གཉའ་བློ་གྲོས་རྒྱལ་མཚན།
___________
ནང་དོན་གནད་བསྡུས།
བོད་ཡིག་གསར་སློབ་པ་དང་། བོད་ཡིག་བྱ་བ་ལས་མཁན་གྱི་ལས་དང་པོ་བ་རྣམས་ལ་མཚོན་ན་ཧ་ཅང་རན་པའི་དག་ཡིག་གམ་མིང་མཛོད་མོད་པོ་ཞིག་མེད་ནའང་སྤྱིར་བཏང་གི་མཁོ་བ་སྐོང་བྱེད་ཀྱི་དག་ཡིག་མི་ཉུང་ཞིག་ཡོད་པ་ཀུན་ལ་གསལ། དཔེར་ན‹‹དག་ཡིག་གསར་བསྒྲིགས››ལྟ་བུས་མཚོན། དེ་བཞིན་བོད་ཀྱི་མཐོ་རིམ་ཡོན་ཏན་པའི་སྡེ་ལ་ཤིན་ཏུ་རན་པའི་མིང་མཛོད་མེད་དེ། ‹‹བོད་རྒྱ་ཚིག་མཛོད་ཆེན་མོ››ལྟ་བུས་ཀྱང་རིག་ཚན་སོ་སོའི་དགོས་མཁོ་ཡོངས་སུ་སྐོང་ནུས་ལྟ་ཅི། ཐ་ན་སྐད་ཡིག་དང་རྩོམ་རིག་ཐད་ཀྱི་དགོས་མཁོ་ཀུན་ནས་ཚིམ་པ་ཞིག་ཀྱང་ཡོང་གི་མེད། དེ་ལྟ་བས་ན་རིག་ཚན་སོ་སོའི་ཆེད་ལས་མིང་མཛོད་རྩོམ་སྒྲིག་བྱ་རྒྱུ་གལ་ཆེ་ལ། ཐ་སྙད་རྣམས་ཚད་ལྡན་དང་གཅིག་གྱུར་ཡིན་པ་དང་། རྩོམ་སྟངས་སྒྲིག་ཚུལ་ནི་དེང་རབས་དང་ཚན་རིག་ལ་མཐུན་པའི་སྤྱིར་བཏང་མིང་མཛོད་ལེགས་པོ་རེ་རྩོམ་སྒྲིག་བྱ་རྒྱུ་ནི་དེ་བས་ཀྱང་གལ་ཆེན་ཡིན་པར་སྙམ།
རྩོམ་ཚུལ་སྒྲིག་སྟངས་ནི། སྤྱིར་བཏང་གི་དགོས་མཁོ་སྐོང་ཆེད་ཐ་སྙད་ཀྱི་གྲངས་ཀ་མང་ཉུང་ཤིན་ཏུ་རན་པ་ཞིག་གལ་ཆེ་ལ། གཙོ་བོར་རིག་ཚན་ཀུན་ལ་སྤྱི་མཁོ་རྒྱུན་འཁོལ་གྱི་ཐ་སྙད་རྣམས་ལ་འདང་རྒྱག་དགོས། ཚད་ལྡན་གཅིག་གྱུར་ཡིན་པས་བོད་ལྗོངས་ཀུན་ལ་རྒྱུགས་ཆེ་ཞིང་ཐམས་ཅད་ཀྱིས་ཁས་ལེན་པ། འཚོལ་བདེ་རྙེད་སླ་ཡིན་པས་ཀློག་པ་པོར་ཚེགས་མེད་པ། མཚན་ཉིད་དམ་གོ་དོན་བཀོད་པ་ཧ་ཅང་ཐིག་པོ་དང་གསལ་པོར་ཡོད་པས་རྟོགས་སླ་ཤེས་སྐྱེན་ཡིན་པ། ཐ་སྙད་ཀྱི་རང་བཞིན་ནམ་རིགས་དབྱེ་གསལ་བས་སྤྱོད་པ་པོས་ཐ་སྙད་རྣམས་རང་རང་གི་སྤྱད་ཡུལ་དུ་ཐིག་པོར་སྤྱོད་ནུས་པ། མདོར་ན་དེང་གི་སྐད་རིགས་གཞན་གྱི་མིང་མཛོད་ལེཊ་པོ་རྣམས་ལ་དཔེ་བལྟས་ནས་རྩོམ་སྟངས་སྒྲིག་ཚུལ་གྱི་ལེགས་ཆ་རྣམས་ཡོངས་སུ་འཛོམས་ཤིང་ཚན་རིག་དང་མཐུན་པའི་དེང་རབས་བོད་ཀྱི་སྐད་ཡིག་གི་མིང་མཛོད་ཅིག་བསྒྲིགས་ནས་བསྐྲུན་རྒྱུ་ནི་ཧ་ཅང་དགོས་ངེས་དང་གལ་ཆེན་ཡིན་པར་སྙམ་མོ། །
བརྗོད་སྙིང་གསལ་བྱེད་ཀྱི་ཐ་སྙད་ནི།
༡.མིང་མཛོད། ༢.རྩོམ་སྒྲིག ༣.བསམ་གཞིག
གླེང་སློང་།
བོད་ལ་སྲོལ་རྒྱུན་རིག་གནས་ཀྱི་རྨང་གཞི་མཐུག་པོ་ཞིག་ཡོད་པ་དང་། དེ་ལས་དག་ཡིག་གམ་མིང་མཛོད་ཀྱི་རྨང་གཞིའང་མཐུག་པོ་ཞིག་ཡོད་ཅེས་བརྗོད་ཆོག་ཆོག་ཡིན་ནོ། ། དེ་འདྲའི་རྨང་གཞི་ནི་རིག་གནས་དར་ཚུལ་གྱི་མཐོ་དམའ་མཚུངས་པའི་མི་རིགས་གྲས་སུ་གཞན་ལ་སྟོན་རིན་ཡོད་པ་ཞིག་དང་། རང་ལ་གཟི་བརྗིད་སྒོམ་ཐང་བདོག་པ་ལྟ་ཅི་སྨོས། འོན་ཀྱང་གནའ་རབས་རིག་གནས་རང་མི་རིགས་ལས་ཕུན་སུམ་ཚོགས་ཤིང་དར་ཁྱབ་ཆེ་བ་དང་། ཁྱད་དུ་དེང་རབས་རིག་གནས་བླ་ནས་བླ་རུ་འཕེལ་ཅིང་རྒྱས་པའི་མི་རིགས་དག་ལ་བསྡུར་ན་རང་རེའི་རིག་གནས་ནི་ཤིན་ཏུ་འཁོས་ཆུང་བའང་ཧ་ཅང་མངོན་གསལ་རེད། བོད་ལ་སྲོལ་རྒྱུན་རིག་གནས་ནང་དུ«རིག་ཚན་ཀུན་འཛོམ་གྱི་དེབ་གཏེར»ལྟ་བུའི་དཔེ་ཚོགས་ཡོད་པ«བཀའ་འགྱུར»དང«བསྟན་འགྱུར»ལགས་ཤིང་། དེང་རབས་རིག་གནས་ནང་དུ་དེ་འདྲའི་དེབ་གཏེར་ཡོད་པ་ཕར་ཞོག དབུ་ཡིག(མིང་འདི《དག་ཡིག་གསར་བསྒྲིགས》ཀྱི་འཁོལ་སྟངས་ཏེ། དབྱིན་ཡིག་གིས་ཀྱང་དེ་ལྟར་བརྗོད་པ“headword首词ཞེས་པས་མཚོན)འབུམ་ཙམ་ལ་ལོངས་པའི་མིང་མཛོད་ཅིག་ཀྱང་ད་སྔར་བྱུང་མེད་ལ། དེས་ཐ་སྙད་ལ་ཞིབ་འཇུག་དང་མིང་མཛོད་འཛུགས་སྐྲུན་ཐད་དུ་ང་ཚོས་བྱ་བ་ཆེན་པོ་མ་བསྒྲུབས་པ་དང་གྲུབ་འབྲས་མ་ལོན་པའི་རྟགས་རེད།
དག་ཡིག་ཅེས་པ་ཡི་གེའི་སྡེབ་སྦྱོར་ནང་དུ་སྤྱོད་པའི་མིང་དང་ཚིག་ཕྲད་རྣམས་ཚད་ལྡན་ཚུལ་མཐུན་དང་ཀུན་ཁྱབ་གཅིག་གྱུར་དུ་སྒྲུབ་བྱེད་ལ་བཀོད་པའི་དཔེར་འོས་མིང་གི་ཚོགས་ལ་བྱ་ཞིང་། ཨི་ལྡན་ཞེས་པ་སྤྱི་མིང་དང་། “གི”ཞེས་པ་བྱེ་བྲག་གི་མིང་ཡིན། འབྲེལ་སྒྲ་དེའི་མིང་ལ“གི”ཟེར་ལ། དེའི་བྱེད་ལས་ནི་རང་གི་སྔ་ཕྱིའི་མིང་རྣམས་ཀྱི་འབྲེལ་བ་མཚོན་བྱེད་ཡིན། དེས་ན་ཚིག་ཕྲད་རྣམས་ཀྱང་རང་རང་རྗོད་བྱེད་ཀྱི་སྒྲ་དེ་རང་གི་འབོད་མིང་ཡིན་པས་མིང་ཡིན་པ་མངོན་པར་གྲུབ། གོང་སྨོས་མིང་གི་ཚོགས་ཆེན་ལ་མིང་མཛོད་ཅེས་བྱ་ཞིང་། དེ་ནི་འདྲ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པའོ། ། དེང་སང“མིང་མཛོད”མི་ཟེར་བར“ཚིག་མཛོད”ཅེས་པ་ཞིག་རྒྱུན་འབྱམས་སུ་སོང་འདུག་སྟེ། གལ་ཏེ“ཚིག་མཛོད”དངོས་དེ་བསྐྲུན་ནས་གྲུབ་ན་དེ་ལ་གདགས་བྱ་མེད་པར་འགྱུར། རྒྱ་ཡིག་ལ་དེ་ལྟ་བུའི་ཚིག་མཛོད་ཡོད་དེ“语典phraseological dictionary”ཟེར།
“སེམས་ཅན་གཞན་དང་རྗེས་མཐུན་པའི། །སྤྱོད་པ་ཤེས་ན་མཁས་པ་ཡིན”ཅེས་པ་ལྟ་བུ་ཚིག་ཡིན་ལ། དེ་འདྲའི་ཚིག་ཚོགས་དེབ་ཏུ་ལོངས་པ་འཕུངས་ན་དེ་ལ“ཚིག་མཛོད”ཟེར་དགོས་པ་གཤིས་ཀྱིས་གྲུབ། བོད་ཡིག་ལ་དེ་འདྲ་ད་དུང་བྱུང་མེད་ཀྱང་། རྒྱ་ཡིག་གི་དེ་འདྲ་འགའ་རེ་བྱུང་ཟིན་པ་ང་ཚོས་རྟོགས་འོས། དག་ཡིག་ཅེས་པ་དང་མིང་མཛོད་ཅེས་པ་ངོ་གདོང་ནས་མི་འདྲ་ལ་གོ་དོན་ཡང་ཅུང་ཙམ་མི་འདྲ་ས་ཡོད་ཀྱང་དེ་གཉིས་ཕལ་ཆེར་ཕྱོགས་གཅིག་ཏུ་གཞོལ་བས་གཅིག་མཚུངས་སུ་གོ་ན་འགལ་བ་མེད་པར་སྙམ། ཁུང་ཧྥུ་ཙིས“མིང་ཡན་ཁར་གྱུར་ཚེ་ཟེར་རྒྱུས་ཕོངས། ཟེར་རྒྱུས་ཕོངས་ན་དོན་མི་འཁྱོངས”གསུངས་ཏེ་ཐུགས་ཤིན་ཏུ་མད། དེ་གཙོ་བོར་མིའི་ཐོབ་ཐང་དང་གོ་ས་སོགས་ལ་དམིགས་ནས་དགོངས་པ་ཡིན་ཀྱང་། བྱ་དངོས་གཞན་ལའང་མིང་གི་གདགས་པ་ཞིག་བཏགས་པས་རབ་ཡིན་ན་མིང་དོན་མཚུངས་པ་སྟེ་མིང་གིས་དོན་སྟོན་ཐུབ་པ་དཔེར་ན“གསེར་བུམ”ཞེས་པས་རང་ཉིད་སྣོད་གཞན་ཞིག་མ་ཡིན་པ་མིང་གིས་བསྟན་པ་ལྟ་བུ། མིང་གཅིག་དོན་མང་ལ་འཇུག་པ་དང་། དོན་གཅིག་མིང་དུ་མས་སྟོན་པའང་སྤྱིར་བཏང་གི་གནས་ཚུལ་ཡིན་པ་ཀུན་ལ་གསལ། དེའི་ཕྱིར་ང་ཚོས་མིང་གཅིག་གིས་དོན་གཅིག་ཁོ་ན་སྟོན་པའི་ཐ་སྙད་ཏག་ཏག་སྐྲུན་པར་བྱེད་པ་ནི་ནམ་ཡང་ནུས་པ་མིན་པའི་ཚུལ་འདི་སྐད་བརྡ་རང་གི་ཆོས་ཉིད་དུ་འཁུམས་ཤིང་། བོད་པ་རྣམས་ཀྱིས་ཐོག་མར་རྟས་འདྲུད་ཅིང་ཤིང་དྲ་ལག་ཟུང་འཁོར་ལོ་གཉིས་དང་བཅས་པ་ཅན་ཞིག་ལ་ཤིང་རྟར་བཏགས་ནའང་ཕྱིས་སུ་རྒྱུ་ཤིང་ལས་གྲུབ་ཅིང་དབྱིབས་རྟ་བོ་ཡིན་པ་ཞིག་ལའང་ཤིང་རྟ་ཟེར་རྒྱུ་ལས་རྟ་ཤིང་ཟེར་སྲོལ་མེད་ལ། དེ་འདྲའི་ཡོ་བྱད་ཕྱིས་སུ་མཛོ་དང་གླང་ངུ་ལ་དྲངས་ཏེ་འདྲུད་དུ་བཅུག་ནའང་ཤིང་རྟ་ཟེར་དགོས་པ་མངོན་སུམ་ཡིན་པའི་ཚུལ་འདིས་གཅིག་ལ་ཨུ་ཚུགས་འགྲོ་བས་ཀུན་ལ་དེ་ལྟར་ཨུ་ཚུགས་འགྲོ་བ་གཏན་ནས་མེད་པ་བདེན་དཔང་བྱས། དེས་ན་ང་ཚོས་ཐ་སྙད་ཅིག་དོན་འདི་ཁོ་ནར་འཇུག་གི གཞན་དང་གཞན་གྱི་དོན་སྟོན་པར་སྤྱད་ན་མི་བླ་ཟེར་ག་ལ་རུང་། དོན་གཅིག་ལ་མིང་གཅིག་བཏགས་པ་ཅན་ཁོ་ན་བྱུང་ན་གཞན་དང་གཞན་ལ་གོ་འགྲོ་བའི་འཆུག་ས་འཛོལ་དོགས་སོགས་མེད་པས་ཤིན་ཏུ་ལེགས་མོད། དེ་འདྲ་མི་འོང་བའི་ཚུལ་དོན་གཅིག་མིང་དུ་མས་སྟོན་པ་དང་མིང་གཅིག་དོན་དུ་མ་ལ་འཇུག་པའི་ཚུལ་གྱིས་བསྟན་ལ། ཁྱད་དུ་དོན་གཅིག་ལ་མིང་བརྒྱ་ལྷག་གིས་བསྟན་པ་ཉི་མའི་མིང་ལྟ་བུ་དང་། མིང་གཅིག་དོན་ཉི་ཤུར་འཇུག་པ་ལེགས་བྱས་ལྟ་བུ་སྟེ། དབྱིན་ཡིག་གི་ནང་དུ་མིང་གཅིག་དོན་བཅུ་ཕྲག་དུ་མར་འཇུག་པ་ཅན་ཤིན་ཏུ་མང་ལ། མིང་གཅིག་དོན་བདུན་ཅུ་ལ་འཇུག་པ་ཅན་དངོས་སུ་མཐོང་བ་དང་། དེ་ལས་མང་བ་མི་སྲིད་ཅེས་ཀྱང་བརྗོད་དཀའ།
མིང་གཅིག་དོན་གཅིག་ལ་འཇུག་པའི་གནས་ཚུལ་དེ་སྐད་ཡིག་དངོས་སྤྱོད་ཀྱི་ལག་ལེན་ཁྲོད་དང་ལོ་རྒྱུས་འགྱུར་ལྡོག་གི་ནང་དུ་ཡུན་གྱིས་གཞན་དང་གཞན་ལ་འཕེལ་འགྲོ་བ་ཡིན་ཏེ། འོད་ཟེར་སྟོང་གི་དཀྱིལ་འཁོར་ཅན་ཞིག་ལ་འདོད་རྒྱལ་གྱིས་ཉི་ཞེས་བཏགས་པ་འདོད་རྒྱལ་གྱི་མིང(ལ་ལས་འདོད་རྒྱལ་མིན་ཟེར)ཡིན་ལ། དེ་ལ་བརྗོད་པ་བདེ་བ་སོགས་ཀྱི་ཆེད་དུ་མ་ཞེས་མིང་མཐའ་སྦྱར་པས་རྗེས་གྲུབ་ཀྱི་མིང་དུ་གྱུར། ཉི་མ་ལགས་ཁྱེད་ལྷ་སར་ཉི་མ་དུ་ཡིས་འོང་། དེ་རིང་ཉི་མ་བཟང་གི ང་ཚོ་གླིང་གར་སྤྲོ་བསང་ལ་འགྲོ། སྐབས་འགར་དེ་འདྲའི་དགའ་སྐྱིད་ལ་རོལ་པར་སུ་ཡིས་དོན་མེད་དུ་ཉི་མ་བཏང་ཞེས་ཟེར། དེ་དག་དོན་མི་འདྲ་བ་ནི། རིམ་བཞིན་མིའི་མིང་དང་། དུས་ཡུན་གྱི་དོན། ནམ་ཟླའི་དོན། དུས་ཚོད་ཀྱི་དོན་ཡིན་པ་ཤིན་ཏུ་གསལ། དེ་བས་ནམ་ཡང་འགྱུར་རྒྱུ་མེད་པའི་མིང་གཅིག་དོན་གཅིག་ཅན་ཡོད་པ་དཀའ་ཚོད་རེད།
བསྐྲུན་པའི་བོད་ཡིག་གི་མིང་མཛོད་སྐོར།
དང་པོ། གནའ་རབས་ཀྱི་མིང་མཛོད་སྐོར་ཞིག
དེ་ཡང་གྲགས་ཆེ་བ་འགའ་དགོད་པར་བྱ་སྟེ། «བྱེ་བྲག་རྟོགས་བྱེད་ཆེན་མོ»དང་། «སྒྲ་སྦྱོར་བམ་གཉིས»། «སྐ་བ་དཔལ་བརྩེགས་ཀྱི་ཆོས་ཀྱི་རྣམ་གྲངས»། «སློབ་དཔོན་བསོད་རྩེའི་བྱིས་འཇུག»། «ས་པཎ་གྱི་སྒྲ་འཇུག»། «ས་པཎ་གྱི་ཚིག་གཏེར»། «ས་སྐྱ་ཀུན་དགའ་བསོད་ནམས་ཀྱི་གསུང་རབ་ཀུན་ལ་ལྟ་བའི་སྒྲོན་མེ»། «ས་སྐྱ་ཨ་མྱེའི་དག་ཡིག»། «ཞ་ལུ་ལོ་ཆེན་གྱི་དག་ཡིག་ཟ་མ་ཏོག»། «སྐྱོགས་སྟོན་ལོ་ཙྰ་བའི་ལི་ཤིའི་གུར་ཁང»། «དཔལ་ཁང་ལོ་ཙྰ་བའི་ངག་སྒྲོན»། «པྲ་ཏི་རིན་ཆེན་དོན་གྲུབ་ཀྱི་དག་ཡིག»། «རྗེ་བྱམས་པ་གླིང་པའི་དག་ཡིག་སྨྲ་རྒྱན»། «ལྕང་སྐྱ་རོལ་པའི་རྡོ་རྗེའི་དག་ཡིག་མཁས་པའི་འབྱུང་གནས»། «དགེ་བཤེས་འཇིགས་མེད་དམ་ཆོས་ཀྱི་ཤེས་བྱ་རབ་གསལ»། «རྨུགས་སངས་བླ་མ་འཇམ་བཟང་གི་རེའུ་མིག་བློ་གྲོས་པདྨོ་རྒྱས་པའི་ཉིན་བྱེད»སོགས་མཚོན་ཙམ་སྨོས་པ་ཡིན་ལ་ཐམས་ཅད་བགྲངས་ན་ཤིན་ཏུ་མང་བས་རྩི་ནུས་པ་མ་ཡིན་ནོ། ། གོང་སྨྲས་རྣམས་ཐེ་བའི་གནའ་རབས་ཀྱི་དག་ཡིག་གམ་མིང་མཛོད་རྣམས་ནི་དབུ་ཡིག་གི་གྲངས་ཀ་མང་པོ་ཅན་མ་ཡིན་ཏེ། དབུ་ཡིག་བཀད་མང་ཤོས་ལའང་ཕལ་ཆེར་ཁྲི་ཡས་མས་ཤིག་ལས་མེད་པར་སྙམ། དེ་དག་ཀྱང་མཛད་པ་པོའི་དགོངས་པ་གཏད་སོ་མི་འདྲ་བའི་དབང་གིས་ལ་་ལ་བྱིས་པའམ་གཞོན་ནུ་ལ་དམིགས་ནས་མཛད་པ་དང་། ལ་ལ་དར་མ་དང་རྒན་པར་དམིགས་ནས་མཛད་ཅིང་། དེ་དག་ཀྱང་རྒྱུན་འཁོལ་ལ་དམིགས་ནས་ཉེར་མཁོ་རྣམས་དབུ་ཡིག་ཏུ་བཀོད་པས་གྲངས་ཀ་མང་མི་སྲིད་ལ། ངག་ལ་སྐྱོར་བདེ་དང་ཡིད་དུ་འཛིན་སླའི་ཆེད་ཚིགས་བཅད་ཀྱིས་མཛད་པ་ལགས་སོ། ། གནའ་དུས་ནི་དེང་སང་ལྟར་ཆ་འཕྲིན་རྒྱ་མཚོ་ཀློང་དུ་རྡོལ་བ་མིན་པས་ཤེས་བྱའི་གཙོ་བོ་རྣམས་མཁས་ཆེན་རྣམས་ཀྱིས་ཐུགས་སུ་བསྣམས་ཡོད་ཅིང་། མིང་མཛོད་དང་དཔྱད་གཞིའི་ཡིག་རིགས་ཆེར་མི་དགོས་ལ། གཞུང་ཞིག་རྩོམ་ཚེ་ཕལ་ཆེར་བློ་ནས་ཤར་ཤར་དུ་རྩོམ་མཛད་པ་ལགས། གཞུང་ཆེན་པོ་རྣམས་གཙིགས་ཆེན་འགངས་ཆེན་དུ་དགོངས་པ་ལས་རིག་གནས་ཆུང་གྲས་རྣམས་བློ་ལ་ཤོང་སླ་བས་དེ་དག་ལ་སྣངས་ཆེན་མཛད་ཀྱིན་མེད། རིག་གནས་ཆུང་བའི་གཞུང་རྣམས་མཛད་པའང་སྤྱིར་བཏང་གི་རིག་གནས་པ་རྣམས་ལ་མཁོ་བར་དགོངས་ནས་མཛད་པ་ཡིན་གྱི། དེ་འདྲ་བ་དག་ནི་ཁོང་རྣམས་ལ་མཚོན་ན་རྨ་ཆུའི་འགྲམ་གྱི་ཁྲོན་པ་སྟེ་དགོས་པ་མེད་པའི་ཕྱིར། གནའ་བའི་མཁས་ཆེན་དེ་དག་ཕལ་ཆེར་རབ་བྱུང་བ་ལགས་པས་ཀྱང་འཇིག་རྟེན་རིག་གནས་ཀྱི་ཞིབ་འཇུག་ལ་དགོངས་པ་དེ་འདྲ་མ་ཕྱོགས་པ་ལགས། རབ་བྱུང་བཙུན་པ་རྣམས་ཀྱང་སྤྱི་ཚོགས་འཚོ་བའི་གྲུའམ་ཟུར་ཞིག་ནས་མི་ལུས་རིན་པོ་ཆེའི་དོན་པོ་ལེན་དགོས་པ་ནི་སྙོན་ཐབས་མེད་ལ། དེ་ལྟ་ནའང་ཁོ་ཚོས་ཟས་ངན་ངོན་དང་གོས་སྤུས་ཞན་ལ་བརྟེན་ནས་ཆོས་རྣམ་དག་སྒྲུབ་དགོས་པ་ནི་འདུལ་བའི་དགོངས་དོན་ཡིན་པ་དང་། ཆོས་འཇིག་རྟེན་གཉིས་ལས་ཀྱང་ཆོས་གཙོ་བོར་འོང་དགོས་པས་ན་འཇིག་རྟེན་རིག་གནས་ཤུགས་དྲག་གིས་མི་སྒྲུབ་པའང་གནས་ལུགས་དང་མཐུན། གནའ་དུས་དམངས་ཁྲོད་ན་འཇིག་རྟེན་རིག་གནས་སྒྲུབ་མཁན་ཧ་ཅང་ཉུང་བས་མིང་མཛོད་སོགས་འཇིག་རྟེན་རིག་གནས་ཀྱི་འཛུགས་སྐྲུན་ལ་གྲུབ་འབྲས་ཆེར་མ་ལོན་པ་ལོས་ཡིན།
གཉིས་པ། དེང་རབས་ཀྱི་མིང་མཛོད་སྐོར།
དེང་རབས་ནི་ལོ་རྒྱུས་ཀྱི་འཕེལ་རྒྱས་དང་། གནས་བབ་ཀྱི་འགྱུར་ལྡོག ཉེར་གཏུགས་ཀྱི་དགོས་མཁོ་བཅས་ཀྱི་དབང་གིས་སློབ་གསོའི་རྨང་གཞི་ཅུང་ཙམ་བརྟན་པོ་ཞིག་ཚུགས་པ་དང་ལྷན། དེང་རབས་རིག་གནས་ཀྱི་རྨང་གཞིའང་ཚུགས་པར་གྱུར་ལ། དེ་འདྲའི་གནས་བབ་བཟང་པོས་ངང་གིས་དེད་པར་གྱུར་ཚེ་རིག་གནས་འཛུགས་སྐྲུན་ལ་་་ཉེ་བར་མཁོ་བའི་མིང་མཛོད་སྣ་ཚོགས་ཀྱང་རིམ་པར་བསྐྲུན་ནས་བྱུང་བ་ཡིན། དེ་དག་ལས་གྲགས་ཆེ་བ་དང་། ཁྱབ་ཆེ་བ། རྒྱུགས་ཆེ་བ་འགའ་ཞིག་དགོད་ན། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི་སློབ་དཔོན་ཆེན་མོ་ཚེ་ཏན་ཞབས་དྲུང་ཚང་གི«དག་ཡིག་ཐོན་མིའི་དགོངས་རྒྱན»དང་། པེ་ཅིང་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི་དགེ་བཤེས་ཆོས་གྲགས་ཀྱི«བརྡ་དག་མིང་ཚིག་གསལ་བ»། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི«དག་ཡིག་གསར་བསྒྲིགས»། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན་པའི«དུང་དཀར་ཚིག་མཛོད་ཆེན་མོ»།རྗེ་དམུ་དགེ་བསམ་གཏན་གྱིས་གཙོ་སྒྲིག་མཛད་ཅིང་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི«སཾ་བོད་སྐད་གཉིས་ཤན་སྦྱར»། ནོར་བྲང་ཨོ་རྒྱན་གྱིས་བསྒྲིགས་པར་མཛད་ཅིང་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན་པའི«ཆོས་རྣམ་ཀུན་བཏུས»། པེ་ཅིང་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི«བོད་རྒྱ་ཚིག་མཛོད་ཆེན་མོ»། ཡང་དེ་བས་བསྐྲུན་པའི«རྒྱ་བོད་ཤན་སྦྱར་ཚིག་མཛོད»། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི«རྒྱ་བོད་མིང་མཛོད»། མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི་གོ་འཇོ་དབང་འདུས་ཀྱི«གསོ་བ་རིག་པའི་ཚིག་མཛོད་གཡུ་ཐོག་དགོངས་རྒྱན»། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི«སྐད་ལྔ་ཤན་སྦྱར་གྱི་མཉྫུའི་སྐད་གསལ་བའི་མེ་ལོང་ལས་རྒྱ་བོད་སྐད་གཉིས་ཟུར་དུ་བཏོན་པ»། ཆབ་མདོ་ས་ཁུལ་སྨན་རྩིས་ཁང་གིས་བསྒྲིགས་ཤིང་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི«འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང»། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་བསྒྲིགས་ཤིང་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི«བོད་ལུགས་གསོ་རིག་ཚིག་མཛོད་ཆེན་མོ»སྟེ་གོང་སྨོས་དག་ནི་བམ་ཁ་མཐུག་པོ་ཅན་དང་གྲགས་ཆེན་རྣམས་ཡིན་ལ། དེ་དག་ལས་གཞན་གྲགས་ཆེན་པོད་ཆུང་གི་རིགས་དང་། ཀུན་ཁྱབ་རྒྱུགས་ཆེ་མ་ཡིན་པའི་རིགས་ཀྱང་བགྲང་གིས་མི་ལང་བ་ཞིག་་་ཡོད་དོ། །དེ་དག་ནི་བོད་ཀྱི་རིག་གནས་པའི་སྡེ་ཡིས་མིང་མཛོད་འཛུགས་སྐྲུན་ཐད་དུ་ལོན་པའི་གྲུབ་འབྲས་སུ་འཁུམས་ཤིང་། ལྷག་པར་འདས་ཟིན་གྱི་ལོ་བཅུ་ཕྲག་དུ་མའི་རིང་ལ་ལོན་པའི་གྲུབ་འབྲས་ནི་ཧ་ཅང་མངོན་གསལ་དང་ཤིན་ཏུ་ཆེན་པོ་ཡིན་པ་ནི་ཀུན་ལ་གསལ་ཆ་ཡོད་པས་སྨོས་ཅི་དགོས། སྐད་ཡིག་ལ་ཞིབ་འཇུག་བྱེད་པའི་ཆེད་ལས་སྡེ་ཁག་མེད་པ་དང་། ཐ་སྙད་ཚོགས་པ་པར་དུ་སྒྲུབ་པའི་ཆེད་ལས་དཔེ་སྐྲུན་ཁང་མེད་པ། པར་སྐྲུན་དངུལ་འཐེབ་དཀོན་པ་བཅས་ཀྱི་གནས་ཚུལ་ལ་ལྟོས་པས་འདི་འདྲའི་གྲུབ་འབྲས་ལོན་པ་ནི་དངོས་གནས་ཧ་ལས་དགོས་པ་ཞིག་ཅི་ལ་མིན། དེ་ཡིས་བོད་ཀྱི་ཡོན་ཏན་པའི་སྡེ་རུ་བོད་ཀྱི་རིག་གནས་ལ་སྙིང་གི་དབུས་དང་རུས་པའི་གཏིང་ནས་ཤ་ཞེན་ཆེ་བའི་ཆེད་མཁས་མི་ཉུང་བ་ཞིག་ཡོད་པ་་་མཚོན་པ་དང་། མིའི་རིགས་ལོ་རྒྱུས་ཐོག་ཏུ་བོད་མིས་ཀྱང་གོ་གནས་གལ་ཆེན་ཞིག་ཟིན་ཡོད་ཅིང་། རང་བདག་ལ་ཡོད་པའི་འོད་འབར་རིག་གནས་འདིའི་སྲོལ་རྒྱུན་བཟང་བོ་མ་ཉམས་པར་མུ་མཐུད་ནས་བཟུང་སྟེ་གོང་དུ་མ་སྤེལ་ན་རིག་གནས་ཉམས་ཤིང་མི་རིགས་རྒུད་འགྲོ་སྙམ་པའི་འདུ་ཤེས་ཡོད་མཁན་གྱི་བོད་མི་སྐོར་དང་སྐོར་བྱས་ནས་ཡོད་པ་མཚོན་ནོ། །
འདས་པའི་དུས་དང་ད་ལྟའི་གནས་ཚུལ་ལ་གཞིགས་ན་བསྐྲུན་ཟིན་པའི་མིང་མཛོད་དེ་དག་གིས་གོ་ཆེན་པོ་ཆོད་ཡོད་པ་དང་ཕན་ཆེན་པོ་ཐོགས་ཡོད། དེ་བཞིན་ད་དུང་ཡང་བོད་ཀྱི་རིག་གནས་འཚོ་བའི་ཁྲོད་དུ་ནུས་པ་གལ་ཆེན་ཐོན་ངེས་ཡིན། དཔེར་ན། «དག་ཡིག་ཐོན་མིའི་དགོངས་རྒྱན»དང«བརྡ་དག་མིང་ཚིག་གསལ་བ»ཡིས་སྐབས་དེའི་ཡོན་ཏན་པའི་སྡེ་ལ་གོ་ཆེན་པོ་ཆོད་ཡོད་དེ་གཞུང་ཕྱོགས་ཀྱི་ལོ་ཙྰ་བ་དང་། སློབ་གྲྭའི་དགེ་རྒན། སྤྱི་ཚོགས་ཐོག་གི་ཀློག་པ་པོ་དག་ལ་མིང་མཛོད་དེའི་རིགས་མེད་ཚེ་དཀའ་ངལ་ལ་ཕྲད་ནས་ཐབས་རྡུགས་པའི་ཚད་ལ་སླེབ་ཀྱིན་ཡོད། སྔ་བའི་མཛད་པ་པོ་བོད་གངས་ཅན་ལ་གྲགས་པའི་མཁས་པ་ཆེན་པོ་ལགས་པས་དེའི་མིང་མཛོད་ཀུན་གྱིས་ཚད་མར་འཛིན་ཅིང་། ཕྱི་མ་དེའི་མཛད་པ་པོའང་མཁས་ཆེན་ཡིན་ལ་མིང་མཛོད་དེ་ལ་དགེ་འདུན་ཆོས་འཕེལ་སོགས་ཀྱི་མཛུབ་སྟོན་རོགས་རམ་ཡོད་པར་གྲགས་པས་དེའང་ཀུན་གྱིས་ཁུངས་ཐུབ་རྩ་ཆེན་དུ་འཛིན་པ་ཡིན། མིང་མཛོད་དེ་གཉིས་སུ་འདུས་པའི་ཐ་སྙད་ཀྱི་གྲངས་ཀ་དེ་འདྲ་མང་བོ་མེད་ནའང་སྐབས་དེའི་ཡོན་ཏན་པའི་སྡེའི་སྤྱིར་བཏང་གི་དགོས་མཁོ་ཕལ་ཆེར་སྐོང་ཐུབ་ཀྱིན་ཡོད། དེའི་ཕྱིས་སུ་རིག་གནས་འཕེལ་རྒྱས་ལ་འགྲོ་བའི་གླགས་བྱུང་བ་དང་བསྟུན་ནས«དག་ཡིག་གསར་བསྒྲིགས»ལྟ་བུ་འཚོལ་བདེ་རྙེད་སླ་ཡིན་ལ། དེང་རབས་ཀྱི་སྒྲིག་སྟངས་སྤྱད་དེ་ཐ་སྙད་ལ་ནང་གི་དབྱེ་བ་བཀར་པ་ནི་དཔེར་ན་མིང་ཚིག་དང་། ཚབ་ཚིག ལས་ཚིག རྒྱན་ཚིག གྲངས་ཚིག བསྣན་ཚིག སྦྱོར་ཚིག སྦྲེལ་ཚིག གྲོགས་ཚིག འབོད་སྒྲ་བཅས་རེད། དེ་ལྟར་བགོས་པ་ནི་བོད་ཀྱི་བརྡ་སྤྲོད་ཐད་ནས་གོང་འཕེལ་ཆེན་པོ་ཞིག་རེད་ཅེས་བརྗོད་ཆོག་ཆོག་རེད། གནའ་དུས་ཐོན་མི་གཙོས་པའི་བོད་ཀྱི་མཁས་པ་རྣམས་ཀྱིས་ལེགས་སྦྱར་སྐད་ལས་བོད་སྐད་ལ་མཁོ་བའི་རྣམ་དབྱེ་བརྒྱད་སོགས་ནང་འདྲེན་མཛད་དེ་བོད་སྐད་ལ་འཚམ་པའི་བརྡ་སྤྲོད་ཀྱི་ཁྱད་ཆོས་དག་བསྐྲུན་པ་ཡིན་ན་དེང་སང་དེ་ལྟར་བྱེད་མི་རུང་བ་ཅི་ཡོད། ལེགས་སྦྱར་ལ་མ་གཏོགས་དཔེ་ལྟ་བྱེད་མི་ཆོག་ཅེས་ནའང་མི་སྐྱོན་ཏེ། མིང་ཚིག་སོགས་སུ་དབྱེ་སྟངས་དེ་རྒྱ་ནག་པས་ནུབ་གླིང་ལ་དཔེ་བལྟས་ནས་བླངས་པར་བཤད་ཅིང་། ནུབ་གླིང་པའི་བརྡ་སྤྲོད་ཀྱི་ཁྱད་ཆོས་དེ་དག་ཕལ་ཆེར་ལེགས་སྦྱར་སྐད་ལས་རྒྱུན་འཛིན་བྱས་ཤིང་འཕེལ་བར་གྲགས་ན་ང་ཚོས་ཀྱང་བརྒྱུད་བརྒྱུད་ནས་ལེགས་སྦྱར་སྐད་ལས་བླངས་པར་བརྩིས་ཆོག གོང་སྨོས་ལས་འབོད་སྒྲ་ཕུད་པའི་དགུ་ལ་རྗེས་སུ་ཚིག་ཅེས་ཚིག་གྲོགས་སྦྱར་པར་མཚང་ཆེ་སྟེ། མིང་ཚིག་གཉིས་སུ་དབྱེ་བའི་ཚིག་ལ་འཁྲུལ་བར་དོགས་ཅེས་ནའང་མི་སྐྱོན་ཏེ། དོགས་པ་ཙམ་ལས་དངོས་སུ་འཁྲུལ་འགྲོ་བ་མིན་པ་ནི་དཔེར་ན་མིང་གཅིག་དོན་མང་ལ་འཇུག་པས་མཚོན། གོང་སྨོས་ཀྱི་ཚིག་ཅེས་པ་ཚིག་གྲོགས་ཙམ་ཡིན་པ་ལས་དབུས་འགྱུར་གྱི་ཐ་སྙད་མིན། དེའང་གསལ་པོར་བཤད་ན་སྐབས་འདིའི་ཚིག་ནི་སྒྲ་ཅེས་པ་དང་མཚུངས། དཔེར་ན་དང་སྒྲ་ལྟ་བུ། གྲངས་ཚིག་ཅེས་པའང་གྲངས་སྒྲ་ཞེས་འབྲི་ཆོག སྐབས་འདིའི་ཚིག་ལ་སྐད་ཆ་ཚིག་གཅིག་ཅེས་པའི་དོན་མེད། གཞན་དུ་ན་བྱ་ཚིག་དང་ལས་ཚིག་ཅེས་པ་དག་ལ་འགྲེལ་ཇི་ལྟར་འཕོག དེ་གཉིས་ཀྱི་ཚིག་ཅེས་པའང་ཚིག་གྲོགས་སམ་མིང་མཐའ་ཙམ་ལས་དབུས་འགྱུར་ཐ་སྙད་མིན། སྤྱིར་མིང་མཐའ་དང་ཚིག་གྲོགས་འདྲ་བ་མ་ཡིན་ཏེ། བསླབ་པ་ལྟ་བུའི་པ་སྒྲ་མིང་མཐའ་དང་། བསླབ་གནས་ལྟ་བུའི་གནས་ནི་ཚིག་གྲོགས་ཡིན་གྱི་མིང་མཐའ་མིན། བསླབ་གནས་ནི་བསླབ་པར་བྱ་བའི་གནས་ཞེས་པ་ཚིག་སྡུད་བྱས་ནས་འོངས་པ་ཡིན་པས་འབྲུ་མང་བོའི་ཚིག་སྡུད་དང་། བསླབ་པ་ཞེས་པའི་པ་ནི་ཐ་སྙད་ཀྱི་ངོ་བོ་སྒྱུར་བྱེད་ཅིག་སྟེ་ཐ་སྙད་ལ་རིགས་དང་ངོ་བོ་ཡོད་པས་དེས་བསླབ་ཀྱི་བྱ་ཚིག་གི་ངོ་བོ་ཉིད་མིང་ཚིག་ལ་བསྒྱུར་པ་ཡིན། ཀ་བ་ལྟ་བུའི་མིང་མཐའི་བ་དེ་ལ་ངོ་བོ་སྒྱུར་བྱེད་ཀྱི་ནུས་པ་མེད་ཅིང་། བ་མིང་མཐར་སྦྱར་ཀྱང་ཀ་བ་ཞེས་པ་མིང་ཚིག་ཡིན་པའི་ངོ་བོ་དེ་གཞན་བྱ་ཚིག་སོགས་ཀྱི་ངོ་བོར་འགྱུར་མེད། དེས་ན་མིང་མཐའ་སྦྱར་ན་ཐ་སྙད་འགའ་རེའི་ངོ་བོ་འགྱུར་བ་དང་འགའ་རེ་མི་འགྱུར་བའི་གནད་འདི་རྟོགས་རིགས། ཀ་ནི་འདོད་རྒྱལ་གྱི་མིང་ཡིན་པ་དང་དེ་ལ་མིང་མཐའ་བ་སྦྱར་པས་རྗེས་གྲུབ་ཀྱི་མིང་དུ་གྱུར་པ་ཡིན། ཚེག་ཁྱིམ་རྐྱང་བ་ཞིག་བརྗོད་མི་བདེ་བ་དང་ཚིག་གི་ནང་དུ་སྐབས་འགར་སྒྲ་གདངས་མི་སྙོམས་པས་དེ་འདྲའི་སྐྱོན་དག་བསལ་ཕྱིར་རྗེས་སུ་སྒྲུབ་པ་དང་། དེའི་ཕྱིར་ས་པཎ་གྱིས“མིང་ཚིག་དེ་དག་རྒན་པོ་ཡིས། ། སྔོན་ལ་སྦྱར་པ་བརྡ་ཡིན་ཏེ། ། ཕྱི་ནས་དཔྱོད་པ་ཐ་སྙད་ཡིན”ཅེས་གསུངས་ལ། དེས་ན་རྒྱུ་མཚན་དང་བཅས་པར་སྦྱར་པའི་མིང་མཐའ་ཅན་དེ་རྗེས་གྲུབ་ཀྱི་མིང་ཡིན་དགོས་པ་སྨོས་ཅི་འཚལ། གོང་གི་མིང་སོགས་དགུ་ལ་ཚིག་གྲོགས་སུ་ཚིག་ཅེས་སྦྱར་པ་སྐྱོན་དུ་མི་འགྱུར་བའི་ཚུལ་གལ་བོ་ཆེ་ལ་ནན་ཏན་དུ་བརྗོད་ན། ལས་ཚིག་དང་བྱ་ཚིག་ཅེས་པ་གཉིས་ལ་དོན་གཉིས་རེ་ཡོད་དེ། དང་པོ་ནི་གཉིས་ཀ་བྱ་བ་སྟོན་པའི་སྒྲ(སློབ་དཔོན་ཆེན་མོ་ཨ་ལགས་དོར་ཞི་ཚང་གི་གསུང་ངོ)ཡིན་ཏེ་མཁས་དབང་འཇིགས་མེད་རིགས་པའི་བློ་གྲོས་ཚང་གིས་དེ་ལ་ཁོང་གི་གསུང་འབུམ་གླེགས་བམ་བཞི་པའི་ཤོག་ངོས་༢༦༦ངོས་སུ“ལས་ཚིག”གསུངས་ཡོད་ཅིང་། «དག་ཡིག་གསར་བསྒྲིགས»གི་པར་ངོས༧༧༢པ་ན“ལས་ཚིག་ནི་བྱ་དངོས་ཀྱི་འགྱུར་ལྡོག་སོགས་སྟོན་པའི་ཐ་སྙད་ལ་ལས་ཀྱི་ཚིག་གམ་ལས་ཚིག་ཟེར། དཔེར་ན། གཅད། གཅོད། བཅད། ཆོད་དང་། ཤེས། གླེང་སོགས་ནི་ལས་ཚིག་ཡིན་པ་ལྟ་བུ”ཞེས་འཁོད་འདུག་པ་གོང་གི་གསུང་ཚུལ་དང་འདྲ་ལ། མཁས་དབང་དམུ་དགེ་བསམ་གཏན་ཚང་གི་གསུང་འབུམ་པོད་ལྔ་པའི་པར་ངོས༥༡༧ ངོས་སུ“བྱ་ཚིག”ཅེས་གསུངས་ཡོད་པ་དང་། «བོད་རྒྱ་ཚིག་མཛོད་ཆེན་མོ»ཡི་པར་ངོས༡༨༦༤ན “བྱ་ཚིག (1)བྱ་བའི་ལས་ཀྱི་ཚིག (2)ལས་ཚིག”ཞེས་དོན་ཚན་གཉིས་པའི་སྐབས་སུ་བྱ་ཚིག་དང་ལས་ཚིག་གཉིས་དོན་གཅིག་མིང་གི་རྣམ་གྲངས་སུ་བསྟན་ཡོད་དེ། སྐབས་འདིར་བྱ་ཚིག་དང་ལས་ཚིག་གཉིས་ནི་བྱ་བ་སྟོན་པའི་སྒྲ(动词 verb)ཞེས་པ་དང་དོན་གཅིག་གོ ། ཡང་བྱ་ཚིག་ཅེས་པ་དུས་མ་འོངས་པ་དག་སྟོན་བྱེད་ཀྱི་མིང་སྟེ། མཁས་མཆོག་འཇིགས་མེད་རིགས་པའི་བློ་གྲོས་ཀྱི་གསུང་འབུམ་གླེཊ་བམ་བཞི་པའི་པར་ངོས༢༧༥ན“དུས་གསུམ་དང་སྦྱར་ན་བྱ་ཚིག་ཅན་ནི་མ་འོངས་པ་དང་། བྱེད་ཚིག་ཅན་ནི་ད་ལྟ་བ། བྱས་ཚིག་ཅན་ནི་འདས་པ། སྐུལ་ཚིག་དང་དགག་སྒྲ་སྦྱར་བའི་སྐུལ་ཚིག་ནི་མ་འོངས་པ་ཡིན་ནོ”ཞེས་གསུངས་ཤིང་། ད་དུང་ཁོང་གི་གསུང་འབུམ་གླེགས་བམ་ལྔ་པའི་པར་ངོས ༣༨༡ན་དེ་དག་གི་བསྡུས་མིང་ལ“བྱ་བྱེད་བྱས་སྐུལ”ཞེས་གསུངས་ཡོད། གཞན་ཡང་ལས་ཚིག་ཅེས་པ་བྱ་བྱེད་ལས་གསུམ་ནང་གི་ལས་ཞེས་པར་ཡང་འཇུག་པ་ཡིན། དེས་ན་གོང་བསྟན་གྱི་ཚིག་ཅེས་པ་དེ་འདྲ་མང་བོ་ཞིག་མིང་ཚིག་གཉིས་ཀྱི་ཚིག་ཅེས་པ་དེར་མི་གོ་བའང་མངོན་གསལ་རེད། རྩི་མར་རྒྱ་མ་དོ་ལ་དངུལ་ནི་ཞོ་གང་གནས་སོང་། ཞེས་པ་ལྟ་བུའི་ནང་གི་རྒྱ་མ་དང་ཞོ་ནི་ཚིག་སྔ་ཕྱིའི་འབྲེལ་དང་སྐབས་སུ་བབ་པའི་སྟོབས་ཀྱིས་ཚད་ཚིག་ཏུ་གྱུར་པ་ཡིན་ལ། དོ་དང་གང་ནི་ཚད་བྱེད་ཀྱི་གྲངས་གཉིས་དང་གཅིག་ཏུ་གྱུར་པ་དང་། མར་ནི་ཚད་བྱའམ་གཞལ་བྱ་དངོས་ཡིན་ནོ།། སྐབས་འདིའི་རྒྱ་མ་དང་ཞོ་ནི་སྤྱིར་བཏང་གི་མིང་རྐྱང་ཙམ་མ་ཡིན་པར་་་རང་ལ་ཐུན་མིན་གྱི་ངོ་བོ་ཞིག་ཡོད་པ་ཡིན། དེ་ནི་ཚད་ཚིག་ཅེས་པའི་གོ་དོན་ལས་རྟོགས་དགོས། དེའི་ཕྱིར་ཐ་སྙད་རྣམས་ལ་རིགས་སོ་སོར་དབྱེ་བའི་དགོས་པ་བྱུང་བ་དང་། དེ་ཡང་རང་རང་ཚིག་གི་ནང་དུ་ཞུགས་ཚེ་ཐོན་པའི་ནུས་པས་རང་རང་དེ་དང་དེ་ཡི་ངོ་བོར་གྲུབ་ཏུ་བཅུག་པ་ཡིན།
གཞན་ཡང«དག་ཡིག་གསར་བསྒྲིགས»ཀྱི་ནང་དུ་བཀོད་མེད་ནའང་དེང་གི་བརྡ་སྤྲོད་གྲགས་ཆེན་འགའ་ཡི་ནང་དུ“ཚད་ཚིག”ཅེས་པའི་ཐ་སྙད་ཀྱི་དབྱེ་བ་དེ་བཀོད་འདུག་པས་དེ་ལྟར་གཞུང་ལུགས་སུ་བཀོད་པ་དེང་ཕྱིན་བརྟན་དུ་བཅུག་ནས་ལག་ལེན་ལ་ཐེབས་ན་ཤིན་ཏུ་ལེགས་པར་སྙམ། དེ་ལྟར་ཐ་སྙད་ལ་ནང་ཁུལ་གྱི་ཞིབ་པའི་དབྱེ་བ་བྱུང་བས་ཞིབ་འཇུག་གི་དཔྱད་གཞི་དང་སློབ་ཁྲིད་ཀྱི་མཛུབ་སྟོན་ལ་གཞི་གཟུང་ས་ཡོད་པར་གྱུར་ལ། བརྡ་སྤྲོད་གཞུང་ལུགས་ཀྱི་ནང་དུ་ཇི་ལྟར་ཞིབ་ཆ་བཏོད་ན་དེ་ལྟར་གསལ་ཆ་ཐོན་པ་དང་། གསལ་ཆ་དེས་ཞིབ་འཇུག་དང་ལག་ལེན་ལ་ཤིན་ཏུ་ཕན་པ་ཡིན། ཞིབ་ཆ་དེ་འདྲ་ཐོད་མེད་ཚེ་དཔེར་ན་འབྲུ་རིགས་ཞེས་པས་སྤྱི་ཙམ་ལས་དེའི་བྱེ་བྲག་པ་རྣམས་གོ་ཐབས་མེད་པ་དང་། གྲོ་ནས་ཁྲེ་ཏིལ་སྲན་མ་བྲ་བོ་ཁྲེ་རྒོད་སོགས་དེའི་བྱེ་བྲག་རྣམས་རང་རང་གི་ངོ་བོར་ཕྱེད་པར་གྱུར་པ་ལྟ་བུ། བོད་ཀྱི་བརྡ་སྤྲོད་གཞུང་ལུགས་སུ་དོན་དེ་ཡོད་ཀྱང་མིང་དེ་ཐོགས་མེད་པའི་རིགས་ད་དུང་ཧ་ཅང་མང་སྟེ་ཕྱིས་སུ་ཆད་པ་དེ་རྣམས་རིམ་བཞིན་བསྐང་དགོས་པ་ཡིན་ནོ། ། «དག་ཡིག་གསར་བསྒྲིགས»ནི་སྔོན་གྱི་མིང་མཛོད་དག་དང་བསྡུར་ན་དབུ་ཡིག་འགོད་སྟངས། དབུ་ཡིག་རེའི་དོན་གྱི་ཚན་པ་དབྱེ་སྟངས། ཐ་སྙད་ལ་དབྱེ་བ་འབྱེད་སྟངས། ཐ་སྙད་ཀྱི་གོ་དོན་ལ་གསལ་ཆ་བཏོད་པ། ཐ་སྙད་ཀྱི་འཁོལ་སྟངས་དཔེ་ཡིས་བསྟན་པ། ཐ་སྙད་ཀྱི་འགྲེལ་སྟངས་ཚིག་འདུས་དོན་གསལ་ཡིན་པ། ཚིག་འགྲོས་འགོད་སྟངས་དང་དོན་ལྷུ་སྒྲིག་ཚུལ་སྔོན་གྱི་མཁས་གཞུང་ལེགས་པོ་རྣམས་དང་མཐུན་པ། ཀློག་པ་པོ་དཀྱུས་མ་རྣམས་ལ་དགེ་རྒན་གྱི་མཛུབ་ཁྲིད་ཡོད་པ་ལྟ་བུའི་ནུས་པ་ཐོན་པ། ལྷག་པར་སློབ་ཆུང་དང་སློབ་འབྲིང་གི་སློབ་མ་རྣམས་ལ་མེད་དུ་མི་རུང་བའི་ལག་ཆའི་དཔེ་དེབ་ཞིག་ཏུ་འཁུམས་སོ། ། དེའི་ནང་དུ་དབུ་ཡིག་གི་གྲངས་ཀ་ཁྲི་ཕྲག་ཙམ་ལས་མེད་པས་སློབ་ཆེན་པ་དང་ཞིབ་འཇུག་པ་དག་ལ་མཚོན་ན་དགོས་མཁོ་ཆེར་སྐོང་མི་ཐུབ་ཅིང་། དབུ་ཡིག་གི་ཐད་ནས་ཀྱང་སྤྱིར་བཏང་གི་ཐ་སྙད་གཙོ་བོར་གྱུར་ནས་ཐོན་པས་རིག་ཚན་གཞན་དག་ལ་ཕན་ཆེན་པོ་ཐོགས་དཀའ། དེ་སྒྲིག་སྐབས་ཀྱི་ལོ་རྒྱུས་གནས་ཚུལ་གྱི་དབང་གིས་སྐད་ཆ་ལ་ལ་ནི་དེ་ལྟར་མ་བཤད་པ་ཞིག་ནི་མི་འོང་ལ། ཆིག་ཤད་ཉིས་ཤད་སོགས་ཀྱི་ཚབ་ཏུ་རྟགས་གཞན་དང་གཞན་སྤྱད་པའང་དེ་བཞིན་རང་དབང་ལ་མ་འོངས་པ་ཁོ་ན་ཡིན་ཏེ། དཔེ་མིང་རྟགས་སོགས་བོད་ཡིག་གི་ནང་དུ་མཁོ་ཆེ་བཞིན་ནང་འདྲེན་མི་བྱེད་པར་མི་དགོས་པའི་ཕྱོགས་ཞེན་གྱིས་འགོག་ཅི་ཐུབ་ཐུབ་བྱེད་པ་ལ་སྙིང་བོ་ཡོད་པར་མི་སེམས་སོ། ། «དག་ཡིག་གསར་བསྒྲིགས»གསེར་གྱི་ཕ་བོང་དེ་ལའང་ལྷད་མི་འདྲེ་ཟེར་མི་ཐུབ་སྟེ། རྩོམ་སྒྲིག་རྨ་མེད་ལ་ཞུ་དག་གིས་མ་ཐིངས་ཚེ་བཟང་ངོ་མེད་དུ་གྱུར་པའི་དཔེ་ལྟར་འགྲོ་བ་དང་། པཎ་ཌི་ཏ་ལའང་ཐུགས་མཉམ་མ་བཞག་ས་ཡོད་སྲིད་པ་མིན་ནམ། «བོད་རྒྱ་ཚིག་མཛོད་ཆེན་མོ»དང་«དག་ཡིག་གསར་བསྒྲིགས»ནི་ཕལ་ཆེར་དུས་མཉམ་ཞིག་ལ་པར་དུ་བསྐྲུན་ནས་ཐོན་པས་ཀློག་པ་པོ་མང་པོའི་དགོས་མཁོ་རྣམས་སྐབས་ཐོག་ཅིག་ལ་ཀུན་ནས་བསྐངས་པར་གྱུར། ཐ་སྙད་ཁྲི་ཕྲག་ལྔ་ཙམ་ཡོད་པའི་«བོད་རྒྱ་ཚིག་མཛོད་ཆེན་མོ»ནི་བོད་ལ་མཚོན་ན་ཐེངས་དང་པོ་ཡིན་ལ། དེས་ཀློག་པ་པོ་རྣམས་ལ་ད་ནས་བཟུང་ཐ་སྙད་ཅིག་ལ་བཙལ་ནས་མི་རྙེད་པ་ཞིག་ཨེ་ཡོད་སྙམ་པའི་ཚོར་བ་ཞིག་ཅིས་མི་སྟེར། སྐབས་ཐོག་དེ་དང་ཕྱིས་ཀྱི་ཡུན་རིང་ཞིག་ལ་མིང་མཛོད་དེས་མི་རྣམས་ལ་མཁོ་མཁོ་ཞིག་རང་ལས་བཙལ་དུ་ཡོད་པར་བྱས་པ་ནི་རིག་ཚན་ཀུན་འཛོམ་གྱི་དེབ་གཏེར་ལྟ་བུའི་ནུས་པ་ཐོན་པར་བྱས་ཡོད། གལ་སྲིད་ཀློག་པ་པོ་ཞིག་གིས་དེ་ལ་མགོ་ནས་མཇུག་བར་ནན་ཏན་གྱིས་ཐེངས་ཤིག་བལྟས་པ་ཡིན་ཚེ་མ་མཐའ་ཡང་རིག་གནས་བཅུའི་ཐ་སྙད་སྐོར་ཞིག་ལ་ཆ་རྒྱུས་ཅུང་ཙམ་ཡོད་པར་འགྱུར་ལ། ཁོ་ལ་ཤིན་ཏུ་མཁོ་ཡང་མ་རྙེད་པར་ཡོད་པའི་ཐ་སྙད་སྐོར་ཞིག་དེ་རུ་ཡོད་ནས་ལོན་པར་འགྱུར་བ་དང་། དེ་མིན་ད་དུང་ཤིན་ཏུ་མཁོ་ཆེ་སྙམ་པའི་ཐ་སྙད་ཧ་ཅང་མང་པོ་ཞིག་ལ་རྟགས་གདབ་པར་འགྱུར་བའམ་ཟིན་དེབ་ཏུ་དགོད་པར་འགྱུར། བློར་ཤོང་ཟིན་པའི་ཐ་སྙད་ནི་དེ་ལྟར་ཇེ་མང་ལ་སོང་བས་རང་ཉིད་ཐ་སྙད་རྒྱ་མཚོར་མངའ་དབང་འབྱོར་པའི་ཀླུ་རྒྱལ་དུ་གྱུར་པ་ཡིན། དཔེ་ཀློག་དང་རྩོམ་འབྲིའི་ལག་ལེན་ནང་དུ་ཕལ་ཆེར་མིང་མཛོད་ཀྱི་རིགས་ལ་མ་བརྟེན་པར་དོན་མི་གོ་བ་ཞིག་དང་རྩོམ་མི་ཕྲིས་པ་ཞིག་ཡིན་ཚེ་དེ་ནི་ཚད་ལྡན་གྱི་ཐིག་ཤིང་གིས་ཚད་ན་ད་དུང་སློབ་འབྲིང་གི་ཡོན་ཚད་ལོན་མེད་པའི་རྟགས་ཡིན། མིང་མཛོད་གཞན་དག་དང་བསྡུར་ན«བོད་རྒྱ་ཚིག་མཛོད་ཆེན་མོ»རུ་སྒྲ་ཚད་བཟོ་གསོ་ནང་དོན་རིག་པ་དང་། སྙན་ངག་མངོན་བརྗོད་སྡེབ་སྦྱོར་ཟློས་གར་དཀར་རྩིས་ཏེ་རིག་ཚན་སོ་སོའི་ཐ་སྙད་ཡོད་པ་ཙམ་མ་ཡིན་པར་ཅུང་ཙམ་མང་དུ་ཡོད་པས་ཀློག་པ་པོ་རྣམས་ཀྱི་དགོས་མཁོ་ཆེ་ཆེར་བསྐངས་ཡོད། དེང་དུས་བོད་ཀྱི་སློབ་གསོ་འཕེལ་བའི་གོ་རིམ་ནང་དང་རིག་གནས་འཛུགས་སྐྲུན་གྱི་གོ་རིམ་ནང་དུ«བོད་རྒྱ་ཚིག་མཛོད་ཆེན་མོ»དང«དག་ཡིག་གསར་བསྒྲིགས»། «རྒྱ་བོད་ཤན་སྦྱར་ཚིག་མཛོད»བཅས་ཀྱིས་མིང་མཛོད་གཞན་དག་གིས་ཐོན་ཐབས་མེད་པའི་ནུས་པ་ཆེན་པོ་བཏོན་ཡོད་ཅིང་། ལོ་རྒྱུས་ཀྱི་གོ་གནས་གལ་ཆེན་ཟིན་ཡོད། ཐ་སྙད་ལྔ་ཁྲི་ལྷག་ཙམ་ཡོད་པའི« རྒྱ་བོད་ཤན་སྦྱར་ཚིག་མཛོད»ནི་སྔ་ཕྱིར་ཐེངས་གསུམ་ལ་བསྐྱར་སྒྲིག་ཡང་བཅོས་བྱས་ནས་གྲུབ་པ་ཞིག་ཡིན་ལ་དེ་ཡང་ཐུན་མོང་གི་བློ་གྲོས་ལས་གྲུབ་པ་ཞིག་དང་། བོད་ཀྱི་ལོ་ཙྰ་བའི་དཔུང་སྡེའི་བརྩོན་པ་ལས་གྲུབ་སྟེ་སླར་ཡང་བོད་ཀྱི་ལོ་ཙྰ་བའི་དཔུང་སྡེ་ལ་མཁོ་འདོན་བྱས་པའི་ལག་ཆའི་དཔེ་དེབ་ཅིག་ཡིན། དེས་བོད་ཀྱི་ལོ་ཙྰ་སློབ་མཁན་གྱི་སློབ་མ་དང་སྤྱིར་བཏང་གི་རྒྱ་ཡིག་སློབ་མཁན་རྣམས་ལའང་ཕན་ཆེན་པོ་བཏགས་ཤིང་ཐོགས་བཞིན་པ་ཡིན་ནོ། །
མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་གཙོ་སྒྲིག་མཛད་པའི«རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད»ནི་ཉེ་ཆར་གསར་དུ་བསྒྲིགས་པ་ཞིག་ཡིན་ལ། ཐ་སྙད་ཀྱི་གྲངས་ཀ་ཁྲི་ཕྲག་ཙམ་ལས་མེད་པས་ཉུང་སྣང་ཞིག་སྐྱེའང་ཐུན་མིན་གྱི་ཁྱད་ཆོས་མང་དུ་མཐོང་སྟེ། སྐད་ཡིག་གསུམ་ཤན་སྦྱར་བྱས་ཡོད་པ་དང་། དེས་རྒྱ་ཡིག་སློབ་པར་ཕན་ཐོགས་པ་ཙམ་དུ་མ་ཟད། དབྱིན་ཡིག་སློབ་པར་ཡང་ཕན་ཐོགས་པ་དང་། ཐ་སྙད་རྣམས་ཚེག་ཁྱིམ་གཉིས་ཅན་དང་གསུམ་ཅན་གཙོར་བཟུང་ནས་བསྒྲུབས་ཡོད་པས་ངག་ལ་བརྗོད་བདེ་བ་ཡིན་པ་དང་། ཐ་སྙད་རྣམས་ལ་དོན་འགྲེལ་གསལ་བར་བཀོད་ཡོད་པས་བཙལ་བྱའི་ཐ་སྙད་རྣམས་རྙེད་པའི་ལྷན་དུ་གོ་དོན་ཡང་རྟོགས་འགྲོ་བ་དང་། གོ་དོན་དེ་ཡང་སྐད་གསུམ་གཤིབ་སྡུར་གྱི་ཐབས་ལ་བརྟེན་ནས་དཔྱད་ན་གཏིང་ཟམ་མོ་ཞིག་གོ་བར་ཕན་ཐོགས་ཆེན་པོ་ཡོད་པ་དང་། སྐད་གཉིས་ཤན་སྦྱར་གྱི་མིང་མཛོད་ལ་མདོ་མཁར་པ་ཚེ་རིང་དབང་རྒྱལ་གྱི«སྐད་གཉིས་ཤན་སྦྱར»དང་། འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོའི«སྐད་གཉིས་ཤན་སྦྱར»། ཨོཾ་འཁྱིལ་བ་འཇམ་དབྱངས་ལེགས་བཤད་ཀྱི«སྐད་གཉིས་ཤན་སྦྱར»། དམུ་དགེ་བསམ་གཏན་ཚང་གི«སཾ་བོད་སྐད་གཉིས་ཤན་སྦྱར»དེ་བཞི་སཾ་བོད་སྐད་གཉིས་ཤན་སྦྱར་ཡིན་ཀྱང་ཡིག་རིགས་གཉིས་ཤན་སྦྱར་བྱས་པ་མིན་ཏེ། ལེགས་སྦྱར་གྱི་ཡི་གེ་གཟུགས་ལ “སུབྷྰཥིཏརཏྣནིངྡིནྰམཤྰསྟྲ”ལྟ་བུ་མེད་པའི་ཕྱིར། དེ་བཞིན “Bkra shis bde legs phun sum tsogs”ཞེས་པ་ལྟ་བུ་ཡང་བོད་སྐད་ཡིན་ཀྱང་བོད་ཡིག་མིན་ནོ། ། དེ་འདྲ་ནི་བོད་ཡིག་ཡིན་ཆོག་ཀྱང་ད་ལྟ་ད་དུང་སུས་ཀྱང་གཏན་ལ་ཕབ་མེད་པའི་ཕྱིར། དེ་དག་ནི་བོད་ཀྱི་ཡིག་གཟུགས་དང་ལ་ཏིན་ཡིག་གཟུགས་ཀྱིས་ལེགས་སྦྱར་སྐད་དང་བོད་སྐད་ཀྱི་གདངས་དེ་ཡི་གེའི་རི་མོར་ཕབ་པ་ཁོ་ནའོ། །རྒྱ་བོད་སྐད་གཉིས་ཤན་སྦྱར་ལ་ལྕང་སྐྱ་རོལ་བའི་རྡོ་རྗེ་ཚང་གི་སྐུ་དུས་སུའང་ཡོད་དེ། སྐད་ལྔའི་ཤན་སྦྱར་ལས་དེ་གཉིས་ཁོལ་ཕྱུང་གི་མིང་མཛོད་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་ཟིན་པ་དེའོ། ། ཡིན་ནའང་དེ་འདྲའི་ཤན་སྦྱར་ཅན་ལ་དོན་འགྲེལ་བཀོད་འདུག་པ་མེད་ཅིང་། རྒྱ་བོད་དབྱིན་གསུམ་གྱི་མིང་མཛོད་དེ་ནི་དོན་འགྲེལ་འཁོད་པ་ཅན་དང་པོ་དེ་ཡིན། མིང་མཛོད་དེ་སྒྲིག་སྐབས་མདོ་དབུས་ཁམས་གསུམ་གྱི་མཁས་པ་མང་པོ་འདུས་ཏེ་བརྩད་ཅིང་དཔྱད་ནས་རྩོམ་སྒྲིག་མཛད་པ་ལགས་པས་དེའི་རྒྱུ་སྤུས་ལ་སྤྱིར་བཏང་གིས་ཀློག་པ་པོ་རྣམས་ཀྱིས་ཡིད་ཆེས་བྱེད་ཆོག་སྙམ། པར་སྒྲིག་ལག་རྩལ་གྱིས་མ་ཐིངས་པ་དང་། ཐོད་གཏུག་ཞུ་དག་ལེགས་པར་མ་སོང་བས་ལན་པ་ནི་གནད་དོན་གཞན་ཞིག་རེད། མིང་མཛོད་དེ་ནི་དམངས་ཁྲོད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་བསྒྲིགས་པ་ཞིག་ཡིན་པར་མ་ཟད། རྩོམ་སྒྲིག་པར་སྐྲུན་གྱི་འགྲོ་གྲོན་ཐམས་ཅད་ཀྱང་མཁན་པོ་ཁོང་གིས་བཏང་བར་མཛད་པ་ཞིག་རེད།
འཛམ་གླིང་ན་གྲགས་པ་འབར་བའི་རྟེན་གསུམ་བཞེངས་ནས་གྲུབ་པ་ཡིན་ན་དེ་ནི་འཇིག་རྟེན་གྱི་རྒྱན་དང་འགྲོ་བའི་བསོད་ནམས་ཀྱི་ཞིང་མཆོག་ཡིན་པ་སྨོས་ཅི་འཚལ། དེ་བཞིན་བོད་ཀྱི་རིག་གནས་རྒྱུན་འཛིན་དང་གོང་ནས་གོང་དུ་སྤེལ་བྱེད་ཀྱི་སྐད་དང་ཡི་གེ་འདིའང་གཏན་ནས་མི་ཉམས་པ་ཞིག་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ། དེའི་རྨང་གཞི་ནི་བླ་ལྷག་ཏུ་དར་བའི་མི་རིགས་སློབ་གསོ་དང་། གཞི་ཁྱོན་རྒྱ་ཆེ་བ་དང་གྲུབ་འབྲས་ཕུལ་བྱུང་གི་རིག་གནས་འཛུགས་སྐྲུན་ཡིན།
སྐད་ཡིག་དང་རྩོམ་རིག་ཕུད་པའི་རིག་ཚན་གཞན་དག་གི་ངོས་ཐད་ནས་བལྟས་ཚེ་བོད་ཀྱི་གསོ་བ་རིག་པ་ནི་སྲོལ་རྒྱུན་གྱི་རྨང་གཞི་རྒྱ་ཆེ་བས་རིག་ཚན་དེའི་ཐད་དུ་བསྒྲིགས་ཤིང་བསྐྲུན་པའི་མིང་མཛོད་ནི་རིག་ཚན་གཞན་ལས་མང་ཞིང་། བརྡ་ཆད་མང་བས་བམ་ཁ་མཐུག་པར་མ་ཟད་སྤུས་ཀའང་དག་པར་སྙམ། དཔེར་ན་ཆབ་མདོ་ས་ཁུལ་སྨན་རྩིས་ཁང་གིས་བསྒྲིགས་ཤིང་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི«འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང»། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་བསྒྲིགས་ཤིང་མི་་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི«བོད་ལུགས་གསོ་རིག་ཚིག་མཛོད་ཆེན་མོ»ལྟ་བུ་སྟེ། བསྐྲུན་འགྱུར་གྱི་མིང་མཛོད་ལ་གོ་འཇོ་དབང་འདུས་ཀྱིས་བསྒྲིགས་མཛད་པའི་གསོ་རིག་བརྡ་ཆད་ཤིན་ཏུ་མང་པོ་ཅན་ཞིག་ཡོད་ཅིང་། མི་འགྱང་བར་པེ་ཅིང་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་འགྱུར་གྱི་མཚོ་སྔོན་བོད་ཀྱི་གསོ་རིག་སློབ་གླིང་གིས་བསྒྲིགས་པའི་དེང་རབས་གསོ་རིག་གི་བརྡ་ཆད་ཧ་ཅང་མང་པོ་འདུས་པའི་དེབ་ཅིག་ཡོད་ལ། དེ་དག་ཡོད་པས་བོད་ཀྱི་གསོ་བ་རིག་པའི་སློབ་ཁྲིད་དང་ཞིབ་འཇུག་གི་ཐད་ནས་མིག་སྔའི་དཀའ་ཁག་ཕལ་ཆེར་སེལ་བར་ནུས་སོ་སྙམ།
ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན་པའི«དུང་དཀར་ཚིག་མཛོད་ཆེན་མོ»ནི་བམ་ཁ་ཤིན་ཏུ་མཐུག་ལ་ཡིག་འབྲུ་ས་ཡ་གསུམ་ཙམ་གྱིས་བྲིས་ནས་གྲུབ་ཅིང་། མིང་མཛོད་དེ་རུ་དབུ་ཡིག་ཆིག་ཁྲི་བཞི་སྟོང་ཙམ་ཡོད་པ་དང་། མཇུག་གི་ཟུར་བཀོད«ལོ་ཚིགས་དྭངས་ཤེལ་མེ་ལོང»དུ་སྤྱི་ལོ་སྔོན་གྱི༣༠༨༤ནས་སྤྱི་ལོ༡༩༩༦ལོའི་བར་གྱི་ལོ་ཚིགས༡༤༦༠ཙམ་འཁོད་ཡོད། མིང་མཛོད་དེ་ཕར་སློག་ཚུར་སློག་གིས་རགས་རིམ་ཞིག་བལྟས་ཚེ་དེའི་ཁྱད་ཆོས་རྟོགས་འོང་སྟེ། ཐོག་མར་བསྡུས་གསལ་དུ་བཀོད་པའི་དཔྱད་གཞིའི་ཡིག་ཆ་དག་ལ་ལྟ་བཞིན་པའི་སྣང་བ་འཆར། དེ་རུ་འཁོད་པའི་ཐ་སྙད་རྣམས་མང་ཤོས་ནི་མིང་མཛོད་གཞན་དུ་འཁོད་མེད་པའི་མི་མིང་ས་མིང་དང་ལོ་རྒྱུས་ཆོས་ལུགས་ཀྱི་ཐ་སྙད་རེད། གཞན་ཡང་བ་གཉིས་པའི་སྡུད་པ་ཅན་གྱི་ཐ་སྙད་ཀྱང་མང་དུ་ཡོད། དཔེར་ན། གནམ་གྱི་ཁྲི་བདུན་ལྟ་བུ་སྟེ། གནམ་ལ་གཤེགས་པའི་རྒྱལ་པོའི་ཁྲི་རབས་ཡིན་ལ། གྲངས་ཀའང་བདུན་ཡོད་པའི་ཕྱིར། མིང་མཛོད་དེ་ཀློག་པ་པོ་རིམ་པ་མཐོན་པོ་ཅན་ལ་རྣམས་ལ་མཁོ་ཞིང་། ཁྱད་དུ་དེའི་ནང་གི་ཞིབ་འཇུག་པ་རྣམས་ལ་མཁོ་ཆེ། དེ་འདྲའི་མིང་མཛོད་སྔོན་ཆད་བྱུང་མ་མྱོང་ལ། འཁོལ་སྤྱོད་ཀྱི་རིན་ཐང་ནི་མིང་མཛོད་གཞན་པས་ཚབ་བྱེད་མི་ཐུབ་ཅིག་མཆིས་སོ། ། དེ་ལས་རྙེད་མི་ཐུབ་པའི་ཐ་སྙད་ཀྱང་མང་དུ་ཡོད་པས་་ དེང་ཕྱིན་དབུ་ཡིག་གི་གྲངས་ཀ་དེ་ལས་ཀྱང་མང་བའི་དེ་འདྲའི་མིང་མཛོད་བསྒྲིག་པའི་དགོས་པ་ཆེ་ཆེར་ཡོད་དོ། །མིང་མཛོད་དེའི་ཞུ་དག་ཐོད་གཏུག་གི་ཐད་དུ་ད་དུང་གནད་དོན་ཅུང་ཙམ་མང་བས་དེང་ཕྱིན་བསྐྱར་བསྐྲུན་པར་འདེབས་བྱེད་སྐབས་གཟབ་དགོས་པར་འདུག དེ་འདྲའི་གནད་དོན་ནི་ཕལ་ཆེར་མིང་མཛོད་ཀུན་ལ་ཡོད་ཀྱི། དོན་ལ་ཡོ་འཛུར་ཤོར་པ་དང་། ཚིག་ལ་ཞུན་ཐར་མ་ཆོད་པའི་རིགས་མང་བ་ནི་ང་ཚོར་དོན་ལ་གཟབ་དགོས་པ་དང་ཚིག་ལ་ཞིབ་དགོས་པའི་འདུ་ཤེས་ཆེར་མེད་པས་ལན་པ་ལོས་ཡིན། སྤྱིར་བཏང་གིས་ཞུ་དག་པ་ལ་ཐོད་གཏུག་གི་འགན་ཁུར་ཡོད་ཀྱང་དེའི་དབང་ཆ་གཙོ་བོ་ནི་ཞུ་དག་ཡིན། ཞུ་དག་ནི་དོན་གྱི་གནད་ཟིན་ཡོད་མེད་དང་ཚིག་གི་ལྷུ་རྐང་འགྲིག་མིན་ལ་ལྟ་རྒྱུ་དེ་ཡིན་པ་དང་། ཐོད་གཏུག་ནི་མ་ཡིག་གི་ཚོགས་གསུམ་གྱི་ཐོད་པ་དང་བུ་ཡིག་གི་ཐོད་པ་ཕན་ཚུན་ལྟོ་འགྲིག་མིན་ལ་ལྟ་རྒྱུ་དེ་ཡིན། དེ་ཡང་གསལ་བོར་བཤད་ན་མ་ཡིག་གི་ཁ་མལ་དེ་དང་བུ་ཡིག་གི་ཁ་མལ་དེ་རུ་ཡོད་པའི་ཚོགས་གསུམ་ཡོངས་སུ་འདྲ་མིན་ལ་ལྟ་རྒྱུ་དེ་ཡིན། ཕན་ཚུན་ལྟོ་མི་འགྲིག་པ་བྱུང་བ་ཡིན་ཚེ་གནད་དོན་བུད་ཡོད་པའི་རྟགས་སུ་མངོན་པས་མ་ཡིག་བཞིན་བཅའ་དགོས། ཐོད་གཏུག་མཁན་ལ་ཞུ་དག་བྱེད་པའི་ནུས་པ་ཡོད་ཀྱང་ཞུ་དག་བྱེད་པའི་དབང་ཆ་མེད་དེ། གནད་དོན་བྱུང་འདུག་སྙམ་པ་རྣམས་ཞུ་དག་པའི་སར་སོང་སྟེ་གྲོས་ཡོད་པའི་སྒོ་ནས་བཅའ་དགོས། ཚོད་ཚོད་ལ་བཅོས་ན་བཅོས་ཉེས་འབྱུང་བའི་རིགས་མང་ངོ་། ། ཐོ་གཏུག་དང་ཐོད་གཏུག་གཉིས་དོན་འདྲ་ས་ཡོད་ཀྱང་ཐོ་གཏུག་ནི་ཐོ་རུ་བཏབ་ཡོད་པའི་གྲངས་ཀ་རྣམས་ཚང་མིན་དང་འཆོལ་ཡོད་མེད་ལ་ལྟ་བ་ཡིན་པ་དང་། ཐོད་གཏུག་ནི་གོང་སྨོས་བཞིན་ནོ། །
ནོར་བྲང་ཨོ་རྒྱན་གྱིས་བསྒྲིགས་པར་མཛད་ཅིང་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན་པའི«ཆོས་རྣམ་ཀུན་བཏུས»ནི་བམ་ཁ་ཁ་ཤིན་ཏུ་མཐུག་པའི་པོད་ཆེན་གསུམ་གྱིས་གྲུབ་པ་ཡིན་ཅིང་། པོད་གསུམ་པོའི་ཤོག་ངོས་བཞི་སྟོང་བརྒྱ་ལྷག་གི་ངོ་རུ་ཡོད་པའི་ཡིག་འབྲུ་རྣམས་བསྡོམས་ན་ས་ཡ་དྲུག་ཙམ་ཡོད་ཅིང་། དེ་ཡང་ཐ་སྙད་གྲུབ་སྟངས་ཀྱི་དབང་གིས་དེར་འཁོད་མིང་བརྡ་ཐམས་ཅད་གྲངས་ཀ་ཅན་ཁོ་ན་ཡིན་པས་མིང་མཛོད་ཀྱི་ནང་ནས་དམིགས་བསལ་བ་ཞིག་ཡིན་ཏེ། དབུ་ཡིག་རྣམས་ཕལ་ཆེར་ཚད་ལྡན་གྱི་བ་གཉིས་པའི་ཚིག་སྡུད་ཀྱིས་གྲུབ་པ་དང་། མིང་གྲངས་ཀས་གྲུབ་པ་ཅན་སྡེ་ཚན་དང་པོ་ནས་སྡེ་ཚན་ལྔ་སྟོང་བཞི་བརྒྱ་ང་གསུམ་བར་ཡོད་པ་དང་། དེ་འདྲའི་མིང་མཛོད་མི་རིགས་གཞན་གྱི་སྐད་དུ་ཡོད་མེད་ད་དུང་མཐོང་ཐོས་ཡུལ་དུ་མ་གྱུར། ཀུན་མཁྱེན་འཇིགས་མེད་དབང་བོའི«ཆོས་ཀྱི་རྣམ་གྲངས»ལྟ་བུ་ནི་ཁྱེར་བདེ་སྤྱོད་བདེ་ཡིན་ཀྱང་དབུ་ཡིག་ཧ་ཅང་ཉུང་ཉུང་ཞིག་ལས་མེད་ཅིང་། མགོན་པོ་དབང་རྒྱལ་གྱིས་བསྒྲིགས་ཤིང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི«ཆོས་ཀྱི་རྣམ་གྲངས་ཤེས་བྱའི་ནོར་གླིང་འཇུག་པའི་གྲུ་གཟིངས»ཞེས་པས་སྔར་གྱི་དེ་འདྲའི་མིང་མཛོད་དག་གི་གྲུབ་འབྲས་དང་ལེགས་ཆ་རྣམས་བླངས་ནས་བསྒྲིགས་པ་ཡིན་ཀྱང་། དེའི་ནང་དུའང་གཉིས་ཚན་ནས་བརྒྱ་ཚན་གྱི་ཡན་བར་དབུ་ཡིག་སྟོང་ཕྲག་གཉིས་ཙམ་ལས་འཁོད་མེད། ནོར་བྲང་ཚང་གི་མིང་མཛོད་དེ་རུ་སྔ་བ་རྣམས་ཀྱི་གྲུབ་འབྲས་དང་ལེགས་ཆ་བསྡུས་ཡོད་པར་མ་ཟད། དབུ་ཡིག་གི་གྲངས་ཀའི་ཐད་ནས་སྔ་བ་གང་གིས་ཀྱང་སྒྲུན་ཐབས་མེད་པའི་ཚད་ལ་སླེབས་ཡོད་དེ། རྩ་བའི་ཆོས་ཀྱི་རྣམ་གྲངས་ཆིག་ཁྲི་ཉིས་སྟོང་ལྷག་ཡོད་པ་ནི་གཞན་གྱི་བཅུ་འགྱུར་ཡིན་ལ། དེ་དག་ལས་ཡན་ལག་གི་རྣམ་གྲངས་ལ་ཆིག་འབུམ་སུམ་ཁྲི་ཉིས་སྟོང་ལྷག་ཡོད་པ་ནི་དེ་ལས་ཀྱང་མཚར་ཆེའོ། ། དེས་སྤྱིར་བཏང་གི་ཀློག་པ་པོ་རྣམས་དང་ཞིབ་འཇུག་པ་དག་གི་དགོས་མཁོ་ཆེ་ཆེར་སྐོང་བར་འགྱུར། དེ་བསྐྲུན་ནས་བཀྲམ་པ་ནི་བོད་ཀྱི་སྤྱི་ཚོགས་ལ་མཚོན་ན་རིག་གནས་འཛུཊ་སྐྲུན་ཐད་དུ་ལོན་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ནོ། །
གཞན་ཡང་བསྐྲུན་འདུག་པའི་དཔེ་དེབ་དངོས་སུ་མ་མཐོང་ཡང་ཀུན་ཁྱབ་དྲ་རྒྱ་རུ་འཁོད་པའི་སྒོམ་སྡེ་ལྷ་རམས་པ་དགེ་བཤེས་ཐུབ་བསྟན་བསམ་འགྲུབ་ཀྱིས་མཛད་པའི«མདོ་སྔགས་ཀྱི་གཞུང་ཆེན་མོའི་ཚིག་མཛོད་རིས་མེད་མཁས་པའི་ཞལ་ལུང»ཞེས་པ་ནི་པར་ངོས་བདུན་བརྒྱ་གོ་བརྒྱད་ཅན་ཞིག་ཡིན་ལ། དེ་རུ་གཙོ་བོར་ནང་དོན་རིག་པའི་བརྡ་ཆད་འཁོད་འདུག་པ་དཔེ་ཆའི་མིང་གིས་བསྟན་འདུག་པ་དང་། ཉུང་མཐའ་ཡང་ཐ་སྙད་སུམ་ཁྲི་ཙམ་ཨེ་ཡོད་སྙམ་གྱི། དེ་འདྲའི་ཆོས་ལུགས་ཀྱི་ཆེད་ལས་མིང་མཛོད་ཆེན་པོ་ད་སྔར་བྱུང་བ་མེད་པས་རིག་གནས་པའི་སྡེ་ལ་ཧ་ཅང་མཁོ་ཆེ་བའི་མིང་མཛོད་ཅིག་ཡིན་རྒྱུ་རེད་སྙམ་མོ། །
བོད་ཀྱི་མིང་མཛོད་ཐད་ནས་བཤད་ན་དེ་ལྟར་དགའ་བ་སྒོམ་དགོས་པ་དང་། ཡིད་སྣང་ཚིམ་འོས་པའི་རིགས་མང་ཡང་། ད་ནི་ལོ་རྒྱུས་ཀྱི་འཁོར་ལོ་ཆེན་པོ་མདུན་ལ་བསྐྱོད་པ་དང་། དངོས་ཡོད་གནས་ཚུལ་གྱི་དགོས་མཁོའི་དབང་གིས་རིག་གནས་འཛུགས་སྐྲུན་གྱི་གོམ་སྟབས་ཀྱང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཚམས་ཚིགས་དང་མཐུན་ཆེད་མིང་མཛོད་སྔར་ཡོད་རྣམས་ཡག་ཐོག་ཡག་རྩེག་གིས་སྣོན་སྒྲིག་གམ་བསྐྱར་སྒྲིག་བྱེད་པའི་དགོས་པ་ཆེན་པོ་ཡོད། ཁྱད་དུ་ཐ་སྙད་ཀྱི་གྲངས་ཀས་དགོས་མཁོ་སྐོང་ཐུབ་ཅིང་ཐ་སྙད་རྣམས་ཚད་ལྡན་གཅིག་གྱུར་ཡིན་པའི་སྤྱི་སྤྱོད་དམ་སྤྱིར་བཏང་གི་མིང་མཛོད་སྤུས་དག་བསྒྲིགས་ནས་བསྐྲུན་དགོས་པ་དང་། ཆེད་ལས་སམ་སྒོས་སྤྱོད་ཀྱི་མིང་མཛོད་ཀྱང་དགོས་དགོས་ཤིག་བསྒྲིགས་་ནས་བསྐྲུན་པའི་དགོས་པ་ཤིན་ཏུ་ཆེ། ཆེད་ལས་མིང་མཛོད་ཐད་ནས་བཤད་ན་གསོ་རིག་མིང་མཛོད་ལ་རྣམ་གྲངས་ཅུང་མང་ཞིང་སྤུས་ཀ་ཅུང་ཙམ་དག་པའི་རིགས་ཡོད་པས་སྤྱིར་བཏང་གི་དགོས་མཁོ་སྐོང་ཐུབ་ཀྱིན་ཡོད་ནའང་། ད་སྔོན་བོད་ལ་ཡོད་པའི་ཆེད་ལས་གཞན་དག་ལ་མཚོན་ན་གྲངས་རིག་དང་དངོས་ལུགས་རིག་པར་མིང་མཛོད་ཆེན་པོ་རེ་རེ་ཡོད་པ་ལས་གཞན་ལ་དེ་འདྲའི་ངོམ་རིན་ཡོད་པ་ཅན་དཀོན། ཐ་ན་དེང་སང་ཤིན་ཏུ་དར་ཆེ་བའི་རྩིས་འཁོར་ཐད་ནས་བཤད་ནའང་དགོས་མཁོ་ཀུན་ནས་སྐོང་ཐུབ་པའི་མིང་མཛོད་ཅིག་བསྒྲིགས་མེད། དེ་ནི་གཙོ་བོར་རྩིས་འཁོར་ཡོངས་ཁྱབ་ཏུ་སྤྱོད་ཐུབ་ཀྱིན་མེད་པ་དང་། ཅུང་ཙམ་སྤྱོད་ཐུབ་ཀྱིན་ཡོད་པའི་ཁྱབ་ཁོངས་སུའང་དེར་སྤྱོད་ཀྱི་སྐད་ཆའི་བཤད་དབང་ལོན་མེད་པས་ལན་ནོ། །
སྔར་ཡོད་ཀྱི་མིང་མཛོད་ཕལ་ཆེར་ལ་ད་དུང་མ་འདང་བའི་ཆ་མང་་པོ་ཞིག་ཡོད་དེ། སྒྲིག་སྟངས་ལ་ལེགས་ཆ་ཡོངས་སུ་འཛོམས་མེད་པ། དཔེར་ན། སྐད་ཁོངས་སོགས་མཚོན་བྱེད་ཀྱི་སྐོར་རྟགས་ཟུར་ཅན〈 〉འདི་ 〈ལེགས 〉ཞེས་བཀོད་པས་ལེགས་སྦྱར་སྐད་མཚོན་པ་ལྟ་བུ། སྤྱིར་སྐོར་རྟགས་ཞེས་པས་བསྐོར་བྱ་ཞིག་གི་སྐོར་བྱེད་ཡིན་པ་མཚོན་ཞིང་། གུག་རྟགས་ཞེས་པའི་ཐ་སྙད་གཅིག་གིས་སྐོར་རྟགས་ལ་རིགས་དུ་མ་ཞིག་ཡོད་པ་རྣམས་ཀྱི་ཚབ་བྱེད་མི་ཐུབ་ཅིང་། དེ་ལ་ད་དུང་སྐོར་རྟགས་དེའི་ནང་དུ་ཡོད་པ་ཆེད་ལས་ཀྱི་བརྡ་ཆད་མཚོན་བྱེད 【 】 འདི་ཡིན་ཏེ། 【གྲངས 】 དེས་གྲངས་རིག་གི་བརྡ་ཆད་ཡིན་པ་མཚོན། སྐོར་རྟགས་ཟླ་གམ( )འདིའི་ནང་དུ་ཡོད་པ་ནི་དེ་དང་འབྲེལ་བའི་ཚིག་གསལ་བྱེད་དམ་འགྲེལ་བྱེད་ཡིན་པ་མཚོན། སྐོར་རྟགས་ཟུར་དྲུག﹝﹞འདིའི་ནང་དུ་ཡོད་པ་ནི་དེ་ཉིད་བསྡུས་ཀྱང་རུང་བ་ཡིན་པ་མཚོན། [ ]སྐོར་རྟགས་གྲུ་བཞི་འདིའི་ནང་དུ་ཡོད་པ་ནི་རང་གི་སྔ་བ་དེར་སྒྲ་གདངས་མཚོན་བྱེད་བཀོད་པ་ཡིན། སྲིབ་ཨང( )ནི་དབུ་ཡིག་གཤམ་གྱི་དོན་ཚན་ཆེན་པོའི་གོ་རིམ་མཚོན་བྱེད་ཡིན་ལ། གདགས་ཨང(①②③)ནི་དབུ་ཡིག་དེའི་དོན་ཚན་ ཆེ་བ་རྣམས་གང་དང་གང་ལ་འཇུག་ཡུལ་གྱི་དོན་ཚན་ཆུང་བའི་གོ་རིམ་མཚོན་བྱེད་ཡིན། འདི་ནི~ཡིག་ཚབ་རྟགས་ཏེ། དབུ་ཡིག་འབྱུང་དགོས་ས་རྣམས་ལ་རྟགས་དེས་མཚོན་པར་བྱེད་པའོ། ། འདི*ནི་མཆན་འགྲེལ་སྐར་རྟགས་ཏེ་གཞན་ན་ཟུར་ལྟ་བྱ་ཡུལ་ཡོད་པ་མཚོན། འདིནི་ཟུར་ལྟའི་རྟགས་ཏེ་རྟགས་རང་ཉིད་ཀྱི་གཞུག་ན་ཡོད་པ་དེར་ཟུར་ལྟ་གྱིས་ཤིག་གི་དོན། འདིནི་གོ་དོན་དྲག་ཕྱོགས་ཀྱི་རྟགས་ཏེ། དཔེར་ན། གྲངགྲང་ངར ། སྔ་བ་ལས་ཕྱི་མ་ཤུགས་ཇེ་དྲག་ཏུ་གྱུར་པ་ལྟ་བུ། འདིནི་ཞན་གཞོལ་གྱི་རྟགས་ཏེ། གོ་དོན་དྲག་པ་ནས་ཞན་པར་གྱུར་པའི་རྟགས། ”གྲང བསིལ། ལྟ་བུ། འདིནི་དོན་གོ་ལྡོག་གི་རྟགས་ཏེ། བཟངངན། ལྟ་བུ། འདིནི་དཔེར་འཇོག་གི་རྟགས་ཏེ། དཔེར་ན། ཚིག་གི་བདུད་རྩི་རྣ་བའི་གསོས་ཞེས་པ་ལྟ་བུ། འདིནི་རྣམ་གསལ་དཔེར་བརྗོད་ཀྱི་རྟགས་ཏེ། དཔེར་ན་དབུ་ཡིག“མིང་མཛོད”ཅེས་པར་རྣམ་གསལ་གྱི་དཔེར་བརྗོད་དགོད་ན། མིང་མཛོད་ནི་དབུ་ཡིག་སྡེ་ཚན་དུ་བྱས་ནས་དབུ་ཡིག་གི་ཐ་སྙད་རྣམས་ཀྱི་གོ་དོན་བསྟན་པའམ་དེ་དག་སྐོར་གྱི་བརྡ་འཕྲིན་བཀོད་འདུག་པའི་དག་ཡིག་གི་དཔེ་དེབ་ལ་ཟེར། ཞེས་པ་ལྟ་བུའོ། ། དེ་ལྟར་མཚོན་རྟགས་དེ་དག་བཀོལ་པས་རྟགས་གཅིག་གིས་སྐད་ཆ་མང་པོ་ཞིག་འཆད་མི་དགོས་པར་གྱུར་ལ། རྟགས་འདི་ནི “དཔེར་ན”ཞེས་པའི་དོན་ཡིན་པས་རྟགས་གཅིག་གིས་ཡི་གེ་སིལ་བུ་བཞི་ཡི་གོ་ཆོད་ཡོད་པ་དང་། ཀློག་པ་པོ་རྣམས་རྟགས་དེ་དག་ལ་ཅུང་ཙམ་མིག་བྱང་ལ་སོང་བས་མཐོང་མ་ཁད་དུ་ཅི་ཡིན་ཧ་གོ་འགྲོ་བ་ཡིན་ནོ། །
ཐ་སྙད་ཁུངས་དག་སྤུས་དག་མ་ཡིན་པ། རྫེའུ། ཁ་སྐད་དུ་ཟེའུ་ཟེར། ཞེས་པ་ནི་མི་འཐད་དེ། ཟེའུ་ནི་ཟོ་བ་ཆུང་ཆུང་ཞེས་པའི་དོན་ཡིན་ལ། རྫེའུ་ནི་རྫ་མ་ཆུང་ཆུང་ཞེས་པའི་དོན་ཡིན་པའི་ཕྱིར། ཟེའུ་ཁ་སྐད་ཡིན་ ཅེས་པའང་འཐད་དཀའ་སྟེ། རེའུ་བེའུ་ཤེའུ་རྟེའུ་སོགས་ཀྱི་སྒྲུབ་ཚུལ་དང་གྲུབ་ཚུལ་ནི་ཚད་ལྡན་གྱི་བརྡ་སྤྲོད་གཞུང་ལུགས་དག་ནའང་སྤྱི་སྐད་ཡིན་ཤག་གིས་གསུང་གིན་ཡོད་པ་ནང་བཞིན། བཙང﹝བྱེད་འབྲེལ་ལས་ ཚིག་མ་འོངས་པ﹞ཞེས་པ་ནི་དོན་དངོས་ལ་འབྱོར་དཀའ་སྟེ། སྐད་ཆའི་ནང་དུ་དེའི་ཁ་གཏད་དུ་བརྫང་སོགས་བཞི་བོ་ཡོད་ཅིང་། སྣོད་དུ་སྲིང་བལ་རྫོང་གིན་ཡོད་ལྟ་བུ་བྱེད་འབྲེལ་ཡིན་པ་གསལ་བ་དང་། མི་ཚོགས་གྲས་སུ་བཙངས་ནས་སོང་ལྟ་བུ་བྱེད་མེད་ཡིན་པའང་མངོན་གསལ་རེད། དེ་ལྟར་དངོས་དག་མ་ཡིན་པའི་རིགས་མིང་མཛོད་གྲགས་ཆེན་དག་གི་ནང་དུའང་ཡོད་ན་སྤྱིར་བཏང་གི་མིང་མཛོད་དག་ན་མང་དུ་ཡོད་པ་ལྟ་ཅི་སྨོས།
རྒྱུན་སྤྱོད་ཐ་སྙད་མང་པོ་ཞིག་ད་དུང་སྡུད་ཐུབ་མེད་པ། མིང་མཛོད་སྒྲིག་པ་པོ་རྣམས་ལ་འདང་ངེས་ཀྱི་བསལ་གསེས་བྱ་ཆོག་གི་རྒྱུ་ཆ་མེད་ཕྱིར་བཟོ་ཞིང་སོགས་ལས་རིགས་དག་ལ་མཁོ་བའི་རྒྱུན་སྤྱོད་ཐ་སྙད་མང་པོ་ཞིག་ད་དུང་སྡུད་ཐུབ་མེད། དཔེར་ན། གཡར་དངོས་ཡུན་རིང་འགོར་ཀྱང་ཕྱིར་སྤྲོད་འདོད་མེད་པར་རྔན་འཐེན་ཟེར་བ་བཞིན། བསྐྱིས་དངུལ་དུས་བཅད་ལོན་ཀྱང་ད་དུང་ཕྱིར་སྤྲོད་འདོད་མེད་པར་སྲོན་བཙུགས་ནས་འདུག་པར་དོམ་བསྲན་བྱས་ཟེར་བ་དང་། ཐུག་པ་བསྐོལ་མ་སྣོད་ལ་བླུགས་རྗེས་ཐུར་མས་དཀྲུག་དཀྲུག་གིས་ཕར་སློག་ཚུར་སློག་མ་བྱས་ན་སྲ་གོང་གཅིག་ཏུ་འགྱུར་བར་ཐུག་པ་གོར་སོང་ཟེར་བ་ལྟ་བུ་སྟེ། མི་དོམ་སྲོན་ཅན་ལ་ཡིད་རྟོན་མེད། ཐུག་པ་གོར་པོ་འཐུང་མི་བདེ། མི་སུན་བྱེད་མང་པོ་བཤད་པ་ལ་རྣ་སྡུག་བྱས་ཟེར། དེ་ལྟ་བུ་མིང་མཛོད་དུ་ལེན་འོས་པ་ཧ་ཅང་མང་། དོན་དེ་ཡོད་ན་མིང་དེ་ཡོད་དགོས་པའི་ཕྱིར།
སྔོན་གྱི་གསུང་རབ་ལས་མཁོ་ངེས་ཀྱི་ཐ་སྙད་མང་པོ་ཞིག་ད་དུང་ལོན་མེད་པ། སྟག་ངེར་དང་ཁྱི་འབ་སོགས་ཟེར་བ་བཞིན་སྲོག་ཆགས་རང་རང་གི་སྐད་འབྱིན་སྟངས་ཀྱི་སྒྲའི་ཁྱད་ཆོས་མཚོན་པའི་མིང་ད་དུང་དག་ཡིག་རྣམས་སུ་འཁོད་མེད་པ་དཔེར་ན། གླང་བོ་འབོད། རྨ་བྱ་འགྱུར། རྔ་མོང་འཁང་། ཝ་བརྒྱལ་སོགས་ལྟ་བུ་ཡོད་པ་ང་ཚོས་སྤྱོད་ཐུབ་རྒྱུ་ཕར་ཞོག ཐ་ན་དེ་འདྲའི་རིགས་ཡོད་པ་ཙམ་ཡང་ཤེས་ཀྱིན་མེད་མཁན་མང་། སྤུང་གི་ཁ་གཏད་ཕུང (འཕུངས)དང་། མཐིལ་དམའ་ལ་མཐའ་མཐོ་བའི་དབྱིབས་དབུག་དབུག་གི་མིང་སྟེ། ཟློས་པས་རྒྱན་ཚིག་ཏུ་གྲུབ་ཅིང་རྐྱང་བ་མིང་ཡིན། དཔེར་ན། ལག་མཐིལ་ལ་དབུག་ཡོད་པ་བྱས་ཏེ་ཐལ་མོ་དབུག་དབུག་ཏུ་སྦྱར་ལྟ་བུ། དེ་ལྟར་ང་ཚོས་ད་དུང་མ་ལོན་པའི་རིགས་མཁས་པའི་གསུང་ན་ཤིན་ཏུ་མང་པོར་ཡོད་འདུག
དམངས་ཁྲོད་སྐད་ཆའི་ནང་གི་ཡིག་སྐད་ལ་མཁོ་བའི་ཐ་སྙད་མང་པོ་ཞིག་སྡུད་ལེན་བྱེད་ཐུབ་མེད་པ། དེ་རིང་རླུང་གིན་ཡོད་པས་ནམ་ཟླ་བསིལ་མོ་རེད་ལྟ་བུའི་རླུང་གི་མིང་ཚིག་གི་ངོ་བོ་འགྱུར་ཏེ་བྱ་ཚིག་ཏུ་གྲུབ་པ་དང་། དེ་ནི་ཚིག་སྔ་ཕྱིའི་འབྲེལ་དང་སྐབས་བབ་སྟོབས་ཀྱིས་འགྱུར་བ་ཡིན་ལ། ཡང་གོང་སྨོས་དབུག་ཡིག་ཟློས་པས་དབུག་དབུག་ཅེས་གྲུབ་པ་ནི་རྒྱན་ཚིག་དང་། དེ་ལ་དབུག་དབུག་ཏུ་ཞེས་ལ་དོན་གྱི་སྒྲ་སྦྱར་པས་བསྣན་ཚིག་ཏུ་གྱུར། ཐ་སྙད་རྣམས་ལ་དེ་ལྟར་ཕྱི་རྐྱེན་གྱི་སྒྱུར་བྱེད་ཡོད་ན་རང་གི་ངོ་བོ་འགྱུར་བ་ཡིན། གཞན་ད་དུང་ངུ་ཡི་ཁ་གཏད་ལ་རྔུན་ཞེས་ཐ་དད་པའི་བྱ་ཚིག་ཡོད་པ་དང་། འབག་འཆོལ་མ(ཁ་ཆར་འདྲེས་མ) ། འཕུད་གཏོད(ཁ་གཏད་ཡུལ་ལ་ཤུགས་འཕུད་པའི་དོན)། མི་ཁ་མཆེད་རྟགས(མིའི་གླེང་ཕྱོགས་འདྲེན་བྱེད་ལ་བསྟན་པའི་གཏམ་སྤྱོད་ཀྱི་རྟགས་ཙམ་མངོན་པར་བྱེད་པ) ལྟ་བུའི་དོན་མཚོན་ཤུགས་ཆེན་པོ་ཅན་གྱི་ཐ་སྙད་མང་པོ་ཞིག་དམངས་ཁྲོད་ཀྱི་སྐད་ན་ལུས་འདུག
གསར་བྱུང་བྱ་དངོས་མང་པོར་མིང་ཐོགས་མེད་པ། 《རྒྱ་བོད་ཤན་སྦྱར་ཚིག་མཛོད》དང《རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད》སོགས་ཡོད་པས་གསར་བྱུང་བྱ་དངོས་དག་གི་ནང་ནས་མིང་ཐོགས་འདུག་པ་ཅན་མང་ཡང་། དེ་ཙམ་གྱིས་ད་དུང་ཐ་སྙད་ཀྱིས་འདང་གིན་མེད་པའི་གནས་ཚུལ་དེ་སྒྱུར་ག་ལ་ཐུབ། བྱེ་བྲག་རིག་ཚན་སོ་སོར་ཐ་སྙད་ཀྱི་མ་ལག་གྲུབ་མེད་པ་སྨོས་ཅི་དགོས། ཐུན་མོང་དུ་སྤྱོད་པའི་མིང་མཛོད་ཀྱི་ཐ་སྙད་མ་ལག་ཀྱང་གྲུབ་མེད།
དེབ་མཇུག་ཏུ་དགོས་ངེས་ཀྱི་ཟུར་འགོད་རིགས་མེད་པ། དཔེར་ན། འཇལ་བྱེད་སྡེ་ཚན་གྱི་རེའུ་མིག་དང་། གྷི་རི་སིའི་དབྱངས་གསལ་རེའུ་མིག རྫས་འགྱུར་འབྱུང་རྒྱུའི་རེའུ་མིག སྐྱེ་དངོས་དབྱེ་རིམ་གྱི་རེའུ་མིག་སོགས་སྔོན་ཆད་འཁོད་འདུག་པའི་མིང་མཛོད་མེད་དེ《རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད》དུ་ད་གཟོད་བཀོད་པ་ཡིན་ནོ། །
མིང་མཛོད་སྒྲིག་སྐབས་མཉམ་འཇོག་བྱེད་དགོས་ས་མང་ཡང་གོང་སྨོས་དག་ནི་གཙོ་བོ་ཡིན་པར་འདོད།
དེང་ཕྱིན་བསྐྲུན་རྒྱུའི་མིང་མཛོད་སྐོར་གྱི་བསམ་གཞིག
དེ་ཡང་མིང་མཛོད་ལ་རྣམ་པ་སྣ་ཚོགས་ཤིག་ཡོད་པ་ནི། རིག་ཚན་ཀུན་འཛོམས་ཀྱི་དེབ་གཏེར(encyclopedia)དང་། སྐད་ཡིག་མིང་མཛོད་དམ་ཀུན་རྒྱུགས་མིང་མཛོད(dictionary of common words)དང་། སྐད་གཅིག་མིང་མཛོད(monolingual dictionary)དང་། སྐད་གཉིས་མིང་མཛོད(bilingual dictionary)དང་། སྐད་དུ་མའི་མིང་མཛོད(multilingual dictionary)དང་། དུས་བརྒྱུད་རང་བཞིན་གྱི་མིང་མཛོད(diachronic dictionary)དང་། དུས་མཉམ་རང་བཞིན་གྱི་མིང་མཛོད(synchronic dictionary)དང་། ཚད་ལྡན་རང་བཞིན་གྱི་མིང་མཛོད (prescriptive dictionary)དང་། ཞིབ་འབྲིའི་མིང་མཛོད(descriptive dictionary)དང་། དཀྱུས་རིམ་མིང་མཛོད(proper order dictionary)དང་། ལྡོག་རིམ་མིང་མཛོད(reverse_ order dictionary)དང་། སློབ་ཁྲིད་མིང་མཛོད(pedagogical dictionary)དང་། ཞིབ་རྒྱས་མིང་མཛོད(unabridged dictionary)དང་། ཉིང་བསྡུས་མིང་མཛོད(abridged dictionary)དང་། ཁྱེར་བདེའི་མིང་མཛོད(pocket dictionary)དང་། ཞིབ་འགྲེལ་མིང་མཛོད(dictionary with detailed explanations)དང་། གློག་རྡུལ་མིང་མཛོད(electronic dictionary)དང་། སྨྱན་མང་ངམ་འཕྲིན་སྦྱོར་མང་བའི་མིང་མཛོད(multi_ media dictionary)དང་། དྲ་རྒྱའི་མིང་མཛོད(on_ line dictionary)དང་། ཆེད་མིང་མིང་མཛོད(dictionary of proper names)དང་། རིག་ཚན་ཀུན་འདུས་མིང་མཛོད(encyclopedia dictionary)དང་། ཚིག་མཛོད(phraseological dictionary)དང་། མིང་ཁུངས་མིང་མཛོད(etymological dictionary)དང་། བརྡ་ཆད་མིང་མཛོད(terminological dictionary) སོགས་ཡིན་ལ། དེ་ལྟར་བཅུ་ཕྲག་གཉིས་ལྷག་ཅིག་ཡོད་པ་ལས་བོད་ཡིག་གིས་བསྐྲུན་ཟིན་པའི་རིགས་ནི་ཧ་ཅང་ཉུང་ཉུང་ཞིག་གོ ། མིང་མཛོད་ཆེན་པོའི་རིགས་བསྐྲུན་པར་བྱ་བའི་ལས་དོན་ནི་ཧ་ཅང་གཟི་བརྗིད་ཆེ་བའི་བྱ་བཞག་ཡིན་ཕྱིར་ལས་ཚེགས་ཀྱང་བརྗོད་ཡས་པ་ཞིག་ཡོད་པར་སྙམ། གོས་ཐོས་ལྟར་ན《གླང་རབ་དབྱིན་ཡིག་མིང་མཛོད》(Oxford English Dictionary)རྩོམ་སྒྲིག་དང་པར་སྐྲུན་བྱས་ནས་ཡོངས་སུ་གྲུབ་པ་ལ་ལོ་བདུན་ཅུ་མཁོ་བར་གྱུར་པ་དང་། 《དེང་རབས་རྒྱའི་སྐད་ཡིག་མིང་མཛོད》(现代汉语词典)གྲུབ་པ་ལ་ལོ་ངོ་ཉེར་གཉིས་སོང་བར་བཤད། དེས་མིང་མཛོད་ཆེན་པོ་ཞིག་བསྐྲུན་པ་ལ་ཆ་རྐྱེན་གཞན་པ་མང་བོ་ཞིག་དགོས་པར་མ་ཟད། སྐྲུན་ཡུན་ཀྱང་ཐུང་ཐུང་ཞིག་གིས་མི་ཆོག་པ་གསལ་བཤད་བྱས། ཡིན་ནའང་ངའི་བསམ་ཚོད་ཅིག་ལ་ད་ལྟའི་བར་གྱི་རྨང་གཞི་ཡོད་པས་བོད་པ་རྣམས་ཀྱིས་ཀུན་རྒྱུགས་ཀྱི་མིང་མཛོད་ཅིག་བསྐྲུན་པར་དེ་འདྲའི་དུས་ཚོད་རིང་པོ་ཞིག་དགོས་རྒྱུ་མ་རེད་སྙམ་མོད། དེ་ལྟ་ནའང་ལོ་ངོ་བཅའ་བཅུ་ཞིག་མཁོ་འགྲོ་འདོད་ཅིང་མ་མཐའ་ཡང་ལོ་ངོ་ལྔ་དྲུག་ཅིག་ཅིས་ཀྱང་མཁོ་བར་འགྱུར།
མིང་མཛོད་སྒྲིག་རྩོམ་གྱི་སྔོན་འགྲོའི་ཆ་རྐྱེན།
དབུ་ཡིག་གི་གྲངས་ཚད་དང་། སྒྲིག་སྟངས་ཀྱི་རྣམ་པ། རྩོམ་སྒྲིག་གི་ཞིབ་ཆ། པར་སྐྲུན་གྱི་སྤུས་ཀ་སོགས་ཀྱི་ཐད་ནས་མིང་མཛོད་སྔ་བ་དག་ལས་ཀྱང་ལྷག་པ་ཞིག་བསྐྲུན་རྒྱུའི་རེ་བ་ནི་རྒྱ་ཆེ་བའི་ཀློག་པ་པོ་རྣམས་ལ་་ཧ་ཅང་ཆེ་བ་སྨོས་མ་དགོས།
དེས་ན་ངས་མ་འོངས་པ་ན་བསྒྲིག་དགོས་བསམས་པའི་མིང་མཛོད་ནི་ཀུན་རྒྱུགས་ཀྱི་མིང་མཛོད་དེ་ཡིན་ལ། བོད་སྐད་ལ་བསྒྱུར་ན་རྒྱ་སྐད་ཀྱིས་དེ་ལ་སྐད་ཡིག་མིང་མཛོད་དང་། དབྱིན་སྐད་ཀྱིས་ཐུན་མོང་ཐ་སྙད་ཀྱི་མིང་མཛོད་ཟེར། སྤྱི་སྒོས་གཉིས་ལས་དེ་ནི་སྤྱིར་བཏང་གི་མིང་མཛོད་ཡིན་ལ། སྐད་ཡིག་གི་ཐ་སྙད་རྣམས་ནི་རིག་ཚན་གཞན་དག་ལའང་རྒྱུགས་ཆེ་བ་མང་ཕྱིར་ཀུན་རྒྱུགས་ཟེར་བ་དང་། དེ་རྣམས་ནི་རིག་ཚན་གཞན་དག་གི་རྨང་གཞི་ཡིན་པས་སྤྱི་པའི་སྤྱད་བྱར་གྱུར་ལ། རིག་ཚན་གཞན་དག་ནའང་མི་རྣམས་ཀྱི་རྒྱུན་ཤེས་སུ་འགྱུར་དགོས་པའི་བརྡ་ཆད་མོད་པོ་ཞིག་ཡོད་པ་རྣམས་སྤྱི་པའམ་ཀུན་རྒྱུགས་ཀྱི་མིང་མཛོད་དེ་རུ་མ་བཞག་པ་ནི་མི་འོང་བ་མངོན་གསལ་ཡིན། དེས་ན་ཀུན་རྒྱུགས་མིང་མཛོད་དེ་ནི་སྐད་ཡིག་གི་ཐ་སྙད་བརྒྱ་ཆ་བདུན་ཅུའི་རྨང་གཞིའི་ཐོག་མི་རྣམས་ཀྱི་རྒྱུན་ཤེས་སྐོར་ལ་མེད་མི་རུང་བའི་རིག་ཚན་གཞན་དག་གི་བརྡ་ཆད་བརྒྱ་ཆ་སུམ་ཅུ་ཙམ་བསྣན་ཏེ་འགྲུབ་དགོས་པ་འོས་སུ་ཆེ།
དང་པོ། དེ་ལྟ་བུའི་མིང་མཛོད་ཅིག་བསྒྲིག་པ་ལ་རྒྱུན་འཁོལ་སྔར་ཡོད་ཀྱི་ཐ་སྙད་དང་ཚད་ལྡན་གཅིག་འགྱུར་གྱི་དཔྱད་གཞི་ལ་འོས་པའི་དེང་རབས་ཀྱི་ཐ་སྙད་གསར་བ་རྣམས་གཙོར་འཛིན་དགོས།
གཉིས་པ། སྤྱི་སྐད་སྤྱི་ཡིག་ན་མེད་ཀྱང་ཆོལ་གསུམ་ཁ་སྐད་དུ་ཡོད་པ་རྣམས་བསལ་གསེས་ཀྱིས་གང་ཞིག་འོས་ཤིང་འཚམ་པ་དེ་སྡུད་ལེན་བྱས་ནས་སྤྱིའི་སྐད་ཡིག་ཏུ་འགྱུར་ཆེད་མིང་མཛོད་དུ་ལེགས་པར་དགོད་དགོས།
གསུམ་པ། དེང་གི་རྒྱུན་སྤྱོད་མིང་མཛོད་དག་ཏུ་འཁོད་མེད་ཀྱང་སྔོན་གྱི་དག་ཡིག་གམ་མིང་མཛོད་དང་མཁས་པའི་གཞུང་དུ་བཞུགས་པ་རྣམས་ཅི་ཐུབ་ཐུབ་ཀྱིས་སྔོག་འདོན་བྱས་ཏེ་གནའ་བཟང་དེང་སྤྱོད་ཀྱི་རྩ་་་དོན་ཁ་ཙམ་མིན་པར་ལག་ལེན་ཁྲོད་དུའང་མངོན་པ་བྱེད་ཆེད་མིང་མཛོད་དུ་བཀོད་ནས་འཚོལ་བདེ་སྤྱོད་བདེ་འོང་བ་བྱ་འོས།
བཞི་པ། ཐ་སྙད་ཐམས་ཅད་ཀྱི་ངོ་བོའང་རང་བཞིན་མཚོན་དུ་འཇུག་སླད་དབུ་ཡིག་མཇུག་གི་སྐོར་རྟགས་ཟུར་དྲུག་མ﹝﹞ཡི་ནང་དུ་བཀོད་ནས་མཚོན་པར་བྱ་དགོས། དཔེར་ན། རྟུལ་ཞུགས﹝མིང་ཚིག﹞། ཁྱོད﹝ཚབ་ཚིག﹞། སློབ﹝བྱ་ཚིག﹞། (མར)སྲང ﹝ཚད་ཚིག﹞ བརྒྱད﹝གྲངས་ཚིག﹞སོགས་ལྟ་བུ།
ལྔ་པ། བྱ་ཚིག་གི་སྐབས་སུ་བྱ་བྱེད་ཐ་དད་མིན་གསལ་བོར་བྱེད་དགོས་པར་མ་ཟད། དེའི་ཁ་གཏད་ཀྱི་ཐ་དད་པའི་བྱ་ཚིག་རྣམས་ཇི་ལྟར་གྲུབ་པའི་ཚུལ་ཀྱང་གསལ་བོར་བྱེད་དགོས། དཔེར་ན། འགྱུར་ལ་སྒྱུར་ཞེས་ཡོད་པས་འགྱུར་དུ་འཇུག་ལྟ་བུའི་གཞན་དབང་ཅན་དུ་སྒྱུར་བྱེད་ཀྱི་ཚིག་གྲོགས་ལ་དོན་དང་བཅས་པའི་འཇུག་དེ་དགོས་པ་མིན་ལ། ཁྲོམ་དུ་འགྲོ་འདོད་མེད་པ་ཞིག་ལ་བསྐུལ་ནས་འགྲོ་རུ་བཅུག་ན་དེའི་ལ་དོན་ནི་དེ་ཉིད་ཡིན་པ་དང་། དེའི་བྱ་ཚིག་གི་ངོ་བོ་ནི་ཐ་མི་དད་པ་ནས་ཐ་དད་པ་རུ་གྱུར་པ་ཡིན། ཐ་མི་དད་པ་ཞིག་གི་རྗེས་སུ་ལ་དོན་དང་བཅས་པའི་ཐ་དད་པ་ཞིག་བསྣན་ཚེ་ཐ་དད་པར་གྱུར་པ་ཡིན་ཏེ་བྱ་བ་དེ་འབྱུང་བར་་བྱེད་པ་པོ་ཞིག་ཡོད་པའི་ཕྱིར། རྣམ་པ་དང་ཐབས་ཚུལ་དེ་ལྟ་བུ་ནི་ཁ་གཏད་དུ་བྱ་བྱེད་ཐ་དད་པའི་རྣམ་པ་མེད་པའི་བྱ་ཚིག་གི་རིགས་ལ་གལ་ཏེ་ཡོད་པའི་ཚུལ་དུ་བཤད་དགོས་ན་ཤིན་ཏུ་མཁོ་ཆེ་བ་ཡིན། ཤིང་ཏོག་གཤམ་ལ་ལྟུང་དུ་བཅུག་དང་། འགབ་ཏུ་འཕངས་གཉིས་བྱ་བྱེད་ཐ་དད་པ་ཡིན་ཚུལ་འདྲ་ཡང་ཞིབ་ཆ་བཏོད་ན་མི་འདྲ་ས་མང་པོ་ཡོད། གཉིད﹝བྱ་བྱེད་ཐ་མི་དད་པའི་བྱ་ཚིག﹞། བུ་ཆུང་བསྙལ་ནས་གཉིད་ཟིན། གཉིད་དུ་འཇུག﹝ཐ་དད་པ﹞། གཉིད་ཡེར་པའི་སྐབས་སུ་ལུས་སེམས་ལྷོད་ལ་ཕབ་སྟེ་རང་གིས་རང་ཉིད་གཉིད་དུ་བཅུག གཉིད﹝མིང་ཚིག﹞། ཀླད་ཆེན་གྱི་པགས་རིམ་ངལ་གསོ་བའི་ངང་ལ་གནས་པའི་རྣམ་པའོ། ། གཉིད་མི་འོང་བ་ལ་ཞོ་ཡི་བཏུང་བས་ཕན། དེ་ལྟ་བུར་ཞིབ་ཆ་འདོད་པ་ཤིན་ཏུ་གལ་ཆེ་བར་སྙམ།
དྲུག་པ། དཔྱད་གཞིའི་རྒྱུ་ཆ་ལེགས་པར་འཛོམ་དགོས། ད་ལྟར་ཐུག་གི་བར་བསྐྲུན་ཟིན་པའི་མིང་མཛོད་རྣམས་སྡུད་ཅི་ཐུབ་བྱས་ནས་ཟུར་ལྟ་བྱེད་དགོས་པར་མ་ཟད། འབྲེལ་ཡོད་ཀྱི་ཡིག་ཆ་གཞན་དག་ཀྱང་གང་ནུས་ནུས་ཀྱིས་བསྡུས་ནས་དཔྱད་གཞིར་ཡོད་པ་བྱ་དགོས།
བདུན་པ། བརྟག་དཔྱད་ཞིབ་འཇུག་དང་། དབྱེ་ཞིབ་གཤིབ་སྡུར། ཕྱོགས་བསྡུས་བསལ་གསེས་སོགས་ཀྱི་བྱ་བ་ལེགས་པར་མ་བསྒྲུབས་ན་མཇུག་འབྲས་ཕུན་སུམ་ཚོགས་པ་མི་ལོན་པས་བྱ་བ་དེ་དག་མྱུར་ལས་སླ་བཅོས་གཏན་ནས་བྱ་མི་རུང་། བརྟག་ཅིང་མ་དཔྱད་ན་ཡང་དག་དང་ཡན་ཁའི་ཁྱད་པར་མི་ཕྱེད། བློ་ཞིབ་མོས་ཤེས་བྱའི་གནས་ལ་འཇུག་པ་མིན་ཚེ་ཟབ་སྲབ་ཀྱི་སྤུ་རིས་འབྱེད་པར་མི་ནུས། དབྱེ་ཞིབ་མེད་ན་བསྡུར་བྱ་སྡུར་བྱེད་དངོས་མ་དེ་རྙེད་པར་མི་འགྱུར། ཕྱོགས་བསྡུས་མེད་ཚེ་དོན་གྱི་མར་ལོ་མི་འདུ། བསལ་གསེས་མེད་ན་བཟང་ངན་མི་ཁོར། སློབ་དེབ་དང་མིང་མཛོད་ནི་ཡོན་ཏན་ངོ་མ་མེད་ཅིང་བློ་རྩིང་པོ་དག་གིས་བསྒྲིག་བྱ་མ་ཡིན་ཏེ། གལ་སྲིད་དེ་དག་ཏུ་ནོར་འཁྲུལ་ཡོད་ན་རྗེས་འཇུག་གི་སློབ་མ་དང་སྤྱིར་བཏང་གི་ཀློག་པ་པོ་རྣམས་ལ་གནོད་པ་ཆེ་བ་ཀུན་ལ་གསལ་བས་སྨོས་ཅི་འཚལ།
བརྒྱད་པ། མི་རིགས་གཞན་གྱི་མིང་མཛོད་སྒྲིག་སྟངས་ལ་དཔེ་བལྟས་ཏེ་ལེགས་ཆ་རྣམས་ཀུན་ནས་ལོན་པ་བྱ་དགོས་པ་དང་། དེང་སང་གི་འབྲེལ་ཡོད་སྔོན་ཐོན་གཞུང་ལུགས་དང་ཚན་རིག་དང་མཐུན་པའི་མིང་མཛོད་རྩོམ་སྒྲིག་སྟངས་ལ་ལྷག་པར་གལ་ཆེན་དུ་བཟུང་ནས་ཟུར་ལྟ་བྱེད་དགོས།
དགུ་པ། པེ་ཅིང་དང་ཧྲང་ཧེ་གཙོ་བྱས་པའི་ཞིང་དབུས་གྲོང་ཁྱེར་དག་ན་མིང་མཛོད་དཔེ་སྐྲུན་ཁང་ཡོད་པས་དེ་དག་གང་འོས་ཤིག་ལ་སོང་ནས་ཉམས་མྱོང་རྒྱུས་ལོན་དང་འབྲེལ་ཡོད་ཤེས་བྱ་བསླབས་ཏེ་ཁོང་དུ་ཆུད་པ་ཤིན་ཏུ་གལ་ཆེ། ཕུན་སུམ་ཚོགས་པའི་འབྲེལ་ཡོད་ཤེས་བྱ་དང་གལ་ཆེ་བའི་ཉམས་མྱོང་ནི་མིང་མཛོད་སྒྲིག་བྱེད་ལ་མཁོ་བའི་བདེ་ལམ་དང་ལག་ཆ་ལྟ་བུ་ཡིན་ཏེ། ལམ་འགའ་རེ་ནི་རང་གིས་གདོད་མི་དགོས་པར་གཞན་གྱིས་བཏོད་ཟིན་པ་ལ་ཞུགས་པས་ལས་ཉིས་ལོག་མེད་ཅིང་ལམ་ཆོད་ཆེ་བའང་སྨོས་མ་དགོས། བྱ་བ་དེ་སྔོན་འགྲོར་བསྒྲུབས་ན་བོད་ཡིག་ལ་མིང་མཛོད་དཔེ་སྐྲུན་ཁང་མེད་པ་དང་སྐད་ཡིག་ཞིབ་འཇུག་ཁང་མེད་པའི་ཆད་པ་ཁ་སྐོང་བྱེད་མི་ནུས་ཀྱང་ཕན་ཐོགས་ཆེན་པོ་ཡོད་པར་སྙམ།
མིང་མཛོད་རྩོམ་སྒྲིག་ལ་མཁོ་བའི་སྒྲིགས་འཛུགས།
བྱ་བ་འགངས་ཆེན་གང་ཞིག་སྒྲུབ་ཀྱང་སྒྲིགས་འཛུགས་ཤིག་ཡོད་པ་གལ་ཆེ་ལ། མི་མང་གིས་སྒྲུབ་དགོས་པའི་བྱ་བ་འགངས་ཆེན་ཞིག་ཡིན་ཕྱིན་སྒྲིགས་འཛུགས་ཤིག་མེད་ན་ཅིས་ཀྱང་མི་རུང་། སྒྲིགས་འཛུགས་དང་སྒྲིགས་འཛུགས་དེར་སྒྲིག་ལམ་ཞིག་མེད་ཚེ་ལས་རིམ་ལྟར་དང་དུས་ཡུན་ལྟར། སྤུས་ཀའི་དམིགས་ཚད་ལ་བཏོན་པའི་བླང་བྱ་ལྟར་བྱ་བ་འགངས་ཆེན་དེ་འགྲུབ་པར་ཁག་ཐེག་བྱེད་མི་ནུས།
དང་པོ། ཐོག་མར་རྩོམ་སྒྲིག་ཚོ་ཆུང་ཞིག་གཟུགས་དགོས་ཤིང་། དེ་ལ་ཁོངས་མི་བཅོ་ལྔ་ཡས་མས་ཤིག་མཁོ་བར་སེམས། དེ་དག་ལས་གཙོ་སྒྲིག་པ་གཅིག་དང་། རྒྱུན་ལས་གཙོ་སྒྲིག་པ་གཅིག གཙོ་སྒྲིག་གཞོན་པ་གསུམ་བཅས་ལྔ་བདམས་རྗེས་ཚོ་གཙོའི་འགན་དེ་གཙོ་སྒྲིག་པས་བསྐྱངས་ཏེ་ཕྱོགས་ཡོངས་ནས་མགོ་ཁྲིད་བྱ་རྒྱུ་དང་། ཚོ་གཙོ་གཞོན་པ་ནི་རྒྱུན་ལས་གཙོ་སྒྲིག་པས་ཁུར་ཏེ་མི་སྣ་རྩ་འཛུགས་དང་། ལས་རིམ་བཀོད་སྒྲིག ལས་ཕྱོད་ལྟ་སྐུལ། འགྲོ་གྲོན་དོ་དམ་བཅས་ཀྱི་ལས་ཀ་གཟུང་རྒྱུ།
གཙོ་སྒྲིག་གཞོན་པ་དང་པོས་ཐ་སྙད་འདེམས་སྒྲུག་གི་བཀོད་འདོམས་བྱ་་་བའི་འགན་འཁུར་རྒྱུ་དང་། གཙོ་སྒྲིག་གཞོན་པ་གཉིས་པས་ཐ་སྙད་འགྲེལ་བཤད་ཀྱི་བྱ་བའི་འགན་འཁུར་རྒྱུ། གཙོ་སྒྲིག་གཞོན་པ་གསུམ་པས་མིང་མཛོད་ཀྱི་ཐོད་གཏུག་ཞུ་དག་གི་བྱ་བའི་འགན་འཁུར་རྒྱུ་བཅས་ཡིན་ལ། རྩོམ་སྒྲིག་པ་བཅུ་བོར་ཡང་རེ་རེར་རྩོམ་སྒྲིག་ལས་རོགས་པ་ལྔ་རེ་ལྔ་རེ་སྟེ་བསྡོམས་པས་བཅུ་ཕྲག་ལྔ་ཙམ་བཀོད་སྒྲིག་བྱས་ནས་རྩོམ་སྒྲིག་གི་བྱ་བ་གཉེར་དུ་འཇུག་དགོས་ཤིང་། དེ་དག་ལའང་རིག་ཚན་བགོས་ནས་རྩོམ་སྒྲིག་གི་བྱ་བ་གཉེར་དུ་འཇུག་དགོས། ཆེད་མཁས་ཡོད་ཀྱང་ཀུན་མཁས་དཀོན་པས་རིག་ཚན་སོ་སོའི་ཆེད་མཁས་དག་འདུས་ནས་རྩོམ་སྒྲིག་བྱས་པ་མིན་ཚེ་མིང་མཛོད་ཀྱི་དཀྱུས་གཞུང་གི་ཚིག་དོན་ཉིས་ཆར་རྨ་མེད་པ་ཡོང་དཀའ།
གཉིས་པ། རྩོམ་སྒྲིག་ལས་རོགས་པ་དག་ཞིང་ལྗོངས་ལྔ་ཡི་ས་ཁུལ་སོ་སོ་ནས་གཏན་འཁེལ་བྱ་ཆོག་ཅིང་། དེ་དག་ཀྱང་རིག་ཚན་སོ་སོ་ལ་ཁྱབ་ཡོད་པ་གཅེས།
གསུམ་པ། ཐ་སྙད་ཀྱི་ཕུང་བོ་ཆེ་ཤོས་དེ་སྐད་ཡིག་རིག་ཚན་གྱི་ཐ་སྙད་དག་གིས་འགྲུབ་དགོས་ཀྱང་། རབ་ཡིན་ན་རིག་ཚན་སོ་སོའི་ཐ་སྙད་ཉིས་སྟོང་ཙམ་རེ་ལོན་ཡོད་པ་བྱས་ན་ལེགས་ཀྱང་། དགོས་དབང་ངམ་རྐྱེན་སྣ་ཚོགས་ཀྱིས་དེ་འདྲའི་ཆ་སྙོམས་ནི་འོང་བ་མིན་ཀྱང་གང་ལྟར་རིག་ཚན་སོ་སོར་ལྟ་རྟོག་གིས་ཀུན་ནས་ཐིངས་པ་ཞིག་བྱ་འོས་ཤིང་། གཞན་དུ་ན་རིག་ཚན་གཞན་དག་ན་ཡོད་པའི་རྒྱུན་ཤེས་སུ་མཁོ་བའི་ཐ་སྙད་དག་ལུས་འགྲོ་བས་སོ། །
བཞི་པ། རྩོམ་སྒྲིག་གི་དུས་ཡུན་ནི་རིང་མཐའ་ལོ་ལྔ་ཙམ་ཡིན་ཆོག་པར་སྙམ་ཞིང་། རིང་དྲགས་ན་དུས་བབ་ཀྱིས་གཏུགས་འོངས་ཏེ་སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་མི་ནུས་ལ། ཐུང་ན་ལས་གཞི་རྒྱ་ཆེ་བས་དུས་ངེས་ཅན་གྱི་ནང་དུ་འགྲུབ་མི་ཐུབ།
ལྔ་པ། རྩོམ་སྒྲིག་མི་སྣའི་གྲུབ་ཆ་གཙོ་བོ་བྱ་བ་གང་ཞིག་སྒྲུབ་ཀྱིན་ཡོད་མེད་ཐད་ནས་བཤད་ན། མང་ཆེ་བ་ལས་འཁྱུར་ངལ་གསོ་བྱས་ཟིན་པ་དག་ལས་གདམ་ན་བཟང་བར་རྟོག དེ་མིན་སྤྱི་ཚོགས་ཀྱི་གྲ་གྲུ་དག་ཏུ་སྦས་པའི་ཚུལ་གྱིས་བཞུགས་པའི་མཁས་ཆེན་འདྲ་དྲོངས་ན་དེ་ལས་ལྷག་པ་ཅི་ཡོད། ལས་གནས་སུ་བྲེལ་བཞིན་པ་དག་ལ་དེ་ཡི་ཁག་དཀྲིས་ན་ལས་ཉིས་ལྕོགས་གང་ཡིན་གྱིས་ནུས་པ་མིན་པས་དེའི་ཐད་བསམ་བློས་སྔོན་ལ་ཐིངས་ན་ལེགས།
དྲུག་པ། རྩོམ་སྒྲིག་ཚོ་ཆུང་རྒྱུན་སྡོད་ཀྱི་གནས་ཤིག་དགོས་ལ། དེ་རུ་སྡོད་ཁང་སྤེལ་མ་རེ་གླས་ཡོད་ན་ལེགས་པ་ཉམས་མྱོང་གིས་ཤེས། ཟུར་བལྟ་བྱ་ཡུལ་གྱི་དཔེ་དེབ་སྟེ་ཁྱད་དུ་མིང་མཛོད་སྣ་ཚོགས་ཤིག་ཡོད་དགོས་ཤིང་། དེ་དག་གནས་གཅིག་ན་ཡོད་པས་ཁོངས་མི་ཀུན་གྱི་བེད་སྤྱོད་བྱེད་ཆོག་པ་དང་། ཁོངས་མི་རེ་རེར་མིང་མཛོད་ཆ་ཚང་རེ་ཉོས་ནས་སྤྲོད་མི་དགོས་པར་བརྒྱ་གོ་གཅིག་གིས་ཆོད་པ་བྱས་ཅོག
བདུན་པ། མིང་མཛོད་དེ་འདྲ་ཞིག་རྩོམ་སྒྲིག་བྱ་བར་གལ་ཏེ་རྒྱལ་ཁབ་ཀྱིས་རྩ་འཛུགས་བྱས་ཤིང་རེ་གྲོན་བཏང་བ་ཡིན་ན་མི་དམངས་ཤོག་སྒོར་ས་ཡ་དུ་མའམ་ཡང་ན་བྱེ་བ་ཙམ་རེ་ཡང་གཏོང་གིན་ཡོད་པ་སྔོན་དཔེ་ཡིས་ཤེས་ཐུབ། མིང་མཛོད་འདི་ནི་དམངས་ཁྲོད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་རྩོམ་སྒྲིག་བྱ་དགོས་པ་ཡིན་པས་དེ་འདྲའི་ལྷད་འདང་ལྷོད་འདང་ཞིག་ཅིས་ཀྱང་མི་འོང་། ཐམས་ཅད་གྲོན་ཆུང་གིས་སྒྲུབ་དགོས་པ་ཡིན་ནོ། ། ཇི་ལྟར་གྲོན་ཆུང་བྱས་ཀྱང་མི་དམངས་ཤོག་སྒོར་ས་ཡ་གཅིག་དང་འབུམ་ལྔ་ཙམ་མཁོ་རྒྱུ་རེད་སྙམ། རེ་གྲོན་དེ་དག་གི་ཡོང་ཁུངས་ནི་ཁེ་ལས་པ་ཆེན་པོ་དང་ཚོང་དཔོན་དག་གི་རྒྱབ་སྐྱོར་ལ་བརྟེན་དགོས་པ་ཡིན།
བརྒྱད་པ། གོང་སྨོས་ཀྱི་རྩོམ་སྒྲིག་པ་བཅུ་ལས་འོས་ཀ་ཡོད་པ་དང་ཁུར་ཐེག་ནུས་ཀྱི་མི་བཞི་ལ་རྩིས་གཉེར་པ་དང་། དངུལ་གཉེར་པ། འབྲེལ་གཏུག་པ། དྲུང་ཡིག་བཅས་ཀྱི་འགན་གཅིག་ལྕོགས་སུ་འཁུར་དུ་འཇུག་འོས།
མདོར་ན་བསྒྲུབ་འགྱུར་གྱི་ལས་དོན་དེ་ནི་སྒྲུབ་ཡུན་ཧ་ཅང་རིང་པོ་དགོས་ཤིང་། གཞི་ཁྱོན་རྒྱ་ཆེ་བ། ལས་ཚེགས་ལྕི་བ། ཞིབ་ཚགས་ཆེ་དགོས་པ། ཁེར་རྐྱང་གི་དབེན་པ་བསྟེན་དགོས་པ། རང་དོན་རྒྱབ་སྐྱུར་དང་སྤྱི་དོན་པང་ལེན་གྱི་སྙིང་སྟོབས་དགོས་པ། འགྲུབ་པར་གྱུར་ན་དོན་སྙིང་ཤིན་ཏུ་ཆེ་བའི་བྱ་བཞག་གལ་འགངས་ཅན་ཞིག་ཡིན་པས་དམངས་དོན་འཕེལ་རྒྱས་ཀྱི་ཆེད་དུ་རིག་གནས་འཛུགས་སྐྲུན་གྱི་ལས་ཀ་དེར་ཞུགས་ཐུབ་པ་རང་ཉིད་ཀྱི་གཟི་བརྗིད་དུ་བསྒོམས་ནས་སྟོབས་ཤུགས་ཡོད་དགུ་རྩལ་སྤྲུག་གིས་སྤྱི་དོན་ལ་འབུལ་དགོས།
མཁས་པ་ཆེན་པོའི་ལེགས་བཤད་གསུང་ཟེར་ན་འདི་འདྲ་རེད། ཉེ་སྔོན་འཚོགས་ཟིན་པའི་རྒྱལ་སྤྱིའི་བོད་ཀྱི་སྐད་ཡིག་ཚོགས་འདུའི་སྟེང་དུ་གནད་འགག་ཅན་འདི་འདྲ་བརྗོད་མཁན་ཧ་ཅང་དཀོན་པོ་རེད། དངོས་ཡོད་ཡིན་ཞིང་གནས་ལུགས་དང་མཐུན་པའི་དགོངས་འཆར་འདི་ལྟར་ཇི་བཞིན་ལག་བསྟར་བྱ་ཐུབ་ཚེ། བོད་ལ་སྤྱི་སྐད་ཅིག་འབྱུང་ཐུབ་པར་རེ་བ་འདུག་སྙམ།
གོང་དུ་དེང་གི་མཁས་པ་མི་གསུམ་གྱི་གསུང་ཡང་ཞེས་པའི་མཁས་པ་མི་གསུམ་དེ་གང་དག་ཡིན་ནམ།
འོ། དགོངས་དག མཉམ་འཇོག་མ་བྱས་པའི་སྐྱོན་གྱིས་འདིར་བོད་ཀྱི་སྤྱི་སྐད་ཐད་ལ་བཞག་པའི་མཆན་ཐུང་དེ་ཤོར་འདུག
དེ་ལྟ་བས་ན་རིག་ཚན་སོ་སོའི་ཆེད་ལས་མིང་མཛོད་རྩོམ་སྒྲིག་བྱ་རྒྱུ་གལ་ཆེ་ལ། ཐ་སྙད་རྣམས་ཚད་ལྡན་དང་གཅིག་གྱུར་ཡིན་པ་དང་། རྩོམ་སྟངས་སྒྲིག་ཚུལ་ནི་དེང་རབས་དང་ཚན་རིག་ལ་མཐུན་པའི་སྤྱིར་བཏང་མིང་མཛོད་ལེགས་པོ་རེ་རྩོམ་སྒྲིག་བྱ་རྒྱུ་ནི་དེ་བས་ཀྱང་གལ་ཆེན་ཡིན་པར་སྙམ། ཟེར།
མཁས་པའི་དབང་པོ་ཁོང་གི་ཆེད་རྩོམ་དེར་ཡིད་སྨོན་ཤོར་སོང་བས་ཁོ་བོས་ཀྱང་གཡུང་དྲུང་བོན་གྱི་དྲ་ཚིགས་སུ་འདྲེན་རྒྱུ་ཡིན་པས་དགོངས་འཁྲོལ་ཡོད་པར་ཞུ།
གཉའ་བློ་གྲོས་རྒྱལ་མཚན་གྱི་མིང་མཛོད་སྐོར་བློ་གྲོས་ཀྱི་འཇུག་པ་ཆེ་བས་བྲིས་པ་དེ། ཡོངས་རྫོགས་བཀླགས་ནས། མཆན་འདེབས་པར་དུས་ཀྱིས་མི་ལྡང་ཡང་། མིང་འགའ་ཤས་ལ་དཔྱད་པར་བྱ་སྟེ།
ལེཊ་པོ་ སོགས་རྗེས་འཇུག་ག་དང་ཡང་འཇུག་ས་ལ། ཊ་ཞེས་མ་འོངས་པ་སུས་ཀྱང་མ་འབྲི་ན། བོད་ཡིག་དག་ཆ་ཤེས་པར་བློ་གསར་རྣམས་ལ་ཕན། བསྡུས་ཡིག་དེ་དག་ཡི་གེ་དག་ཆའི་དགྲ་ཡིན་ཞེས་བདག་གི་དགེ་རྒན་དམ་པས་སྔོན་ལོ་ངོ་དྲུག་ཅུ་མ་ཟིན་གོང་བཀྲ་ཤིས་ལྷུན་པོ་རུ་གསུངས་བྱུང་།
ཚིག་མཛོད། ཅེས་པའི་ཚབ་ཏུ། མིང་མཛོད། དོན་ལ་བདེན། རྒྱ་གར་སྐད་དུ། སྒྲ་མཛོད། ཅེས་ཟེར།
གླང་ངུ་། ཞེས་པའི་སྒྲ་འབྱུང་སྟངས་སྐོར། དང་པོ། གླང་བུ། ཞེས་ཡོད་པ་བ་ཡིག་མེད་པར་སོང་ནས། ཨུ་ཡིག་ལུས་པ་དེ། གླང་གི་རྗེས་འཇུག་ལ་ཞུགས་ཏེ། གླ་ངུ་། ཞེས་ཆགས་པ་དེ་ལ། གླང་ངུ་། ཞེས་འདོན་ནམ། གླ་ངུ་། ཞེས་འདོན་སོ་སོའི་ངག་ལ་བརྟག་དཔྱད་དགོས་པར་སྣང་། དཔེར་ན། རིལ་བུ་ལ། རི་ལུ། ཞེས་པ་ལྟ་བུ་དང་། ལ་དྭགས་པ་ཁ་སྐད་འབྲི་བ་དག་གིས། ངག་ལ་མ་བརྟག་པར་བོ་དི་ལ་བོད་དི་དང་། ཆོ་སི་ལ་ཆོས་སི། དེ་བཞིན་དུ། རྒྱལ་བ་སྟེ། ལེགས་པའི་དོན་དུ་མདོ་མཛའ་བླུན་ན་གསལ་བ་དེ། ལ་དྭགས་གཤམས་ཕྱོགས་པས་ཟུར་མ་ཆག་པར་རྒྱལ་བ། ཞེས་དང་། ལ་དྭགས་སྟོད་པས། རྒྱ་ལ། ཞེས་འབོད།
མི་འོང་བའི། དག་པ་བོད་སྤྱིའི་སྐད་ཡིན་ཀྱང་། མང་པོས་མི་ཡོང་བའི་ཞེས་འདོན་ཅིང་འབྲི་བ་ཁ་སྐད་ཡིན།
ཉི་ཞེས་པ་འདོད་རྒྱལ་དང་། དེ་ལ་མ་ཡིག་སྦྱར་ཏེ། ཉི་མ། ཞེས་པ་རྗེས་གྲུབ་ཅེས་པ་བདག་གི་བསམ་ཚུལ་དང་མི་མཐུན་ཏེ། ཉི་དང་ཉི་མ་གང་ཡིན་ཡང་འདོད་རྒྱལ་གི་མིང་ཡིན། རྗེས་སྒྲུབ་ཀྱི་མིང་ལ་སྒྲ་བཤད་ཡོད་པ་ཞིག་དགོས་སྙམ། དཔེར་ན། ཉི་སྒྲིབ། ཉི་སྐྱོབ། ཅེས་པ་ལྟ་བུ། དེས་ན། འདོད་རྒྱལ་གྱི་མིང་གཉིས་བསྡོམས་ནས། རྗེས་སྒྲུབ་ཀྱི་མིང་གྲུབ་པར་མངོན། དཔྱད་པར་མཛོད།
ཁ་ཁ། ཞེས་པ་ཁ་སྐད་ཡིན་པས་བོད་པ་ཚང་མས་གོ་བ་ཡོད་མེད་བདག་གིས་མི་ཤེས་ཀྱང་། ལ་དྭགས་པ་ཆོས་སྐད་སྦྱངས་པ་ཞིག་གིས་དེ་ལ་སོ་སོའམ་ཐ་དད་ཀྱི་དོན་ཡོད་པ་མི་ཤེས། དེས་ན། དེའི་ཚབ་ཏུ་སོ་སོའམ་ཐ་དད་ཅེས་འབྲི་ན། བོད་སྤྱིའི་སྐད་དུ་ཆགས།
ལོ་ཙྰ་བའི་ ལོ་ཙ་པ། འཇིག་རྟེན་མིག་པའམ་འཇིག་རྟེན་མིག་ཅན་ཞེས་པར་ཕྱི་མ་དེ་དག་པར་སེམས་ཀྱང་། ལོ་ཙ་པའི་ཙ་ཡིག་དེ་རིང་པོར་བཟོ་བའི་ཚུལ་ལ་རྩད་བཅད་དགོས་པར་མཐོང་། ཁུངས་ཚད་ལྡན་ཞིག་མ་རྙེད་ན། དགེ་འདུན་ཆོས་འཕེལ་མཆོག་གིས། ལོ་ཙ་པ། ཞེས་ཡི་གེ་དང་པོ་གཉིས་འཇིག་རྟེན་དང་མིག་གི་སྐད་དོད་ལེགས་སྦྱར་མིང་དང་། དེ་ལ་བོད་ཀྱི་བདག་སྒྲ་པ་ཡིག་བསྣན་ཏེ། ལོ་ཙ་པ། ཞེས་ལེགས་པར་གྲུབ་བོ། །
ཚིག་མཛོད་མིང་མཛོད་ལ་བསྒྱར་དགོས་དོན་ཡང་མེད་ལ། ཉི་མ་ཞེས་པའི་སྒྲ་དེ་འདོད་རྒྱལ་མིན་པའི་ཁུངས་ཀྱང་མེད་ལགས།
ཁ་སྐད་ལ་བརྟེན་ནས་ཐོག་མའི་ཡི་གེ་བཟོས་པ་རེད། ད་ཆ་ཆོལ་གསུམ་ཁ་སྐད་སྤྱི་མཚུངས་དགོས་ན། ཡིག་སྐད་ནང་གི་མིང་ཚིག་དེ་ཚོ་བེད་སྤྱོད་གང་མང་མང་སྟེང་ནས་ཚིག་གསར་གསར་གཏོད་བྱས་པ་ཡིན་ན། བོད་ཀྱི་སྐད་ཡིག་ཡར་རྒྱས་ཞེས་པའོ་དོན་གོ་ཚང་བ་རེད་སྙམ་ལགས། ཐུ་མིའི་ཁ་སྐད་སྲིད་མཐར་གནས་འགྱུར་ཅིག །
ཞིབ་ཕྲ་གཅིག་གཅིག་གཉིས་གཉིས་བྱས་ནས་བཀླགས་པས་དགོངས་འཆར་ཤིན་ཏུ་ནས་ལེགས་པོ་གསུངས་འདུག ཐུགས་རྗེ་ཆེ། ངས་དྲན་ལམ་དུ། བཙན་བྱོལ་ནང་ ༡༩༦༠ – ༧༠ ནང་བོད་གཞུང་ཤེས་རིག་ལྷན་ཁང་གི་སྐབས་དེ་དུས་ཀྱི་དྲུང་ཆེ་རི་ཁ་བློ་བཟང་བསྟན་འཇི༹ན་དམ་པ་དེས་ཕྱོགས་བསྒྲིགས་ཀྱིས་དབྱིན་བོད་ཤན་སྦྱར་གྱི་ཚིག་མཇོ༹ད་ཚོན་ཁྲའི་རི་མོ་སོགས་ཡོད་པ་དང་། ཆེས་སྟབས་བདེ་བ་ཞིག་བཙན་བྱོལ་གཏན་ཉིན་སློབ་གྲྭའི་སྔོན་འགྲོའི་སློབ་མ་ཚོར་བཀྲམས་པ་གནང་སོང་བས། དེ་ནི་སློམ་མ་ཚོས་ཆེས་དགའ་མོས་བྱེད་སའི་བྱིས་པའི་ཚིག་མཇོ༹ད་ཞིག་ཡིན། དེ་དེང་སྐབས་མཐོང་རྒྱུ་རེག་རྒྱུ་མི་འདུག་པས་སུ་ལ་ཡོད་ནའང་དྲྭ་དེབ་ནང་འགྲེམས་སྤེལ་གནང་ཐབས་གནང་ཚེ་རང་རེའི་བོད་ཕྱི་ནང་གི་བྱིས་པ་ཚོར་ཕྱི་ལོ་གསར་པར་རྩ་ཆེའི་ལེགས་སྐྱེས་ཤིག་ཏུ་འགྱུར་རྒྱུར་དུང་ཞེན་དང་བརྩེ་སེམས་ཀྱིས་གཏོང་སྦྱིན་སྤེལ་རོགས།། །།