་ནར་གནས་དགོས་པ་ཡང་མ་ཡིན་ནོ། །
དབང་རྫས་རྒྱལ་ཚབ་ཀྱིས་ཐོགས་ཀྱང་དབང་སློབ་དཔོན་ལས་ཐོབ་པ་ཡིན་ཏེ། དཔེར་ན། ཕོ་ཉས་རྒྱལ་པོའི་ལུང་དང་བཀའ་རྟགས་ཁྱེར་ཏེ་འབངས་ཀྱི་ཚོགས་ལ་བསྒྲགས་པ་ན། ཕོ་ཉ་བའི་ངག་དེ་རྒྱལ་པོའི་ངག་ཏུ་འཛིན་པ་དང་མཚུངས་པ་ཉིད་དོ། །ཞེས་སྒྲུབ་པ་དང་བྱིན་རླབས་ཀྱི་སྐབས་སུ་བླ་མ་དཀྱིལ་འཁོར་གྱི་དྲུང་ཁོ་ནར་གནས་ནས་དབང་བསྐུར་དགོས་པའི་ངེས་པ་མེད་པ་ཡང་གསལ་བར་གསུངས་པས། ལྟ་དགོངས་ལྡན་ན་བྱིན་རླབས་ལ་ཉེ་རིང་མེད་པ་གསལ་བར་བསྒྲུབས་འདུག། བཀའ་བརྒྱུད་ཀྱི་ཆུ་བོ་མ་ནུབ་པ་ཞིག་དགོས་པ་ལས། དཔེ་བརྒྱུད་དང་གཏེར་བརྒྱུད་ལ་ཚད་བཟུང་མི་རུང་བར་གསུངས་པའི་ལན་དུ། སངས་རྒྱས་བྱང་སེམས་ཀྱི་ཐབས་མཁས་ཀྱི་བརྒྱུད་ལམ་སྣ་ཚོགས་ནས་དམ་པའི་ཆོས་ཀྱི་བདུད་རྩིའི་དགའ་སྟོན་ཐོབ་པ་ཚད་ལྡན་ཡིན་པའི་སྒྲུབ་བྱེད་དུ། ཡང་དྲིས་ལན་ལུང་དང་རིགས་པའི་འབྲུག་སྒྲ་33ལས། བསོད་ནམས་ཐམས་ཅད་སྡུད་པ་ཏིང་ངེ་འཛིན་གྱི་མདོ་ལས། དྲི་མ་མེད་པའི་གཟི་བརྗིད། ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་པ་ཕུན་སུམ་ཚོགས་པ་གུས་པ་དང་བཅས་པ་རྣམས་ནི། འཇིག་རྟེན་གྱི་ཁམས་གཞན་ན་འདུག་ཀྱང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཞལ་སྟོན་ཅིང་ཆོས་ཀྱང་ཐོས་པར་མཛད་ལ། དྲི་མ་མེད་པའི་གཟི་བརྗིད་ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཆོས་ཀྱི་གཏེར་རི་དང་རི་སུལ་དང་ཤིང་གི་ནང་ན་བཞུགས་པ་དག་ཡོད་དོ། །གཟུངས་དང་ཆོས་ཀྱི་སྒོ་མཐའ་ཡས་པ་གླེགས་བམ་དུ་བྱས་པ་དག་ཀྱང་ལག་ཏུ་འོངས་པར་གྱུར་རོ། །ཞེས་གསུངས་པས། ལས་དང་སྐལ་བ་ལྡན་པའི་གང་ཟག་ལ་གནས་ངེས་པ་མེད་པ་དག་ལས་ཆོས་ཀྱི་བདུད་རྩི་འབྱུང་བ་ཡིན་ནོ། །ཞེས་འཇིག་རྟེན་གྱི་ཁམས་གཞན་ན་འདུག་ཀྱང་རུང་། སངས་རྒྱས་ཀྱི་ཞལ་སྟོན་ཅིང་གསུང་ཐོས་པར་བྱས་ཏེ། གཟུངས་དང་ཆོས་ཀྱི་སྒོ་མཐའ་ཡས་པ་ལ་འཇུག་ཅིང་ལྡང་བར་བྱེད་ན། དྲ་བརྙན་ལས་མཐོང་ཞིང་ཐོས་པར་བྱས་ཏེ། དབང་བསྐུར་བ་ལ་འགལ་བ་ཅི་ཡོད་སོམས་ཤིག། འདི་ལ་ཡང་དྲ་འབུ་ཞིག་གིས། སྒྲ་འཇུག་བྱས་ནས་ཉན་པ་ལ་དགག་བྱ་བྱས་ཡོད་རབས་བཤད་ནས་དྲ་ལམ་བརྒྱུད་ཁ་ཐུག་དེར་དབང་གནང་བ་ལ་གནོད་པ་སྟོན་པ་ནི། ཕྲག་དོག་དྲག་པོས་བསྐུལ་བ་ཙམ་ལས་གནོད་བྱེད་ཁབ་རྩེ་ཙམ་ཡང་མི་འཇུག་པ་སུས་ཀྱང་ཤེས་ནུས་ལ། སྒྲ་ཐག་བརྒྱུད་ནས་སློབ་སྦྱོང་བྱེད་པ་འགོག་པའང་རང་ཉིད་དུས་རབས་ཉེར་གཅིག་པའི་མི་ཡིན་པ་བརྗེད་པ་ཡིན་ནོ། །
འདུན་པ་བཏང་ནས་བླ་སློབ་མཐོང་བའི་ཉེ་འཁོར་དུ་མེད་ཀྱང་དབང་ཐོབ་པ་ནི། དཔེར་ན། གྲུབ་ཆེན་ཨོ་རྒྱན་པའི་རྣམ་ཐར་34ལས། དཔལ་དུས་ཀྱི་འཁོར་ལོའི་དབང་སྐུར་ཞུ་གསུངས་པས། དེ་བཞིན་བྱ་ཡིས་ཉིད་རང་འདུན་པ་ཐོངས་ཤིག་གསུངས་ནས་གསོལ་བ་འདེབས་ཀྱིན་ཐུགས་འདུན་བཏང་བས། ཚེས་བཅུ་ཙམ་ནས། ཆོས་རྗེས་དཔལ་དུས་ཀྱི་འཁོར་ལོའི་ས་ཡོངས་སུ་བཟུང་བའི་ཆོ་ག་མཛད། དེ་ནས་ཉའི་བར་ལ་སྟ་གོན་དང་བྱིས་པ་འཇུག་པའི་དབང་བདུན། བུམ་དབང་དང། གསང་དབང་དང། ཤེས་རབ་ཡེ་ཤེས་དང། བཞི་པ་བླ་ན་མེད་པའི་རྡོ་རྗེ་སློབ་དཔོན་གྱི་དབང་གི་མཐར་ཐུག་པ་ཡོངས་སུ་རྫོགས་པར་གནང་སྟེ། གསུང་རབ་ཀྱི་པོ་ཏི་དང་དུང་དང་རྔ་བཟང་པོ་ཕྱག་ཏུ་གནང་ནས། ཁྱོད་ཀྱིས་དམ་པའི་ཆོས་ཀྱི་དུང་བུས། དམ་པའི་ཆོས་ཀྱི་རྔ་རྡུངས་ཤིག་གསུངས་ནས། དུང་བུས་རྔ་བརྡུངས་པ་རྨིས། དེ་ནས་ཐུགས་དགྱེས་པ་དང་བཅས་པས། ཆོས་རྗེ་རིན་པོ་ཆེའི་དྲུང་དུ་བྱོན་པས། ཆོས་རྗེ་རིན་པོ་ཆེ་རྒྱལ་བ་རྒོད་ཚང་པ་ཆེན་པོ་དེ་སྐུ་ཟིལ་མདངས་སྔར་བས་ཆེ་ཞིང་སྤྱན་རྩ་དམར་ཤིག་གེ་འདུག་ནས། སློབ་དཔོན་ཇོ་བཙུན་བསམ་པ་རྫོགས་པར་བྱུང་ངམ་གསུངས། བསམ་པ་རྫོགས་པར་བྱུང་ལགས། དཔལ་དུས་ཀྱི་འཁོར་ལོའི་དབང་སྐུར་རྫོགས་པར་ཐོབ་ལགས། ཞེས་སྔར་དབང་སྐུར་ཐོབ་ལུགས་རྣམས་ཞིབ་ཏུ་ཞུས་པས། ཆོས་རྗེ་རིན་པོ་ཆེའི་ཞལ་ནས། རྒྱུ་མཚན་ཡོད་ངས་འདུན་པ་བཏང་བ་ཡིན་གསུངས། ཞེས་བླ་སློབ་འདུན་པ་གཏོང་སྟངས་གཅིག་པ་དང་། དད་པ་དམ་ཚིག་མཐུན་ན། མཐོང་བའི་ཉེ་འཁོར་དུ་མེད་ཀྱང་དབང་བསྐུར་ཐོབ་ལུགས་གསུངས་པ་འདི་འདྲ་གསལ་ན། སོ་སོས་བསྟན་པ་བཤིག་པའི་སྟ་རེ་བཟོ་བཞིན་དུ། བསྟན་པ་དེ་འཛིན་ཀུན་གྱི་གཙུག་རྒྱན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་བསྟན་པ་བཤིག་པའི་སྟ་རེ་བཟོ་བཞིན་ཡོད་སྐོར་ལྐོག་ནས་ལབ་གོམས་སུ་སོང་བ་སྒྲ་སྒམ་ནས་ཕྱི་གྱར་བྱུང་བ་འདི་དག་ནི། ལྟས་ངན་བསྟན་པ་འབའ་ཞིག་ལས་གཞན་དུ་ཅི།
གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། ཡེ་ཤེས་ཇི་སྙེད་ཁྱབ་གྱུར་པ། །གསུང་གིས་ཀྱང་ནི་དེ་སྙེད་ཁྱབ། །ཅེས་དང་། སྐུ་ཡིས་ཀྱང་ནི་དེ་སྙེད་ཁྱབ། །ཅེས་གསུངས་པ་དང་། གསང་སྔགས་སྤྱི་དང་བྱེ་བྲག་བླ་མེད་ཀྱི་རྒྱུད་ལ། གསང་གསུམ་རོ་གཅིག་པ་ཉིད་ཀྱིས་གདུལ་བྱ་སོ་སོའི་ལས་བསོད་ཀྱིས་ལོངས་ན། རྒྱལ་བའི་འཕྲིན་ལས་འགགས་པ་མེད་པས་ཇི་ལྟར་ནམ་མཁའི་དབྱིངས་ན་ཟླ་བ་གཅིག་ཉིད་ས་སྟེང་གི་ཆུ་སྣོད་ཡོད་ཚད་ལ་ཅིག་ཅར་དུ་ཤར་བ་ཇི་བཞིན། གདུལ་བྱའི་ཁམས་བཞིན་སྣང་སྟེ། རྒྱལ་བའི་སྐུ་སྣང་ཞིང་གསུང་ཐོས་པ་དང་། རྒྱལ་བའི་འཕྲིན་ལས་འཇུག་པ་ལ་ལྟ་གྲུབ་དང་ལམ་ལུགས་གང་ཅིའི་ཆ་ནས་འགལ་བ་ཅི་འདུག །
མདོར་ན། ྋསྐྱབས་མགོན་ྋརྒྱལ་བའི་དབང་པོ་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་དམིགས་འོག་ཏུ་མཛད་པ་དང་། གདུལ་བྱ་རང་ཉིད་ཀྱང་ྋསྐྱབས་མགོན་ྋརྒྱལ་བའི་དབང་པོ་མཆོག་ལ་དད་དམ་གཡོ་བ་མེད་ཅིང་དབང་ཞུ་འདོད་ཀྱི་དད་པ་དང་དམ་ཚིག་གཡོ་བ་མེད་པར་དངོས་སུ་སྐུ་དྲུང་དུ་ཆོས་ཉན་པ་ལྟར་སྤྱོད་ལམ་སོགས་ཚུལ་དང་མཐུན་པར་ཉན་པ་ཡིན་ན། ཁྱབ་བདག་ྋསྐྱབས་མགོན་རྡོ་རྗེ་འཆང་ཆེན་པོ་མཆོག་ནས་དབང་གི་ཆོ་གའི་ཚིག་རིས་ལྟར་བརྡ་སྤྲོད་མཁས་པས་དམིགས་པ་ལྟར་བསྒོམ་ཞིང་མོས་ན། རྩིག་པའི་རྒྱབ་ནས་བླ་མའི་དྲིལ་བུའི་སྒྲ་ཐོས་པ་ཙམ་གྱིས་དབང་ཐོབ་པར་རློམ་པ་ལྟ་བུ་མིན་པར། ལྷ་དེ་དང་དེའི་དབང་ངེས་པར་ཐོབ་པ་ཡིན་ནོ། །ཉམས་སྣང་དང་རྨི་ལམ་དུ་ཡི་དམ་ལྷའི་ཞལ་གཟིགས་ཤིང་། དབང་བསྐུར་བ་སོགས་ཡ་མཚན་དུ་བྱེད་ན། དེང་སང་བརྡ་འཕྲིན་གྱི་དུས་རབས་འདིའི་ནང་། དྲ་ལམ་བརྒྱུད་བླ་མ་དང་དཀྱིལ་འཁོར་གསལ་བར་མཇལ་ཞིང་། གསུང་གི་གདངས་དང་སྐད་ཀྱི་འགྱུར་ཁུག་ཙམ་ཡང་མ་ལུས་པར་ཆོ་གའི་ཚིག་རིས་ལྟར་དམིགས་རྣམ་བསྐྱང་ཆོག་པས། དབང་བརྡ་ལེགས་པར་འཕྲོད་ཐུབ་པ་དང་། འགྲོ་བ་མི་ཙམ་མ་ཡིན་པར་མི་མ་ཡིན་ལ་སོགས་པ་ཡང་། ཁྱབ་བདག་དཀྱིལ་འཁོར་གྱི་བདག་པོ། རྒྱལ་བ་ཐམས་ཅད་མཁྱེན་པས་གསུང་བཟང་ཟབ་མོས་ལན་གཅིག་མ་ཡིན་པར་དམིགས་འོག་ཏུ་བཙུད་ཡོད་པར་ཞལ་བཞེས་གནང་གི་ཡོད་ན། དད་དམ་གཙང་བའི་སྐལ་ལྡན་གདུལ་བྱ་རྣམས་ལ་དབང་དང་བྱིན་རླབས་ཐོབ་པ་ལ་གཟུ་བོར་གནས་པ་སུ་ཞིག་ཐེ་ཚོམ་དུ་འགྱུར།
གཞན་དུ་ན། དད་དམ་མི་གཙང་བའམ། དད་དམ་གཙང་ཡང་སེམས་གཞན་དུ་གཡེངས་པས་དབང་ཞུས་པ་ཡིན་ན། སློབ་མ་དེ་ཉིད་བླ་མ་རྡོ་རྗེ་སློབ་དཔོན་གྱི་ཉེ་དྲུང་དུ་བསྡད་ཀྱང་དབང་བསྐུར་བ་ག་ལ་ཐོབ། ཕྱོགས་ཀུན་ནས་རྒྱལ་བསྟན་ཉག་ཕྲ་ཞིང་། དེ་ཉིད་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ལ་ཚད་ལྡན་གྱི་མཐུན་རྐྱེན་དཀོན་ལ་འགལ་རྐྱེན་ཤིན་ཏུ་མང་པོ་རུ་འཛིངས་པའི་དུས་སྐབས་འདི་འདྲར། རྗེ་རིན་པོ་ཆེས། འདྲེན་པ་མཆོག་དེས་དཀའ་བ་དཔག་མེད་ཀྱིས། །ནན་ཏན་སྙིང་པོར་མཛད་ནས་བསྒྲུབས་པ་འདི། །ཐབས་གང་ཞིག་གིས་འཕེལ་བར་འགྱུར་སྙམ་པའི། །རྣམ་པར་དཔྱོད་པས་ཉིན་མཚན་འདའ་བར་ཤོག །ཅེས་ཇི་སྐད་སྨོན་པ་ལྟར། བོད་ཁ་བ་གངས་ཅན་པའི་རྩ་བའི་བླ་མ་གཙུག་གི་ནོར་བུ། ྋསྐྱབས་མགོན་ྋརྒྱལ་བའི་དབང་པོ་མཆོག་གིས་དབུས་པའི་བསྟན་བདག་བླ་ཆེན་རྣམ་པས། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། །ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི། །སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས། །ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག །ཅེས་པ་ལྟར། མཛད་པ་འཕྲིན་ལས་བསྐྱངས་དང་སྐྱོང་བཞིན་པ་འདི་དག་ལ་རྗེས་སུ་ཡི་རང་སྟེ། གྲོགས་བྱེད་པའི་ཚབ་ཏུ། ཕྱོགས་དང་སྣ་སྒོར་མོ་ནས་གནོད་པ་སྐྱེལ་ཅི་ཐུབ་བྱེད་པ་ནི། སྙིང་ལ་གདོན་ཞུགས་པ་མིན་ན་ཅི་ཡིན། ཞིབ་ཏུ་སོམས། ཉེ་ལམ་དྲ་བརྙན་བརྒྱུད་དབང་གནང་བ་འཛམ་གླིང་གང་ས་ནས་ཉན་མཁན་ས་ཡ་བཞི་དང་བཞི་འབུམ་བརྒྱད་ཁྲི་ལྔ་སྟོང་དྲུག་བརྒྱ་བཅུ་དྲུག་ཙམ་བྱུང་སྐོར་གསལ་བ་འདི་དག །གཟུགས་མེད་ཀྱི་དྲ་འབུ་སྐབས་འཚོལ་བ་ཁ་ཅིག་གིས་ཟེར་བ་ལྟར། གདུལ་བྱ་བསླུས་པ་རེད་དམ་སོམས་ཤིག །
ཡང་། དཔེར་ན། བསྒྲུབ་བྱ་དང་སྒྲུབ་བྱེད་མཐོང་བའི་ཉེ་འཁོར་དུ་ལྷན་དུ་མེད་ཀྱང་བསྙེན་རྫོགས་ཀྱི་ལས་ཆགས་པ་ལྟ་བུ་ཡོད་པའི་ཕྱིར་ཏེ། མདོ་རྩ་བ་ལས། སྐལ་བ་དང་ལྡན་པའི་རང་བཞིན་ཅན་ལ་མངགས་པ་དང་འདྲ་བས་རབ་ཏུ་འབྱིན་དུ་གཞུག་པ་ནི། ཆོ་ག་མ་ཡིན་པ་མ་ཡིན་ནོ། །ཞེས་དང་། དེའི་འགྲེལ་ཆུང་ལས། དེ་བཞིན་དུ་ཡོན་ཏན་ཡོད་ན་དེང་སང་ཡང་ཕོ་ཉས་ཁྲིམས་དབོག་ཏུ་རུང་ངོ་། །ཞེས་དང་། ཉན་ཐོས་ཀྱི་མདོ་སྡེ་ལས་ཀྱང་། བཀའ་སྩལ་བ། ཆོས་སྦྱིན་མ་འཕྲིན་གྱིས་བསྙེན་པར་རྫོགས་པར་གནང་གིས། ཕྱིན་ཆད་གཞན་ཡང་འདི་འདྲ་བྱུང་ན་དེ་ཡང་འཕྲིན་གྱིས་བསྙེན་པར་རྫོགས་པར་གྱིས་ཤིག །ཅེས་གསུངས་པའི་ཕྱིར།
དེ་ཡང་སྡོམ་པ་ལེན་པ་པོ་དེ་ཚེ་དེ་ལ་མཐོང་ལམ་སྐྱེར་རུང་ཡན་ཆད་ཡིན་པ་དང་། ལེན་པ་པོ་དེ་སྐལ་བ་དང་ལྡན་པའི་རང་བཞིན་ཅན་ཡིན་པར་མཁན་པོ་ལ་སོགས་པ་དེ་དག་གིས་ཤེས་པ་དང་། ལེན་པ་པོ་དེ་མཁན་པོ་ལ་སོགས་པའི་དྲུང་དུ་འོང་བའི་རང་དབང་མེད་པ་སྟེ། དེ་གསུམ་ཚང་ན་དེ་ཡང་འཕྲིན་གྱིས་ཚུལ་ཁྲིམས་དབོག་ཏུ་རུང་བའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་ཉི་མའི་འོད་ཟེར་ལས་35གསུངས་པ་དེ་ཡང་བསྒྲུབ་བྱ་ཁྱད་ཆོས་གསུམ་ལྡན་གསུངས་པ་ནི། ཁྱབ་མཐའ་བཅད་པ་ཡིན་མིན་ཡང་བརྟག་དགོས་ལ། དམ་ཆོས་འདུལ་བར་དགོས་དགོས་མང་ལ་ཁྱབ་པ་ཉུང་ཞེས་ཡོངས་སུ་གྲགས་པའི་ཕྱིར་རོ། །ཚུལ་འདིས་དབང་བསྐུར་བ་ལ་ཡང་རུང་མཐུན་སྦྱར་ན་ཅིའི་ཕྱིར་མི་འགྲིག །དྲ་བརྙན་བརྒྱུད་དབང་བསྐུར་བའི་གདུལ་བྱ་ལ་སྣོད་ལྡན་ཁྱད་པར་ཅན་མེད་ཅེས་སུ་ཞིག་གིས་སྨྲ་ཐུབ།
དགེ་འདུན་སྡེ་གཉིས་ཀྱིས་དགེ་སློང་མ་ཨུཏྤ་ལའི་མདོག་ཅན་འཕྲིན་དུ་བཏང་ནས། གྲོང་ཁྱེར་མཉན་ཡོད་དུ་ཆོས་སྦྱིན་མ་འཕྲིན་གྱི་སྒོ་ནས་བསྙེན་པར་རྫོགས་ཚུལ་ནི། ལེགས་པར་གསུངས་པའི་དམ་པའི་ཆོས་འདུལ་བའི་གླེང་གཞི་དང་རྟོགས་པ་བརྗོད་པ། ལུང་སྡེ་བཞི་ཀུན་ལས་བཏུས་པ་རིན་པོ་ཆེའི་མཛོད་36ལས། བཅོམ་ལྡན་འདས་མཉན་ཡོད་ན་བཞུགས་སོ། །ཞེས་པ་ནས། ཆོས་སྦྱིན་མ་ཆེར་སྐྱེས་པ་དང་དེ་རབ་ཏུ་འབྱུང་བར་འདོད་ནས་ཕ་ལ་ཞུས་པས། ཁྱོད་ས་ག་ལ་སྔར་བཏང་ཟིན་ཏེ། དེ་ཁྱོད་ཀྱི་ཁྱིམ་ཐབ་ཡིན་པས་ངས་གནང་དུ་མི་རུང་ངོ༌། །ཁྱིམ་དེར་དགེ་སློང་མ་ཨུཏྤ་ལའི་མདོག་དུས་དུས་སུ་འོངས་ནས་ཆོས་སྟོན་པ་ལ། ཆོས་སྦྱིན་མས། འཕགས་མ། བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པར་འདོད་ན། ཕས་མ་གནང་སྟེ་ཕྱིར་འབྱུང་དུ་མི་སྟེར་ན། ཁྱོད་ཀྱིས་འདི་ཉིད་དུ་རབ་ཏུ་མི་དབྱུང་ངམ་ཞེས་སྨྲས་པས། བུ་མོ། ལེགས་ཏེ། བཅོམ་ལྡན་འདས་ཀྱིས་འདོད་པ་བསྟེན་པ་ལ་ཉེས་དམིགས་ལྔ་དང༌། རབ་ཏུ་བྱུང་བ་ལ་ཕན་ཡོན་ལྔ་གསུངས་པས། ངས་བཅོམ་ལྡན་འདས་ལ་ཞུའོ་ཞེས་སྨྲས་ནས། སྟོན་པའི་དྲུང་དུ་སོང་སྟེ་ཞུས་པས། སྟོན་པས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཁྱོད་སོང་ལ་དགེ་སློང་མ་དག་ལ་འདི་སྐད་སྨྲོས་ཤིག །ཆོས་སྦྱིན་མ་ཁྱིམ་དེ་ཉིད་དུ་ཨུཏྤ་ལའི་མདོག་འཕྲིན་པར་བཏང་ནས་སྐྱབས་སུ་འགྲོ་བ་གསུམ་དང༌། བསླབ་པའི་གཞི་ལྔ་བྱིན་ལ། གནས་དེ་ཉིད་དུ་རབ་ཏུ་དབྱུང་བར་ངས་གནང་ངོ༌། །དེ་ནས་ཀུན་དགའ་བོས་དགེ་སློང་མ་རྣམས་ལ་བསྒོ་བས། དགེ་སློང་མ་རྣམས་ཀྱིས་ཀྱང་ཨུཏྤ་ལའི་མདོག་འཕྲིན་པར་བཏང་སྟེ། དགེ་བསྙེན་མ་དང་དགེ་ཚུལ་མའི་བསླབ་པ་བྱིན་ནས། ཁྱོད་ཀྱིས་འདི་ལ་བསླབ་པར་བྱའོ་ཞེས་སྨྲས་པ་དང༌། དེ་རབ་ཏུ་དགའ་བ་སྐྱེས་སོ། །ཨུཏྤ་ལའི་མདོག་གིས་བདེན་བཞི་བསྟན་པ་ཆོས་སྦྱིན་མས་ཐོས་མ་ཐག་རྒྱུན་ཞུགས་ཐོབ། དེ་སྟོན་པ་ལ་གསོལ་བ་དང༌། ཀུན་དགའ་བོ། ཁྱོད་སོང་ལ་དགེ་སློང་མ་རྣམས་ལ། ཆོས་སྦྱིན་མ་ཨུཏྤ་ལའི་མདོག་འཕྲིན་པར་ཐོངས་ལ། ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་གི་བསླབ་པ་བྱིན་ཅིག་ཅེས་སྒོས་ཤིག །དེས་དགེ་སློང་མ་རྣམས་ལ་བསྒོས་ནས། དེ་རྣམས་ཀྱིས་ཀྱང་ཨུཏྤ་ལའི་མདོག་འཕྲིན་པར་བཏང༌། དེས་ཁྱོད་དགེ་སློབ་མར་གྱུར་གྱིས་བསླབ་པ་ལ་སློབས་ཤིག་ཅེས་བརྗོད་ཅིང་ཆོས་བསྟན་པས་ལན་ཅིག་ཕྱིར་འོང་ཐོབ་བོ། །ཆོས་སྦྱིན་མས་ལོ་གཉིས་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་ལ་བསླབ་པས་གཞོན་ནུ་མར་གྱུར་ཏོ། །ཞེས་པ་ནས་ཆོས་སྦྱིན་མ་འཕྲིན་གྱིས་དགེ་ཚུལ་མ་དང་དགེ་སློབ་མར་གྱུར་ནས། དེ་སང་བག་མར་གཏོང་འདོད་དེ། དེ་ནི་ཁྱིམ་དུ་གནས་པའི་སྐབས་མེད་དེ། དེ་ཕྱིར་མི་འོང་བ་དང༌། དགྲ་བཅོམ་པར་འགྱུར་རོ། །ཁྱོད་སོང་ལ་དགེ་སློང་མ་རྣམས་ལ། ཨུཏྤ་ལའི་མདོག་འཕྲིན་པར་བཏང་ནས་དེ་ལ་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་བྱིན་ཅིག །དེས་སོང་སྟེ་དེ་རྣམས་ལ་བསྒོས་ནས། དེ་རྣམས་ཀྱིས་ཨུཏྤ་ལའི་མདོག་འཕྲིན་པར་བཏང་སྟེ། ཁྱོད་ལ་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་གནང་གིས། ད་ཁྱོད་བསྙེན་པར་རྫོགས་པར་བྱའོ་ཞེས་བརྗོད་ཅིང༌། ཆོས་བཤད་པ་ཐོས་མ་ཐག་ཏུ་དེས་ཕྱིར་མི་འོང་ཐོབ་ནས་རྫུ་འཕྲུལ་བསྒྲུབས་སོ། །
དེ་ནས་ཨུཏྤ་ལའི་མདོག་སོང་ནས། སྟོན་པ་ལ་གསོལ་བ་དང༌། ཀུན་དགའ་བོ། ཁྱོད་སོང་ལ་དགེ་འདུན་སྡེ་གཉིས་ཀྱིས་ཨུཏྤ་ལའི་མདོག་འཕྲིན་པར་ཐོང་སྟེ་ཆོས་སྦྱིན་མ་བསྙེན་པར་རྫོགས་པར་གྱིས་ཤིག་ཅེས་སྒོས་ཤིག །དེས་དགེ་སློང་མ་རྣམས་ལ་བསྒོས་པས་དེ་རྣམས་ཀྱིས་དགེ་འདུན་སྡེ་གཉིས་ཀ་བསྡུས་ནས་བསྙེན་པར་རྫོགས་པར་བྱས་ཏེ། ཨུཏྤ་ལའི་མདོག་འཕྲིན་པར་བཏང་ནས་དེས། བསྙེན་པར་རྫོགས་པར་བྱས་སོ་ཞེས་བརྗོད་ཅིང༌། ཆོས་བཤད་པས་དགྲ་བཅོམ་མར་གྱུར་ཏོ། །ཞེས་དེའི་རྒྱུ་དང་རྐྱེན་ལ་སོགས་པ་མང་དུ་གསུངས་སོ། །
འདི་ལའང་དྲ་འབུ་ལང་ཤོར་ཁ་ཅིག །འཕྲིན་གྱིས་བསྙེན་པར་རྫོགས་པའི་སློབ་མ་ལ་ཚེ་འདིར་མཐོང་ལམ་སྐྱེ་རུང་ཡན་ཆད་དགོས་པ་དང་སོགས་བྱིས་པ་བློའི་ཤེད་མ་ཕྱེ་བའི་ཀླན་ཀ་ལྟ་བུ་ཧ་ཅང་ཞིབ་མོར་རློམ་པའི་ཁུལ་གྱིས་མུན་ནག་མདའ་འཕེན་གྱིས་ཕ་རོལ་པོ་འགོག་པའི་རྩོམ་པ་ལྷུར་ལེན་པ་ནི། ངེས་པར་དུ་ཡིད་ཕྲག་དོག་གིས་རང་དབང་མེད་པར་བྱས་པ་གདོན་མི་ཟ་བས་གསལ་བཤད་བྱས་ཀྱང་ཕན་རེ་བྲལ་མོད། གཟུ་བོར་གནས་པ་ཞིག་ཡིན་ན་ནི། དམ་ཆོས་འདུལ་བའི་ལག་ལེན་དོག་མཐའ་བྱེད་པ་ཤུགས་ཆེ་ཡང་། ངེས་པར་དུ་ལས་འཆགས་པ་ལ་ནི། འཕྲིན་གྱིས་བསྙེན་པར་རྫོགས་པ་ལྟ་བུ་དགག་དགོས་ཁྱད་པར་ཅན་གྱི་དབང་གིས་བསྒྲུབ་བྱ་མཐོང་བའི་ཉེ་འཁོར་དུ་མི་དགོས་པར་གསུངས་སོ། །
གཞན་ཡང་། འདུལ་བའི་མདོ་ལས་གསུངས་པ་ལྟར། བཅོམ་ལྡན་འདས་ཀྱིས་རྒྱ་གར་མཉན་ཡོད་ནས་སིང་ག་ལའི་རྒྱལ་པོའི་སྲས་མོ་མུ་ཏིག་ཅན་མའི་བསམ་པ་མཁྱེན་ཅིང་། ཚོང་བ་དག་ལ་བཅོམ་ལྡན་འདས་ཀྱི་སྐུའི་གཟུགས་བརྙན་གྱི་འོག་ཏུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་ལྔ་རྣམས་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་པོ་ལུགས་དང་མཐུན་པ་དང་། ལུགས་དང་མི་མཐུན་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་བྲིས་ཤིང་། གོང་དུ་ཚིགས་སུ་བཅད་པ་གཉིས་པོ། བརྩམ་པར་བྱ་ཞིང་དབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །གང་ཞིག་རབ་ཏུ་བག་ཡོད་པས། །ཆོས་འདུལ་འདི་ལ་སྤྱོད་འགྱུར་བ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །ཞེས་བྲིས་ནས་བསྐུར་བས། བདེན་པ་མཐོང་ཚུལ་སོགས་ཞིབ་པར་རྩོད་པ་ཞི་བར་བྱེད་པའི་གཞིའི་སྐབས་ཀྱི་བཀའ་འགྱུར་འདུལ་བ་37 ལས་གསུངས་ཤིང་། རྟོགས་བརྗོད་དཔག་བསམ་འཁྲི་ཤིང་ཡལ་འདབ་བདུན་པ་མུ་ཏིག་འཁྲི་ཤིང་གི་རྟོགས་པ་བརྗོད་པ་ལས་ཀྱང་38ཞིབ་པར་གསུངས་པ་འདི་དང་འདི་ལྟ་བུ་ནི། མཉན་ཡོད་ནས་སིང་ག་ལའི་གླིང་ལྟ་བུ་གླིང་མི་གཅིག་པའི་ཡུལ་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཕྲིན་གྱི་སྒོ་ནས་མཛད་པ་མཛད་པ་དོན་ཡོད་པ་གསལ་བར་སྣང་བ་འདི་དག་གིས་གསང་སྔགས་ཀྱི་སྐབས་འདིར་ཡང་། དེ་དང་རིགས་འདྲ་བར་དམིགས་བསལ་ངེས་པར་ཡོད་དགོས་པའི་དོན་ཡིན་པ་བལྟས་པ་ཙམ་གྱིས་ཤེས་པས། དཔེ་དྲངས་པ་མི་འཐད་པའི་སྒྲུབ་བྱེད་དུ་དཔེ་དོན་གཉིས་ལ་མི་འདྲ་བའི་ཆ་འགའ་ཞིག་ཡོད་པ་བཀོད་ནས་ངོམ་སོ་བྱེད་པ་ཁྱོད་ནི་རིགས་པ་སྨྲ་བའི་ཡང་རྩེ་ཞིག་སྟེ། དགོངས་འགྲེལ་ལས། ཀུན་བཏགས་ཀྱི་དཔེར་ནམ་མཁའི་མེ་ཏོག་བཀོད་པ་ལ། ཀུན་བཏགས་ཡོད་ལ་ནམ་མཁའི་མེ་ཏོག་མེད་པས་མི་འཐད་དོ་ཞེས་སངས་རྒྱས་བཅོམ་ལྡན་འདས་ལའང་སྐྱོན་ཐོངས་ཤིག་དང་། མཁས་པའི་ཅོད་པན་འཐོབ་པར་འགྱུར་རོ། །དེས་ན་ཁྱོད་ཀྱིས་མགོ་མཇུག་ཀུན་ཏུ་སྨྲས་པ་ནི་འདི་འདྲ་བ་ཤ་སྟག་སྟེ། མཐུན་ཕྱོགས་ལ་མཐོང་བ་ཙམ་གྱིས་རྗེས་ཁྱབ་དང་། མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་ལྡོག་ཁྱབ་གྲུབ་པར་འདོད་པའི་རིགས་ལམ་སྨྲ་བ་ཁྱོད་ནི་ཡ་མཚན་སྟེ། སྙིང་རྗེ་བའི་ཡུལ་འབའ་ཞིག་གོ །
ཡང་ཁ་ཅིག་གིས། དེ་ལྟར་གནང་ན་སྟག་མཆོངས་སར་ཝ་མཆོངས་ནས་རྐེད་པ་ཆག་པར་འགྱུར་བས་མི་ལེགས་ཞེས་ཧ་ཅང་སེམས་ཁུར་ཆེ་མདོག་གིས་སྨྲ་བའི་ཁུལ་བྱེད་དོ། །དེ་ལ་འོ་ན། སྟོན་པ་བཅོམ་ལྡན་འདས་རྡོ་རྗེ་འཆང་གི་རྣམ་པར་བསྟན་ནས་རིག་མ་དང་མཉམ་པར་སྦྱོར་བ་དང་། སློབ་དཔོན་ཐུགས་རྗེ་ཅན་སོགས་ཀྱིས་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་པའང་མི་ལེགས་པར་ཐལ། རང་ཉིད་ལ་རྟོགས་པའི་གདེང་དྲོད་ཅི་ཡང་མེད་པར་དེ་དག་གི་ལད་ཟློས་ཀྱིས་སྟག་མཆོངས་སར་ཝ་མཆོངས་ནས་རྐེད་པ་ཆག་པར་འགྱུར་བ་མང་བའི་ཕྱིར། མཐར་གཏུགས་ན་སྟོན་པས་ཆོས་འཁོར་བསྐོར་བའང་མི་ལེགས་པར་འགྱུར་བར་ཐལ་བས་རི་བོང་གནམ་རྡིབ་ཀྱི་དོགས་པས་རང་ཉིད་ཕུང་བར་མ་བྱེད་ཅིག །
སྙིང་རྗེའི་བདག་ཉིད་འཕགས་མཆོག་སྤྱན་རས་གཟིགས། །
སྡོམ་བརྩོན་ངུར་སྨྲིག་འཛིན་པའི་ཟློས་གར་གྱིས། །
འཛམ་གླིང་ས་ཆེན་ཐུབ་བསྟན་འཛིན་པའི་གཙོར། །
ལྷམ་མེ་ལྷན་ནེར་བསྐལ་བརྒྱར་བཞུགས་སུ་གསོལ། །
ཨ་མ་འདྲེར་མཐོང་ལོག་ལྟའི་གཅོང་རོང་ན། །
སྨོན་ལམ་ལོག་པའི་བློ་ཅན་བྱིས་པ་འགའ། །
སྨྱོན་པའི་གར་འཁྲབ་ཅ་ཅོའི་གཏམ་སྨྲ་བ། །
ཤིན་ཏུ་བརྩེ་བའི་སྙིང་རྗེའི་ཡུལ་དུ་འོས། །
ཤིན་ཏུ་ཉམ་ཆུང་སྙིགས་དུས་གདུལ་དཀའི་འགྲོར། །
ཕྱིར་ཞིང་བརྩེ་བས་འཛུམ་གྱིས་མངོན་གཟིགས་ཏེ། །
ཐབས་མཁས་ཐུགས་རྗེས་ཟབ་གསུང་བདུད་རྩིའི་ཆར། །
ལྷུན་གྲུབ་རྒྱུན་མི་ཆད་པའི་གསོལ་བ་འདེབས། །
བོད་རྒྱལ་ལོ་༢༡༤༧ ཕྱི་ལོ་༢༠༢༠ ཟླ་༦ ཚེས་༡༠ ལ།
དཔྱད་མཆན།
1. བཀའ་འགྱུར་དཔེ་བསྡུར་མ། རྒྱུད་འབུམ། ཐ༽ ཤོག་ངོས་༤༦༢ ན་གསལ།
2. བསྟན་འགྱུར་དཔེ་བསྡུར་མ། རྒྱུད་འགྲེལ། ཉུ།༽ ཤོག་ངོས་༨༤༣ ན་གསལ།
3. སློབ་དཔོན་ཨ་བྷྱ་ཀ་རས་མཛད་པ།བསྟན་འགྱུར་དཔེ་བསྡུར་མ། རྒྱུད་འགྲེལ་ཕུ༽ ཤོག་གྲངས། ༡༧༠ ན་གསལ།
4. རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་དཔེ་ཚོགས། རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་གསུང་འབུམ་པོད། ག༽ ཤོག་ངོས་༡༧༣ ནས་༡༧༥ བར་གསལ།
5. བཙུན་པ་ཚུལ་ཁྲིམས་རིན་ཆེན་གྱི་གསུང་འབུམ།ཏ༽ རྣམ་པར་དཔྱོད་ལྡན་ནས་སོམ་ཉིའི་གནས་ཀྱི་གསུང་ལན་དབང་པོའི་ཟླ་རིས། སྡེ་དགེ་དཔེ་རིང་། ཤོག་ངོས་༡༣༩ ན་གསལ།
6. འབྲུག་པ་པདྨ་དཀར་པོའི་གསུང་འབུམ། པོད་ན༽ ལེ་ཚན་ཚ།བརྟག་གཉིས་འཆད་པ་རྣམས་ལ་དྲིས་པ། ཤོག་ངོས་༡ ན་གསལ།
7. ཀཿཐོག་དམ་པ་བདེ་གཤེགས་(༡༡༢༢-༡༡༩༣) ཀྱི་རྣམ་ཐར་གྲུབ་མཆོག་རྗེས་དྲན། ཁོང་གི་ཞལ་སློབ་དགེ་སློང་ལྡིང་པོས་མཛད་པ། ཀཿཐོག་དཔར་མ་ཤོག་ངོས་༢༤ ན་གསལ།
8. ཇོ་ནང་ཆོས་འབྱུང་ཟླ་བའི་སྒྲོན་མེ། རྩོམ་པ་པོ། ཛམ་ཐང་མཁན་པོ་བློ་གྲོས་གྲགས་པ། ཕྱི་ལོ་ ༡༩༩༢ ལོར་མཚོ་སྔོན་མི་རིགས་པར་ཁང་གི་དཔར་མ། ཤ་པ༽ ཤོག་ངོས་༢༦ ན་གསལ།
9. ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་གསུང་འབུམ་པོད་དགུ་པ། ཤོག་ངོས་༨༨ ན་གསལ།
10. གུ་བཀྲའི་ཆོས་འབྱུང་།ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གི་དཔར་མ། ཤོག་ངོས་༢༢༠ ན་གསལ།
11. གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་རྣམ་ཐར་དད་པའི་ཤིང་རྟ། ཁོང་གི་གཅུང་སྨིན་གླིང་ལོ་ཆེན་དྷརྨ་ཤྲཱིས་(༡༦༥༤-༡༧༡༨) མཛད་པ། སྔ་འགྱུར་སྨིན་གླིང་དཔེ་ཚོགས་པོད་གཉིས་པ། སྨིན་གླིང་དཔེ་རྙིང་འཚོལ་སྡུད་ཁང་ནས་བསྒྲིགས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གི་དཔར་མ་ཤོག་ངོས་༩༣ ན་གསལ།
12. གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་རྣམ་ཐར་དད་པའི་ཤིང་རྟ། ཁོང་གི་གཅུང་སྨིན་གླིང་ལོ་ཆེན་དྷརྨ་ཤྲཱིས་(༡༦༥༤-༡༧༡༨)མཛད་པ།སྔ་འགྱུར་སྨིན་གླིང་དཔེ་ཚོགས་པོད་གཉིས་པ། སྨིན་གླིང་དཔེ་རྙིང་འཚོལ་སྡུད་ཁང་ནས་བསྒྲིགས།བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གི་དཔར་མ། ཤོག་ངོས་༩༣ན་གསལ།
13. གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་རྣམ་ཐར་དད་པའི་ཤིང་རྟ། ཁོང་གི་གཅུང་སྨིན་གླིང་ལོ་ཆེན་དྷརྨ་ཤྲཱིས་(༡༦༥༤-༡༧༡༨) མཛད་པ། སྔ་འགྱུར་སྨིན་གླིང་དཔེ་ཚོགས་པོད་གཉིས་པ། སྨིན་གླིང་དཔེ་རྙིང་འཚོལ་སྡུད་ཁང་ནས་བསྒྲིགས།བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གི་དཔར་མ། ཤོག་ངོས་༢༥༦ན་གསལ།
14. དཔལ་སྔ་འགྱུར་རྙིང་མའི་བརྒལ་ལན་གྱི་སྐོར།དྲིས་ལན་ལུང་དང་རིགས་པའི་འབྲུག་སྒྲ།ཡེ་ཤེས་སྡེ་དཔེ་སྐྲུན་ཁང་གི་དཔར་མ། ཤོག་ངོས་༦༡༦ན་གསལ།
15. དཀོན་མཆོག་འགྱུར་མེད་ཀྱིས་མཛད་པ། ཤང་ཀང་ཐེ་མ་དཔེ་སྐྲུན་ཁང་གི་དཔར་མ་ཤོག་ངོས། ༢༠༠ ན་གསལ།
16. དཀོན་མཆོག་འགྱུར་མེད་ཀྱིས་མཛད་པ། ཤང་ཀང་ཐེ་མ་དཔེ་སྐྲུན་ཁང་གི་དཔར་མ་ཤོག་ངོས། ༢༡༣ ན་གསལ།
17. དཀོན་མཆོག་འགྱུར་མེད་ཀྱིས་མཛད་པ། ཤང་ཀང་ཐེ་མ་དཔེ་སྐྲུན་ཁང་གི་དཔར་མ་ཤོག་ངོས། ༢༡༥ ན་གསལ།
18. དཀོན་མཆོག་འགྱུར་མེད་ཀྱིས་མཛད་པ། ཤང་ཀང་ཐེ་མ་དཔེ་སྐྲུན་ཁང་གི་དཔར་མ་ཤོག་ངོས། ༢༤༣ ན་གསལ།
19. པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་རང་རྣམ།༡༩༩༠ ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་དཔར་མ། ཤོག་གྲངས་ ༥༦ ན་གསལ།
20. པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་རང་རྣམ།༡༩༩༠ ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་དཔར་མ། ཤོག་གྲངས་༨༢ ན་གསལ།
21. པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་རང་རྣམ།༡༩༩༠ ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་དཔར་མ། ཤོག་གྲངས་༨༢ ན་གསལ།
22. པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་རང་རྣམ།༡༩༩༠ ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་དཔར་མ། ཤོག་གྲངས་༡༧༡ན་གསལ།
23. པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་རང་རྣམ།༡༩༩༠ ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་དཔར་མ། ཤོག་གྲངས་༡༩༨ ན་གསལ།
24. པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་རང་རྣམ།༡༩༩༠ ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་དཔར་མ། ཤོག་གྲངས་༢༢༩ ན་གསལ།
25. དབལ་མང་པཎྜི་ཏའི་གསུང་འབུམ། དགའ་ལྡན་ཆོས་འཁོར་གླིང་གི་དཔར་མ། ཇ༽ ཤོག་གྲངས་༨༨ ན་གསལ
26. ཀུན་མཁྱེན་སྐུ་ཕྲེང་བཞི་པ་བསྐལ་བཟང་ཐུབ་བསྟན་དབང་ཕྱུག་གི་གསུང་འབུམ། ཞོལ་པར་ཁང་གི་དཔར་མ། པོད་ཀ༽ ཤོག་གྲངས་༤༤ ན་གསལ།
27. ཀུན་མཁྱེན་སྐུ་ཕྲེང་བཞི་པ་བསྐལ་བཟང་ཐུབ་བསྟན་དབང་ཕྱུག་གི་གསུང་འབུམ། ཞོལ་པར་ཁང་གི་དཔར་མ། པོད་ཀ༽ ཤོག་གྲངས་༤༦ ན་གསལ།
28. ཀུན་མཁྱེན་སྐུ་ཕྲེང་བཞི་པ་བསྐལ་བཟང་ཐུབ་བསྟན་དབང་ཕྱུག་གི་གསུང་འབུམ། ཞོལ་པར་ཁང་གི་དཔར་མ། པོད་ཀ༽ ཤོག་གྲངས་༤༨ ན་གསལ།
29. དཔལ་ཀྱཻ་རྡོ་རྗེའི་དབང་གི་ཆུ་བོ་ཆེན་མོའི་རྣམ་བཤད་བདེ་ཆེན་རྒྱ་མཚོ་དཔེ་རིང་། པོད།ཨ༽ ཤོག་ངོས་༥༤ ན་གསལ།
30. པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་གསུང་འབུམ། ༼པ༽ གྲུབ་པ་མཆོག་གི་ཤིང་རྟ་ཞེས་པར་གསལ།
31. ས་སྐྱ་ངག་དབང་ཀུན་དགའ་བསོད་ནམས་ཀྱི་གསུང་འབུམ།ཡ༽ དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད། ས་སྐྱ་རྒྱལ་ཡོངས་སློབ་གཉེར་ཁང་ནས་འགྲེམ་སྤེལ་བྱས་པ་དཔེ་རིང་། ཤོག་ངོས་༢༢ ན་གསལ།
32. དཔལ་སྔ་འགྱུར་རྙིང་མའི་བརྒལ་ལན་གྱི་སྐོར། དྲིས་ལན་ལུང་དང་རིགས་པའི་འབྲུག་སྒྲ། ཡེ་ཤེས་སྡེ་དཔེ་སྐྲུན་ཁང་གི་དཔར་མ།༦༢༢ ན་གསལ།
33. དཔལ་སྔ་འགྱུར་རྙིང་མའི་བརྒལ་ལན་གྱི་སྐོར། དྲིས་ལན་ལུང་དང་རིགས་པའི་འབྲུག་སྒྲ། ཡེ་ཤེས་སྡེ་དཔེ་སྐྲུན་ཁང་གི་དཔར་མ།༧༠༧ ན་གསལ།
34. གྲུབ་ཆེན་ཨོ་རྒྱན་པའི་རྣམ་ཐར། རྩོམ་པ་པོ། བསོད་ནམས་འོད་ཟེར། གངས་ཅན་རིག་མཛོད། ཕྱི་ལོ་ ༡༩༩༧ ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་པར་སྐྲུན་ཞུས། ཤ ༢༨ ན་གསལ།
35. འདུལ་ཊཱིཀ་ཉི་མའི་འོད་ཟེར། ཀུན་མཁྱེན་མཚོ་སྣ་བ་ཆེན་པོ་ཤེས་རབ་འོད་ཟེར་གྱིས་བརྩམས། ཕྱི་ལོ་༢༠༠༡ལོར་འབྲས་བློ་གླིང་དཔེ་མཛོད་ཁང་གི་དཔར་མ། ཤོག་ངོས་༤༨ ན་གསལ།
36. རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་དཔེ་ཚོགས། རྒྱལ་དབང་དགེ་འདུན་གྲུབ་པའི་གསུང་འབུམ་པོད། འདུལ་བའི་གླེང་འབུམ། སྟོད་ཆ། ཀ པ༽ ཤོག་ངོས་༨༥ ན་གསལ།
37. བཀའ་འགྱུར་དཔེ་བསྡུར་མ། འདུལ་བ། ག༣ ཤོག་ངོས་༥༣༨ ན་གསལ།
38. བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་འཁྲི་ཤིང་། རྒྱལ་པོ་དགེ་བའི་དབང་པོས་མཛད། ཤོང་སྟོན་རྡོ་རྗེ་རྒྱལ་མཚན་སོགས་ཀྱིས་བསྒྱུར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་དཔར་མ། ཤོག་ངོས་༡༧ ན་གསལ།
རྒྱུད་ལུང་འབུམ་སྡེའི་མངའ་བདག་༧གོང་ས་ཆེར།།
ཇག་བརྒྱུད་ལས་མཐའ་ལོག་པའི་ཕུང་གསུམ་པ།།
ཁྲོན་སྦལ་ན་རཀ་དམྱལ་བར་ཆས་པ་ལ།།
སྡིག་པའི་བྲེ་ཁ་མ་ཁེངས་ཨོ་སྟོབས་པས།།
ཕྲག་དོག་དུག་ཆུའི་ཟེགས་པ་འཐོར་བའི་ལན། །
བདུད་རྩི་སྨན་གྱི་སྦྲང་ཆར་ཕབ་ཀུན་ལས།།
འདི་ཉིད་ཁོ་ན་ཨ་རུ་རྣམ་རྒྱལ་མཚུངས།།
དེ་བས་ཉེས་བཤད་འགོག་པོར་ལེགས་སོ་ཞུ།།