ཆབ་བྲག་ལྷ་མོ་སྐྱབས།
རྒྱ་མི་སྔོན་འགོག་བྱེད་རྒྱུ་ནི་བོད་མི་རིགས་ཀྱི་ཕྱོགས་ཡོངས་ཀྱི་ཁེ་ཕན་ལ་རག་ལས་པའི་ལས་དོན་ཧ་ཅང་གལ་ཆེ་བ་ཞིག་རེད། འོན་ཀྱང་ལས་ཀ་དེ་ཧ་ཅང་ཁག་པོ་ཞིག་ཀྱང་རེད། རྒྱ་མི་བོད་ལ་གནས་སྤོར་བྱས་དང་བྱེད་ཀྱིན་པའི་གནས་སྟངས་འདི་ལ་ཚོད་འཛིན་དང་སྒྱུར་བཅོས་ཀྱི་ལས་རིམ་མུ་མཐུད་དེ་དོན་འཁྱོལ་ཡོང་བ་ཞིག་ལག་བསྟར་བྱེད་པ་ལ་གཤམ་གསལ་གནད་དོན་འགའ་ནས་གླེང་སློང་བྱེད་འོས།
དང་པོ། རྒྱ་མི་བོད་ལ་གནས་སྡོད་བྱེད་པའི་རྒྱུ་མཚན་དང༌། གནས་སྤོ་བྱེད་ཐབས། གནས་སྡོད་ཐུབ་པའི་རྒྱུ་རྐྱེན་སོགས་ལ་དཔྱད་ཞིབ་བྱེད་དགོས།
ཀ རྒྱ་མི་བོད་ལ་གནས་སྡོད་བྱེད་པའི་རྒྱུ་མཚན་ལ་རྩད་གཅོད་ན། ཐོག་མར་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱེད་པའི་དགོས་དམིགས་གང་ཡིན་ཤེས་དགོས། དེའི་རྒྱུ་མཚན་ནི་དགོས་པ་དམིགས་ཡུལ་གྱི་གཞི་རྩ་དེར་ཐུག་ཡོད་པས་ཡིན། ཁོ་བོས་བལྟས་ན་འདི་ལ་གཞི་རྩའི་དགོས་ཕན་ཆེན་པོ་གཉིས་འདུག
༡ གསར་དུ་བཙུགས་པའི་རྒྱ་ནག་རྒྱལ་ཁབ་དེ་ཉིད་རྒྱ་བསྐྱེད་དང་བརྟན་སྲུང་བྱེད་རྒྱུའི་དམིགས་ཡུལ་འགྲུབ་པར་དགོས་ཕན་ཆེ་བ་སྟེ། ཏེང་ཞའོ་ཕིན་གྱིས། ༡༩༥༠།༧།༢༡ལྷོ་ནུབ་གྲངས་ཉུང་མི་རིགས་ཀྱི་གནད་དོན་སྐོར་ཅེས་པའི་གསུང་བཤད་ནང་དུ། ¿ལྷོ་ནུབ་ཀྱི་རྒྱལ་མཚམས་ས་ཐིག་ནི་བོད་ལྗོངས་ནས་ཡུན་ནན་དང་ཀོང་ཞིའི་བར་སྤྱི་ལེ་སྟོང་ཕྲག་ཁ་ཤས་ཡོད་ཅིང༌། དེ་ལྟར་དཀྱུས་རིང་གི་མཐའ་ཁུལ་དུ་འཚོ་སྡོད་བྱེད་མཁན་མང་ཆེ་བ་ནི་གྲངས་ཉུང་མི་རིགས་རེད། གྲངས་ཉུང་མི་རིགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་མ་ཐུབ་ན་རྒྱལ་སྲུང་གི་གནད་དོན་ཡག་པོ་འབྱུང་མི་སྲིད། དེར་བརྟེན་ལྷོ་ནུབ་ཀྱི་གནས་ཚུལ་ལ་བལྟོས་ཏེ་བཤད་ན། རྒྱལ་སྲུང་གི་གནད་དོན་ཁོ་ནར་བསམ་གཞིགས་བྱས་ནའང་གྲངས་ཉུང་མི་རིགས་སྐོར་གྱི་ལས་ཀ་དེ་གནས་བབ་ཧ་ཅང་མཐོན་པོར་འཇོག་དགོས།¿ ཞེས་བཤད་པ་འདི་དང༌། དམག་སྤྱི་ཆེན་པོ་ཀྲུའུ་ཏེས་ཀྱང༌།༡༩༥༡།༩།༡༡།ཉིན་བོད་སྐྱོད་དམག་དཔུང་ལ་ལམ་སྟོན་དུ་བྲིས་པའི་དོན་ཚན་བརྒྱད་ཅན་གྱི་དང་པོར། ¿བོད་ལྗོངས་སུ་དཔུང་འཇུག་བྱས་ནས་རྒྱལ་སྲུང་སྲ་བརྟན་དུ་གཏོང་རྒྱུ་ནི་གཟི་བརྗིད་ལྡན་ལ་རླབས་ཆེ་བའི་ལས་འགན་ཞིག་ཡིན¿ཞེས་སྨྲས་པ་དག་གིས་གསལ་རྟོགས་ཐུབ།
༢། བོད་ཡུལ་འདི་ས་རྒྱ་ཆེ་ཞིང་ཐོན་ཁུངས་ཕུན་སུམ་ཚོགས་པས། ཕྱོགས་གཅིག་ནས་རྒྱ་ནག་གི་མི་འབོར་མང་པོའི་འཚོ་སྡོད་ཀྱི་དཀའ་ངལ་བསལ་ཐབས་དང༌། ཕྱོགས་གཅིག་ནས་རྒྱ་ནག་གྀ་རང་ཁ་གསོ་ཐབས་ལའང་མེད་ཐབས་མེད་པའི་ས་ཁུལ་ཞིག་ཆགས་ཡོད་པས་རྒྱ་ནག་གི་འབྱུང་འགྱུར་ཡར་རྒྱས་ཐད་ལ་དགོས་ཕན་ཤིན་ཏུ་ཆེ།
དེ་ཡང་མའོ་ཙེ་ཏུང་གིས། ༡༩༥༢།༡༡།༢༢།རྒྱ་ནག་མི་དམངས་ཉིན་རེའི་ཚགས་པར་ནང་དུ།¿བོད་ནི་ས་ཁྱོན་ཆེ་ལ་མི་འབོར་ཉུང་བའི་ས་ཁུལ་ཞིག་ཡིན་སྟབས་དེའི་ནང་མི་འབོར་སྤར་དགོས། ད་ཡོད་ས་ཡ་གཉིས་གསུམ་ནས་ས་ཡ་ལྔ་དྲུག་བར་སྤོར་དགོས¿ཞེས་བཤད་པ་འདིས། ཐོག་མ་ཉིད་ནས་རྒྱ་ནག་གིས་བོད་ཡུལ་འདི་མི་འབོར་གྱི་དཀའ་ངལ་སེལ་ཐབས་སུ་དམིགས་པ་གསལ་བོ་རེད། དེ་རྗེས་ཀྲུའུ་ཏེས། ༡༩༥༧།༡༡།༡༨ཉིན་རི་ཁུལ་ཐོན་སྐྱེད་སྐོར་གྱི་བཞུགས་མོལ་ཚོགས་འདུའི་གཏམ་བཤད་ནང༌། ¿རི་ཁུལ་ལ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ཐད་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད་པ་ཤེས་ཚོར་ཟབ་མོ་བྱུང¿་་་་¿རི་ཁུལ་རྒྱུ་ནོར་གྱི་ཐོན་སྒོ་འབྱེད་མ་ཐུབ་ན་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ལ་དཀའ་ངལ་ཡོང་ངེས་ཡིན¿ ¿བོད་ལྗོངས། ཞིན་ཅང་བཅས་ཀྱི་རི་ཁུལ་ཁ་ཤས་སུ་ལོ་ཧྲིལ་བོར་གངས་མི་ཞུ་བར་རྩི་ཤིང་སྐྱེ་མི་ཐུབ་ཀྱང་གཏེར་རྫས་དཀོན་གྲས་མང་པོ་ས་ཁུལ་དེ་དག་ནས་ཐོན་གྱི་ཡོད¿ རི་ཁུལ་རྒྱུ་ནོར་ཐོན་ཁུངས་རྒྱུན་ཆད་མེད་པར་སྔོག་འདོན་བྱས་ནས་རྒྱལ་ཡོངས་ཀྱི་འཛུགས་སྐྲུན་བྱ་གཞག་ལ་ལེགས་སྐྱེས་སུ་འབུལ་ཐུབ་ངེས་ཡིན་པ་དེ་ང་ཚོས་རི་ཁུལ་འཛུགས་སྐྲུན་བྱེད་པའི་ཕུགས་ཀྱི་དམིགས་ཡུལ་ཆེན་པོ་ཡིན¿ཞེས་བཤད་པ་དང༌། མའོ་ཙེ་ཏུང་གིས་ཀྱང༌། ¿རྒྱ་རིགས་མི་འབོར་མང་ལ་གྲངས་ཉུང་མི་རིགས་ལ་ས་རྒྱ་ཆེ་ཞིང་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡིན¿ཞེས་གསལ་བོར་བརྗོད་ཡོད། དེ་བཞིན་ཏེང་ཞའོ་ཕིན་གྱིས་ཀྱང། ༡༩༨༧།༦།༢༩།ཉིན་ཨ་རིའི་ཙུང་ཐུང་ཟུར་བ་ཁ་ཐེ་ལ་གླེང་མོལ་གནང་སྐབས། ¿ཀྲུང་གོའི་ཐོན་ཁུངས་མང་པོ་ནི་བོད་ལྗོངས་དང་ཤིན་ཅང་ཚུད་པའི་གྲངས་ཉུང་མི་རིགས་ས་ཁུལ་ལ་ཁྱབ་ཡོད། གལ་ཏེ་ས་ཁུལ་འདི་དག་གསར་འབྱེད་བྱས་ན་མདུན་ལམ་ཧ་ཅང་ཆེན་པོ་ཡོད།¿ཅེས་བརྗོད་པ་དག་གིས་ཁོ་ཚོས་སྔོན་མ་ནས་བོད་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡིན་པ་ཤེས་ནས་ཧམ་སེམས་ཆེན་པོ་ཞིག་གཉེར་དང་གཉེར་བཞིན་པ་གསལ་རྟོགས་ཐུབ།
མདོར་ན། གཞི་རྩའི་ཁེ་ཕན་ཆེན་པོ་དེ་གཉིས་ནི། རྒྱལ་ཁབ་ཅིག་ལ་མཚོན་ན་ཆབ་སྲིད་དང་དཔལ་འབྱོར་གཉིས་ཐད་ལ་དེ་ལས་ལྷག་པའི་རང་བྱུང་གི་ཁོར་ཡུག་ཅིག་ག་ལ་ཡོད། དེ་བས་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པ་ཡིན་ལ་ཧམ་ཟ་བྱེད་པར་འཚང་ཁ་རྒྱག་བཞིན་པའང་ཡིན།
ཁ རྒྱ་མི་བོད་ལ་ཇི་ལྟར་གནས་སྤོར་བྱེད་བཞིན་པའི་ཚུལ་དེ་ཡང་ཞིབ་འཇུག་བྱ་དགོས་པའི་གནད་དོན་ཞིག་རེད། གནད་དོན་འདི་ཡང་ཐོག་མ་ནས་གླེང་དགོས་ཏེ། གོང་གི་དགོས་ཕན་ཆེན་པོ་དེ་གཉིས་བསྒྲུབ་ཐབས་སུ་རྒྱ་མི་བོད་ལ་མི་གཏོང་རང་གཏོང་དགོས་ཤིག་ཡིན་ལ། དེ་ལས་སླ་བོར་གཏོང་ཐུབ་པ་ཞིག་ཀྱང་མིན་པས། བོད་ཧམ་ཟ་བྱེད་ཐབས་སུ་ཞི་དྲག་གཉིས་ཀྱི་གཡོ་ཐབས་ཀྱིས་གོམ་པ་རིམ་བགྲོད་ཐོག་ནས་རྒྱ་མི་བོད་ལ་ཡོང་ཐབས་བྱས་ཡོད།
༡། བོད་ནས་བཙན་རྒྱལ་རིང་ལུགས་པ་མཐར་སྤྲོད་གཏོང་རྒྱུ་དང༌། རྒྱལ་མཚམས་སྲུང་སྐྱོབ་ལ་ཁ་གཡར་ནས། ༡༩༤༩ལོ་ནས་བོད་ཤར་ཕྱོགས་ནས་ཞི་དྲག་གི་བཙན་འཛུལ་མགོ་བརྩམས།
དེ་ཡང་དང་ཐོག་༡༩༥༠ ལོ་འི་ཟླ་༥པར་ཀྲུང་དབྱང་ལྷོ་ནུབ་ཅུས་ནས་ཕྱི་ནང་ཀུན་ལ་མགོ་སྐོར་གྱི་དོན་ཚན་བཅུ་དང་པོ་བོད་མི་དམངས་མཐུན་སྒྲིལ་བྱས་ནས་དབྱིན་ཇི་དང་ཨ་རིའི་བཙན་འཛུལ་སྟོབས་ཤུགས་བོད་ནས་མཐར་སྐྲོད་གཏོང་དགོས་པ་ཞེས་པ་ནས་བཅུ་བ་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་བོད་དུ་དཔུང་སྐྱོད་བྱས་ནས་རྒྱལ་སྲུང་སྲ་བརྟན་ཏུ་གཏོང་རྒྱུ་ཞེས་པའི་བརཡོད་པའི་ཡིག་ཆ་ཞིག་ལྷོ་ནུབ་དམག་སྲིད་ཨུ་ཡོན་ལྷན་ཁང་དང་ལྷོ་ནུབ་དམག་ཁུལ་ཁང་གི་རྩ་ཚིག་ནང་ཡོངས་བསྒྲགས་ཀྱིས་པེ་ཅིན་དང་མཚོ་སྔོན་རླུང་འཕྲིན་ཁང་སོགས་ནས་ཡང་ཡང་དྲིལ་བསྒྲགས་བྱས་ཤིང༌། ༡༩༥༡་ལོར་དོན་ཚན་བཅུ་བོ་གཞིར་བཞག་གིས་བོད་ཞི་བའི་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མོལ་དོན་ཚན་བཅུ་བདུན་ཟེར་བ་ཞིག་ལ་མིང་རྟགས་བཀོད་བཅུག་ནས་དམག་དཔུང་བོད་བསྐྱོད་ཀྱི་གཞི་བཏིང༌།
༢། བོད་དུ་གཞུང་ལམ་བཟོ་སྐྲུན་དང། ཐོན་སྐྱེད་རོགས་རམ་བྱེད་རྒྱུར་ཁ་གཡར་ནས་དམག་དཔུང་མང་དུ་བཏང་ཞིང་གཏན་སྡོད་ཀྱི་ཁྱིམ་གཞི་བཙུགས་པ།
༣། ཕྱོགས་ཡོངས་ནས་བོད་ཡར་རྒྱས་གཏོང་བར་ཁ་གཡར་ནས་ལས་རིགས་མི་འདྲ་བ་སོ་སོའི་ནང་དུ་རྒྱ་རིགས་འཛུལ་ཐབས་བྱེད་པ།
ཏེང་ཞའོ་ཕིན་གྱིས་ཀྱང། ༡༩༨༧།༦།༢༩ཉིན་ཨ་རིའི་ཙུང་ཐུང་ཟུར་བ་ཁ་ཐེ་ལ་གླེང་མོལ་གནང་སྐབས། ¿བོད་ལྗོངས་ནུབ་བོདནི་མི་གྲངས་ཉུང་བའི་ས་ཁུལ་ཞིག་ཡིན་ཏེ། ས་རྒྱ་ཧ་ཅང་ཆེན་པོ་ཡོད་པས་བོད་རིགས་སྤུན་ཟླ་ས་ཡ་གཉིས་ཁོ་ནར་བརྟེན་ནས་འཛུགས་སྐྲུན་བྱས་ན་ནུས་ཤུགས་ག་ལ་འདང༌། རྒྱ་མིས་ཁོང་ཚོར་རོགས་རམ་བྱེད་ན་གནོད་པ་ཅི་ཡང་མེད།¿ཅེས་བཤད་ཡོད།
བོད་མིས་རང་ཁོངས་རང་སྐྱོང་གི་འགན་ནུས་ཀྱང་འཁྱེར་དཀའ་བར་བརྗོད་ནས་འགོ་གཙོ་དང་གནད་ཡོད་ལས་བྱེད་མང་པོར་རྒྱ་མིའི་གུང་ཁྲན་ཏང་ཡོན་པ་བཞག་ནས་དེ་དག་གི་ཁྱིམ་གཞི་དང་བཅས་པ་བོད་དུ་གནས་སྤོ་བྱེད་པ། བོད་མིས་དེང་རབས་ཅན་བཞི་མངོན་འགྱུར་བྱེད་པར་ཚན་རིག་ལག་རྩལ་དང་ཤེས་ཡོན་གྱི་ནུས་པས་མི་འདང་བར་བརྗོད་དེ་བཟོ་ལས་གཙོ་བོར་གྱུར་བའི་ཐོན་སྐྱེད་འཛུགས་སྐྲུན་ཕྱོགས་ཀྱི་ལས་མི་མང་པོ་ཞིག་ལོ་རེ་བཞིན་དུ་མང་ཉུང་ལ་མ་བལྟོས་པར་འཕར་སྣོན་གཏོང་བཞིན་ཡོད།
མདོར་ན། ང་ཚོས་བོད་ཁུལ་ཡོངས་ཀྱི་ཆབ་སྲིད་ལས་རིགས་ནང་དང༌། དཔལ་འབྱོར་ལས་རིགས་ནང༌། རིག་གནས་སྡེ་ཚན་ཁག་གི་ནང་བཅས་ལས་རིགས་མི་འདྲ་བ་སོ་སོའི་ནང་དུ་རྒྱ་མིའི་མི་འབོར་ཅི་ཙམ་ཡོད་པ་ལ་ཞིབ་བཤེར་གྱིས་ཁོ་ཚོས་ཁག་འགེལ་ས་དང་ཁ་གཡར་ས་གང་དག་ཡིན་པའང་གསལ་བོར་ཤེས་དགོས།
ག རྒྱ་མི་བོད་དུ་གནས་སྡོད་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ནི། གཅིག་ནས་རྒྱ་ནག་གཞུང་གི་ཕྱིའི་སྲིད་ཇུས་ཀྱི་ལམ་སྟོན་དང་རྒྱབ་རྟེན་བརྟན་པོ་ཞིག་དང༌། གཉིས་ནས་བོད་མི་རང་ངོས་ནས་མགོ་འཐོམས་དང༌། ལྷོད་གཡེང༌། ཐ་ན་རོགས་འདེགས་བྱས་པ་ལ་བརྟེན་ནས་རྒྱ་མི་མང་པོ་བོད་དུ་འཚོ་གནས་ཐུབ་ཀྱིན་ཡོད།
ཀ ཏེང་ཞའོ་ཕིན་གྱིས། ༡༩༥༠།༧།༢༡ལྷོ་ནུབ་གྲངས་ཉུང་མི་རིགས་ཀྱི་གནད་དོན་སྐོར་ཅེས་པའི་གསུང་བཤད་ནང་དུ། ¿མའོ་ཀྲུའུ་ཞིས་བོད་ལྗོངས་ཀྱི་གནད་དོན་ཐད་ལ། མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱ་རྒྱུ་དང༌། བོད་དུ་དཔུང་བསྐྱོད་བྱས་ནས་ཡུལ་ཟས་མི་ཟ་བ་ཞེས་པའི་དོན་ཚན་གཉིས་གཏན་འབེབས་གནང་ཡོད། དོན་ཚན་འདི་གཉིས་དོན་ཐོག་ཏུ་འཁྱོལ་ན་གཞི་ནས་བོད་ལྗོངས་ཀྱི་གནད་དོན་ཐག་གཅོད་ཐུབ་པ་དང༌། མཐུན་སྒྲིལ་བྱས་ནས་རྒྱལ་སྲུང་སྲ་བརྟན་དུ་གཏོང་ཐུབ། དོན་ཚན་དེ་གཉིས་ནི་གྲངས་ཉུང་མི་རིགས་ཀྱི་ས་གནས་ཡོངས་ལ་འཚམས་པ་ཞིག་རེད། ཆབ་སྲིད་ལ་དཔལ་འབྱོར་གྱིས་རྨང་གཞི་བྱ་དགོས་པས་རྨང་གཞི་བརྟན་པོ་མ་བྱུང་ན་འགྲིག་གམ།¿ཞེས་བཤད་ཡོད།
གཞན་ཡང་མའོ་ཙེ་ཏུང་གིས། ¿བོད་ཀྱི་གནད་དོན་གང་ཞིག་ལ་བསམ་གཞིགས་བྱེད་དུས། དང་ཐོག་མི་རིགས་དངཆོས་ལུགས་ཀྱི་གནད་དོན་དེ་གཉིས་པོར་བསམ་གཞིགས་བྱས་ཏེ་ལས་ཀ་ཐམས་ཅད་ངེས་པར་དུ་གཟབ་བརླིང་བརྟན་པོ་བྱེད་དགོས།¿ ཞེས་པའི་ལམ་སྟོན་འདི་དག་རྣ་བར་སྙན་ཞིང་ཡིད་ལ་འབབ་པའི་སྐད་ཆ་ཞིག་ཏུ་སྣང་ན་ཡང༌། དོན་ལ་དམར་ཤོག་ཚོགས་པའི་སྲིད་གཞུང་དང་ལམ་ལུགས་དེ་དག་ནི་བོད་ལ་ཕན་མ་ཐོགས་ན་ཡང་གནོད་མི་སྐྱེལ་བའི་སྲིད་ཇུས་ཤིག་རེད་སྙམ་ནས་དོགས་འདྲོགས་མི་ཡོང་བ་དང་བློ་འགུགས་ཡིད་ཆེས་སྐྱེ་ཐབས་ཀྱིས་རིམ་པས་རྒྱ་རིགས་བོད་དུ་འཚོ་སྡོད་བྱེད་པར་བོད་རིགས་ཀྱིས་དགའ་བསུ་མཐུན་འགྱུར་ཡོང་ཆེད་ཀྱི་གཞི་རྩའི་སྲིད་ཇུས་ཤིག་ཀྱང་ཡིན་ཏེ། ཀྲོའུ་ཨེན་ལའེ་ཡིས། འཐབ་ཕྱོགས་གཅིག་གྱུར་གྱི་རྩོམ་ཡིག་གཅེས་བཏུས་ནང་ ¿གྲངས་ཉུང་མི་རིགས་ཀྱི་ཆོས་ལུགས་ཐད་ལའང་ང་ཚོས་ད་ལྟའི་དུས་ནས་བཅོས་བསྒྱུར་བྱ་རྒྱུའི་འབོད་ཚིག་བསྒྲགས་ན་མི་ཚོ་ཞེ་ལོག་སྲིད་པས་དེ་འདྲ་བྱེད་མི་རུང༌། དབྱི་སི་ལན་གྱི་ཆོས་ལུགས་དང༌། སངས་རྒྱས་ཆོས་ལུགས་གཉིས་ཀར་བརྩི་བཀུར་བྱེད་དགོས། ་་་་་་་ འདིའི་སྐོར་ད་ལྟ་བཏོན་ན་སྔ་དྲགས་པས་མགྱོགས་པོར་བསྒྱུར་བ་ལས་ག་ལེར་བསྒྱུར་ན་འཚམ་པོ་ཡོད།¿ཅེས་བཤད་པ་དང༌། ལྷག་པར་མའོ་ཙེ་ཏུང་གིས་དངོས་སུ་བོད་ཀྱི་ལུགས་གཉིས་གཙོ་འཛིན་མཆོག་ལ¿ཆོས་ནི་དུག་རེད¿ཅེས་བཤད་ཡོད་ལ། ལྷ་མེད་སྨྲ་བ་དང་ཆོས་ལུགས་ལ་ངོ་རྒོལ་བྱེད་པ་དེ་མར་ལེའི་ཏང་གི་བསམ་བློའི་ལམ་ཕྱོགས་གཙོ་བོ་ཞིག་ཀྱང་ཡིན་པས། ཅང་ཙེ་རྨིན་གྱིས་ཀྱང༌། ༡༩༩༠།༢།༡༥།ཉིན་གྱི་རྒྱལ་ཡོངས་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྲོས་ཚོགས་ཐོག་ལ¿ཉེ་ལམ་ལོ་ཤས་རིང་མར་ཁེ་སིའི་རིང་ལུགས་ཀྱི་ལྷ་མེད་སྨྲ་བའི་དྲིལ་བསྒྲགས་བྱེད་པ་ཉུང་དྲགས་ཡོད། ཕྱིན་ཆད་ལྷོད་གཡེང་གཏན་ནས་གཏོང་མི་རུང༌།¿ཞེས་བརྗོད་ཡོད། འོན་ཀྱང་ཁོ་ཚོས་བོད་ཀྱི་གནད་དོན་མང་པོ་ཞིག་ཆོས་ལུགས་བེད་སྤྱད་དེ་སྒྲུབ་ཐབས་བྱེད་ཀྱིན་ཡོད་པས། སྐབས་རེར་ཆོས་ལུགས་བྱེད་སྒོའི་རིགས་དེ་ཁོ་ཚོའི་ཁེ་ཕན་གྱི་ལྡོག་ཕྱོགས་སུ་འགྱུར་དུས་མངོན་སུམ་འཛེམས་མེད་ཀྱིས་ཆོས་བྱེད་རང་དབང་ལ་ཕོག་ཐུག་གཏོང་བཞིན་པ་ང་ཚོས་མཐོང་གསལ་བཞིན་རེད། དེ་བས་རྩ་ཁྲིམས་ནང་ལ་ཆོས་དད་རང་མོས་ཡིན་ཞེས་བཀོད་པར་ཡང་དོན་གྱིས་དམིགས་ཡུལ་གཞན་ཞིག་ཡིན།
དེ་བཞིན་མི་རིགས་འདྲ་མཉམ་དང༌། གྲངས་ཉུང་མི་རིགས་ལ་མཐུན་སྒྲིལ་དང་རོགས་རམ་བྱེད་དགོས་ཞེས་པ་དེ་ཡང༌། གསལ་བོར་བཤད་ན། རྒྱ་རིགས་དང་གྲངས་ཉུང་མི་རིགས་འདྲ་མཉམ་ཡིན། རྒྱ་རིགས་དང་གྲངས་ཉུང་མི་རིགས་མཐུན་སྒྲིལ་དགོས། རྒྱ་རིགས་ཀྱིས་གྲངས་ཉུང་མི་རིགས་ལ་རོགས་རམ་བྱེད་ཐུབ་ཅེས་པའི་དོན་ཡིན། དེ་ལྟར་རྟག་ཏུ་ཤུགས་ཆེར་སྒྲོག་གིན་ཡོད་མོད། དོན་དངོས་སུ་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཀྱི་ཐོབ་ཐང་མང་པོ་ཞིག་རྒྱ་རིགས་ཀྱིས་བཟུང་ཡོད་པས་འདྲ་མཉམ་མིན་ལ། གྲངས་ཉུང་མི་རིགས་ས་ཁུལ་དུ་རྒྱ་མི་མང་པོ་གནས་སྡོད་ཀྱི་མཐུན་རྐྱེན་སྦྱོར་བཞིན་པའི་ཐོག མངོན་ལྐོག་ཅི་རིགས་ནས་གྲངས་ཉུང་མི་རིགས་ཁག་གི་རྩ་ཆེའི་དངོས་ཟོག་མང་པོ་ཞིག་རྒྱ་ནག་ནང་དབོར་འདྲེན་བྱེད་བཞིན་ཡོད་པས་གྲངས་ཉུང་མི་རིགས་ཀྱིས་རྒྱ་རིགས་ལ་ཕར་རོགས་རམ་བྱེད་ཀྱིན་ཡོད། དོན་དངོས་གནས་ཚུལ་འདི་འདྲ་ཞིག་གི་ཐོག་ནས་རྒྱ་བོད་མི་རིགས་དབར་ལ་མཛའ་བརྩེའི་མཐུན་སྒྲིལ་ཞིག་ཡོང་ཐབས་མེད།
མི་ཟས་མི་ཟ་བ་ཞེས་པ་དེ་ཐོག་མར་རྒྱ་དམག་བོད་དུ་འབྱོར་དུས་ཕྱི་ཚུལ་གྱི་སྤྱོད་བཟང་གིས་མི་སེམས་བསླུ་ཐབས་སུ་ལག་ལེན་གང་འཚམས་བྱས་ཡོད་ན་ཡང༌། རིམ་པས་རྒྱ་མི་སྒེར་དང་གཞུང་གཉིས་ངོས་ནས་གཡོ་ཟ་ཧམ་འཕྲོག་ཅི་བྱས་ལ་རྩིས་ཞིབ་མོ་ཞིག་བརྒྱབ་ན། མི་ཟས་ཟོས་པའི་རིན་བབ་དེ་ཁོ་ཚོས་བོད་ཡུལ་ལ་འཛུགས་སྐྲུན་རོགས་རམ་ཅུང་ཟད་བགྱིས་པ་དེས་གཞལ་ཐུབ་པ་ཞིག་མིན། བོད་ཀྱི་འཛུགས་སྐྲུན་མང་པོ་ཞིག་བོད་རང་གི་ཐོན་ཁུངས་དང་བོད་མི་རང་གི་མི་དངོས་བཏང་ནས་བསྒྲུབས་པ་ཡིན། དཔེར་ན། བོད་ཀྱི་ནགས་ཚལ་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་༢༢༡༨༠༠ ཡོད་པའི་ཕྱེད་ཀ་བཅད་ནས་དབོར་འདྲེན་བྱས་ཡོད་ལ། གཏེར་ཁ་རིགས་མི་འདྲ་བ་བརྒྱ་ལྷག་སྔོག་འདོན་བྱས་དང་བྱེད་བཞིན་ཡོད།
མདོར་ན། ཕྱིའི་སྲིད་ཇུས་ཐད་ནས་རྒྱ་རིགས་བོད་དུ་ཡོང་བར་བོད་མི་རིགས་ཀྱིས་དགའ་བསུ་ཐོབ་ཐབས་དང་ཁོ་ཚོ་མུ་མཐུད་འཚོ་སྡོད་ཀྱི་ཐད་ལའང་མཐུན་འགྱུར་ཡོང་བར་དམིགས་ཏེ། ཞི་འཇམ་ཐབས་མཁས་ཀྱི་སྤྱོད་ཚུལ་གཙོ་བོ་དྲུག་ལག་བསྟར་བྱས་དང་བྱེད་ཀྱིན་ཡོད།
༡། བོད་ལ་མི་རིགས་ས་ཁུལ་རང་སྐྱོང་གི་ལམ་ལུགས་བཙུགས་པ།
༢། བོད་མིར་ཤ་ཚ་སྙིང་རྗེའི་རྣམ་འགྱུར་བསྟན་པ།
༣། བོད་ཀྱི་ཆོས་ལུགས་ལ་གུས་བརྩིའི་རྣམ་པ་བསྟན་པ།
༤། མི་རིགས་ལ་གུས་བརྩིའི་རྣམ་པ་བསྟན་པ།
༥། བོད་ཀྱི་སྐད་ཡིག་རིག་གནས་ལ་ཆེ་མཐོང་གི་རྣམ་འགྱུར་བསྟན་པ།
༦། བོད་ཀྱི་སྤྱི་ཚོགས་རྙིང་པར་སྐྱོན་བརྗོད་དང་གུང་ཁྲན་ཏང་དང་སྤྱི་ཚོགས་རིང་ལུགས་ཀྱི་དགེ་མཚན་འུད་སྒྲོག་བྱས་པ་བཅས་ཡིན།
དེ་དག་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་དུ་ཡང་བཀོད་ཡོད་མོད། ད་ལྟ་ང་ཚོས་ཕྱིར་འདང་གསལ་བོ་ཞིག་བརྒྱབ་ནས་བརྟག་དཔྱད་ལེགས་པོ་ཞིག་བྱས་ན་ཁ་ཙམ་ཚིག་ཙམ་ཞིག་ལས་དོན་ཐོག་གི་ཕན་འབྲས་ཆེན་པོ་གང་ཡང་བྱུང་མེད། དེ་འབྱུང་ཡང་མི་སྲིད་དེ། རྒྱ་ནག་གིས་བོད་ལ་ཐོག་མར་བཙན་འཛུལ་བྱས་པའི་དམིགས་ཡུལ་དང་དགོས་འདུན་གཙོ་བོ་དེ་རྒྱ་ནག་རྒྱལ་ཁབ་བམ་དོན་དངོས་སུ་བརྒྱ་ཆའི་གོ་བཞི་ཟིན་པའི་རྒྱ་མི་རིགས་ཆེན་པོའི་ཆེད་དུ་ཡིན་པ་དོན་ཚན་གོང་མ་དག་ནས་གསལ་རྟོགས་ཐུབ་པ་དེ་འདྲ་ཡིན་པས། ཁོ་ཚོས་ནམ་ཡང་གྲངས་ཉུང་མི་རིགས་དབུས་སུ་བཞག་ནས་བྱ་བ་ལེགས་པོ་གང་ཡང་བྱེད་མི་སྲིད། དེ་བས་གྲངས་ཉུང་མི་རིགས་ཅི་ཙམ་གྱིས་ཡར་རྒྱས་སུ་བཏང་ན་ཡང་རྒྱ་མི་རིགས་ཀྱི་སྔོན་དུ་སླེབས་པ་ཕར་ཞོག་རྗེས་ཟིན་པའི་དུས་ཤིག་ཀྱང་འབྱུང་དཀའ་འོ།
ཁ བོད་མི་རང་ངོས་ནས་རྒྱ་མིར་མཐུན་འགྱུར་བྱེད་པའི་སྐོར་གྱི་བསམ་བློའི་གནད་དོན་དང་ལག་ལེན་གྱི་གནད་དོན་འགའ་ཞིག་ཡོད་ན་ཡང༌། འདིར་རྒྱས་བཤད་མ་དགོས་པའི་ཐོག་ནས་རིགས་བསྡུ་ཞིག་བྱས་ན་གཤམ་གསལ་དོན་ཚན་བརྒྱད་དུ་གཏོགས།
༡། བོད་མི་རྣམས་ལ་ཆབ་སྲིད་གོ་རྟོགས་ཤིན་ཏུ་དམའ་བས། རྒྱ་མིས་སྲིད་ཇུས་ཀྱི་ངོ་བོ་ངོ་མ་རྟོགས་མ་ཐུབ་པས་མགོ་བོ་རྨོངས་ཏེ་ཡུན་རིང་ལུས་པ།
༢། རྒྱ་གཞུང་གི་ཆབ་སྲིད་ཀྱིས་བསླུས་པའི་ཤེས་ཡོན་ཅན་དང་རང་ཁེ་གཉེར་མཁན་དང་མི་ཉུང་བ་ཞིག་གིས་མངོན་སུམ་དུ་རྒྱ་གཞུང་དང་རྒྱ་མི་ལ་དགའ་ཞེན་དང་རམ་འདེགས་ཅི་ནུས་བཏོན་དང་འདོན་བཞིན་པ།
༣། རྒྱལ་སྤྱིའི་དེང་རབས་ཀྱི་འཕོ་འགྱུར་མ་མཐོང་བར་སྤྱི་ཚོགས་རྙིང་པའི་འཚོ་གནས་ལ་ཕྱིར་དྲན་གྱིས་དེང་སང་འཚོ་གནས་ཅུང་ལེགས་པ་འདི་སྐལ་བ་ཧ་ཅང་བཟང་སྙམ་པའི་ཆོག་ཤེས།
༤། རྒྱ་མིས་བོད་ལ་གཏོར་བཤིག་དང་བོད་ཀྱི་རྒྱུ་ནོར་འབོར་ཆེན་དབོར་འདྲེན་བྱེད་པར་ཚོད་དཔག་མ་ཐུབ་པར་ཚུར་རྒྱལ་ཁབ་ཀྱིས་རོགས་རམ་མངཔོ་ཞིག་བྱེད་ཀྱིན་པའི་དྲིལ་བསྒྲགས་ཀྱིས་མགོ་འཁོར་ཏེ་གུང་ཁྲན་ཏང་བཀའ་དྲིན་ཆེ་བསམས་པ།
༥། བོད་རྗེས་ལུས་ཡིན་པ་འདི་བོད་ཀྱི་ཆོས་དང་རིག་གནས་ཀྱིས་མ་འདང་བ་དང་བོད་མི་རང་གིས་མ་འཇོན་པས་ང་ཚོ་ངེས་པར་ཡར་རྒྱས་དགོས་ན་རྒྱ་མི་རིགས་ཀྱི་རོགས་སྐྱོར་མེད་ཐབས་མི་འདུག་སྙམ་པའི་ངོས་འཛིན།
༦། རང་གི་རིག་གནས་སྒྱུ་རྩལ་ལས་རྒྱ་མིའི་རིག་གནས་སྒྱུ་རྩལ་རིགས་ལ་དགའ་ཞེན་བྱེད་པའི་འདུ་ཤེས།
༧། རྩ་ཁྲིམས་དང་མི་རིགས་རང་སྐྱོང་གི་ཁྲིམས་དང་མི་མཐུན་པ་མང་པོ་ཞིག་ལ་ངོ་རྒོལ་དང༌། ཇི་བཞིན་ལག་ལེན་ཡོང་ཐབས་སོགས་བྱ་བ་མང་པོ་ཞིག་ལ་ལྷོད་གཡེང་ཤོར་བའམ་སྣང་མེད་བྱས་པ།
༨། ལྷག་པར་དཔལ་འབྱོར་སྒོ་འབྱེད་ལམ་ལུགས་ཀྱིས་བོད་མི་མང་པོའི་འདོད་བློ་ཚིམས་ཏེ་མིག་རྒྱང་ཐུང་བར་འགྱུར་ཉེན་ཆེ་བ་བཅས་ཀྱིས་དངོས་ཤུགས་བརྒྱུད་གསུམ་ནས་རྒྱ་མི་རིགས་བོད་དུ་འཚོ་གནས་ཡོང་བར་མཐུན་རྐྱེན་བཟོ་བཞིན་ཡོད།
གཉིས་པ། རྒྱ་རིགས་བོད་དུ་གནས་སྤོས་བྱས་དང་བྱེད་ཀྱིན་པས་བོད་ལ་དོན་དངོས་ཀྱི་ཕན་གནོད་གང་དག་འབྱུང་གི་ཡོད་མེད་ལ་དཔྱད་དགོས།
རྒྱ་རིགས་བོད་དུ་འཚོ་གནས་བྱེད་པས་བོད་ལ་ཕན་ལས་གནོད་ཚབས་ཆེ་བའི་དོན་དངོས་གནས་ཚུལ་གསལ་བཤད་ཐུབ་ན། བོད་མི་ཚང་མས་དེ་ལ་དོ་སྣང་དང་སེམས་འཚུབ་ཡོང་བར་ཕན་པ་དང༌། བོད་ཁྱོན་ཡོངས་ནས་རྒྱ་མི་སྔོན་འགོག་ལ་རོགས་འདེགས་ཐུབ་པའི་དགེ་མཚན་ཡོད།
འདི་ཐད་ལ། ཏེང་ཞའོ་ཕིན་གྱིས་སྐད་ཆ་སྙན་མོ་ཞིག་བཤད་ཡོད་དེ། ¿གྲངས་ཉུང་མི་རིགས་ས་ཁུལ་ལ་ལྟ་ཞིབ་བྱེད་དུས་གཙོ་བོ་ས་ཁུལ་དེ་འཕེལ་རྒྱས་ཡོང་ཐུབ་མིན་ལ་བལྟ་དགོས། གལ་སྲིད་དེ་ལ་རྒྱ་མི་མང་ཙམ་ཡོད་པ་དེ་ས་གནས་དེ་གའི་མི་རིགས་དཔལ་འབྱོར་འཕེལ་རྒྱས་ཡོང་བར་ཕན་ཐོགས་ཡོད་པ་ཞིག་ཡིན་ན་དེ་ནི་བྱ་བ་ངན་པ་ཞིག་མིན། གནད་དོན་འདི་རིགས་ལ་ལྟ་དུས་གཙོ་བོ་ངོ་བོར་བལྟ་དགོས་པ་ལས་ཕྱི་ཚུལ་ལ་ལྟ་མི་རུང¿ཞེས་བཤད་ཡོད། དོན་དངོས་སུ་དེ་ནི་དངོས་ཐོག་བདེན་འཚོལ་གྱི་སྐད་ཆ་སྐམ་པོ་ཞིག་ཡིན། གལ་ཏེ་དེ་འདྲ་ཞིག་མིན་ན། གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཚང་མ་ད་དུང་རྗེས་ལུས་ནས་མི་ཐར་བའི་རྒྱུ་མཚན་མེད་ལ། ས་ཁུལ་མི་མང་གི་འཚོ་བ་དེ་དག་རྒྱ་རིགས་ལས་བྱེད་རྣམས་ཀྱི་འཚོ་བ་ལས་ཞན་དོན་ཡང་མེད། ལྷག་པར་བོད་མི་རིགས་ཀྱིས་རང་གི་སྐད་ཡིག་དོར་ནས་རྒྱའི་སྐད་ཡིག་ལ་བརྟེན་ནས་འཚོ་ལམ་འཚོལ་དགོས་པའི་གནད་དོན་ཡང་ག་ལ་འབྱུང༌། ཐ་ན་གྲངས་ཉུང་མི་རིགས་མང་པོ་ཞིག་མང་ཙམ་གྱི་མི་རིགས་སུ་གྱུར་དང་འགྱུར་བཞིན་ཡོད།
ང་ཚོས་གསལ་བོར་ཤེས་དགོས་པ་ཞིག་ནི། རྒྱ་ནག་གིས་གྲངས་ཉུང་མི་རིགས་ཁག་ལ་རོགས་རམ་བྱེད་སྟངས་དེ་དག་ནི་མང་ཆེ་ཤོས་འཕྲལ་མཁོའི་བྱ་བ་ཞིག་ཡིན་པ་ལས་ཕུགས་ཕན་ནུས་ལྡན་གྱི་རང་མགོ་ཐོན་པའི་རོགས་རམ་ངོ་མ་དེ་བྱས་མེད། དཔེར་ན་ཞིང་ལས་དང་བཟོ་ལས་ཀྱི་རིགས་སོགས་ཀྱི་ཤེས་བྱ་ཆ་ཚང་གི་སློབ་སྦྱོང་ཞིག་ཕྱོགས་ཡོངས་ནས་སྤྲོད་ཀྱིན་མེད་པས་ཁོ་ཚོས་ནམ་ཡིན་ན་ཡང་བོད་མིས་མི་འཇོན་པས་རོགས་རམ་བྱེད་འོས་ཞེས་པའི་སྐད་ཆ་བཤད་ནས་བསྡད་ཡོད།
མདོར་ན། ྋཔཎ་ཆེན་རིན་པོ་ཆེ་མཆོག་གིས། ¿བོད་ནང་རྒྱ་མི་གཅིག་གི་འགྲོ་སོང་དེ་རྒྱ་ནག་ནང་གི་རྒྱ་མི་བཞིའི་འགྲོ་སོང་ཡིན། ཁོ་ཚོ་གསོ་སྐྱོང་གི་ཆེད་དུ་བོད་ཀྱིས་འགྲོ་གྲོན་གཏོང་དགོས་དོན་གང་ཡིན་ནམ། བོད་ནང་ཕན་ཐོགས་མེད་པའི་རྒྱ་མི་མང་པོ་གཏོང་འགོ་ཚུགས་པ་ནས་ད་ཆ་ལྡབ་འཕར་མང་པོ་ཡོང་གིན་ཡོད། ¿ཅེས་ཐུགས་ཕམ་གྱི་གསུང་སྐད་ཤོར་བ་བཞིན། རྒྱ་མི་བོད་ལ་ཡོང་བ་དེ་རྒྱ་མི་རང་གི་ཁེ་ཕན་གཙོ་བོར་བཟུང་བ་ཡིན་པས་གྲངས་ཉུང་མི་རིགས་ལ་ཁེ་ཕན་ཤིན་ཏུ་ཆུང༌། ཁེ་ཕན་ཅུང་ཟད་མ་བསྒྲུབས་པར་ཁོ་ཚོས་ཁེ་ཕན་ཆེན་པོ་ཞིག་བསྒྲུབས་ཀྱང་དཀའ་བ་ཡིན་པས་རྟག་ཏུ་གྲངས་ཉུང་མི་རིགས་ལ་རོགས་རམ་དང་ཡར་རྒྱས་གཏོང་དགོས་ཞེས་པའི་ཁ་གཡང་སྒྲོག་བཞིན་སྐབས་འཕྲལ་ཉེར་མཁོའི་བྱ་བ་འགའ་རེ་བསྒྲུབས་ཡོད་པས། ང་ཚོས་གནས་སྐབས་འཚོ་སྡོད་ཀྱི་ཆ་རྐྱེན་བཟང་ཙམ་ལ་བལྟོས་ཏེ་རྒྱ་ནག་གཞུང་དང་གུང་ཁྲན་ཏང་མགོན་དང་སྐྱབས་སུ་འདོད་ན་ནི་ཤིན་ཏུ་འཁྲུལ་ལོ།
ད་དུང་ཕྱོགས་གཞན་དག་ནས་བསམས་ན། ང་ཚོར་ཁེ་ཕན་འཐོབ་རྒྱུ་ལས་ལྡོག་ནས་གནོད་ཚབས་ཀྱང་བྱུང་དང་འབྱུང་བཞིན་ཡོད་པའི་གནས་ཚུལ་འགའ་བཤད་ན།
༡། རྒྱ་མི་འབོར་ཆེན་གནས་སྤོས་བྱས་ནས་ས་གནས་མི་སེར་ཆགས་ན་མི་རིགས་རང་སྐྱོང་གི་ངོ་བོ་འགྱུར་ཉེན་ཆེ་བ།
༢། རྒྱ་མི་རིགས་ཀྱི་གོམས་སྲོལ་ཤུགས་ཆེར་ཆགས་ནས་བོད་ཀྱི་གོམས་སྲོལ་ཡལ་བར་འགྱུར་ཉེན།
༣། སྤྱི་ཚོགས་ཁོར་ཡུག་ནང་རང་བཞིན་གྱིས་རྒྱ་སྐད་སྤྱོད་ཆེ་བར་ཆགས་ནས་བོད་མིའི་སྐད་ཡིག་ཡལ་བར་འགྱུར་ཉེན།
༤། རྒྱའི་རིག་གནས་དང་སྒྱུ་རྩལ་གྱི་ཤུགས་རྐྱེན་གྱིས་བོད་ཀྱི་རིག་གནས་སྒྱུ་རྩལ་ཉམས་པར་འགྱུར་བ།
༥། རྒྱ་བོད་གཉེན་སྒྲིག་མང་དུ་བྱུང་ནས་ཐ་ན་བོད་མི་རིགས་ཀྱི་རིགས་རུས་ཀྱང་མིང་གི་ལྷག་མར་འགྱུར་ཉེན།
༦། ཐ་མར་བོད་མི་ཚོར་བོད་ཀྱི་རང་བྱུང་ཁོར་ཡུག་གི་བདག་དབང་གང་ཡང་མེད་པར་འགྱུར་ཉེན།
མདོར་ན། ྋགོང་ས་མཆོག་གིས།སུམ་ཅུའིདུས་དྲན་༤༥ཡོངས་ཁྱབ་གསུང་འཕྲིན་ནང༌།¿བོད་ནང་རྒྱ་རིགས་མང་པོ་གནས་སྤོ་བྱས་པ་དེས་བོད་མི་རྣམས་དཔལ་འབྱོར་ཐད་ཐོབ་དབང་བྲལ་བའི་ཟུར་འབུད་ཀྱི་གནས་སུ་གྱུར་བ་མ་ཟད། བོད་མི་རིགས་ཀྱི་རིག་གཞུང་ཡང་རྒྱ་མི་རིགས་ཆེན་པོའིརིག་གཞུང་ནང་ཐིམ་ནས་ངོ་བོ་རྩ་བརླག་ཏུ་འགྲོ་བཞིན་ཡོད་པ་རེད།¿ཅེས་གསུངས་པ་བཞིན། གནས་སྐབས་སུ། བོད་མི་རིགས་རང་སྐྱོང་གི་བྱ་བ་ཕྱོགས་ཡོངས་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་པར་བར་ཆད་འབྱུང་བ་དང༌། ཕུགས་སུ་བོད་མི་རིགས་རིག་གནས་དང་བཅས་པ་རྩ་སྟོངས་སུ་འགྱུར་ཉེན་ཆེ་བའི་རྒྱུ་རྐྱེན་ཞིག་ནི་རྒྱ་མི་འབོར་ཆེན་བོད་དུ་གནས་སྤོར་བྱེད་བཞིན་པ་འདི་ཡིན་པས། ང་ཚོས་ངེས་པར་དུ་རང་གི་མི་རིགས་དང་རིག་གནས་སྲུང་སྐྱོབ་ཀྱིས་འཇིག་རྟེན་འདིར་འཚོ་གནས་ཐུབ་པ་ཞིག་བྱེད་རྒྱུ་ཡིན་ན་འདི་ལ་གདོང་ལེན་སྔོན་འགོག་མི་བྱེད་ཐབས་མེད་རེད་ལ། བོད་མི་རིགས་ལ་འཕྲལ་ཕུགས་གཉིས་སུ་འདི་ལས་བྱ་བ་འགངས་ཆེན་ཞིག་ཀྱང་བྱེད་རྒྱུ་མི་འདུག་སྙམ་མོ།
དེ་ལྟར་གོང་གི་དོན་གནད་གཉིས་པོར་བསམས་གཞིག་གིས་གནས་ཚུལ་གསལ་བོ་ཞིག་རྟོགས་མ་ཐུབ་ན། ང་ཚོས་སྔོན་འགོག་གི་ལས་འགུལ་ཆ་ཚང་ཞིང་ནུས་པ་ཐོན་པ་ཞིག་ཀྱང་སྤེལ་དཀའ་བས། ངེས་པར་དུ་རྩ་བ་འདི་དག་ད་དུང་ཞིབ་བསྔོགས་ཐུབ་ན། ང་ཚོས་ཇི་ལྟར་དོགས་ཟོན་དང༌། ཇི་ལྟར་སྔོན་འགོག ཇི་ལྟར་ཕྱིར་འབུད། ཇི་ལྟར་རང་སྲུང་བྱེད་ཕྱོགས་སོགས་ལ་ཐབས་ལམ་གཏིང་ཟབ་པ་རེ་རྙེད་ཐུབ་ངེས།
གསུམ། ཐབས་ལམ་དང་ལས་འགུལ་སྣ་ཚོགས་སྤེལ་ནས་
རྒྱ་མི་སྔོན་འགོག་བྱེད་དགོས།
གོང་དུ་བརྗོད་པ་ལྟར་བྱ་བ་འདི་ནི་བོད་མི་རིགས་ཀྱི་འཕྲལ་ཡུན་ཁེ་ཕན་ལ་རག་ལས་པའི་གནད་དོན་ཞིག་ལ་ཐུག་ཡོད་པས་བྱ་བ་འདི་ཡང་བོད་ཕྱི་ནང་གཉིས་ཀྱི་བོད་མི་མགོ་ནག་རྩམ་གཟན་ཚང་མའི་འོས་འགན་ཞིག་ཡིན་པ་བཤད་མི་དགོས་པས་བོད་མི་སྤྱི་སྒེར་གཉིས་ནས་ལས་དོན་ཚང་མའི་ཐོག་ནས་དུས་རྟག་ཏུ་གཟབ་གཟབ་ངང་འགོག་སྲུང་གི་བྱ་སྤྱོད་སྤེལ་དགོས།
གཅིག ཕྱོགས་གཅིག་ནས་རང་རང་སོ་སོར་སྔོན་འགོག་གི་བསམ་བློ་ཡོད་དགོས་ལ། སྒེར་གྱི་བྱ་སྤྱོད་ཀྱང་གང་འཚམས་སྤེལ་ཐུབ་པ་དགོས་རྒྱུ་གལ་ཆེ། དཔེར་ན། སྤྱིར་རྒྱ་མི་དང་གཉེན་མི་སྒྲིག་པ་དང༌། བྱེ་བྲག་ཏུ་རང་གི་ས་གནས་ཁག་ཏུ། རྒྱ་མིའི་ཟ་ཁང་དང་ཚོང་ཁང་དུ་མི་འགྲོ་བ། རྒྱ་དཔོན་སོགས་ལ་ངོ་དགའ་མི་བྱེད་པ། རྒྱ་མི་ལ་རོགས་པ་མི་བྱེད་པ། རྒྱ་མི་དང་མཐུན་གྲོགས་མི་བྱེད་པ། རྒྱ་མི་ལ་རྒྱ་སྐད་མི་བཤད་པ། རྒྱ་མི་ཞིག་གིས་བོད་སྐད་མ་ཤེས་ན་མཐོང་ཆུང་དང་མ་དགའ་བའི་རྣམ་འགྱུར་སྟོན་པ། རྒྱ་མི་ལ་ས་ཆ་མི་བཙོང་བ། རྒྱ་མིས་མཐོང་ཆུང་རྩ་བ་ནས་མི་འཁུར་བ་སོགས་མི་རིགས་ཕྱོགས་ལྷུང་གི་ལྟ་སྤྱོད་རྒྱུན་མར་གནས་ཐུབ་པ་དགོས།
དེ་ཡང་ཕྱིའི་རྣམ་འགྱུར་ཁོ་ནས་མི་ཆོག་པར་རང་སྐྱོང་ས་ཁུལ་གྱི་འཚོ་བའི་མཐུན་རྐྱེན་རྣམས་བོད་མི་རང་གིས་སྒྲུབ་ཐུབ་དགོས། དཔེར་ན། ཟ་ཁང་དང༌། ཚོང་ཁང༌། མགྲོན་ཁང་བཅས་བོད་མི་རང་གིས་བདག་དོམ་བྱེད་ཐུབ་དགོས་ལ། སྐྲ་བཞར་ཁང༌། འཚེམ་ཁང་སོགས་ལག་ཤེས་ཆུང་གྲས་རིགས་ཀྱང་རང་གིས་སྒྲུབ་ཐུབ་དགོས། ད་དུང་ཕྱུག་པོ་འཇོན་པོ་ཚོ་མཉམ་འབྲེལ་གྱིས་འོ་མ་བཟོ་གྲྭ་དང༌། ཀ་ར་གོ་རེའི་བཟོ་གྲྭ། ཀོ་ལྷམ་བཟོ་གྲྭ་སོགས་ཡང་བའི་བཟོ་ལས་རིགས་གསར་འཛུགས་བདག་སྐྱོང་བྱེད་དགོས།
གཉིས། ཕྱོགས་གཉིས་ནས་འཆར་གཞི་ལྡན་པའི་ཐུན་མོང་གི་ནུས་པ་འདོན་སྤེལ་བྱེད་དགོས།
ཀ རྒྱ་མིས་བོད་ལ་བཙན་འཛུལ་ཇི་ལྟར་བྱས་ཚུལ་དང་དེ་ལྟར་བྱས་པའི་དམིགས་ཡུལ་ནི་རྒྱ་ནག་རྒྱ་བསྐྱེད་ཀྱིས་སྲིད་དབང་བརྟན་སྲུང་དང༌། རྒྱ་མི་བོད་དུ་སྤོར་ནས་མི་འབོར་མང་པོའི་ཟས་གོས་སྡོད་གནས་ཀྱི་དཀའ་ངལ་བསལ་ཐབས་ཡིན་པ་ལས་བོད་ལ་ཤ་ཚ་སྙིང་ཉེའི་རོགས་མགོན་དུ་ཡོང་བ་ཞིག་གཏན་ནས་མིན་ཚུལ་སྐོར་དང༌། རྒྱ་མི་བོད་དུ་གནས་སྤོ་བྱེད་པ་འདིས་བོད་ལ་གནོད་ཚབས་ཆེ་ཚུལ་སོགས་ཀྱི་སྐོར་ལ་ཡིག་ཆ་འགྲེམས་སྤེལ་སོགས་རྒྱུད་ལམ་ཡོད་ཚད་ནས་ཁྱབ་བསྒྲགས་ཀྱིས་བོད་མིའི་ཆབ་སྲིད་ཀྱི་གོ་རྟོགས་ཇེ་མཐོར་གཏོང་ཐུབ་པ་བྱེད་དགོས།
ཁ ཕྱོགས་གཅིག་ནས་རྒྱ་མི་བོད་དུ་འཚོ་སྡོད་ཐུབ་ཐབས་ཀྱི་རྒྱུ་རྐྱེན་རྣམས་མེད་པའམ་གཏོར་བརླག་གཏོང་ཐུབ་པའི་ལས་གཞི་ལག་ལེན་ཐུབ་དགོས། ལྷག་པར་བོད་མིས་མ་འཇོན་པས་རྒྱ་རིགས་རོགས་མགོན་དུ་ཡོང་གིན་ཡོད་ཅེས་པའི་སྐད་ཆ་དེ་བཤད་ས་མེད་པ་ཞིག་བཟོ་དགོས། འོན་ཀྱང་དེ་ནི་ང་ཚོས་དུས་ཐུང་ངང་སྒྲུབ་དཀའ་བའི་བྱ་བ་ཞིག་ཀྱང་ཡིན། དེའི་རྒྱུ་མཚན་ནི་ཁོ་ཚོས་ཁ་གཡར་ས་དེ་གནས་སྐབས་ཤིག་རིང་དོན་ལའང་གནས་བཞིན་པའི་རྐྱེན་གྱིས་རེད། གང་ལྟར་ཡང་ད་ལྟ་ཉིད་ནས་ལས་གཞི་འདི་རིགས་ངེས་པར་འགོ་རྩོམ་དགོས།
༡། ཐོག་མར་བོད་ཀྱི་ཤེས་ཡོན་ལམ་ལུགས་ལ་འགྱུར་བ་གཏོང་དགོས། ང་ཚོས་མི་གཅིག་ལ་ཤེས་བྱ་སྣ་མང་འབྱོར་བའི་སློབ་སྦྱོང་སྤྲོད་རྒྱུའི་ཚབ་ཏུ་རིགས་གཅིག་རྐང་འཛིན་པའི་ཆེད་ལས་སློབ་ཐོན་པ་མང་པོ་བསྐྱེད་སྲིང་བྱེད་དགོས། དེ་ཡང་གཙོ་བོ་དེང་རབས་ཀྱི་བཟོ་ལས་དང་ཞིང་ལས་རིག་པའི་ཆེད་སྦྱོང་སྤྲོད་དགོས་ལ། དཔལ་འབྱོར་ཚོང་དོན་རིག་པའི་སློབ་སྦྱོང་ཡང་སྤྲོད་དགོས། དེ་དག་ནི་བོད་ཕྱི་ནང་གཉིས་ནས་ལག་ལེན་བསྟར་ཐུབ་པ་ཞིག་ཀྱང་ཡིན།
༢། ས་གནས་རང་ཁོངས་རང་སྐྱོང་གི་འགན་དབང་ཚང་མ་བོད་མི་རང་གིས་རྩིས་ལེན་གྱིས་མི་རིགས་རང་སྐྱོང་གི་བྱ་བ་ཆ་ཚང་ལ་སྤུས་དག་པ་ཞིག་སྒྲུབ་ཐུབ་དགོས།
༣། བོད་ཀྱི་ལས་དོན་ཚང་མ་བོད་སྐད་ཡིག་གིས་སྒྲུབ་ཐུབ་པ་བཟོས་ཏེ། བོད་སྐད་དང་བོད་ཡིག་མི་ཤེས་ན་བོད་ཀྱི་ལས་བྱེད་པ་བྱེད་མི་ཐུབ་པ་ཞིག་དགོས་རྒྱུ།
༤། བོད་སྡོད་རྒྱ་མི་ཚང་མས་བོད་ཀྱི་གོམས་སྲོལ་ལ་བརྩི་སྲུང་དང༌། བོད་ཀྱི་རིག་གནས་སྒྱུ་རྩལ་ལ་སློབ་དགོས་པ་སོགས། ཆ་རྐྱེན་དང་སྒྲིག་གཞི་ཁག་ཅིག་གཏན་འབེབས་ཀྱིས་དེ་དག་ལས་འགལ་ན་ཕྱིར་འབུད་བྱེད་དགོས་པ་བཟོ་རྒྱུ།
༥། ཕྱི་རྒྱལ་རོགས་ཚོགས་ཁག་དང་འབྲེལ་བ་བྱས་ནས་དེང་དུས་སློབ་སྦྱོང་རིགས་སྤྲོད་ཐབས་དང༌། བཟའ་བཏུང་གྱོན་གོས་སོགས་ཀྱི་ལག་ཤེས་བཟོ་གྲྭ་ཁག་གསར་འཛུགས་དགོས་པ།
༦། མི་རིགས་རང་སྐྱོང་ཁུལ་ནང་དུ་རྒྱ་རིགས་སློབ་གྲྭ་ཟུར་འཛུགས་མི་ཆོག་པ་དང༌། བོད་སྡོད་རྒྱ་མིའི་ཕྲུ་གུ་ངེས་པར་བོད་ཀྱི་སློབ་གྲྭར་གཏོང་དགོས་རྒྱུ།
༧། ཡིག་རྨོངས་བོད་མི་རྣམས་ཀྱང་ས་རྐོ་རྡོ་སློག་སོགས་ངལ་རྩོལ་ལས་རིགས་མང་པོའི་ནང་དུ་ཞུགས་ཐབས།
༨། བོད་ཀྱི་རང་བྱུང་ཁོར་ཡུག་གང་སར་གཏེར་ཁ་སྔོག་འདོན་བྱེད་པ་ལ་ས་གནས་སོ་སོའི་མི་མང་གིས་ངོ་རྒོལ་ཅི་ཐུབ་བྱེད་པ།
༩། བཙན་བྱོལ་བོད་མི་ཚོས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་སོགས་དང་འབྲེལ་བ་དམ་འཛིན་གྱིས་འཛམ་གླིང་དངུལ་ཁང་སོགས་ནས་རྒྱ་ནག་གིས་ནུབ་བརྒྱུད་ཐོན་འབྱེད་ཆེན་མོ་སོགས་ཀྱི་འཛུགས་སྐྲུན་ཐད་ལ་རོགས་སྐྱོར་མུ་མཐུད་མི་ཡོང་བའི་འབོད་བསྐུལ་དོན་ཕན་ལྡན་པ་བྱེད་དགོས་ལ། དེ་བཞིན་རྒྱལ་སྤྱིའི་ནང་དུ་བོད་དོན་དྲིལ་བསྒྲགས་ལས་འགུལ་རྒྱ་ཆེར་སྤེལ་ནས་རྒྱ་ནག་ལ་རྒྱལ་སྤྱིའི་གནོན་ཤུགས་རྒྱུན་མར་སྤྲོད་ཐུབ་པ་བྱེད་རྒྱུ་ཧ་ཅང་གལ་ཆེ།
གསུམ། གཞན་ཡང༌། རྒྱལ་ཞེན་དང་མི་རིགས་རང་གཅེས་ཀྱི་ལྟ་བ་ཤུགས་ཆེ་བ་མི་ཉུང་བ་རེས་ཕར་ལ་ཞི་མཐུན་གནང་ཡང་ཚུར་ལ་དྲག་སྤྱོད་སྟོན་པས་ང་ཚོས་ཀྱང་དུག་སྦྲང་གི་ལས་འགུལ་རེ་སྤེལ་འོས་ཟེར་བ་ཡང་རྒྱ་མི་སྔོན་འགོག་གི་ཐབས་ལམ་ཞིག་ཏུ་བྱས་ཀྱང་མི་རུང་བ་ཆེར་མེད་མོད། གཞི་རྩའི་བོད་རྒྱ་ཞི་མོལ་གྱི་ཁོར་ཡུག་ཧྲིལ་པོར་གནོད་རྐྱེན་མ་ཡོང་ཞིག་གལ་ཆེ། དེ་ཡང་གཙོ་བོ་ཀྲུང་དབྱང་གི་ཁ་ཙམ་གྱི་མི་རིགས་མཐུན་སྒྲིལ་དང་འདྲ་མཉམ་མ་ཡིན་པའི་མར་ལེའི་སྲིད་ཇུས་ངོ་མ་ལག་བསྟར་གནང་ཐུབ་མིན་ལ་རག་ལས་སོ།
མདོར་ན། ཝང་ལི་ཞུང་གི་རྩིབ་རུས་མཉེན་པོའི་ནང་དུ། ¿རྒྱ་ནག་གིས་བོད་ཐོག་གི་བདག་དབང་གཏན་འཁེལ་བྱ་རྒྱུ་ནི་དམག་དོན་གྱི་རྒྱལ་ཁ་ཙམ་ལ་རག་ལས་མེད། གཙོ་བོའི་རྒྱུ་རྐྱེན་ནི་རྒྱ་མི་བོད་དུ་བསྐྱོད་ནས་བོད་དུ་གཏན་སྡོད་བྱ་ཐུབ་མིན་ལ་རག་ལས་ཡོད།¿ཅེས་གནད་འགག་ངོས་འཛིན་གནང་བ་ལྟར་ང་ཚོས་ཀྱང་ངོས་འཛིན་ཟབ་མོས་འགོག་རྒོལ་རྒྱུན་བསྲིང་ཐུབ་པ་དགོས་གལ་ཆེའོ།།
མཇུག་གི་གཏམ།
རྒྱ་མིས་བོད་དབང་དུ་བསྒྱུར་བའི་དམིགས་ཡུལ་དང་གཞི་རྩའི་ཁེ་ཕན། མི་རིགས་སྲིད་ཇུས་སོགས་ལ་བསམས་ན། རྒྱ་མི་ཚང་མ་བོད་ནས་མཐར་སྐྲོད་གཏོང་ཐུབ་རྒྱུ་ཕར་ཞོག་བོད་ཀྱི་ཐོན་ཁུངས་ལའང་བདག་འཛིན་སྲུང་སྐྱོབ་བྱེད་མི་ཐུབ་པ་ཞིག་ཡིན། གལ་ཏེ་བོད་ཀྱིས་རྒྱ་ནག་གྲངས་མང་མི་རིགས་གནོད་ལས་ཕན་པ་མེད་པ་ཞིག་བྱེད་ཐུབ་ན་རང་བཞིན་གྱིས་བོད་རྒྱ་ནག་ལ་དགོས་མཁོ་མེད་པར་གྱུར་པས་བོད་ཡོངས་རྫོགས་རང་སྐྱོང་ངམ་རང་སྐྱོང་རྒྱལ་ཕྲན། ཐ་ན་པརང་བཙན་ཡང་ལེན་ཐུབ་པ་ཞིག་རེད། གང་ལྟར་རྒྱ་ནག་ནང་ཁུལ་ལ་ཆབ་སྲིད་ཐད་འགལ་བ་སྣ་ཚོགས་ཡོང་བཞིན་པ་དང༌། རྒྱལ་སྤྱིའི་འགྱུར་བ་ཡང་མང་བ། བོད་གཞིས་བྱེས་གཉིས་སུ་མུ་མཐུད་རང་བཙན་འཐབ་རྩོད་ཀྱི་ངར་སེམས་གནས་བཞིན་པ་སོགས་ཀྱིས། ང་ཚོས་ཀྱང་ཕྱི་ནང་གཉིས་ནས་ལས་རིགས་སྣ་ཚོགས་ཁྲོད་བྱ་འགུལ་གང་ཐུབ་ཅི་ཐུབ་སྤེལ་ནས་ལོ་རྒྱུས་ཀྱི་བདེན་པ་བརྩོན་ལེན་བྱེད་པར་འགལ་བ་ཅི་ཡང་མེད།
དེ་བས་ང་ཚོ་བོད་མི་ཚང་མ་ལ་སྔོན་འགོག་གི་བསམ་བློའི་གྲ་སྒྲིག་ཅིག་ཡོད་དགོས་ལ། དེ་སྤྱོད་ཚུལ་དང་ལག་ལེན་གྱིས་མངོན་གསལ་ཐུབ་པ་ཞིག་ཀྱང་དགོས་པས། ང་ཚོས་ཞི་དྲག་ཟུང་འབྲེལ་གྱི་འགོག་རྒོལ་ཤུགས་ཆེ་ལ་རྒྱུན་བསྲིང་ཐུབ་པ་ཞིག་བྱུང་བ་ཡིན་ན་རྒྱ་མི་མང་དུ་མི་འགྲོ་བ་དང་བོད་དུ་གཞིས་ཆགས་དཀའ་བ་ཞིག་ཡོང་ངེས་ལ། རྒྱ་བོད་མི་རིགས་མཐུན་སྒྲིལ་ཟེར་བའང་ནམ་ཡང་ཚིག་སྐམ་པོ་ཙམ་དུ་ལུས་ངེས།
ང་ཚོས་ངེས་པར་རྒྱ་མི་འགོག་ཐབས་བྱེད་དགོས་ན་མི་རིགས་མཐུན་སྒྲིལ་དམ་པོ་ཟེར་བའི་གཡོ་འོག་ཏུ་ཚུད་མི་ཉན། མཐུན་ལམ་ཡག་པོའི་སྒོ་ནས་འགོག་སྲུང་ཀྱང་བྱེད་ཁག་པོ་ཡིན། དེ་བས་ང་ཚོར་མཚོན་ན་ད་དུང་ཡང་རྒྱ་བོད་མཐུན་སྒྲིལ་བཟང་ལས་ངན་དུ་སོང་ན་ཡག་ཤོས་རེད། ཁོ་ཚོས་རྒྱ་བོད་མི་རིགས་མཐུན་སྒྲིལ་དགོས་པའི་སྐོར་ཅི་ཙམ་གླེང་ན་ང་ཚོས་དེ་ཙམ་གྱིས་མཐུན་སྒྲིལ་གཏོར་བརླག་བྱེད་དགོས། དེའི་རྒྱུ་མཚན་ནི་རྒྱ་མི་ཚང་མ་ཡག་པོ་མིན་པ་དང༌། ང་ཚོའི་དགྲ་བོ་རྒྱ་མི་རིགས་ཡིན་པར་ངོས་འཛིན་བྱེད་པ་ཞིག་མིན། ང་ཚོས་ཐད་ཀར་དུ་རྒྱ་རིགས་མི་མང་ལ་ཁ་གཏད་གཅོག་གིན་ཡོད་ན་ཡང༌། དོན་དངོས་སུ་རྒྱ་ནག་གཞུང་གི་སྲིད་ཇུས་ལ་འགོག་རྒོལ་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་ཏེ། རྒྱ་ནག་གཞུང་གིས་ང་ཚོར་རོགས་སྐྱོར་ལ་ཁ་གཡར་ནས་རྒྱ་མི་མང་པོ་ང་ཚོའི་ཁྱིམ་ཚང་འདིར་གཏོང་ཅི་ཐུབ་བྱེད་ཀྱིན་པས་རྒྱ་མི་སྤུན་ཟླ་མང་དྲགས་ན་ཐ་མར་བོད་ཁྱིམ་འདི་ཉིད་རྒྱ་ཁྱིམ་ཆགས་ཉེན་ཡོད་ལ། ཝང་ལི་ཞུང་གིས། ¿བོད་ནང་ཡོད་པའི་རྒྱ་མི་རྣམས་ནི། ད་ལྟ་ཁོང་ཚོ་བོད་ན་ཡོད་ཀྱང་བསམ་པ་བོད་ན་མེད¿ཅེས་བརྗོད་པ་ལྟར། རྒྱ་མི་རྣམས་བོད་ལ་དགའ་ཞིང་ཤ་ཚ་ནས་རོགས་ཕན་བྱེད་དུ་འོང་བ་ཡང་མིན་པས། ང་ཚོས་ཞི་དྲག་གཉི་གའི་ཐབས་ཚུལ་འདི་འདྲ་མི་བཀོལ་རང་བཀོལ་ཞིག་ཡིན་ལ། བྱ་བ་འདིས་བོད་མི་རིགས་རིག་གནས་དང་བཅས་པ་སྲུང་སྐྱོབ་ཐུབ་པའི་ཐོག་རང་ཉིད་ཀྱིས་རང་ཉིད་ཡར་རྒྱས་སུ་གཏོང་བར་ཕྱོགས་ཡོངས་ནས་ཕན་ཐོགས་ཡོད་པ་ཞིག་ཡིན་པ་བཅས་རེ་ཞིག་དེ་ཙམ་མོ།། །།
ཆབ་བྲག་ལྷ་མོ་སྐྱབས་ནས་བོད་དུ་རྒྱ་མི་གནས་སྤོར་སྐོར་ལ་སྐུ་ཚེགས་ལ་མ་འཛེམས་པར་རྩོམ་རིང་པོ་ཞིག་བྲིས་འདུག་པར་རྗེས་སུ་ཡི་རང་ཡོད། རྒྱ་མི་གནས་སྤོར་གྱི་ཁོངས་ཀྱང་ཡར་དེད་ནས་མའོ་ཙེ་ཏུང་ལ་གཏུགས། ལོ་ཡང་ཡར་ཆིག་སྟོང་དགུ་བརྒྱ་ལྔ་བཅུ་ཡར་སྔོན་དུ་གཏུགས་འདུག རྒྱབ་རྟེན་གྱི་ལུང་འདྲེན་དེ་འདྲ་ཡང་ཁ་ཡར་བྱས་འདུག་པར་དཔྱད་ན་མ་བརྟག་མ་དཔྱད་པར་གང་དགར་བྲིས་བཞག་པ་ཞིག་མིན་པས་བསྔག་འོས་སུ་ཆེ་མོད། མཐའ་མཇུག་རྒྱ་མི་སྔོན་འགོག་གི་ཐབས་ལམ་ཁ་ཤས་ངའི་བསམ་ཚུལ་དང་ཡོངས་སུ་ལྡོག་ཟླར་ཕྱིན་འདུག་པས་བསམ་ཚུལ་བརྗེ་ལེན་གྱི་ཚུལ་དུ་བྲིས།
དཔེ་བཞག་ན། ཁོང་གིས། ་་་ རྒྱ་མི་དང་གཉེན་མི་སྒྲིག་པ་དང༌། བྱེ་བྲག་ཏུ་རང་གི་ས་གནས་ཁག་ཏུ། རྒྱ་མིའི་ཟ་ཁང་དང་ཚོང་ཁང་དུ་མི་འགྲོ་བ། རྒྱ་དཔོན་སོགས་ལ་ངོ་དགའ་མི་བྱེད་པ། རྒྱ་མི་ལ་རོགས་པ་མི་བྱེད་པ། རྒྱ་མི་དང་མཐུན་གྲོགས་མི་བྱེད་པ། རྒྱ་མི་ལ་རྒྱ་སྐད་མི་བཤད་པ། རྒྱ་མི་ཞིག་གིས་བོད་སྐད་མ་ཤེས་ན་མཐོང་ཆུང་དང་མ་དགའ་བའི་རྣམ་འགྱུར་སྟོན་པ། རྒྱ་མི་ལ་ས་ཆ་མི་བཙོང་བ། རྒྱ་མིས་མཐོང་ཆུང་རྩ་བ་ནས་མི་འཁུར་བ་སོགས་མི་རིགས་ཕྱོགས་ལྷུང་གི་ལྟ་སྤྱོད་རྒྱུན་མར་གནས་ཐུབ་པ་དགོས།་་ ཞེས་པ་ལྟ་བུ་རེད།
བོད་སྤྱི་ཚོགས་ནང་ཁོང་གི་ལྟ་བ་འདིར་རྒྱབ་སྐྱོར་བྱེད་མཁན་ཆེས་མང་པོ་ཞིག་ཡོད་པ་ངས་ཤེས་ཀྱི་ཡོད། ཁོང་ནས་ཁ་སངས་པོ་བྱས་ནས་ ་་མི་རིགས་ཕྱོགས་ལྷུང་གི་ལྟ་སྤྱོད་རྒྱུན་མར་གནས་ཐུབ་པ་དགོས།་་ ཞེས་ཀྱང་བྲིས་འདུག ཚང་མས་བསམ་བློ་ཞིག་ཐོང། ད་དེའི་མཇུག་འབྲས་དེ་གང་འདྲ་ཞིག་ཡོང་གི་རེད། ངས་བལྟས་ན་དེའི་མཇུག་འབྲས་ནི་རྒྱ་བོད་གཉིས་འགལ་ཟླར་ཆགས་ཀྱི་རེད། རྒྱ་མི་རིགས་ཕལ་ཆེ་བ་བོད་མིའི་དགྲར་ལངས་རྒྱུ་ཡིན་པ་རེད། ད་ལྟ་ང་ཚོར་ལོ་རེ་བཞིན་རྒྱ་མི་རིགས་ནང་རྒྱབ་གཉེར་བྱེད་མཁན་མང་ནས་མང་དུ་འགྲོ་བཞིན་པ་འདི་དག་ཀྱང་གཅིག་ཡལ་གཉིས་ཡལ་དུ་འགྲོ་མི་སྲིད་པ་མ་རེད། དེའི་ཐོག་རྒྱ་གཞུང་ནས་སྒྲོ་བཏགས་ནས་རྒྱལ་སྤྱིའི་ཐོག་དྲིལ་བསྒྲགས་བྱ་རྒྱུ་ཡིན་པ་རེད། རྒྱལ་སྤྱིའི་ནང་ཡང་བོད་མིའི་མཐོང་བརླག་མ་སྲིད་པ་མ་རེད། ཕྱོགས་གཞན་ནས་བཤད་ན་རྒྱལ་སྤྱིའི་ཁྲིམས་དང་ཡང་མ་འཚམས་པ་ཞིག་རེད།
བོད་ཀྱི་གནད་དོན་ཆེ་ཕྲ་ཚང་མ་རྒྱ་གཞུང་གི་སྲིད་ཇུས་ཤིག་ལ་ཐུག་ཡོད་པས་སྲིད་ཇུས་ཀྱི་ཁ་ཕྱོགས་བསྒྱུར་བར་ཕྱི་ནང་ཚང་མས་འབད་བརྩོན་བྱེད་རྒྱུ་དེ་གལ་ཆེན་པོ་རེད། ལྷག་པར་དུ་བོད་ནང་གི་བོད་མི་ཚོས་མི་རིགས་དང་འབྲེལ་བའི་ཁྲིམས་སྲོལ་དེ་ཚོར་དོ་སྣང་གིས་རང་ཉིད་ཀྱི་་ཐོབ་ཐང་ཕྲ་མོ་ཙམ་གྱི་ཆེད་དུའང་བརྩོན་ལེན་ལྷོད་མེད་བྱ་དགོས། བར་སྐབས་འདིར་རྒྱ་དམག་དང་སྤྱི་བདེ་མི་སྣས་མི་སྒེར་གྱི་རྒྱུ་དངོས་རྐུ་འཁྱེར་བྱས་པ་དེ་རིགས་ལའང་ས་ཆ་རེ་ཟུང་ནང་གཞུང་ལ་གཏུག་བཤེར་བྱེད་ཀྱི་ཡོད་པ་གོ དེ་ཚོའི་གྲས་ཡག་པོ་རེད་སྙམ། ཁྲིམས་མཐུན་གྱི་བྱ་བ་དེ་ཚོའི་ཆེད་གཉོམ་ཆུང་བྱས་རྩ་ནས་སྡོད་རྒྱུ་མི་འདུག ཡིན་ན་ཡང་དེ་སླས་པོ་ཞིག་མིན་པ་དེའང་ང་ཚོས་ཤེས་དགོས་སྙམ།
རང་རེའི་བླ་ཆེན་དུ་གྲགས་པ་ཚོས་ད་ལོའི་སི་ཁྲོན་ས་འགུལ་ལ་སྙད་བཏགས་ནས་རྒྱ་མིའི་ཕྱོགས་ལ་སྤྲེལ་ལད་འཁྲབས་སྟངས་ལ་གཅིག་ལྟོས་དང༌། འདི་དང་འདི་ལས་ལྷག་པའི་སྡུག་བསྔལ་མྱོང་མཁན་འགྲོ་བ་རིགས་དྲུག་གཞན་ལྟ་ཞོག་མཐོང་ཆོས་མངོན་གྱུར་གྱི་འཛམ་གླིང་འདིར་ཡང་འདི་དང་འདྲ་བའམ་འདི་ལས་ལྷག་པའི་སྡུག་བསྔལ་གྱིས་ནོན་པ་མང་དུ་ཡོད་ཀྱང་རང་རེའི་བླ་རྒན་ཚོས་སི་ཁྲོན་ས་འགུལ་ལ་ཤ་ཚ་རོགས་སྐྱོར་བྱེད་པ་ཙམ་ཞིག་སུ་ལ་ཡང་བྱེད་པ་མ་མཐོང༌། ཁྱོད་ཀྱིས་འདི་ནས་གཅིག་བྱེད་དགོས་དང་གཉིས་བྱེད་དགོས་ཟེར་བ་ཙམ་ལས་སླ་བོ་རེད། ཡིན་ན་ཡང་ཚང་མ་ཁྱོད་ནང་བཞིན་མ་རེད། ལྟོ་རྒྱབ་རྒྱ་ནག་ལ་ལྟོས་ཡོད་པའི་བོད་མི་ག་ཚོད་ཡོད་དམ། མི་དེ་ཚོས་ཁྱེད་ཀྱི་བཤད་པ་ལྟ་བུའི་སྐད་ཆ་རྫིགས་པོ་དེ་ཚོ་ཤོད་ནུས་སམ།