དྲི་མེད་ལྷག་བསམ།
ཀ་ར་བུ་རམ་དོན་དུ་འབུ་སྦྲང་རིགས་གསོད་དགོས། །
ཁུ་བ་སྐོལ་བའི་དོན་དུ་ཕྲ་འབུའི་རིགས་བསྲེག་དགོས། །
གུར་གུམ་བཟང་དྲུག་དོན་དུ་གནོད་འབུའི་རིགས་ཁྱུ་གསོད། །
ང་རྒྱལ་དཀར་ཟས་མཁན་པོས་གནས་ལུགས་ཤིག་མི་རྙེད། །
ཅ་ནེ་ལག་ཏུ་བླང་བ་སྲེད་པ་ཡི་འགུལ་ཤུགས། །
ཆ་ལུགས་སྣ་ཚོགས་བྱ་བ་ལེན་པ་ཡི་གར་སྟབས། །
ཇ་ཆང་གང་ཞིག་འཐུང་ཡང་སྲེད་ལེན་ལས་མ་འདས། །
ཉ་ཉུང་ཅི་ཞིག་ཟོས་ཀྱང་སྲིད་པ་ཡི་རྩ་བ། །
ཏཱ་ཐ་ག་ཏས་དག་པའི་ཤ་ཟས་ཀྱི་གནང་བ། །
ཐ་ཆད་འགའ་རེས་ལྷས་སྦྱིན་བརྟུལ་ཞུགས་དང་བརྗེས་ཏེ། །
ད་ནི་རྒྱལ་བའི་བཀའ་ཡང་ལོག་པ་རུ་འགྲེལ་བའི། །
ན་ནིང་ད་ལོའི་རྒྱ་བླའི་དབུ་འཕང་དེ་ཇེ་མཐོ། །
པ་སངས་ལྷག་པའི་དཀར་ཟས་དུས་ཁྲིམས་དེ་ལེགས་མོད། །
ཕ་རོལ་ཤ་ཟན་ཐམས་ཅད་ཁྱད་གསོད་ཅིག་མ་གནང་། །
བ་འབྲི་འབུ་སྲིན་དབྱེ་བ་ཕྱོགས་རེ་བའི་སྙིང་རྗེ། །
མ་རྒན་སུ་ཞིག་བསད་ཀྱང་དྲིན་ལན་ནི་ལོག་འཇལ། །
ཙཱ་རིའི་འབུ་རིགས་ཟ་བའི་ཀློ་བ་ཡི་རིགས་ལ། །
ཚ་བའི་ཡུལ་གྱི་མཐའ་འཁོབ་ལྐུགས་པ་ཞེས་སྨོད་གྱིན། །
ཛ་དྲག་གཡོ་སྒྱུས་དཀར་ཟས་ཆེ་བརྗོད་ཀྱི་འུད་མོ། །
ཝ་སྐྱེས་ཚོས་ཀྱིས་བསྒྱུར་བའི་གནའ་སྒྲུང་ལས་མ་འདས། །
ཞྭ་གོས་ཐོབ་ཐང་རྩོད་པ་བསྟན་དོན་ལ་ཞལ་བསྒྱུར། །
ཟྭ་ཚོད་འབུ་རིགས་བཟའ་བ་འདུལ་ཁྲིམས་ལ་ལོག་འགྲེལ། །
འུ་ཅག་བོད་པའི་ཁ་བདེ་ཆོས་པ་ཡི་གཡོ་སྒྱུས། །
ཡ་མཚན་རྒྱལ་བསྟན་རྟགས་ཙམ་འཛིན་པའི་སར་སྐྱེལ་ཉེ། །
རྭ་ལོའི་ཤ་ཆང་བུད་མེད་གསང་སྔགས་ཀྱི་ཆེ་བ། །
ལ་སྟོད་མི་ལས་དམ་ཚིག་རྫས་མཆོག་ཏུ་བཞེད་པ། །
ཤ་ཟན་དགྲ་རུ་འཛིན་པའི་མིག་ལམ་ལ་མི་མཛའ། །
ས་ཐོབ་སེམས་དཔའི་བཞེད་པ་གད་སྙིགས་སུ་འདོར་ཉེ། །
ཨ་ལ་ལ་སྟེ་ལོག་པའི་ལྟ་བ་ལ་མཐའ་མེད། །
ཧ་ལམ་དཀར་ཟས་མཁན་པོར་བདེན་པ་ཡང་ཡོད་སྲིད། །
ཨ་རེ་དམ་པའི་གསུང་ལ་ལེགས་ཆ་རེ་ལོས་ཡོད། །
ཧ་ཧ་སྨྱོན་པ་ང་ཡི་གཏམ་འཆལ་འདིར་དོན་མེད། །
ཞེས་དཀར་ཟས་ལ་དགའ་བ། དཀར་ཟས་པ། ཆེན་པོའི་དཔུང་དང་། མཐོན་པོའི་རྒྱབ་སྐྱོར་མེད་ཀྱང་གཅིག་པུར་སྤྲོ་ཡལ་ལེ། ངོ་འཛིན་གྱི་སྤྲོས་པ་མེད་པ། དྲང་བདེན་གྱིས་མི་ཚེ་སྐྱེལ་ལ་དགའ་བའི་དྲི་མེད་མིང་གིས་ཀུ་རེ་དང་དོན་དམ་འབྲེལ་བའི་གླུ་འདི་སྐར་མ་ལྔའི་ཡུན་ལ་བྲིས་ཏེ་ཕུལ།
དགེ་སློང་གིས་དམིགས་ཤ་སྤོངས། །
དགེ་ཚུལ་གྱིས་ཁྲོམ་ཤ་སྤོངས། །
དགེ་བསྙེན་གྱིས་སྡེར་ཤ་སྤོངས། །
སྔགས་འཆང་གིས་མི་ཤའང་མཆོད། །
ཧ་ཧ། ཨེ་མ་ཧོ།།
རྒྱ་རིགས་རྒྱུ་བདག་ཆེན་མོའི་ངོ་སྲུང་གི་ཆེད་དུ།
རྒྱ་བླ་རྒྱུ་མགོ་ཅན་ཚོས་དཀར་ཟས་ལ་རོལ་ཀྱང་།
སྡིག་པ་མེད་པའི་ཟས་ཤིག་རག་གྱི་ལས་ལྡོག་ཏེ།
སྡིག་ཆེན་བཀོར་ཟས་ཉིས་བརྩེགས་རག་ཐབས་ཀྱི་དོན་རེད།།
རྒྱ་བླ་རྒྱུ་མགོ་ཅན་ཚོས་རྒྱ་སྒོར་གྱི་ཆེད་དུ།
དམར་ཟས་སྤང་བའི་ཟློས་གར་བོད་ཡུལ་དུ་འཁྲབ་དུས།
ཤ་ཟ་གདོང་དམར་བོད་ཀྱི་འབྲོག་པ་ཡི་འཚོ་བ།
རྩ་སྟོང་འགྲོ་བའི་ཉེན་ཁ་རྒྱ་བླ་ཚོས་བསྐྲུན་ཡོད།།
རང་ལ་ཁབ་གཅིག་ཚུགས་དང་དྲི་ཅོ་གཉིས། །གཞན་གྱི་སྲོག་གི་སྡུག་བསྔལ་མི་ཤེས་སམ། །རང་གི་ལྕེ་ཡི་བྲོ་བ་ཙམ་གྱི་ཆེད། །གཞན་གྱི་ཤི་སྡུག་མི་བསམ་ཨ་ཙ་མ།།
རྒྱ་ནག་བླ་མ་ཚོར་འདི་ལྟར་ཟུར་ཟ་བྱེད་ཆོག་ན། རྒྱ་སེར་བླ་མ་ཚོ་ལའང་གཅིག་མཚུངས་ཀྱི་ལྟ་སྟངས་ཡོད་དགོས། སྐར་ལྔའི་རིང་གི་ཀ་རྩོམ་གཞན་ཞིག་རྩོམ་གནང་ཡོད་པ་ཞུ།
ཁྲ་སྡིག་ཅན་པོ་ལ་བྱེའུ་གཅིག་བསད་པའི་སྡིག་པ།
བྱེའུ་སྡིག་མེད་པོ་ལ་འབུ་སྟོང་བསད་པའི་སྡིག་པ།
་
གོང་གསལ་དེ་ལ་དྭགས་པའི་བླ་མ་བློ་བཟང་བསྟན་འཛིན་གྱིས་ཞར་བྱུང་དུ་གསུངས་པ་དེ། བྱང་ཆུབ་སེམས་དཔའ་ཚོང་པ་ཁ་ཆེ་ནོ་ནོ་གསན་འདུག ནོ་ནོའི་ཐུགས་དགོངས་ལ་འདི་ནི་ང་རང་ལ་དམིགས་ནས་གསུངས་འདུག་ཅེས་གསུངས། ཁ་ཆེ་ནོ་ནོ་རབ་ཏུ་བྱུང་བའི་མཚན་ལ་བླ་མ་ཚུལ་ཁྲིམས་ཉི་མ་ཞེས་གསོལ། བླ་མ་ཚུལ་ཁྲིམས་ཉི་མའི་རྣམ་ཐར། གང་གི་སློབ་མ་གནས་བརྟན་ཚུལ་ཁྲིམས་རྡོ་རྗེས་བརྩམས་པ་༧རྒྱལ་བ་རིན་པོ་ཆེ་བཅུ་གཅིག་པའམ་བཅུ་གཉིས་པའི་ཡོངས་འཛིན་འཕུར་ལྕོགས་བྱམས་པ་རིན་པོ་ཆེས་ཞུས་དག་མཛད་པ་ན། ལེའུ་རེ་རེ་བཞིན་བར་སྐབས་སུ་ཚིགས་སུ་བཅད་པ་དག་ན། བླ་མ་ཚུལ་ཁྲིམས་ཉི་མ་ལ་སངས་རྒྱས་ཡིན་པའི་བསྟོད་བསྔགས་མཛད་དོ།
ཐ་ཆད་འགའ་རེས་ལྷས་སྦྱིན་བརྟུལ་ཞུགས་དང་བརྗེས་ཏེ། ། སྡེ་དགེ་བཀའ་འགྱུར་ཆེད་དུ་བརྗོད་པའི་ཚོམས་ཀྱི་འགྲེལ་པ་ན་ཡང་མ་དག་པ་ལྷས་སྦྱིན་ཞེས་ཡོད་ཀྱང་། དག་པར་འབྲི་ན། ལྷས་བྱིན། ཞེས་དགོས་ཏེ། སྐད་དོད་དུ། རྒྱ་གར་སྐད་དུ། དེ་བ་ད་ཏྟ། ཞེས་མཆིས་སོ།
མཁས་དབང་ཇས་ཀེས།
སྦྱིན། བྱིན། སྦྱིན། བྱིན། ཅེས་ད་ལྟ་འདས་མ་འོངས་བསྐུལ་ཚིག་ལ་ཡོད་ཀྱང་། བོད་རྒྱ་ཚིག་མཛོད་ན། དེ་དག་ལ། སྦྱིན། བྱིན། སྦྱིན། སྦྱིན། ཅེས་ཡོད་ཀྱང་གང་དག་པ་ཡིན། སྔར་གྱི་མཁས་པས་བྲིས་པའི་དཔེ་ཆ་དག་ལ་བལྟས་ཏེ། བློ་ལ་ངེས་དགོས་པས། དེ་བཞིད་བརྟག་དཔྱད་ལ་འབད་དོ།
སྦྱིན། བྱིན། སྦྱིན། བྱིན།
འདི་དག་པ་རེད།
སྦྱིན། བྱིན། སྦྱིན། སྦྱིན།
འདི་མ་དག་པ་རེད།
སྦྱིན་པ་པོས། སྦྱིན་བྱའི་རྫས། སློང་ལ་བྱིན་ཟིན། བྱིན་མ་ཟིན་ན། ད་སྦྱིན་ཅིག ལྟ་བུའོ།།
ཞང་བོད་གངས་རིའི་ལྗོངས་ཀྱི་ཕ་མེས་ཡང་མེས་ཀྱི་སྐད་ངག་སྙན་མོའི་འགྱུར་ཁུག་གི་ཀློང་དུ། རྒྱ་དཀར་ནག་གི་སྐད་འཁྱར་དེ་ཚོ་ལྷག་རབས་དང་རྩ་ཆེ་རབས་བཤད་ནས་བསྲེས་སླད་གང་བྱུང་མང་བྱུང་བྱེད་པ་ནི་བསྟན་པ་བཤིགས་པ་ལ་སྟ་རེ་མི་དགོས་པའི་དཔེ་ལྟར་མ་ཡིན་ནམ་ལགས། ལྷག་པར་དུ་བོད་སྐད་ལུགས་ཀྱི་སྙན་ངག་གཙང་མ་ཞིག་འབྲི་འདོད་ན་གཞན་གྱི་སྐད་རོ་བསྲེས་སླད་བྱེད་པའི་ལམ་ལུགས་སྔར་ནས་ཡོད་པ་དེ་དག་ཉུང་དུ་བཏང་ན་ཅི་འདྲ་ཡོང་ས་རེད་བསམ་བློ་རེ་ཐོངས་དང་གྲོགས་པོ་ཚོ། །
བོད་ས་རང་གི་སྙན་དངགས་ལ། གླིང་དྲུང་དང་། མི་ལའི་རྣམ་ཐར། རྒྱལ་མཆོག་དྲུག་པའི་མགུལ་གླུ་དེ་ཚོའི་ནང་ལ་མང་། ལེགས་སྦྱར་རྒྱན་གྱི་བསྟན་བཅོས་ཀྱིས་ཁ་བརྒྱན་པ་ནི། ཇེ་ཆེ་ཇེ་ལེགས་སུ་སོང་བ་ལས། བསྲེས་སླད་དུ་གྱུར་པ་ཅང་ཨ་ཡིན་སྙམ་ལགས།
རྒན་ལ་དྭགས་པ་དང་ཀ་རྡོ་གཉིས་ལ་ཐུགས་རྗེ་ཆེ་ཞུ།
གོང་གི་ཀ་བཤད་དེ་ལྷག་བསམ་ཡིན་མོད། སྦྱོར་བས་ཕོག་ཐུག་སོང་ཡོད་སྲིད་ན་དགོངས་དག་ཞུ། ཕྲན་དཀར་ཟས་ལ་དགའ། དཀར་ཟས་སྤེལ་མཁན་ཞིག་ཀྱང་ཡིན། འོན་ཀྱང་འགའ་ཞིག་གིས་དམར་ཟས་ཟ་མཁན་ལ་མཐོང་ཆུང་བྱེད་པ། རྒྱལ་བའི་བཀའ་ལོག་པར་འགྲེལ་བ། རྒྱ་རིགས་ཀྱི་མདུན་ནས་དཀར་ཟས་པ་ཆོས་པ་ཡག་པོ་དང་། དམར་ཟས་པ་ཆོས་ལོག་ཡིན་ཞེས་རང་ཆེ་འབྱིན་ཞིང་། རང་ཕྱོགས་ཁོ་ན་དཀར་འདོན་བྱེད་པ། ཕྱི་ནས་ཆོས་ལུགས་ཡོངས་ལ་གུས་བཀུར་ཡོད་ཚུལ། ནང་ནས་རང་ཉིད་ཀྱི་ཕྱོགས་འབའ་ཞིག་ལས་གཞན་ལ་སྐྱོན་བརྗོད་ལྷུར་ལེན་པ། གཡོ་རྒྱུས་མཆོད་འོས་བསླུ་བའི་ལས་ཁོ་ན་ཐུགས་དམ་ཀྱི་དྭངས་མར་འཛིན་པ། གཞན་གྱི་ཆོས་བརྒྱུན་གྲུབ་མཐའ་བསྒྱུར་ཅི་ཐུབ་དང་། ང་དང་ངའི་ཆོས་ལུགས་ལ་མི་གུས་པའི་རིགས་ཐམས་ཅད་ཤ་ཟན། གདོལ་སྤྱོད། རྫུན་མའོ་ཞེས་བདག་བསྟོད་གཞན་སྨོད་ཀྱི་བྱང་ཆུབ་སེམས་དཔའི་རྩ་ལྟུང་ཉམས་ལེན་གྱི་མཐིལ་དུ་འཛིན་པ་དག་ལ་བྱ་གཏོང་ཙམ་དུ་བྲིས་པ་ལས་དཀར་ཟས་སྤེལ་མཁན་ཀུན་ལ་མིན་པ་མཁྱེན་པར་བསྐུལ་ལོ། ། ༧གོང་ས་མཆོག་གི་ཐབས་མཁས་ཀྱི་དཀར་ཟས་ཉིན་རེས་ཆོད་པའི་དུས་ཁྲིམས་དང་། ༧བྱ་བྲལ་སངས་རྒྱས་རྡོ་རྗེའི་ཤེས་རབ་ཀྱི་དཀར་ཟས་ནི་རང་ཁྲིམས་རང་བརྩི་ལས། གཞན་ལ་ཁྱད་གསོད་མེད་པ། སྙིང་རྗེ་གོ་ལོག་མི་བྱ་བའི་རྨད་དུ་བྱུང་བའི་སྲོལ་རྗེས་སུ་ཡི་རང་བྱའོ། །
བོད་རྒྱ་ཚིག་མཛོད་ཆེན་མོའི་སྔོན་བརྗོད་བཀླགས་པས། མེས་པོ་ཀྲུང་དབྱི་སུན་མཆོག་གི་༡༩༢༨ལོར་འགོ་བཙུགས་ནས། དགུང་ལོ་དགུ་ཅུར་སླེབ་ཉེའི་སྐབས་སྤྱི་ལོ་༡༩༧༨སྤར་བསྐྲུན་བྱས་པས་བོད་ཀྱི་སྐད་ལ་དོན་གཉེར་ཅན་མང་པོར་ཕན། སླར་ཚིག་མཛོད་འདིའི་ཚོགས་ཆུང་གིས་༡༩༩༤ལོར་འདི་ལྟར་བྲིས་ཏེ། དེབ་འདིའི་ནང་སྐྱོན་དང་ནོར་འཁྲུལ་མི་ཉུང་བ་ཞིག་ཡོད་ངེས་པས། ནོར་བཅོས་ལ་སྙིང་ནས་གསོལ་བ་འདེབས། ཞེས་པ་ཡོད་པས་རང་ཅག་ཡོངས་ཀྱིས་བོད་མཁས་པའི་བྲིས་དང་བསྟུན་ཏེ། ཞུས་དག་བྱས་པའི་ཚིག་ཐོ་ཞིག་ཚོགས་ཆུང་སྐྱར་དུ་སྤར་སྐྲུན་མཛད་པོར་བསྐུར་དགོས་པ་མཐོང་ངོ་།
་་་་་་་་་་་ རང་ཅག་ཡོངས་ཀྱིས་བོད་མཁས་པའི་བྲིས་དང་བསྟུན་ཏེ། ཞུས་དག་བྱས་པའི་ཚིག་ཐོ་ཞིག་ཚོགས་ཆུང་སྐྱར་དུ་སྤར་སྐྲུན་མཛད་པོར་བསྐུར་དགོས་པ་མཐོང་ངོ་། ་་་་་་་་་་་་
དྲི་མེད་ལྷག་བསམ་ལགས་ཀྱིས་བྲིས་པ་དང་དགོངས་པར་ཉན་ན་ངའི་ཕ་སྤུན་དམ་པ་མདའ་ཚན་པ་དྲན་ནི་ཟིག་རེད།