གཅན་བཟོད་རྒྱམ།
———–
ཡ…..
ད་བསྟོད་ཨེ་མ་ཧོ། བསྟོད་ཨེ་མ་ཧོ།
བསྟོད་བསྟོད་བསྟོད་ལ་དཔའ་བོ་རྣམ་ལྔ་བསྟོད།
དཔའ་བོ་རྣམ་ལྔ་འདི་ཚོ་ཅིག་མ་བསྟད་མ་མཆོད་ན།
ཡ་ད་བོད་དཔའ་བོ་འདི་ཚོས་བོད་ཁ་བ་གངས་ཅན་གྱི་ལས་སྐལ་ལ་དམ་དུ་འཐམ། སྤོབས་པ་གདངས་སུ་གྱེར།
རང་སྲོག་བློས་བཏང་གིས་ཁ་ནས་བདེན་པའི་གཏམ་བཤད། ལག་གིས་རེ་བའི་དར་འཕྱར་ཏེ།
དཔའ་རྟགས་སྒང་ལ་བཞག བདེན་གཏམ་གླིང་ལ་བསྒྲགས
མཐར་རང་གི་ལུས་སྲོག་གི་རྒྱུན་བསྲིངས་སླད་ས་མཐར་འཁྱམས་འཁྱམས་ཏེ།
དཀའ་སྤྱད་མཐའ་མེད་པ་ཁྱད་དུ་བསད་ནས་རེ་བ་ཆེན་ཞིག་ཐོད་ལ་བཅིངས་ནས།
འདི་ག་རང་གི་བློ་འཁེལ་བའི་བླ་མ་དང་སྲིད་གཞུང་ཡོད་ས།
གནམ་ལ་ཉི་ཟླ་སྐར་གསུམ་གསལ་ས། ས་ལ་དུས་ཀྱི་དྲོད་གྲང་མཉམ་ས།
གོང་ན་༸རྗེ་རྒྱལ་བ་བཞུགས་པས་སེམས་སྐྱིད་ས། བར་ན་རང་གི་སྲིད་གཞུང་བརྟན་པས་ཡིད་བདེ་ས། དེའི་འོག་གི་སྣེ་ལེན་ཞབས་ཞུ་སྒྲུབ་པས་ལུས་བདེ་ས་འདི་ལ།
ཁ་ངོ་མ་ཕྱིད། རྐང་ལག་མ་ཆད་པར་འབྱོར་བ་འདི་ནི་ཨེ་མ་ཁྱོད་ཚོ་སྐལ་བ་རེ་བཟང་ཟེར་རྒྱུ།
ལགས་སོ་ལགས་སོ་ོ་ོ..།
ཡ་…..ད་
དུས་སྐལ་བ་ཡག་གི་དེ་རིང་ལ།
ཁྱེད་རྣམ་པ་བཞུགས་སྒེར་རྡ་སར་འབྱོར་ན།
གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་།
འབྲེལ་ཡོད་དང་འབྲེལ་མེད་ཚང་མས་འཚང་ཁ་ཤུག་ཤུག་གིས་ཁྱོད་ཚོ་ཕར་འཐེན་ཚུར་འཐེན་བྱས་ཏེ།
བརྙན་ལེན་དང་པར་ཆས་འདྲ་མིན་གྱི་ཁ་ཁྱོད་ཚོའི་ཐོག་ལ་བསྐོར་ཏེ།
སྐད་ཆ་འདྲ་མིན་གྱི་སྣེ་གླེང་དུས།
ཡ…ད་གངས་ཅན་བོད་ཀྱི་དཔའ་རྒོད་ལྔ་བོ། ཁྱོད་ཚོ་ཐང་མ་ཆད། ཡིད་མ་ཤོར། སེམས་མ་འཁྲུགས།
གཙོ་བོ་ད་དུང་བོད་ན་ལུས་ཡོད་པའི་རང་གི་སྤུན་དང་གྲོགས་ཀྱིས་ཅི་བྱས་ཟུར་ཙམ་ཡང་མ་བཤད་གསང་བ་བྱ་དགོས།
བརྙན་ ལེན་དང་པར་ཆས་འདི་ཚོའི་ལྟག་རྒྱབ་ན། གསང་བ་རྒྱ་ལ་བསྐྱལ་བའི་བོད་མི་ཡོད། ཁྱོད་ཀྱིས་བཤད་པ་ཚང་མ་བོད་པས་མ་གོ་གོང་ལ་རྒྱ་ཡིས་ཤེས་འགྲོ། གཞིས་བཞུགས་སྤུན་དང་གྲོགས་པོ་རྣམ་པ་སྡུག་ལ་སྦྱར་ཡོང༌།
ཡ་ད་དེ་བས་རང་གིས་གང་བྱས་དང་ཅི་བཤད་གསོང་བོར་ཤོད་དང་། ཁྱོད་ཚོར་ཇ་སྣ་ཟས་སྣ་རེ་འདྲེན་ན། ཁ་ཡག་ངོ་དགའ་རེ་བཤད་ལ། འདི་ངེད་ཚང་གི་ཁོ་ཚོས་བྱེད་སྟངས་ཡིན་ལ། ཁོ་ཚོས་ལས་འགན་ཡང་ཡིན་པས་ཁོང་ཚོར་ཅི་བྱེད་ན་བྱེད་ཀི་ཆུགས་ཟེར་རྒྱུུུ།
ལགས་སོ་ལགས་སོ་ོ་ོ..།
ཡ….ད
རེ་བ་ཐོད་ལ་བཅིངས་ནས་བྱེས་སུ་འབྱོར་བའི་དཔའ་བོ་རྣམ་པ།
གཞུགས་སྒར་རྡ་ས་ས་ཆུང་རུང༌། འཛམ་བུ་གླིང་གི་མྱི་སྣ་མང་ས། ཡུལ་ཕྱོགས་གཅིག་པས་ཟས་སྣ་ཆང་སྣ་དྲངས་ན་མི་དགོས་མ་ཟེར། ཟ་ཡག་འཐུང་ཡག་བྱོས། ཕ་ཡུལ་གཅིག་པས་འདི་འདྲ་དེ་འདྲ་བྱེད་དགོས་ཟེར་རུང་བློ་མ་འཁེལ། རང་གི་བློ་རིག་བསྒྲིམས།
ཡ…..ད་་ ད་ དུང་༸རྗེ་རྒྱལ་བས་བོད་དོན་དོར་ནས་འཛམ་གླིང་སྤྱི་དོན་སྒྲུབ་པ་ནོར་འཁྲུལ་ཡིན་ རབས། བཙན་བྱོལ་གཞུང་གི་འདས་དོན་ལ་གྲུབ་འབྲས་མེད་ཚུལ། ད་ལྟའི་ལས་དོན་ལ་འཆར་གཞི་མེད་ཚུལ། མ་འོངས་བོད་དོན་ལ་རེ་བ་མེད་ཚུལ། ཐ་ན་ཁོ་བོ་ཅག་ནི་བཙན་བྱོལ་བོད་གཞུང་གི་འདས་མ་ད་གསུམ་ལ་ཆེས་ཆེར་རྨོངས་ཀྱང༌། མ་ཤེས་ཤེས་མདོག་དང་མི་འཇོན་འཇོན་མདོག་གི་སྙན་སྙན་ལུང་པ་གང་བཤད་ཀྱང༌། ཡ་ད་གངས་བོད་ཀྱི་དཔའ་བོ་རྣམ་པ། ངེད་གངས་ཅན་བོད་མིའི་གཏམ་དཔེ་ལ། རྒྱ་ཆེའི་ཟས་ཟོ་དང༌། གཏམ་ལ་མ་ཉན། ཟེར་བ་བཞིན། ངས་ཁྱོད་ཚོར་ངན་བསླབ་ནི་མིན་འདྲ། ཡ་ད་ཁྱོད་ཚོར་མཚོན་ན། འབྱོར་སའི་ས་གསར་པ། ཐུག་སའི་མྱི་གསར་པ། གླེང་བའི་གཏམ་གསར་པ། མདོར་ན་ཡོད་ཚད་ནས་ཡོད་ཚད་གསར་པ་རྐྱང་རྐྱང་ཡིན་པས། རང་གིས་རང་ལ་གཟབ་གཟབ་བྱེད་དགོས་ཟེར་རྒྱུ།
ལགས་སོ་ལགས་སོ་ོ་ོ..།
ཡ་….ད།
བྱེས་ལ་འབྱོར་བའི་དཔའ་བོ་ཚོ། དུས་སྐལ་བ་ཡག་གི་དེ་རིང་ནས་བཟུང༌། ཁྱོད་ཚོར་ཡང་ཆབ་སྲིད་བཙོན་པའི་མིང་བཏགས་ཏེ། རང་གཞུང་དང་དགུ་བཅུ་གསུམ་གྱི་མིང་ཐོག་ནས། འཚོ་སྣོན་ལྟ་བུའི་སྒོར་མོ་འགའ་སྤྲད་དེ། གང་ཡོང་ཅི་འཇོན་གྱིས་བདག་པོ་རེ་བརྒྱབས་ན། འགྲིག་མ་སོང་དང་འདང་མ་སོང་ཞེས་རང་གིས་ཅི་བྱས་ཁ་ལ་འཁྱེར་ཏེ་ཡུས་རེ་མ་བཤད། ཁྱོད་ཀྱིས་ཅི་བྱས་ཆུད་ཟས་སུ་བུད་འགྲོ་ གཞུང་གིས་གང་གནང་སྟོང་ཟད་དུ་གྱུར་འགྲོ་
ཡ….ད་ རིགས་ཞེན་ཅན་གྱི་བུ་རྒོད་ཚོ། སྤྲིན་དཀར་པོ་ཐོད་ལ་བཟུང་ནས། ས་ནག་པོ་འདོམ་གྱིས་འཇལ་ནས། དེ་རིང་འདི་ལ་བདེ་བར་འབྱོར་སོང་བས། ང་ཚོ་ཚང་མ་དགའ་བ་ལ་དང་སྐྱིད་པ་ལ།
ཡ་ད་དུས་དེ་རིང་བཟུང༌། ཁྱོད་ཚོ་འདི་ལ་ཡོང་བ་དོན་གོ་ཆོད་པའི་བོད་དོན་བསྒྲུབ་དགོས། ཡུལ་ཕ་སྤུན་གྲོགས་མིའི་རེ་བ་འཁྱེར་ནས་ཡོང་བས་རེ་དོན་བྱོས་ཟེར་རྒྱུ།
ལགས་སོ་ལགས་སོ།
ཡ….ད
ཆབ་སྲིད་བཙོན་པ་གསར་པ་ཚོ། ཆབ་སྲིད་བཙོན་པའི་མིང་ཐོག་ནས། ཆབ་སྲིད་བཙོན་པའི་ལམ་སྲོལ་ལྟར་ར། ཨོ་སི་ཏྲིལ་ཡིའི་ཡུལ་ལ་འགྲོ་དགོས། ས་ཆ་དེ་ནས་ཁྱིས་གཞིས་ཆགས་ཏེ། མཐའ་མ རང་གི་ནང་མི..…
ལགས་སོ་ལགས་སོ་ོ་ོ..།
ད་ཉན་ན་མི་འདོད་ཀི
ཨོ་ད་མྱི་འདི་ཚོས་མ་ཉན་ན་ང་ར་བཤད་ས་མེད་ཀི
མ་ར་བདེ་མོ་བྱོས། ད་ཉལ་རྒྱུ་ཡིན།
2009།5།11དགོང་མོ་སྦུ་རག་དམ་བུའི་གང་གིས་སྐུལ་ངོར་བྲིས་པ་དགེའོ། །
Send instant messages to your online friends http://uk.messenger.yahoo.com
ཨ་རོགས། ཁྱོད་ཀྱི་གཏམ་བཤད་འཇིགས་གི། གོ་རྒྱུ་ཡོད་ཀི མུ་མཐུད་ནས་ཡིན་ད།
ངོ་མ་ལམ་སྟོན་ཟེར་ནོ་རེད། ཨ་ཁུ་སྡེ་དཔོན་གྱིས་བཤད་དང་ནི་ཞིག་ལ་རིག་གི་ བཀའ་དྲིན་ཆེ།
ག་པོ་བྲིས་བཞག
བོད་ལ་རང་བཙན་གཙང་མ་དགོས།། སྒྲིགས་འཛུགས་ལྡན་པའི་དགོས་ནས་འཐབ་རྩོད་བྱ་དགོས།
བཟོད་ཐབས་བྲལ་བའི་གཉའ་གནོན་འདི་འཚམས་འཇོག་སྲིད་དམ། ང་ཚོས་ཞི་བདེ་ཞི་བདེ་ཞེས་བོས་ནའང་ཁོ་ཚོས་རང་རེའི་བོད་རྒྱལ་ཁབ་ཆེན་མོར་འཛིན་པའི་
སྲིད་ཇིས་དེ་འགྱུར་བ་གཏན་ནས་གཏོང་མི་སྲིད། རང་བཙན་གྱི་ལམ་བུ་གཅིག་བུ་མ་གཏོགས་འགྲོ་ས་ཡེ་ནས་མེད།
རང་བཙན་གྱི་ལྟ་བ་འཛིན་པའི་བོད་པ་ཞིག་གིས་༢༠༠༩ལོའི་ཟླ༥ཚེ༡༤ཉིན་རྒྱ་ནག་གི་གྲོང་ཁྱེར་ག་གེ་མོ་ཞིག་ནས།
གཟུགས་ཅན་ལུས་ཀྱི་ཕུང་བོ། །ཚད་མེད་མནར་གཅོད་བཏང་ཡང༌། །ནང་གི་ཤེས་པ་གསལ་བོ། ། འཁོར་ས་ཡིད་བཞིན་ནོར་བུ
བོད་བཙན་ཁྲི་ལོ་བརྟན་པར་ཤོག རྒྱལ་བ་རིན་པོ་ཆེ་ཁྲི་ལོ་བརྟན་པར་ཤོག
ཁ་དོག་ནག་པོའི་ཟིན་བྲིས་།
༡
དུས་བཞིའི་འགྱུར་བ་ཅི་ཙམ་མགྱོགས་ནའང་།
འཚོ་བ་འདི་ལྟ་བུ་ཞིག་སྐྱེལ་བ་ནི་ལས་སླ་བོ་ཞིག་ཡིན་མི་སྲིད་ལ།
ཟླ་བ་མེད་པའི་མཚན་དགོང་འདིར
ངས་ཡང་སྐྱར་ཁོ་ཚོ་དྲན་བྱུང་།
དབང་མེད་དུ་དྲན་བྱུང་།
ཁོ་ཚོས་གངས་རིའི་རེ་བའི་ཆེད་དུ་།
མུན་ནག་གི་སྡུག་བསྔལ་དང་མནར་གཅོད་འོག་ནས
མི་རིགས་འདིའི་རེ་བ་སླར་གསོ་བྱས་བྱང་།
༢
གྲང་རླུང་འུར་འུར་གྱི་མཚན་མོ་འདིར་།
ངས་ནམ་རྒྱན་ལྟར་དྲ་ཐོག་གི་གྱང་བརྩིགས་མཐོན་པོ་དེ་རྒལ་ནས་
འཇིག་རྟེན་གསར་བ་ཞིག་ལ་སླེབས་སོང་།
འཇིག་རྟེན་འདི་ནས་ངས་གངས་རིའི་རེ་བ་འཚོལ་མྱོང་།
གངས་རིའི་མིག་ཆུ་ཀྱང་མཐོང་མྱོངས་།
དེ་རང་ངས་ཡང་སྐྱར་མིག་ཆུ་འདོན་དགོས་སོང་།
དྲ་རྒྱའི་ཁ་བྱང་འདི་དག་གི་གསང་བ་མང་པོ་ཞིག་ཕྱིར་བཏོན་སོང་།
རྔ་བ གྲྭ་བ རང་ལུས་མེར་བསྲེགས་
དཀར་མཛེས བཙུན་མ ངོ་རྒོལ
ར་རྒྱ་དགོན གྲྭ་བ་ རྨ་ཆུར་མཆོངས་བ
སྐབས་དེར་ངའི་མགོ་བོ་འཐོམ་སོང་།
སྐབས་དེར་ང་དྲན་པ་འཐོར་པའི་བགྲེས་པོ་ཞིག་ལྟར
མིག་ཟུང་བཀློགས་གླད་ལ་ཅེར་ནས་བསྡད
སྐབས་དེར་ང་གོ་མེད་ཚོར་མེད་དུ་གྱུར་སོང་།
གསང་བའི་འཕྲིན་པ་འདི་དག་གིས་།
ངས་ཁོ་ཚོའི་ངོ་བོ་དེ་རྟོགས་སོང་།
ཁོ་ཚོའི་འདྲ་མཉམ་དང་འཆམ་མཐུན་གྱི་ངོ་བོ་གཞི་ནས་རྟོགས་སོང་།
གདོང་ལ་ལུག་ལྤགས་གྱོན་པའི་སྤྱང་ཁྱི་དེ་དག་གི་ངོ་བོ་རྟོགས་སོང་།
༣
འགག་སྒོ དགོན་པའི་ཉེ་འགྲམ་ སྲང་ལམ
འདུས་མདོ ཁང་བ་མཐོན་པོ་དག་གི་ཡང་སྟེང་
གང་སར་ལག་ལ་མེ་མདའ་ཐོགས་པའི་དམག་མིས་བཀང་།
འཚམས་ལན་རེ་རྫིག་རྫིག་རྔམ་རྔམ
འཚམས་ལན་རེར་མཚན་མོར་གཅིག་གཉིས་གཅིག་ཅེས་འབོད་ཚིག་འོག
དུད་ཁྱིམ་མང་པོ་ཞིག་གི་རྨི་ལམ་དཀྲུག
དགོད་བྲོ་བ་ཞིག་ལ།
ཁོ་ཚོས་བོའུ་མཆིའི་འོག་གི་བདེ་འཇགས་བསྐྲུན་འདོད་ཡོད།
དགོད་བྲོ་བ་ཞིག་ལ།
ཁོ་ཚོས་བཙན་ཤེད་དང་གཉའ་གནོན་འོག་ནས་
མི་རིགས་འདིའི་ཡོད་ཚད་ལ་ཁ་ལོ་བསྒྱུར་ན་འདོད་ཡོད།
འོན་ཀྱང་།
ཁོ་ཚོས་ཤེས་དགོས་པ་ཞིག་ནི
ཁོ་ཚོས་གཙོ་འཛིན་དེས་གསུངས་བ་ཏེ་།
གང་ལ་གཉའ་གནོན་ཡོད་ན་དེ་ལ་ངོ་རྒོལ་ཡོད་ཞེས་པའོ།།
༢༠༠༩ལོའི་ཟླ༥ཚེ༡༤ཉིན་རྒྱ་ནག་གི་སླབ་གྲ་ཆེན་མོ་ག་གེ་མོ་ཞིག་ནས།
རང་གི་སེམས་ཡག་པོ་བྲིས་འདུག འོན་ཀྱང་གོང་གི་རྩོམ་ཡིག་དང་འབྲེལ་བ་ཆེར་འདུག་གཱ
རེད་ཡ། ཁྱོད་ལའང་ཁག་མི་འདུག་ ང་ཚོ་ན་གཞོན་ཚོའི་སེམས་ན་ཡོད་པ་ན་ཟུག་རེད། ལོ་རྒྱུས་དང་འབྲེལ་བའི་དཔེ་དེབ་རེ་རེ་བཀླགས་ན། འདི་དང་འདི་འདྲ་བའི་ན་ཟུག་ཇེ་ཆེ་ནས་ཇེ་ཆེ་རེད། འོན་ང་ཚོ་ལྷ་ཡི་ལུང་བསྟན་ལ་འགལ་མི་རུང༌། དེ་ལྟར་ན་འདི་ཕྱི་གཉིས་ལ་བཀའ་ཆད་འོང་གི་རེད། ད་དུང་རང་གི་མི་རིགས་ཀྱི་གྲོས་ནས་རྒྱང་ཕུད་བྱ་སྲིད། དེ་བས། ད་དུང་ཅུང་སྡུག་རིས་བྱ་དགོས། དུས་ཚོད་གང་ཞིག་མ་སླེབས་པར་དུ། བོད་རྒྱལ་ལོ། མི་རྒྱལ་ལོ། བོད་མི་རྒྱལ་ལོ། དེའི་རྗེས་སུ་བོད་ཀྱི་ལྷ་དང་ཀླུའང་རྒྱལ་ལོ། །
ཨ་རོགས། སྐྱིད་པོ་ཞིག་བྲིས་ཡོད་ཀི་གོ འདི་སྐྱིད་སྡུག་ཅིག་སྤྲོ་སྐྱིད་ཅིག་སྟེང་ནས་བཤད་ཀྱི་ན། ཉམས་ཡོད་ས་རེད།
ཆབ་སྲིད་བཙོན་ཟུར་རྩིས་ཐང་ཆེ་ཡང་དཔའ་བོ་ཤི་བའི་དུར་རྡོ་ཙམ། །
རྒྱལ་གཅེས་དཔའ་བོ་ཕྱི་ལ་གཏོང་བ་ནག་ཅན་མཐར་སྐྲོད་བྱེད་སྟངས་ཤིག །
ཕྱི་ལ་ཕེབས་རྗེས་ཕྱི་མིག་མེད་པ་དཀོན་མཆོག་དཔང་ལ་བཙུགས་ཀྱང་ཆོག །
རྒུད་པ་ཀུན་གྱི་རྩ་བ་དེ་ནི་བོད་དོན་ཚོང་ལ་བསྒྱུར་བས་ལན། །