སྨན་རམས་པ་བསྟན་འཛིན་མཐའ་ཡས།
ཐུགས་རྗེས་འགྲོ་བའི་དོན་མཛད་བཅོམ་ལྡན་འདས། །
མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སྐྱོབ། །
དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །
བཻཌཱུརྱ་ཡི་འོད་ལ་ཕྱག་འཚལ་ལོ། །
གསོ་བྱ་མི་ལུས་རིན་པོ་ཆེའི་འབྱུང་ཁམས་འཁྲུགས་པའི་སྐབས་སུ་ཉི་མ་དང་བ་མོའི་ཚུལ་དུ་གནས་པའི་གསོ་བྱེད་ཐབས་ཀྱི་གཉེན་པོ་ཞི་བྱེད་ཀྱི་སྨན་གཏོང་བ་ལ། ཉིན་མཚན་གཅིག་གི་ནང་འབྱུང་ཁམས་འགྱུར་འགྲོས་ཀྱིས་ནད་གཞི་སོ་སོ་ལྡང་བའི་དུས་དང་། ཁ་ཟས་ཟ་བའི་ཚུལ་ལ་བལྟོས་པའི་རིགས་པ་དེ་ཡིས་གང་ལ་གང་འཚམ་པའི་ནད་དང་སྦྱར་ཏེ་གཏོང་བའི་ཚུལ་ལ་མི་འདྲ་བ་རྣམ་པ་བཅུ་རུ་བཤད་པ་ཡིན་ཏེ།
༡། བད་ཀན་ལྡང་ཞིང་རྒྱས་པ་ལས་འདུས་པའི་ནད་སྟོབས་དང་ལྡན་པ་ལ་ཕན་པའི་སྨན་ཟས་མ་ཟོས་པ་སྟེ་སྔ་དྲོ་སྐྱ་རེངས་འཆར་བའི་དུས་ཀྱི་ཁྱེའུ་སུས་ལ་གཏང་བར་བྱ་བ་དང༌། (ཐོ་རེངས་ཀྱི་དུས་ཕོ་བའི་བད་ཀན་བྱང་ཞིང་ཟས་མ་ཟོས་པའི་རྩ་སྒོ་རྣམས་ཀྱང་མ་འགགས་པ་དྲོད་དང་སྨན་གྱི་ནུས་པ་མཐུ་ཆེ་བའི་དུས་སམ་ཞོགས་པ་སྐྱ་རེངས་འཆར་བའི་དུས་སུ་གཏོང་དགོས། ཡང་ན་ཁྱེའུ་སུས་ལ་ཁ་ཟས་མ་ཟོས་པར་སྨན་བཟའ་བ་ནི་ནད་པ་ཕོ་བའི་དྲོད་ཆེ་ལ་བེའུ་སྣབས་ཀྱང་མེད། ཕོ་བའི་རྩ་སྒོ་རྣམས་ཀྱང་མ་འགགས་ལ་ནད་པ་ཉམས་སྟོབས་དང་ལྡན་ཞིང་། བད་ཀན་ཤས་ཆེ་བའི་མི་དེ་ལྟ་བུ་ལ་སྨན་ཁྱེའུ་སུས་སུ་བཏང་ན་སྨན་གྱི་མཐུ་རབ་ཏུ་ཆེ་བར་འགྱུར་རོ། །)
༢། ཐུར་སེལ་ལ་སོགས་པའི་ནད་ལ་ཕན་པའི་སྨན་དེ་ནི་ཉིན་ཕྱེད་གྱི་ཟས་ཀྱི་སྔོན་ལ་གཏང་ནས་དེ་མ་ཐག་ཟས་བཟའ་བ་དང༌། (ཐུར་སེལ་རླུང་དང་ལོང་ནད་སོགས་ལ་ཟས་སྔོན་སྨན་བཏང་རྗེས་ཟས་ཟོས་ནས་སྨན་གྱི་ནུས་པ་ཐུར་དུ་འགྲོ་བའི་ཐབས་ཀྱིས་གཏོང་དགོས། ཡང་ན་རླུང་ནད་ཨ་ཝ་ཐུར་དུ་སེལ་བྱའི་ནད་ཀྱིས་བཏབ་པ་བསལ་བ་དང་། དུས་ཀྱིས་ཉམས་སྟོབས་བསྐྱེད་པ་དང་། ཤ་སྐམ་ཞིང་གྲིམ་པར་བྱ་བའི་ཕྱིར་དྲོ་ཁར་སྨན་འཐུང་བའི་རྗེས་ལ་ཟན་བཟའ་བར་བྱའོ།)
༣། མེ་དང་མཉམ་པའི་རླུང་གི་ནད་ལ་སོགས་པ་རྣམས་ལ་ཕན་པའི་སྨན་ནི་བཤད་མ་ཐག་པའི་རིགས་པས་ཉིན་ཕྱེད་ཀྱི་ཟས་ཕྱེད་ཟོས་ཤིང་ཕྱེད་མ་ཟོས་པའི་དབུས་སུ་གཏང་ནས་སླར་ཁ་ཟས་ཕྱེད་པ་དེ་བཟའ་བ་དང༌། (མེ་དང་མཉམ་པའི་རླུང་གི་ནད་དེ་ལྟ་བུ་དང་། ཁོང་བའི་ནང་གི་ནད་རྣམས་དང་མཁྲིས་པ་རྒྱས་པའི་ནད་ལ་ཕན་ནོ། །)
༤། རླུང་ཁྱབ་བྱེད་ལས་གྱུར་པའི་ནད་ལ་ཕན་པའི་སྨན་ནི་ཉི་ཕྱེད་དམ་དགོང་མོའི་བཟའ་བཏུང་ཟོས་མ་ཐག་པའི་མཐར་གཏང་བ་དང༌། (རླུང་ཁྱབ་བྱེད་ཅེས་བྱ་བ་ལས་ནད་ཏུ་གྱུར་ཏེ་མི་བདེ་བ་དང་། མཚན་མོ་མི་བདེ་བའི་ནད་མ་ཞི་བ་ལ་ཕན་པར་བྱ་བ་དང་། རོ་སྟོད་ཡན་ཆད་མ་བདེ་ཞིང་སྟོབས་མཐུ་བསྐྱེད་པ་དང་། བད་ཀན་ལས་ནད་དུ་གྱུར་པ་ཞི་བར་བྱ་བ་དང་། ཤ་ཚག་སྐེམ་ཞིང་སྦོམ་པོར་བྱ་བ་འདི་ལྟ་བུ་ལ་ཁ་ཟས་ཀྱི་མཇུག་ལ་སྨན་གྱིས་མནན་ཅིང་བཟའ་སྟེ། དྲོ་གའི་ཟན་གྱི་མཇུག་དང་དགོང་གའི་ཟན་གྱི་མཇུག་ལ་སྨན་བཟའ་ཞིང་མནན་ནོ། །)
༥། སྲོག་འཛིན་གྱི་རླུང་ལས་གྱུར་པའི་ནད་ལ་སོགས་པ་ལ་ཕན་པའི་སྨན་ནི་ཟས་ཁམ་རེ་དང་སྨན་ཐུན་ཆུང་ཆུང་རེ་སྤེལ་ཞིང་གཏང་བར་བྱ་བ་དང༌། (སྲོག་ཅེས་བྱ་བའི་རླུང་ལས་ནད་དུ་གྱུར་བ་དང་། ཕོ་བའི་དྲོད་བསྐྱེད་པ་དང་། བུད་མེད་ལ་ཉལ་ཕོད་པར་བྱ་བ་དང་། སྙིང་ན་བ་དང་། སྐྱུག་པ་བཅད་པ་འདི་ལྟ་བུ་ལ་ཟན་ཁམ་རེ་ཟོས་ཤིང་སྨན་ཅུར་ནིས་ཕྱེ་མའམ་སྨན་ལྡེ་གུའམ་སྨན་རིལ་བུ་ཐུན་ཆུང་རེ་བཟའ་འོ། །)
༦། གྱེན་དུ་རྒྱུ་བའི་རླུང་གི་ནད་ལ་སོགས་པ་ཕལ་མོ་ཆེ་ལ་ནི་ཟས་ཀྱི་མཚམས་སུ་སྟེ་ཟས་ཞུ་སྨན་ཞུ་ཞེས་བྱ་བའི་ཚུལ་དུ་གཏང་བ་དང༌། (ཟས་ཞུ་བའི་མཚམས་སུ་སྨན་དང་། སྨན་ཞུ་བའི་མཚམས་སུ་ཟས་ཟའོ། །)
༧། དབུགས་མི་བདེ་བ་དང་ལུད་པ་ལ་སོགས་པའི་ནད་ལ་ཕན་པའི་སྨན་ནི་ཁ་ཟས་ལ་མ་བལྟོས་པར་དུས་ངེས་མེད་དུ་ཙེ་གུ་སྟེ་ཐུན་ཆུང་ཆུང་ཡང་ཡང་གཏང་བ་དང༌། (དབུགས་མི་བདེ་བ་དང་། ལུད་པ་ལུ་བ། སྐྱིགས་བུས་བཏབ་པ། སྐོམ་གྱིས་གདུང་བ་དང༌། དུག་འཐུང་དང་སྐྱུག་པ། དབུགས་མི་བདེ། སྐོམ་དད་སྐྱེ་བ་ལ་ཙེ་གུར་བཏང་། ཡང་ན་ཟན་ཟོས་ཀྱང་རུང་མ་ཟོས་ཀྱང་རུང་དབུགས་མི་བདེ་བ་དང་། ལུད་པ་ལུ་བ། སྐྱིགས་བུས་བཏབ་པ་དང་། སྐོམ་གྱིས་གདུང་བ་དང་། དུག་གིས་ཕོག་པ་དང་། སྐྱུག་བྲོ་བ་འདི་ལྟ་བུ་སོགས་ལ་སྨན་ཙེ་གུར་ཡང་ཡང་བཟའ་འོ། །)
༨། ཡི་ག་འཆུས་པ་ལ་སོགས་པའི་ནད་འགའ་ཞིག་ལ་ཕན་པའི་སྨན་ནི་ཕན་པའི་ཁ་ཟས་དང་བཅས་ཏེ་བསྲེས་ནས་གཏང་བ་དང༌། (སྨན་སུན་ཡི་ག་སྡར་ལ་གསང་སྟེ་གཏོང་། ཡང་ན་ཡི་ག་འཆུས་ཤིང་ཟས་མི་འདོད་པ་ལ་ཟས་བཅས། ཡང་ན་འབྲས་ཆན་ནམ་ཟན་དང་སྨན་ལྷན་ཅིག་བཙོས་ཏེ་བཟའ་བའམ་ཡང་ན་སོ་སོར་བཙོས་པ་བསྲེས་ཏེ་བཟའ་བ་ལ་བྱིས་པ་ཆུང་ངུ་སྨན་འཐུང་མི་ནུས་པ་དང་། སྟོབས་ཆུང་ངུ་སྨན་འཐུངས་པ་ལ་ཞན་པ་དང་། སྨན་དང་ཁ་ཟས་ཡི་གར་མི་འོང་བ་འདི་ལྟ་བུ་དང་། ལུས་དང་ཡན་ལག་ཐམས་ཅད་ན་བ་འདི་ལྟ་བུ་ལ་ཁ་ཟས་ཡིད་དུ་འོང་བ་སྣ་ཚོགས་དང་། སྨན་དུ་སྦྱར་ལ་ལྷན་ཅིག་བཙོས་སམ་སོ་སོ་བཙོས་པ་ལ་སྦྱར་ཏེ་བཟའ་བར་བྱའོ། །)
༩། སྐྱིགས་བུ་ལ་སོགས་པའི་ནད་འགའ་ཞིག་ལ་ཕན་པའི་སྨན་ནི་ཁ་ཟས་ཀྱི་སྔོན་དང་རྗེས་གཉིས་ཀར་གཏང་ནས་ཁ་ཟས་སྨན་གྱི་དབུས་སུ་མནན་པའི་ཚུལ་གྱིས་གཏང་བ་དང༌། (སྐྱིགས་བུ་དང་། ལུས་འདར་བ་དང་། རྐང་ལག་འདར་བ་དང་། ལུས་སྟོད་སྨད་མ་བདེ་བ་དེ་ལྟ་བུའི་ནད་ལ་སྨན་སྔར་འཐུང་ལ་ཟས་ཡང་བ་དེའི་འོག་ཏུ་ཟོས་ཏེ་དེའི་རྗེས་ལ་སྨན་འཐུང་ན་ཕན་ནོ། །)
༡༠། ནམ་ཚོང་ཡན་ཆད་ཀྱི་ནད་ལ་ཕན་པའི་སྨན་འགའ་ཞིག་ནི་དགོང་ཀའི་ཁ་ཟས་མ་ཟོས་སམ་ཟོས་ཀྱང་ཞུ་ནས་མཚན་མོ་ཉལ་ཁར་གཏང་བ་(ནམ་ཚོང་ཡན་ཆད་ཀྱི་ནད་མིག་དང་གདོང་འགྱུར་བ་ལ་སོགས། ཡང་ན་མགུལ་པ་ཡན་ཆད་སྟོད་ཀྱི་ནད་ལ་མཚན་མོ་ཉལ་ཁར་སྨན་གཏང་ན་ཕན་ཏེ། དེ་ལ་སྐོམ་མམ་ཡང་ན་ཆུ་འཐུངས་བར་མ་གྱུར་ཏམ། ཟས་མ་ཞུའམ་ཡང་ན་བཀྲེས་སམ་ལུས་རྨྱ་ན་མཚན་མོ་ཉལ་ཁར་སྨན་གཏང་དུ་མི་རུང་ངོ་། །)སྟེ་བཅུ་པོ་ལེགས་པར་ཤེས་པར་བྱའོ། །
སྨན་པ་ཕལ་མོ་ཆེས་ནད་ཀྱི་གནས་དང་མཚན་ཉིད་ལྡང་དུས་སོགས་དང་མི་སྦྱོར་བར་ནད་ཀུན་ལ་ཁ་ཟས་དང་སྨན་ཞུ་དུས་ཁོ་ནར་གཏོང་བ་ནི་རྨོངས་པ་གཞུང་ལུགས་མི་ཤེས་པ་རྣམས་ཀྱི་ལུགས་ཡིན་ཏེ། དེ་འདྲ་བས་ནི་གཉེན་པོ་སྨན་ནད་ཀྱི་ཐོག་ཏུ་ཇི་བཞིན་མི་འབབ་ཅིང་ཕན་པ་དཀའ་བའི་ཕྱིར་ལུགས་ངན་དེ་དོར་ལ། ཇི་སྐད་བཤད་པའི་གཏོང་ཚུལ་བཅུ་པོ་དེ་ཉིད་སོ་སོར་མ་འདྲེས་ཤིང་རང་རང་གི་དུས་ལས་མ་འདས་པར་བྱས་ན་རྡེའུ་ངོས་འཛིན་དང་འདྲ་བར་གང་ལ་དམིགས་པའི་ནད་ཐོག་ཏུ་འབབ་པ་ཡིན་ནོ། །ཞེས་གསུངས་པ་དང་།
དེང་དུས་ནད་ཐོག་ལག་ལེན་དངོས་སུ་མཐོང་མང་བ་ནི་ལྡན་འདུས་ཀྱི་ནད་ཡིན་པས། བཤད་པ་སྐུའི་རྒྱུད་ཀྱི་ཁྱད་པར་གསོ་ཚུལ་གྱི་ལེའུ་ལས། །ལྡན་འདུས་ཆ་མཉམ་གང་ཤས་ཆེ་བ་ལ། །གཉེན་པོའང་དེ་དང་བསྟུན་ལ་གང་མཐོ་མནན། །ཡང་ན་སྔ་ཕྱི་རེ་མོས་བཅོས་པ་འམ། །ཡང་ན་ལྟག་པ་སྤྲད་ལ་དུས་གཅིག་གཞོམ། །ཉིན་དགུང་མཚན་དགུང་མཁྲིས་པའི་ཚ་བ་བསད། །བསིལ་སྨན་བསིལ་ཟས་ཚ་བའི་དུས་དེར་བསྟེན། །སྲོད་དང་སྔ་དྲོ་ཕོ་བའི་མེ་དྲོད་གསོ། །དྲོད་སྨན་དྲོད་ཟས་བད་ཀན་གྲང་བ་གཞིལ། །དགོངས་དང་ཐོ་རེངས་རླུང་ལ་བརྔན་པ་སྦྱིན། །དྲོད་བཅུད་ཟས་སྨན་ཐོར་བུའི་རླུང་སྣ་བསླན། །ཞེས་གསུངས་པ་བཞིན་ལག་ལེན་ཕྱི་མ་འདི་སྨན་པ་ཡོངས་ནས་ལག་བསྟར་གང་ལེགས་གནང་རྒྱུ་དང་། སྐབས་དུས་ལ་གཞིག་ནས་ལག་ལེན་སྔ་མ་རྣམས་ཀྱང་གང་ཐུབ་ལག་ལེན་དུ་བསྟར་རྒྱུ་འབད་གལ་གཅེས་སོ། །
སེམས་ཅན་ནད་པ་ཇི་སྙད་པ། །མྱུར་དུ་ནད་ལས་ཐར་གྱུར་ཅིག །
འགྲོ་བའི་ནད་རྣམས་མ་ལུས་པ། །རྟག་ཏུ་འབྱུང་བ་མེད་པར་ཤོག །