ཕུར་བུ་བཀྲ་ཤིས། བསྟན་འཛིན་ཚེ་སྒྲོན།
[ནང་དོན་གནད་བསྡུས།] རླུང་ནད་ཨ་ཝརྟ་ན་བོད་ཀྱི་གསོ་བ་རིག་པའི་གཞུང་འཁོད་ནས་དུས་ཡུན་བགྲང་བྱ་སྟོང་ཙམ་སོང་བའི་རླུང་ནད་ཅིག་ཡིན་རུང་དེང་གི་ཆར་ནད་གཞི་འདིའི་བརྟག་བཅོས་ཀྱི་སྐོར་རྣམས་ནད་ཐོག་ནང་དུ་རིམ་བཞིན་ཡལ་འགྲོ་བཞིན་པར་དམིགས་ནས་རླུང་ནད་ཨ་ཝརྟ་ན་ནི་ཐུར་སེལ་དང་ཁྱབ་བྱེད་འདྲེས་པའི་རླུང་ནད་ཅིག་ཡིན་པ་དང་དེའི་དབྱེ་བར་དུས་ཀྱི་དབང་ནས་ཐུར་སེལ་རླུང་སྙིང་གི་བུ་གར་ཞུགས་པའི་གནས་སྐབས་དང་། ཁྱབ་བྱེད་དང་འདྲེས་ནས་ལུས་ཁྱབ་པའི་གནས་སྐབས་གཉིས་དང་། ནད་གཞན་དང་འདྲེས་པའི་སྒོ་ནས་རྐྱང་པའམ་བད་མཁྲིས་དང་བཅས་བཅས་གསུམ་ལ་དབྱེར་རུང་བ། བུ་གའི་ཉེས་པ་སེལ་བ་དང་ཐུར་སེལ་དང་ཁྱབ་བྱེད་རླུང་འཁྲུག་པ་ཞི་བར་བྱ་བའི་སྒོ་ནས་གསོ་བཅོས་བྱ་དགོས་པ་སོགས་གཞུང་རྙིང་དགོངས་པ་གསལ་བར་བྱས་པ་དང་། དེ་མིན་ནད་འདི་ཉིད་ཕྱི་ལུགས་གསོ་རིག་ཀྱི་གློ་བ་རེངས་འགགས་སོགས་ནད་འགའ་དང་མཐུན་ཆ་ཆེ་བ་སོགས་ལ་དཔྱད་པ་ཕྲན་བུ་བྱས་ཡོད།
[གནད་ཚིག] རླུང་ནད། ཨ་ཝརྟ་ན། གསོ་རིག
ཡན་ལག་བརྒྱད་པའི་འཆད་ཉན་གངས་ཅན་ལྗོངས་འདིར་དར་བ་ནས་བཟུང་རླུང་ནད་ཨ་ཝརྟ་ནའི་བརྟག་བཅོས་ཀྱི་སྐོར་རྣམས་བོད་ཀྱི་གསོ་བ་རིག་པའི་གཞུང་དུ་ཐོག་མར་འཁོད་ཅིང་། དུས་རབས་རིམ་འབྱུང་ནང་སྐྱེས་བུ་ཆེན་པོ་དུ་མའི་དྲིན་ལས་ནད་གཞིའི་དེའི་ངོས་འཛིན་དང་། གསོ་བཅོས་སོགས་ལ་ཐུན་མོང་མ་ཡིན་པའི་དགོངས་པ་རབ་དང་རིམ་པ་རང་ཅག་གི་ཕྱི་རབས་པ་རྣམས་ལ་གོ་སྐལ་དུ་བསྩལ་བར་མཛད་ལ་ནད་གཞི་དེ་ནི་མན་ངག་རྒྱུད་ཀྱི་ནད་གཞིའི་ཐོག་མ་ཡིན་སྟབས་གསོ་རིག་འཛིན་པ་ཀུན་གྱི་ངག་ལས་རླུང་ལྟར་གྲགས་པ་ཞིག་ཡིན། འོན་ཏེ་དེང་གི་ཆར་ནད་ཐོག་དུ་ནད་གཞི་དེའི་ངོས་འཛིན་གནང་མཁན་ཧ་ཅང་ཉུང་ལ། དེའི་གསོ་བཅོས་ཀྱང་མེ་ལོང་ཧྭ་བཏབ་བཞིན་ཡལ་འགྲོ་བའི་གནས་སུ་སླེབས་ཡོད་ཀྱང་དོ་སྣང་གནང་མཁན་དང་འདིའི་སྐོར་གྱི་དཔྱད་རྩོམ་ཡང་ཉུང་བ་ལས་ཀྱང་ཉུང་བར་མངོན་ཕྱིར། འདིར་ནད་གཞི་དེའི་རྒྱུ་དང་ངོས་འཛིན་དེའི་བཅོས་ཐབས་སོགས་ལ་རྒྱུད་བཞི་དང་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་སོགས་གཞུང་རྙིང་ཕན་ཚུན་བསྡུར་དཔྱད་དང་། ནད་ཐོག་དངོས་ནང་དུ་ནད་གཞི་དེ་གང་འདྲ་ཞིག་ལ་ངོས་བཟུང་ན་འཐད་པའི་སྐོར་ལ་དཔྱད་པ་ཅུང་ཟད་ཞུས་པར།
དང་པོ། ཐུར་སེལ་དང་ཁྱབ་བྱེད་ཀྱི་རླུང་འདྲེས་པ་ནི་ཨ་ཝརྟ་ནའི་ངོ་བོ་ཡིན་པ།
དཔལ་ལྡན་རྒྱུད་དུ་རླུང་ནད་ཨ་ཝརྟ་ནའི་ནད་ཀྱི་ངོ་བོ་རླུང་ནད་ཡིན་པ་ཙམ་ལས་དེ་བྱེ་བྲག་རླུང་གང་གིས་བསྐྱེད་ཚུལ་དང་། དེའི་འགྱུར་ཚུལ་ཇི་ཡིན་སོགས་ཀྱི་སྐོར་གསལ་བར་བཀོད་གནང་མཛད་མེད་རུང་། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་དང་དེའི་འགྲེལ་པ་རྣམ་གཉིས་ལ་ནད་གཞི་དེ་ནི་རོ་སྨད་དུ་རླུང་འགག་པ་གྱེན་དུ་སོང་ཏེ་སྙིང་གི་བུ་གར་ཞུགས་པ་དང་། ལུས་ཀུན་ལ་ཞུགས་པ་ལས་བསྐྱེད་པར་བསྟན་པ་དེ་འབུམ་ཁུ་ཚུར་དུ་གསལ་བར་མཛད་པ་ནི། ཐུར་སེལ་གྱི་རླུང་གྱེན་དུ་སོང་སྟེ། ཁྱབ་བྱེད་དང་འདྲེས་ནས་ལོགས་སུ་སོང་བ་ཡིན་ཏེ། ཨ་བ་ཏ་ན་ཞེས་བྱ་བ་ཡིན་ནོ། ། ཞེས་རོ་སྨད་དུ་འགག་པའི་རླུང་ནི་ཐུར་སེར་དང་། གྱེན་དུ་སོང་ནས་སྙིང་གི་བུ་གར་ཞུགས་ཏེ་ཁྱབ་བྱེད་རླུང་དང་འདྲེས་པ། ལོགས་སུ་སོང་བ་ཏེ་གནས་གཞན་དུ་བྱེར་བ་བཅས་ཡིན་པར་གསལ་བར་བསྟན་ཡོད་པ་ལྟར་རླུང་ནད་ཨ་ཝརྟ་ནའི་འགྱུར་ཚུལ་ནི། ཐོག་མར་ཐུར་དུ་སེལ་བའི་རླུང་འཕེལ་འཁྲུགས་གང་རུང་འགྱུར་བའམ། དེ་རྒྱུ་བའི་བུ་ག་འགག་ཏེ་ལམ་ལོག་པར་ཞུགས་ནས་གྱེན་དུ་ལུས་སྟོད་གྱི་གནས་སུ་སྙིང་གི་བུ་ག་བརྒྱུད་ཁྱབ་བྱེད་རླུང་དང་འདྲེས་ནས་ཁྱབ་བྱེད་རླུང་གི་བྱེད་ལས་ཚུལ་མིན་དུ་འགྱུར་བ་མ་ཟད། ཐུར་སེལ་ཡང་རང་གནས་མ་ཡིན་པར་ལོག་པའི་ལས་བྱས་ཏེ་རླུང་ནད་འདི་ཉིད་བསྐྱེད་ཅིང་ཁྱབ་བྱེད་རླུང་དང་འགྲོགས་ནས་ལུས་ཀྱི་གནས་གཞན་ལ་རྒྱུ་བའམ་ཁྱབ་པར་བྱེད་པ་ཡིན། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་གཞང་འབྲུམ་ནད་གཞི་བཤད་པའི་ལེའུ་ལས། གཞང་འབྲུམ་༌སྐྱེ་བར་གྱུར་པ་ལ། །འདི་དག་ཉིད་ནི་འཕེལ་བར་འགྱུར། །དེ་ཡིས་འོག་གི་ལམ་བཀག་པས། །ཐུར་དུ་སེལ་བའི༌་རླུང་ལོག་སྟེ། །ལུས་དང་དབང་པོ་ཀུན་གནས་པའི། །རླུང་གཞན་ཐམས་ཅད་འཁྲུགས་པར་བྱེད། །དེ་བཞིན་བཤང་གཅི་མཁྲིས་པ་དང་། །བད་ཀན་ལུས་ཟུངས་རྟེན་བཅས་པ། །འཁྲུགས་ཤིང་མེ་དྲོད་ཉམས་པར་བྱེད། །ཞེས་དང་། དཔལ་ལྡན་རྒྱུད་ཀྱི་དམུ་ཆུ་གསོ་བའི་ལེའུར། གྱུར་ཚུལ་མ་ཞུ་ཕོ་བའི་བད་ཀན་འཕེལ།། དེ་ཡིས་དྲི་ཆུ་ཐུར་སེལ་རྒྱུ་ལམ་བཀག། རླུང་ལོག་དྲི་ཆུ་དྭངས་མའི་རྒྱུ་ལམ་ཤོར།། པགས་འོག་སྣོད་ཀྱི་ཕྱི་རོལ་ཆུ་ཡིས་ཁེངས།། དེ་ནི་རྩ་ཁ་ལོག་པའི་འཁྱིམས་ཆུ་ཡིན། །ཞེས་པ་ལྟར་ཐུར་སེལ་རླུང་ལོག་པ་སྙིང་གི་བུ་ག་མ་ཡིན་པའི་གནས་གཞན་དུ་ཞུགས་པའི་ཚེ་རླུང་གཞན་འཁྲུགས་པ་དང་། མེ་དྲོད་ཉམས་པ། དམུ་ཆུ། གླང་ཐབས་སོགས་ཀྱང་བསྐྱེད་པར་བྱེད་པ་ཡིན་ནོ། །
གཉིས་པ། རླུང་ནད་ཨ་ཝརྟ་ན་དང་ཐུར་སེལ་རླུང་ནད་ཀྱི་རྒྱུ་རྐྱེན་མཐུན་པའི་སྐོར།
རླུང་ནད་ཨ་ཝརྟ་ན་སྤྱིར་ན་རླུང་སྤྱི་དང་འདྲ་བར་རོ་ཁ་བ་དང་ནུས་པ་ཡང་རྩུབ་བས་བསྟེན་དྲག་པ། ཆགས་པས་དུབ་པ་སོགས་ཀྱི་རྒྱུ་རྐྱེན་ལས་བསྐྱེད་པར་བྱེད་པ་ནི་ནད་ཀྱི་ངོ་བོ་རླུང་ཡིན་པའི་ཕྱིར་དང་། བྱེ་བྲག་ཐུར་སེར་རླུང་འཕེལ་བ་དང་འཁྲུགས་པར་བྱེད་པའམ། ཐུར་སེལ་རླུང་རྒྱུ་བའི་བུ་ག་འགག་པར་བྱེད་པའི་རྒྱུ་རྐྱེན་རྣམས་ཀྱང་ནད་འདིའི་རྒྱུ་རྐྱེན་ཡིན་ཏེ། གལ་ཏེ་ཐུར་ཏུ་སེལ་བའི་རླུང་དང་རླུང་དེ་རྒྱུ་བའི་བུ་ག་སྐྱོན་མེད་བདེ་བར་གནས་ཚེ་ས་བོན་མེད་པར་དང་སྡོང་པོ་དང་མེ་ཏོག་དང་ལོ་མའི་རིགས་རྣམས་མི་བྱུང་བ་དང་འདྲ་བར་རླུང་ནད་ཨ་ཝརྟ་ན་བསྐྱེད་པའི་རྒྱུ་མེད་པ་ལྟར། ཐུར་སེལ་རླུང་ནད་བསྐྱེད་པའི་རྒྱུ་རྐྱེན་ལ་རྒྱུད་ལས་བཤང་གཅི་དང་། ཕྱེན་དང་ཁུ་བའི་ཤུགས་བཀག་པའམ་ནན་ཀྱིས་གཙིར་བ་ལྟར་རམ། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་དང་། གཙང་སྟོད་ཟིན་ཏིག་དང་ཡང་ཏིག། པོད་དམར་བཅས་མཐུན་པར་ཁ་ཟས་རྩུབ་པ་དང་ལྕི་བ། གཤང་གཅི་སོགས་ཤུགས་ཀྱིས་བཀག་པ། མི་སྲུན་པ་བཞོན་པ། སྟན་གཅིག་ལ་བསྟེན་ནས་འདུག་པ། འགྲོ་བ་དྲགས་པ། ཁྱོགས་ལ་བཞོན་པ་དང་དེས་བཀྲུག་པ་སོགས་པ་རྣམས་དང་། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས་མངལ་ནི་འཇིག་ལས་འབྱུང་བ་དང་། །ཁྲག་ནི་ལྷག་པར་འཛག་གྱུར་དང་། །སྣད་པ་དག་ལས་བྱུང་གྱུར་པ། །ཤིན་ཏུ་གསོ་བར་དཀའ་བར་འགྱུར། །ཞེས་བྱུང་བ་ལ་འགྲེལ་ཚུལ་གཉིས་ཏེ་རང་འགྲེལ་ལྟར་ན་བུ་བྱུང་བའི་འོག་ཏུ་ཁྲག་ཤས་ཆེར་འབྱུང་བའི་རྗེས་ལ་རླུང་ནད་གཞན་དབང་ཅན་ནམ་ཨ་ཝརྟ་ན་བྱུང་བ་སྟེ་ཚིག་རྐང་དང་པོ་དང་གཉིས་པ་གཉིས་རྒྱུ་འབྲས་ཀྱི་འབྲེལ་བ་ལྟར་དུ་འགྲེལ་བ་དང་། ཟླ་ཟེར་དུ་མངལ་འཇིག་པ་དང་། ཁྲག་མང་ཟག་པ། སྣད་པ་བཅས་རྒྱུ་མི་འདྲ་བ་གསུམ་དུ་འགྲེལ་ཡོད་པ་ལས་རྩ་ཚིག་ལྟར་ན་ཚིག་རྐང་དང་པོ་དང་གཉིས་པའི་རྗེས་སུ་དང་སྒྲ་རེ་སྦྱར་ནས་དབྱེ་གཞི་མི་འདྲ་བ་གསུམ་དུ་བཀོད་ཡོད་པས་ཕྱི་མ་འཐད་པ་ལྟར་འདི་དག་ནད་འདི་བསྐྱེད་པར་བྱེད་པ་དང་། །གཞན་ཡང་གཞུང་ལས་དངོས་སུ་མ་བསྟན་ཀྱང་ཐུར་སེལ་རྒྱུ་བའི་བུ་ག་འགག་པར་བྱེད་པའི་རྒྱུ་གཞང་འབྲུམ་དང་། ཕོ་བའི་བད་ཀན་འཕེལ་བ་སོགས་ཀྱང་རྒྱུ་རྐྱེན་གྱི་ཁོངས་སུ་བསྡུ་རུང་བའོ། །
གསུམ་པ། རླུང་ནད་ཨ་ཝརྟ་ན་རྒྱས་པར་དབྱེ་ན་དབྱེ་བ་དྲུག་ཏུ་ཕྱེ་རུང་བའི་སྐོར།
གསོ་རིག་གི་གཞུང་ལུགས་ཁག་ལས་འབྱུང་བའི་བརྟག་དང་བཅོས་སོགས་བརྟག་ན་རླུང་ནད་ཨ་ཝརྟ་ནར་གནས་སྐབས་དང་། སྡོངས་ཟླའི་སྒོ་ནས་དབྱེ་བ་ཆེ་བ་གཉིས་སུ་ཡོད་དེ།
གཅིག །གནས་སྐབས་ཀྱི་དབྱེ་བ་བཤད་པ།
དེ་ཡང་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། རོ་སྨད་དུ་ནི་འགག་པའི་རླུང༌། །གྱེན་དུ་སོང་སྟེ་སྙིང་གར་གནས། །སྙིང་གའི་སྦུ་གུར་ཞུགས་ནས་ནི། །མགོ་བོ་ཡན་ལག་བཅས་པར་ཟུག །ལུས་ནི་ཀུན་དུ་ཞུགས་གྱུར་ན། །དེ་ནི་གཞུ་ལྟར་སྒུ་བོར་བྱེད། །དབུགས་འབྱིན་དཀའ་ཞིང་མིག་རེངས་ཧར། །ལྷོད་ཅིང་འཛུམས་པར་བྱེད་འགྱུར་ལ། །དེ་ནས་ཕུག་རོན་ལྟ་བུར་འཁུན། །དྲན་པ་མེད་དེ་གཞན་དབང་ཅན། །དེ་ཉིད་ཨ་བ་ཏ་ནར་བཤད། །ཅེས་ཐུར་སེལ་རླུང་སྙིང་གི་བུ་གར་ཞུགས་པའི་གནས་སྐབས་དང་། ཁྱབ་བྱེད་དང་འདྲེས་ནས་ལུས་ཀུན་ལ་ཁྱབ་པའི་གནས་སྐབས་ཀྱི་དབྱེ་བ་མི་འདྲ་བ་གཉིས་ལས་ཐུར་སེལ་རླུང་སྙིང་གི་བུ་གར་ཞུགས་པའི་གནས་སྐབས་སུ་རྟགས་གཙོ་བོ་མགོ་བོ་དང་མུར་འགྲམ་སོགས་ལ་ཟུག་ཅིང་ན་བར་བྱེད་པ་ཟླ་ཟེར་ལས་བཤད་ཅིང་། རང་འགྲེལ་དུ་སྙིང་དང་། ཀླད་པ་དང་། མུར་འགྲམ་བཅས་ན་བར་གསུངས་ཡོད། དེ་ནས་ཁྱབ་བྱེད་དང་འདྲེས་ཏེ་ལུས་ཀུན་ཁྱབ་པའི་གནས་སྐབས་སུ་ལུས་གུག་ཏེ་སྒུར་པོར་འགྱུར་བ་དང་། དབུགས་རྒྱུ་བར་དཀའ་ཞིང་རྔམ་པ་ཅན་དུ་བྱུང་བ། མིག་འབྱེད་འཛུམ་མེད་པར་ཧར་པོར་བལྟ་བ། ཕུག་རོན་ལྟར་དུ་འཁུན་ཞིང་སྒྲ་མི་གསལ་བར་འབྱིན་པར་བྱེད་པ། རིམ་བཞིན་དྲན་པ་ཉམས་ནས་འདུ་ཤེས་མི་གསལ་བྱེད་པར་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་འགྲེལ་པར་བཅས་པ་དང་། དཔལ་ལྡན་རྒྱུད་བཞི། གཙང་སྟོད་ཟིན་ཏིག་ཡང་ཏིག། པོད་དམར་སོགས་མཐུན་པར་བསྟན་འདུག། རྒྱུད་དུ་ནད་འདི་ལ་ཐུར་སེལ་རླུང་སྙིང་གི་བུ་གར་ཞུགས་པའི་གནས་སྐབས་ཀྱི་རྟགས་རྣམས་བསྟན་མེད་པ་ནི་ཐུར་སེལ་རླུང་སྙིང་གི་བུ་གར་བཞུགས་པ་དང་། ཁྱབ་བྱེད་དང་འདྲེས་པ། དེ་ནས་ལུས་ལ་ཁྱབ་པ་བཅས་ཀྱི་བརྒྱུད་རིམ་དེ་དུས་ཐུང་ངུའི་ནང་དུ་ཟིན་པར་བྱེད་པས་སྔ་མ་དུས་ཐུང་ཞིང་ཉེན་ཆུང་ལ། སྨན་བཅོས་སྐབས་ནད་པ་ཕལ་ཆེ་བ་ཁྱབ་བྱེད་དང་འདྲེས་ནས་ལུས་ཀུན་ལ་ཁྱབ་ཟིན་པར་དགོངས་སམ་སྙམ།
གཉིས། སྡོངས་ཟླའི་དབྱེ་བ་བཤད་པ།
རླུང་ནད་ཨ་ཝརྟ་ན་ཉེས་པ་གཞན་དང་སྡོངས་པའི་དབྱེ་བ་ནི་འགྲེལ་པ་ཟླ་ཟེར་ལས། རླུང་ནད་གཞན་དབང་ཅན་འདི་ཉིད་བད་ཀན་ནམ་མཁྲིས་པ་དང་འདྲེས་པར་གྱུར་ན་གསོ་བ་འདྲེན་མར་བྱའོ། ཞེས་བྱུང་བ་ལྟར་ལ། རྒྱུད་སོགས་སུ་བད་ཀན་དང་བཅས་པའི་སྐབས་རྟགས་ལ་སྙིང་ག་དང་རྩིབ་ལོགས་ན་བར་གསུངས་པ་ལས། མཁྲིས་པ་དང་བཅས་པའི་སྐབས་ཀྱི་ནད་རྟགས་བསྟན་པའི་ཡིག་ཆ་ནི་ད་བར་ལག་སོན་མ་བྱུང་། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། ཕྱོགས་འདིས་འགྲེས་པ་ལྷག་མ་རྣམས། །སྨན་པས་ཉེ་བར་སྦྱར་བའོ། །ཞེས་གསུངས་པ་ལྟར་རིགས་པས་དཔྱད་ན་ནད་འདི་ཐུར་སེལ་རླུང་གྱེན་དུ་ལོག་ནས་ཁྱབ་བྱེད་རླུང་དང་འདྲེས་པ་ཞིག་ཡིན་ཕྱིར་གནས་ཀྱི་དབང་གིས་ཁྱབ་བྱེད་རླུང་གི་བྱེད་ལས་འཁྲུགས་པའི་རྟགས་རྣམས་ཤས་ཆེར་གསལ་བར་མངོན་དགོས་པའི་ཕྱིར། ཁྱབ་བྱེད་ཅེས་བྱ་བའི་རླུང་དང་མཁྲིས་པ་དང་འདྲེས་ན། རྨོངས་བག་ལ་སོགས་པ་འབྱུང་བར་འགྱུར་བ་དང་། ལུས་ཀྱི་སྤྱོད་པའི་གཡོ་འགུལ་འགགས་ཤིང་མི་འབྱུང་བ་དང་། ལུས་ཚ་བ་དང་བཅས་པ་དང་། ན་བ་བཅས་པ་ཡིན་ནོ། །ཞེས་ཟླ་ཟེར་དུ་གསལ་བ་ལྟར་གོང་གི་ནད་རྟགས་རྣམས་སྟོབས་ཆེ་ལ་མྱུར་བ་དང་། ལུས་ལ་ཚ་བ་སྐྱེ་བ། ཤེས་པ་རྨོངས་པ་སོགས་ཀྱི་རྟགས་ཀྱང་མངོན་ནམ་སྙམ།
དེ་ལྟར་ཐུར་སེལ་རླུང་སྙིང་གི་བུ་གར་ཞུགས་པའི་གནས་སྐབས་དང་། ཁྱབ་བྱེད་དང་འདྲེས་ནས་ལུས་ཀྱི་གནས་གཞན་དུ་བྱེར་བའི་གནས་སྐབས་གཉིས་རླུང་ནད་ཨ་ཝརྟ་ན་རྐྱང་པ་དང་། བད་ཀན་དང་བཅས་པ་དང་། མཁྲིས་པ་དང་བཅས་པ་སོ་སོར་སྦྱར་ན་དབྱེ་བ་དྲུག་ཏུ་ཕྱེར་རུང་བ་ཡིན་ནོ།།
བཞི་པ། བུ་གའི་ཉེས་པ་སེལ་བ་དང་རླུང་འཁྲུགས་པ་ཞི་བ་ནི་ནད་འདིའི་གསོ་ཚུལ་ཡིན་པའི་སྐོར།
རླུང་ནད་ཨ་ཝརྟ་ནའི་བརྟག་བཅོས་འཁོད་པའི་གཞུང་ལུགས་ཁག་གསོ་ཐབས་རྣམས་བསྡུ་ན་དཔལ་ལྡན་རྒྱུད་བཞི་དང་། གཙང་སྟོད་ཟིན་ཏིག་སོགས་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་གཞུང་ལ་བརྟེན་པའི་གསོ་བཅོས་བྱ་ཐབས་དང་། ལག་ལེན་པོད་དམར་སོགས་འབུམ་ཁུ་ཚུར་གྱི་ལུགས་ལ་བརྟེན་པའི་གསོ་བཅོས་བྱ་ཐབས་རྣམ་པ་གཉིས་སུ་དབྱེར་རུང་བ་ལས།
གཅིག །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་ལུགས་ཀྱི་བཅོས་ཐབས།
རླུང་ནད་ཨ་ཝརྟ་ནའི་བཅོས་ཐབས་ཐད་དཔལ་ལྡན་རྒྱུད་དུ་ཐོག་མར་སྣུམ་དུགས་དང་། དེའི་རྗེས་ལ་སྣ་སྦྱོང་གིས་དབུགས་རྒྱུ་བའི་བུ་ག་བསལ་བར་བྱས་རྗེས་ཁོང་དུ་རྒྱ་ཤུག་དང་། འོ་མ། ཞོ། ཤ་ཁུ། མར་ཁུ་བཅས་བསྐོལ་བའི་དྭངས་མ་ཏེ་ཁུ་བ་བླུད་པ་བཅས་དང་རྒྱ་ཤུག་སྦྱོར་བ་དང་པོ་དང་། ཕྱིར་རྒྱ་ཤུག་དང་། ཐང་ཤིང་། སླེ་ཏྲེས། རྩ་བ་ལྔ། རུ་རྟ། སྒ། སྤོས། ཀཎྜ་ཀ་རི། ཤ་ཁུ། འོ་མ། བུ་རམ། རྩབས། སྣུམ་བཞི་བསྐོལ་བ་བཅས་རྒྱ་ཤུག་སྦྱོར་བ་གཉིས་པའི་མར་གྱིས་བྱུག་པ་དང་། དུགས། སྣ་སྨན། འཇམ་རྩི་བཅས་བསྟེན་པ། གལ་ཏེ་རླུང་བད་ཀན་དང་འདྲེས་ན། གཡེར་མ། ཨ་རུ་ར། ཤིང་ཀུན། རྒྱམ་ཚ། ཤིང་ཚ། ཁ་རུ་ཚ། མ་ནུ། ནས་བཅས་བསྐོལ་བའི་ཁུ་བ་སྦྲང་དང་སྦྱར་ནས་བསྟེན་པ། མཁྲིས་པར་སྣ་སྨན་དང་ཁྲུས་ཏེ་བཤལ་བྱ་བ་བཅས་དུས་རིམ་གསུམ་གྱི་སྒོ་ནས་བཅོས་ཚུལ་བསྟན་གནང་ཞིང་། འདི་དང་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་བཅོས་ཐབས་དབར་བསྡུར་ན། རྒྱུད་ཀྱི་བཅོས་ཐབས་དང་ཡན་ལག་བརྒྱད་པའི་རླུང་ནད་གཞན་དབང་ཅན་ཏེ་ཨ་ཝརྟ་ནའི་བཅོས་ཐབས་ལས། དེར་ནི་ཐོག་མར་སྣུམ་ཞེན་བྱ། །དུགས་བྱས་སྣ་སྨན་རྣོན་པོས་ནི། །བུ་ག་སྦྱང་ཕྱིར་བཏང་བ་དང་༌། །བི་ད་ར་ཡི་སྡེ་བསྐོལ་དང༌་། །ཞོ་དང་འོ་མ་ཤ་ཁུ་དང༌་། །མར་བསྐོལ་བ་ཡི་དངས་མ་བླུད། །དེས་ནི་རླུང་ནད་ཚབས་ཆེ་བ་འམ། །འཕྲལ་དུ་ཁྱབ་པར་མི་འགྱུར་རོ། །རྒྱ་སྲན་ནག་དང་རྒྱ་ཤུག་སོགས། །ཐང་ཤིང་ལ་སོགས་སྡེ་ཚན་ནི། །རླན་ཅན་ཤ་ནི་བསྐོལ་བ་དང་༌། །སྐྱུར་དང་འོ་མ་དག་དང་ནི། །མངར་བའི་སྡེ་ཚན་བཏབ་པ་ཡི། །སྣུམ་ཆེན་དག་ནི་བསྐོལ་བ་ཡིས། །བླུགས་དང་བསྐུ་དང་ལུས་སྦྱིན་དང་༌། །བཏུང་དང་སྣ་སྨན་འཇམ་རྩི་བྱ། །སྣུམ་དང་དུགས་ནི་ལེགས་སྦྱར་བ། །དེ་དང་དེས་ནི་རླུང་ནད་འཇོམས། །ཞེས་པའི་བར་གྱི་ནང་དོན་དང་མཚུངས་པ་ཡིན་འདུག། དེའི་རྗེས་ཀྱི་ནད་ཤུགས་བར་མའི་བཅོས་དང་། ནད་ཤུགས་ཆེན་པོའི་བཅོས་ཀྱི་བསྐོར་རྣམས་འཁོད་མེད་པར་ཐད་ཀར་འདྲེས་པའི་ནད་བཅོས་པའི་སྐབས་རྣམས་བསྟན་ཡོད།
དཔལ་ལྡན་རྒྱུད་དུ་བཤད་པའི་ཁོང་བསྟེན་རྒྱ་ཤུག་སྦྱོར་བ་ནི་བི་ད་རའི་སྡེའི་སྦྱོར་བ་དང་མཐུན་པ་སྟེ། བི་ད་ར་ནི་སྐྱེམ་འགྲེལ་ལས། མཁྲིས་གྱུར་གྱི་བི་ད་ར་ནི་རྒྱ་ཤུག་གི་འབྲུའོ། །ཞེས་བྱུང་བ་ལྟར་རྒྱ་ཤུག་སྡེ་ལས་རྒྱ་ཤུག་འབྲུ་ཁོ་ན་འོ་མ་སོགས་དང་སྦྱར་ནས་ཁོང་བསྟེན་གྱི་སྨན་དུ་མཛད། ཕྱིར་སྤྱོད་སྨན་སྦྱོར་སྦྱར་ཚུལ་གྱི་རྩ་བའི་རིག་པ་ཡང་རྒྱ་སྲན་ནག་དང་རྒྱ་ཤུག་སོགས་ཞེས་པ་ཉིད་ཡིན་ཏེ། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། ཐང་ཤིང་རྒྱ་སྤོས་རུ་རྟ་དང་༌། །རྩ་བ་བཅུ་དང་བ་ལ་གཉིས། །བི་ར་ཏ་རའི་སྨན་སྡེར་གཏོགས། །བི་ད་རི་སོགས་རླུང་ནད་སེལ། །ཞེས་པ་ལྟར་སྦྱོར་བ་འདིར་སྤྱད་པའི་སྨན་སྦྱོར་ཕལ་མོ་ཆེ་བི་ད་རིའི་སྡེའི་སྨན་གྱི་ཁོངས་སུ་གཏོགས་པ་དང་། ཤ་ཁུ་དང་འོ་མ་དང་གཞུང་གཉིས་ཀར་འཁོད་པ། སྐྱུར་གྱི་དོད་དུ་རྩབས། མངར་བའི་དོད་དུ་བུ་རམ། སྣུམ་ཆེན་ནི་ཟླ་ཟེར་ལས་སྣུམ་ཆེན་པོ་མར་དང་། ཏིལ་མར་དང་། རྐང་དང་། ཚིལ་ཞེས་བྱ་བ་དང་། ཞེས་སྣུམ་བཞི་ཏེ་རྩི་མར་འབྲུ་མར་ཚིལ་མར་རྐང་མར་བཞི་ཡིན་པ། བེད་སྤྱོད་བྱ་ཐབས་ཡང་གཞུང་གཉིས་མཐུན་པ་བཅས་ལས་ཤེས་ཐུབ། །
རླུང་དེ་བད་ཀན་དང་འདྲེས་པའི་སྨན་སྦྱོར་གཉིས་ལས་གཡེར་མའི་སྦྱོར་བ་ནི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་དང་རྒྱུད་བཞི་གཉིས་མཐུན་པ་དང་དེ་ལས་ལན་ཚྭ་གསུམ་རྒྱུད་དུ་གསལ་ཁ་མཛད་ནས་རྒྱམ་ཚྭ་དང་། ཤིང་ཚ། ཁ་རུ་ཚ་གསུམ་དུ་བཀོད་གནང་མཛད་ཡོད། སྨན་རྟར་ཡན་ལག་བརྒྱད་པར་ནས་བསྐོལ་ཁུ་བ་དང་སྦྱར་བར་བསྟན་པར་རྒྱུད་དུ་དེ་སྟེང་དུ་སྦྲང་རྩི་ཁ་སྣོན་གནང་ཡོད་པ་ནི་མན་ངག་གི་གནད་ཅིག་ཏུ་ངེས།
སྦྱོར་བ་གཉིས་པ་ཤིང་ཀུན་སྦྱོར་བ་རྒྱུད་དུ་ཤིང་ཀུན་དང་། བཅའ་སྒ། སེ་འབྲུ། ཁ་རུ་ཚ། རུ་རྟ་བཅས་སྨན་རྒྱུ་ལྔ་ལས། ཤིང་ཀུན་དང་། བཅའ་སྒ། སེ་འབྲུ་གསུམ་མཚུངས་ལ་ཁ་རུ་ཚ་ལ་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པར་རྩབས་རུ་ཚ་དང་། བརྒྱད་པའི་རང་འགྲེལ་ལ་ཁ་རུ་ཚ་ཉིད་ཡིན་པས་རྒྱུད་དུ་རང་འགྲེལ་དང་མཐུན་པར་སྦྱར་བ། རུ་རྟ་ལ་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་དང་རང་འགྲེལ་གཉིས་ཀར་སྟར་བུ་འཁོད་ཡོད་པས་མཐུན་མེད། འོན་ཏེ་རུ་རྟས་རླུང་ཁྲག་དང་། གག་པ། ཤ་རོ་། གློ་བའི་ནད་སོགས་ལ་ཕན་ཞིང་། ནུས་པ་རྣོ་བས་སྐྲན་དང་བད་ཀན་བཤིག་པ་བྱེད་པ་དང་། སྟར་བུར་ཡང་གློ་ནད་སེལ་བ་དང་། ཁྲག་འཇུ་བ། བད་ཀན་གཅོད་པ་སོགས་ནུས་པ་རུ་རྟ་དང་འདྲ་ལ་ལྷག་པར་དུ་རུ་རྟར་རླུང་སེལ་བའི་ནུས་པ་ཡང་ལྡན་པ་མ་ཟད། སྟར་བུ་བསིལ་ལ་རུ་རྟ་དྲོད་ཡིན་ཕྱིར་ས་མཐོའི་ངད་ཅན་གྲང་བའི་ཡུལ་དང་མཐུན་པ་སོགས་ཀྱི་ཕྱིར་རྗེ་བཙུན་གཡུ་ཐོག་པས་ཡུལ་དུས་སོགས་དང་བསྟུན་ནས་བརྗེ་བསྒྱུར་མཛད་དེ་སྨན་ནུས་གོང་མཐོར་གཏོང་གནང་མཛད་པར་མཐོང་། རླུང་ནད་ཨཝརྟ་ན་མཁྲིས་པ་དང་འདྲེས་པར་སྣ་སྨན་དང་ཁྲུས་ཀྱི་བཅོས་ཐབས་ཡན་ལག་བརྒྱད་པའི་གཞུང་འགྲེལ་ཁག་ཏུ་མ་བསྟན་པས་རྒྱུད་ཀྱི་ཐུན་མོང་མ་ཡིན་པའི་དགོངས་པ་ཡིན་ནོ། །
གཙང་སྟོད་ཟིན་ཏིག་ཡང་ཐིག་དུ། རླུང་ནད་ཨ་བ་ཏ་ལ་ནི། །ཤ་ཟའི་བཙོ་མར་ཤ་ཁུ་རྩབས། ། འོ་བུར་སྦྱར་བ་བྱིན་པར་བྱ། སྣ་བཤལ་འབའ་ཆ་སྣུམ་བཞིས་བདུག ། ཅེས་ནད་འདིར་ཤ་ཟའི་བཙོ་མར་ཏེ་གཞུང་དེ་ཉིད་ལས། སྤྱང་ཀིའི་རུས་ཁུ་ཕུལ་གང་ལ།། ལོ་མར་ཆང་བཟང་བཞི་ཕུལ་རེ།། བསྐོལ་བར་སྙིང་ཞོ་ཤ་ནི་བདུན། ཤ་ཆེན་དྲོད་སྨན་ཚོགས་ཚད་བཏབ། ཤ་ཟའི་བཙོ་མར་ཞེས་བྱ་སྟེ། །དྲན་ཉམས་ལ་སོགས་རླུང་ནད་སེལ། ། ཞེས་པ་ལྟར་བི་ཏ་རའི་སྡེའི་སྨན་སྡེ་རྣམས་ཤ་ཟའི་བཙོ་མར་དང་བརྗེ་གནང་མཛད་པ་ལས་སྨན་སྦྱར་གཞི་ཤ་ཁུ། རྩབས། འོ་མ། བུ་རམ་རྣམས་ནི་རྒྱུད་ཀྱི་རྒྱ་ཤུག་སྦྱོར་བ་གཉིས་པའི་སྦྱོར་ཚུལ་དང་མཐུན་པ། དེ་བཞིན་དུ་སྣ་བཤལ་གཏོང་བ་དང་། འབའ་ཆ་དང་སྣུམ་བཞིའི་དུགས་བྱ་བ་བཅས་ལག་ལེན་སྤྱིར་ན་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་དང་མཚུངས་པ་ཡིན།
གཉིས། འབུམ་ཁུ་ཚུར་གྱི་ལུགས་ཀྱི་བཅོས་ཐབས།
འབུམ་ཁུ་ཚུར་ལས། དེ་ལ་སྔར་གྱི་འཇམ་རྩི་དང་། རྩ་ཁྲུས་ཀྱིས་གསོ་བར་བྱས་རྗེས། ནུ་མའི་འོག་ཐུར་ཏུ་བརྒྱུག་པའི་རླུང་གསང་བུག། ཁོང་དུ་སྒོག་སྐྱ་དང་ཨ་གར་བརྒྱད་པ་སྦྱར་བའི་སྨན་མར་གཏང་། ཨ་ཀ་རུ་དང་ཛཱ་ཏི་སྙིང་ཞོ་ཤ། ཅུ་གང་སྤོས་དཀར་རུ་རྟ་ཨ་རུ་ར། །ན་ག་གེ་སར་ཀ་ར་གསུམ་འགྱུར་སྦྱར། །དེ་ཡིས་ངེས་པར་འཚོ་བར་འགྱུར། །ཞེས་པ་གསལ་བ་པོད་དམར་ལས་ཀྱང་མཐུན་པ་བྱུང་བ་ལྟར། ཐུར་སེལ་རླུང་འགག་པ་སེལ་བའི་དོན་དུ་འཇམ་རྩི་དང་། འབུམ་ཁུ་ཚུར་ལས་རླུང་ལྔ་ནང་འདྲེས་སམ། འོན་ཏེ་གཞན་དང་འདྲེས་ནས་ཕྱིར་འགྲམས་ན། །རྩ་ཁྲུས་ཀྱིས་སྦྱང་བར་བྱ།ཞེས་པ་ལྟར་ཐུར་སེལ་དང་ཁྱབ་བྱེད་འདྲེས་པ་སེལ་བའི་ཕྱིར་རྩ་ཁྲུས་གཉིས་སྔོན་དུ་སོང་བའི་རྗེས་ནུ་མའི་འོག་ཐུར་དུ་རྒྱུག་པའི་རླུང་གསང་དབུག་པ་སྟེ་འདིའི་ཚད་འཇལ་ཐབས་སོགས་མ་གསལ་རུང་། དབུགས་ཞེས་པའི་ཚིག་ལས་ཐུར་གསང་ཞིག་ཡིན་པར་མངོན་པས་སྙིང་རྩེའི་ཐུར་གསང་མིན་ནམ་སྙམ་རུང་གསང་དེ་ནི་སྙིང་གི་ཆུ་སེར་དབྱུང་སའི་གསང་ཡིན་པ་ལས་རླུང་ལ་ཕན་པའི་སྐོར་གྱི་ཡིག་ཆ་མ་རྙེད། སྒོག་སྐྱ་ཨ་གར་བརྒྱད་དང་སྦྱར་བའི་སྨན་མར་ལས་ཨ་གར་བརྒྱད་པ་ནི་རྒྱུད་ཀྱི་ཨ་གར་བརྒྱད་པ་ཡིན་པ་ཨ་གར་བརྒྱད་པའི་སྦྱོར་བ་མཉམ་དུ་བཀོད་པ་ལས་ཤེས་ཐུབ།
བཅོས་ཐབས་དེ་གཉིས་ཀྱི་མཐུན་པའི་ཆ་ནི། བུ་གའི་ཉེས་པ་སེལ་བ་དང་ཐུར་སེལ་དང་ཁྱབ་བྱེད་རླུང་འཁྲུགས་པ་ཞི་བར་བྱ་བ་ཏེ་གསོ་ཚུལ་ལམ་གསོ་ཐབས་ཀྱི་རྩ་དོན་མཐུན་པ་དང་། མི་མཐུན་པའི་ཆ་ནི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་ལུགས་སུ་ཐོག་མར་སྣུམ་དུགས་དང་སྣ་སྦྱོང་ཀྱིས་དབུགས་རྒྱུ་བའི་བུ་ག་བསལ་ནས་ནད་གཞི་ཚབས་ཆེར་མི་འགྱུར་བ་དང་། ནད་མི་བྱེར་བའི་ཐབས་བྱས་རྗེས། ཐུར་སེལ་རླུང་ལོག་པ་དང་ཁྱབ་བྱེད་འཁྲུག་པ་ཞི་བའི་བཅོས་རྣམས་ལ་འཇུག་པ་དང་། འབུམ་ཁུ་ཚུར་ལྟར་ན། སྔོན་ལ་ཐུར་སེལ་འགག་པ་བསལ་ཞིང་། རླུང་འདྲེས་པ་ཕྱེ་ཟིན་རྗེས་རླུང་རོ་རྣམས་ཐུར་མས་ལུས་ཀྱི་ཕྱིར་དབྱུང་བ། དེ་རྗེས་ཁྱབ་བྱེད་རླུང་འཁྲུག་པ་བཅོས་དགོས་པར་བསྟན་པ་དེ་ཡིན་འདུག་ཕྱིར། རང་གི་འདོད་པ་ལྟར་ན་ནད་སྟོབས་ཆེ་བའི་སྐབས་སུ་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་གསོ་ཚུལ་དེ་བསྟེན་ན་ལེགས་པ་དང་། ནད་སྟོབས་མི་ཆེ་བའི་སྐབས་འབུམ་ཁུ་ཚུར་གྱི་དགོངས་པ་བཞིན་གསོ་བཅོས་བྱས་ན་ལེགས་པར་མཐོང་།
གཞན་དུ་ནད་ཀྱི་འགྱུར་ཚུལ་ལ་གཞིགས་ན་ཐུར་སེལ་རྒྱུ་བ་ལོག་པ་སེལ་བའི་ཞི་བྱེད་དྲུག་པ་ལ་སོགས་པའི་སྨན་སྦྱོར་དང་། རླུང་ལོག་ལ་ཕན་པའི་ཨན་སྟོང་ཚིགས་པ་དང་པོ་དང་། རླུང་ལོག་ཐུར་དུ་འབེབས་པའི་གསང་རྐང་པའི་རྒྱུ་གསང་དང་། རྩིབ་ཐུང་གི་གསང་། གཞུག་གུ་ཆུང་གི་རྩེ་མོ་བཅས་ལ་དབྱུག་བཅོས་སོགས་ཀྱང་ནད་གཞི་འདིར་ཕན་སྲིད་སྙམ་པས་དཔྱོད་ལྡན་རྣམས་ཀྱི་དཔྱད་པར་འཚལ།
ལྔ་པ། རླུང་ནད་ཨ་ཝརྟ་ན་དེང་རབས་གསོ་རིག་གི་ནད་གང་དང་སྦྱར་ན་འཐད་པའི་སྐོར།
གཅིག གཞན་ལུགས་འགོད་པ།
རླུང་ནད་ཨ་ཝརྟ་ན་ཉེ་བའི་དུས་ཡུན་རིང་པོའི་ནང་དུ་ནད་ཐོག་ནང་དུ་དངོས་སུ་བེད་སྤྱོད་མཛད་མཁན་ཕལ་ཆེར་མཐོང་རྒྱུ་མེད་པས་དེང་གི་ཆར་ནད་གཞི་དེ་གང་ཡིན་ངོས་བཟུང་མཁན་ཆེས་དཀོན་ལ་རྒྱུད་གཞུང་རྒྱ་འགྱུར་མ་དང་། སྨན་ཁང་འགའི་ནད་དེབ་ཀྱི་ནད་མིང་སྦྱར་ཚུལ་སོགས་ལ་དེང་རབས་གསོ་རིག་དང་སྦྱར་བ་འགའ་ཡོད་པ་ལས་ལི་ཡུང་ཉན་གྱིས་བསྒྱུར་གནང་མཛད་པའི་རྒྱུད་བཞི་རྒྱ་བསྒྱུར་མར་ནད་ཀྱི་དབྱེ་བའི་སྐབས་སུ་(朗症哮喘)དང་རྟགས་དང་བཅོས་ཐབས་ཀྱི་སྐབས་སུ་(朗症哮喘佝偻病)ཞེས་མིང་མི་འདྲ་བ་གཉིས་ཐོན་ཡོད་ལ་དང་པོ་ལྟར་ན་དེང་རབས་གསོ་རིག་གི་ཧར་འཚངས་ (哮喘)ནད་དང་སྦྱར་ཡོད་ལ། ཕྱི་མ་ལྟར་ན་ཧར་འཚངས་ནད་དང་སྒུར་ནད་(佝偻病)གཉིས་དང་སྦྱར་ཡོད། མའོ་ཤུས་ཛུའུ་སོགས་ཀྱིས་བསྒྱུར་བའི་རྒྱུད་བཞི་རྒྱ་བསྒྱུར་མར་(胸喘病)ཞེས་ནད་མིང་གསར་དུ་བཏགས་པ་ལས་ཕྱི་ལུགས་ནད་དང་ཐད་ཀར་སྦྱར་མེད། གཞན་དུ་སྨན་ཁང་འགའ་ཞིག་གིས་ཀེ་ལེན་-པ་རི་རྟགས་འདུས་(吉兰-巴雷综合症)ཞེས་པའི་ནད་དུ་ངོས་འཛིན་མཛད་མཁན་ཡང་ཡོད་འདུག་པ་བཅས་ལ་རེ་རེ་བཞིན་དབྱེ་ཞིབ་བྱས་པ་གཤམ་གསལ།
༡ ཧར་འཚངས་ནད་(哮喘)དང་རླུང་ནད་ཨ་ཝརྟ་ན།
ཧར་འཚངས་ནད་ནི་མི་རྒྱུད་རང་བཞིན་དང་། མི་འཕྲོད་པའི་རྒྱུ། དེ་མིན་དུ་བ་འཐེན་པ་གང་རུང་དབང་གིས་དབུགས་ལམ་ལ་དལ་གཤིས་ཀྱི་གཉན་ཚད་ཡུན་རིང་བྱུང་བའི་ནད་རིགས་ཤིག་ཡིན། ནད་རྟགས་ལ་དབུགས་འབྱིན་ལེན་མི་བདེ་བའི་དབང་གིས་དབུགས་ཧལ་བ་དང་དབུགས་ཐུང་བ། བྲང་བསྡམ་པ། གློ་ལུ་བ་སོགས་ཀྱི་ནད་རྟགས་དང་ལྡན་ཞིང་། ནད་མཐུ་བའི་སྐབས་སུ་ཙོག་བུར་སྡོད་དགོས་པ། གློ་ལ་ཡང་ལུད་པ་མེད་པའམ་ཡང་ན་ལུད་པ་ལྦུ་སོབ་ཅན་ལུ་བའི་རྟགས་དང་ལྡན་ཡོད། དེ་དང་རླུང་ནད་ཨ་ཝརྟ་ནའི་དབར་ནད་ཀྱི་རྒྱུའམ་སློང་རྐྱེན་དང་འབྲེལ་བ་ཆེར་མེད་པ་དང་། ནད་རྟགས་ལ་མཐུན་པའི་ཆ་དབུགས་འབྱིན་རྔུབ་དཀའ་བར་འགྱུར་བ་དང་། དབུགས་རྔམ་པ་གཉིས་མཐུན་པ་དང་། མི་མཐུན་པའི་ཆ་ལ་ཧར་འཚངས་ནད་ལ་གློ་ལུ་བ་དང་ལུད་པ་ཡོད་ཀྱང་རླུང་ནད་ཨ་ཝརྟར་མེད་པ། དེ་བཞིན་དུ་རོ་སྟོད་སྒུར་བ་དང་འཁུན་པ་མགོ་ན་བ་སོགས་ཨ་ཝརྟ་ནའི་ནད་རྟགས་ཕལ་མོ་ཆེ་མེད་པར་མངོན་པ། ལྷག་པར་དུ་རླུང་ནད་ཨ་ཝརྟ་སྦྲུམ་བཙས་རྗེས་དང་། ཁྲག་མང་ཟགས་པ་ལས་ན་བར་གསུངས་པས་རྒྱུ་འདི་གཉིས་ཀྱིས་ཧར་འཚངས་ནད་བསྐྱེད་པའི་རྒྱུ་མི་བྱེད་པ་བཅས་མི་མཐུན་སྐྱོན་ལྡན་ཡོད།
༢ སྒུར་ནད་(佝偻病) དང་རླུང་ནད་ཨ་ཝརྟ་ན།
སྒུར་ནད་ནི་བྱིས་པ་སོགས་ལུས་འཚར་ལོངས་ཡོང་བའི་གནས་སྐབས་སུ་འཚོ་རྒྱུ་D (维生素D)མི་འདང་བའི་དབང་གིས་ཀལ་(钙)དང་ལིན་(磷)གཉིས་ཀྱི་བརྗེ་ཚབ་ནུས་པ་འཁྲུག་པ་ལས་རུས་པར་ནད་འགྱུར་གྱི་རྣམ་པ་མངོན་པའི་ལུས་ཡོངས་ཀྱི་དལ་བའི་འཚོ་བཅུད་རང་བཞིན་གྱི་ནད་རིགས་ཤིག་ཡིན། ནད་གཞི་དེས་མགོ་རུས་དང་། སྒལ་ཚིགས། བྲང་རུས། ཡན་ལག་རུས་པ་སོགས་ཀུན་ལ་ནད་འགྱུར་འབྱུང་ནས་རྣམ་པ་གཞན་དུ་བྱེད་པ་ཞིག་ཡིན། ནད་གཞི་འདི་དང་རླུང་ནད་ཨ་ཝརྟ་ན་གཉིས་ལ་ནད་ཡུན་གྱིས་བསྡུར་ན། ནད་འདིའི་ནད་ཡུན་ཧ་ཅང་རིང་ལ་མཐར་ལུས་ངན་དུ་འགྱུར་འགྲོ་བ་དང་། ་རླུང་ནད་ཨ་ཝརྟ་ན་ནི་ཐུར་སེལ་རླུང་འགག་པ་གྱེན་དུ་སོང་ནས་སྙིང་གི་གནས་སུ་ཁྱབ་བྱེད་དང་འདྲེས་པའི་གནས་སྐབས་སུ་ན་ཞིང་། ཐུར་སེལ་རླུང་སྙིང་གི་གནས་དང་བྲལ་ཚེ་སྐད་གཅིག་ནད་མེད་པར་བདེ་བར་བྱེད་པར་རང་འགྲེལ་དུ་གསལ་བ་ལྟར་ནད་འདིའི་ནད་ཡུན་ཐུང་བས་མི་མཐུན་པ། ནད་རྟགས་ལ་སྒུར་ནད་ལ་རོ་སྟོད་སྒུར་བ་དང་རླུང་གིས་སྒུར་པོར་བསྡུས་པ་གཉིས་འདྲ་བ་ཙམ་ལས་དེ་མིན་གྱི་མཐུན་པའི་ནད་རྟགས་མེད་པ། ནད་ཀྱི་རྒྱུ་ལ་ཡང་མཐུན་པའི་ཆ་མེད་པ་བཅས་ནད་འདི་གཉིས་རིགས་མི་གཅིག་པའི་ནད་མི་འདྲ་བ་གཉིས་ཡིན་པ་མངོན་གསལ་ཡིན།
༣ ཀེ་ལེན་-པ་རི་རྟགས་འདུས་(吉兰-巴雷综合症)དང་རླུང་ནད་ཨ་ཝརྟ་ན།
ཀེ་ལེན་-པ་རི་རྟགས་འདུས་ནི་མཐའ་འཁོར་དབང་རྩ་དང་(周围神经) །དབང་རྩའི་རྩ་བའི་(神经根) རྒྱུངས་ཤུབས་(髓鞘)བུད་པ་དང་ཁྲག་རྩ་ཆུང་ངུར་གཉན་ཁའི་ཕྲ་ཕུང་གི་གནོད་པ་བྱུང་བའི་ཁྱད་ཆོས་དང་ལྡན་པའི་རང་ལུས་རིམས་ཐར་རང་བཞིན་(自身免疫性) གྱི་མཐའ་འཁོར་དབང་རྩའི་ནད་རིགས་ཤིག་ཡིན། ནད་དེ་ནད་ཐོག་ནང་དུ་རྒྱུན་དུ་མཐོང་དཀོན་ལ་ནད་ཕོག་ན་འཕེལ་མགྱོགས་པ། རྟགས་སུ་རྐང་གཡས་གཡོན་ཆ་འགྲིག་གིས་ཤ་གྲིམས་ལ་ཤུགས་མེད་པ་དང་། ན་བ་དང་སྦྲིད་པ་ཚ་ཙག་བྱེད་པ་སོགས་ཚོར་བ་རྒྱུན་ལྡན་མ་ཡིན་པར་འགྱུར་འགྲོ་བ། རིམ་བཞིན་བྱང་ཁོག་དང་། ལག་པ། མགོ་བོ་སོགས་ལ་ནད་རྟགས་ཁག་ཐོན་འགྲོ་བ་ཞིག་ཡིན་པ་དང་། ཤ་གྲིམས་ལ་ཤུགས་མེད་པའི་དབང་གིས་དབུགས་འབྱིན་ལེན་དཀའ་བར་ཡང་འགྱུར་འགྲོ་བ། སྙིང་གཡུགས་མགྱོགས་པ། པགས་པ་དམར་ཚར་འགྱུར་བ། རྔུལ་མང་བ་སོགས་ཀྱི་རྟགས་དང་ལྡན། ནད་འདི་དང་རླུང་ནད་ཨ་ཝརྟ་ཏ་གཉིས་ལ་དབུགས་འབྱིན་ལེན་དཀའ་བའི་བརྟག་མཐུན་རུང་། ནད་འདི་ནི་ཤ་གྲིམས་ཀྱི་ནུས་པ་ཉམས་ནས་འགུལ་བསྐྱོད་དཀའ་བའི་རྟགས་གསལ་ཞིང་། ཨ་ཝརྟ་ནར་སྒུར་པོས་བསྡུས་པ་དང་། མིག་ཧར་བ་སོགས་ཤ་གྲིམས་གྱི་ནུས་པ་རྒྱས་པའི་རྟགས་ཡོད་པ་མ་ཟད། འཁུན་པ། སྙིང་དང་རྩིབ་ལོགས་གཟེར་བ་སོགས་ལས་དེ་མིན་གྱི་གནས་གཞན་ལ་མི་བདེའི་བརྟག་མངོན་གསལ་མེད་པས་ད་དུང་དཔྱད་དགོས་པར་སྣང་།
གཉིས། རང་གི་འདོད་ཚུལ།
སྤྱིར་ན་བོད་ཀྱི་གསོ་བ་རིག་པ་དང་དེང་རབས་གསོ་བ་རིག་པ་གཉིས་ནི་རྨང་གཞིའི་རིག་གཞུང་ཡོངས་སུ་ཐ་དད་པའི་རིགས་གཞུང་གཉིས་ཡིན་ཕྱིར་ནད་གཞིའི་ངོས་འཛིན་དང་། གསོ་བཅོས་བྱ་ཐབས་སོགས་ལ་ཕན་ཚུན་བསྡུར་དུ་མེད་པ་ཞིག་ཡིན་རུང་གསོ་རིག་གཉིས་ཀ་མིའི་ལུས་ཀྱི་ནད་གསོ་བའི་དམིགས་ཡུལ་གཅིག་པ་ཡིན་པ་དང་། ཕྱོགས་མཐུན་པའི་ནད་གཞི་ཡང་ཡོད་པ། དེང་གི་ཆར་སྨན་བཅོས་འགན་བཅོལ་སོགས་ལ་ཕྱི་ལུགས་ཀྱི་ནད་མིང་ངེས་པར་དུ་དགོས་པའི་དབང་གིས་རང་གི་འདོད་ཚུལ་ཅུང་ཟད་ཙམ་བཀོད་པར་བྱ་བ་ལ་ཐོག་མར་རླུང་ནད་ཨ་ཝརྟ་ན་དེང་དུས་གསོ་རིག་ཀྱི་ནད་ཁོངས་གང་དང་འདྲ་བ་གཏན་འཁེལ་མ་བྱས་ཚེ་གཞུང་གཉིས་ཀྱི་ནད་འདྲ་བ་འཚོལ་བར་དཀའ་བར་མཐོང་བས་རླུང་ནད་ཨ་ཝརྟ་ན་ནི་ནད་ཀྱི་དལ་མྱུར་གཉིས་ལས་མྱུར་བའི་རང་བཞིན་གྱི་ནད་གཞི་ཞིག་ཡིན་པ་ནི། ནད་ཀྱི་རྒྱུ་ལ་གཞིགས་ན་རོ་སྨད་དུ་འགག་པའི་རླུང་གྱེན་དུ་སོང་ནས་ཁྱབ་བྱེད་རླུང་དང་འདྲེས་པ་ཡིན་ཕྱིར་། ཐུར་སེལ་རླུང་དེ་འཕེལ་ཟད་འཁྲུག་གསུམ་དང་རྒྱུ་བ་ལོག་པ་སོགས་ཇི་ལྟར་འགྱུར་ཡང་ཁྱབ་བྱེད་མ་འདྲེས་པའི་གནས་སྐབས་སུ་རླུང་ནད་ཨ་ཝརྟ་ན་མ་ཡིན་ལ། འདྲེས་རྗེས་ཀྱི་སྐད་ཅིག་དེ་ནས་ཨ་ཝརྟ་ནའི་ནད་དུ་འགྱུར་བ་ཡིན་པ་ནི་རང་འགྲེལ་ལས། གལ་ཏེ་རླུང་ནད་གཞན་དབང་ཅན་དེ་སྙིང་གི་གནས་དང་རེ་ཞིག་བྲལ་བ་ལྟ་ན་ནི། སྐད་ཅིག་ནད་མེད་ཅིང་བདེ་ལ། རླུང་དེ་སླར་ཡང་སྙིང་ལ་ཞུགས་ན། ནད་སྔ་མ་ལྡང་བར་འགྱུར་རོ། །ཞེས་ལྟར་རླུང་ནད་ཨ་ཝརྟ་ནར་ནད་གསོག་པའི་གནས་སྐབས་མེད་པ་ལྟ་བུ་ཞིག་ཡིན་པས། ནད་ལྡང་མྱུར་བ་ཡིན་པར་གསལ་བ། ནད་རྟགས་ལ་ལྟོས་ན་འཁུན་པ་དང་། མིག་ཧར་བ། དབུགས་འབྱིན་དཀའ་བ། དྲན་པ་ཉམས་པ་ལྟ་བུ་ནད་ལྡང་མྱུར་བའི་རྟགས་ཕལ་ཆེ་བ་ཡིན་པའི་ཕྱིར་ནད་གཞི་དེ་ཉིད་མྱུར་བའི་རང་བཞིན་གྱི་ནད་རིགས་ཤིག་ཡིན་པར་ངེས་པ།
ནད་གཞིའི་གནས་ནི། ནད་ཀྱི་རྒྱུ་ཐུར་སེལ་རླུང་གྱེན་དུ་སྟེ་ལུས་སྟོད་དང་སྙིང་གི་བུ་གར་བཞུགས་པ་ཡིན་པ་དང་། དབུགས་འབྱིན་རྔུབ་དཀའ་བ་དང་། འཁུན་པ། དྲན་མེད་བརྒྱལ་བ་སོགས་ཀླད་པར་དབྱངས་རླུང་མ་འདངས་བའི་རྟགས་མངོན་གསལ་དུ་ཡོད་པ། དེ་བཞིན་དུ་སྙིང་དང་རྩིབས་ལོགས་ན་བ། ལྷག་པར་དུ་མངལ་འཇིག་པའི་རྗེས་དང་། ཁྲག་ཤོར་བའི་རྗེས། ལུས་བསྣད་པའི་རྗེས་སོགས་ལ་ནད་འདི་ན་བ་ལྟར་ན། ཟུངས་ཁྲག་གི་འཁོར་བསྐྱོད་དང་། སྙིང་། གློ་བ་གང་རུང་གི་ནད་འགྱུར་དང་འབྲེལ་བ་ཡོད་པར་ངེས་པ་ཞིག་ཡིན་པར་མཐོང་བས་རང་གི་འདོད་ཚུལ་གཤམ་གསལ་ལྟར།
༡ གློ་བ་རེངས་འགགས།(肺栓塞)
ཁྲག་གི་འཁོར་རྒྱུན་ཆེ་བའི་ནང་གནས་པའི་ཁྲག་རྩ་འགག་རྫས་གང་རུང་ཁྲག་རྩ་བརྒྱུད་གློ་བའི་འཕར་རྩའམ་དེའི་ཡལ་ག་ནང་དུ་འཁར་འགག་འབྱུང་ནས་གློ་བའི་ཁྲག་གི་འཁོར་རྒྱུན་ལ་འགལ་རྐྱེན་འབྱུང་བའི་ནད་རིགས་ཤིག་ཡིན། ནད་དེའི་ནད་རྟགས་གཙོ་བོ་ནི་རྒྱུ་རྐྱེན་དམིགས་བསལ་མེད་པར་གློ་བུར་དུ་གདོང་མདངས་སྐྱ་བོར་འགྱུར་བ་དང་། གྲང་རྔུལ་བྱེད་པ། དབུགས་འབྱིན་ལེན་དཀའ་བ། བྲང་རྩིབ་ན་བ། གློ་ཆུང་ལུ་བ། རིམ་བཞིན་ཀླད་པར་དབྱངས་རླུང་མི་འདངས་བའི་རྟགས་སུ་སེམས་འཚབས་པ། ལུས་འདར་བ། དྲན་མེད་བརྒྱལ་བ་སོགས་ཀྱི་མངོན་རྟགས་ཡོད་པ་ཞིག་ཡིན། ནད་དེ་མང་ཆེ་བ་རྐང་པའི་ཁྲག་རྩ་སོགས་ལ་གནས་པའི་ཁྲག་རེངས་དུམ་བུ་འགོག་ནས་རྩ་ལམ་བརྒྱུད་སྙིང་དང་། དེ་ནས་གློ་བའི་འཕར་རྩའི་ནང་དུ་འགག་པ་ཞིག་ཡིན་པ་དང་། དེ་མིན་བྱིས་པའི་མགོ་ཆུ་རྩ་ལམ་ནང་དུ་ཤོར་བ། ཚིལ་རྡོག་དང་། མཁའ་རླུང་། རྨས་སྐྱོན་བྱུང་རྗེས་རྨ་ཁའི་ཆ་ཤས་ཆུང་ངུ་སོགས་རྩ་ལམ་དུ་བཞུགས་ནས་གློ་བར་སོང་བས་ནད་འདི་བསྐྱེད་པར་བྱེད་པ་ཡིན།
ཁྲག་རྩའི་ནང་དུ་ཁྲག་རེངས་ཆགས་པའི་རྒྱུ་གཙོ་བོ་ནི་ཁྲག་གི་འཁོར་བསྐྱོད་དལ་དུ་སོང་བ་དང་། ཁྲག་བཀག་རྐྱེན་ཆ་(凝血因子)ནུས་པ་མཐོ་རུ་སོང་བ། ཁྲག་རྩའི་ནང་ངོས་ཀྱི་སྐྱི་པགས་རྨས་པ་སོགས་ཡིན། ཐུར་སེལ་རླུང་བསྐྱེད་པའི་རྒྱུ་སྟན་གཅིག་ལ་ཡུན་རིང་འདུག་པ་དང་ཁྱོགས་ཏེ་དེང་གི་རླངས་འཁོར་ལ་སོགས་པར་ཡུན་རིང་འདུག་པས་ཁྲག་གི་འཁོར་རྒྱུག་དལ་དུ་འགྲོ་བའི་རྒྱུ་རྐྱེན་བྱེད་པ་དང་། མི་སྲུན་པ་བཞོན་པས་བརླ་ནང་གི་རྩ་གནན་པའི་དབང་གིས་གཅིག་ནས་རྐང་པའི་ཁྲག་གི་འཁོར་རྒྱུན་དལ་དུ་འགྲོ་བ་དང་། གཉིས་ནས་བརྡབ་པ་ལ་སོགས་པའི་དབང་གིས་ཁྲག་རྩའི་ནང་སྐྱི་རྨས་པས་ཁྲག་རེངས་ཆགས་སླ་བ། དེ་བཞིན་དུ་རྟ་བཞོན་པ་དང་འཁྱོག་ཀྱིས་བཀྲུག་པས་ཁྲག་རེངས་དུམ་བུ་འགོག་པར་བྱེད་པ་སོགས་ཁྲག་རེངས་ཆགས་པ་དང་འགོག་པར་བྱེད་པའི་རྒྱུ་དང་མཐུན་ཆ་ཆེ་བ་དང་། དེ་བཞིན་དུ་བྱིས་པ་འཆི་བའམ་བཙས་པ་སོགས་ཀྱི་སྐབས་བྱིས་པའི་མགོ་ཆུ་ཁྲག་གི་ནང་དུ་ཕྱིན་ནས་གློ་བ་རེངས་འགག་ཀྱི་ནད་ན་བར་བྱེད་པས་མཐུན་པ། དེ་བཞིན་དུ་ཁྲག་ཤོར་བའི་སྐབས་གཅིག་ནས་ཁྲག་གི་འཁོར་རྒྱུན་དལ་དུ་འགྲོ་བ། རྩ་རལ་བས་རྩའི་ནང་སྐྱི་རྨས་པ། དེ་བཞིན་དུ་ལུས་ཀྱི་ཁྲག་ཤོར་བའི་སྐབས་ཁྲག་བཀག་རྐྱེན་ཆའི་ནུས་པ་མཐོ་རུ་འགྲོ་བ་སོགས་ཁྲག་རེངས་ཆགས་པའི་ཆ་རྐྱེན་ཚང་ཡོད་པ། སྣད་པའི་སྐབས་སུ་ཁྲག་རྩ་ནང་སྐྱིར་སྐྱོན་ཕོག་པ་དང་། གལ་ཏེ་རུས་པ་ཆག་པ་སོགས་འགུལ་བསྐྱོད་མ་ཐུབ་པར་ཉལ་དགོས་ཚེ། ཁྲག་རེངས་ཆགས་སླ་བ། དེ་མིན་ཕྱི་མ་གཉིས་ཀྱིས་ཚིལ་རྡོག་དང་། མཁའ་རླུང་། རྨས་སྐྱོན་བྱུང་རྗེས་རྨ་ཁའི་ཆ་ཤས་ཆུང་ངུ་སོགས་རྩ་ལམ་དུ་བཞུགས་པའི་ཉེན་ཁ་ཆེ་བ་བཅས་ཡོད་པས་ནད་དེ་གཉིས་ཀྱི་རྒྱུ་རྐྱེན་དབར་ལ་མཐུན་པའི་ཆ་མང་དུ་ཡོད་པ།
ནད་རྟགས་ལ་ཡང་དབུགས་འབྱིན་ལེན་དཀའ་བ་དང་། བྲང་གཟེར་བ། དངོས་སུ་མ་བསྟན་ཀྱང་ཀླད་པར་དབྱངས་རླུང་མ་འདངས་བས་མིག་ཧར་བ། ན་ཟུག་ཆེ་བས་རོ་སྟོད་དགྱེ་མི་ནུས་པ། དེ་བཞིན་དུ་དྲན་པ་ཉམས་པ་སོགས་གཞུང་དུ་བསྟན་པའི་རླུང་ནད་ཨ་ཝརྟ་ནའི་ནད་རྟགས་རྣམས་ཕལ་ཆེར་ཚང་བར་ཡོད་པ་ཡིན།
༢ ཧྲོ་ཁི། (休克)
འདི་ནི་ནད་རྐྱེན་དྲག་པོས་ལུས་ཀྱི་ཟུངས་ཁྲག་གི་རྒྱུ་ཚད་མངོན་གསལ་གྱིས་ཉུང་དུ་སོང་བའི་དབང་གིས་ཚེ་སྲོག་དང་དོན་སྣོད་ལ་ཉེན་ཁ་བཟོ་བའི་ཕྱོགས་བསྡུས་རང་བཞིན་གྱི་ནད་རྟགས་ཤིག་ཡིན། ཧྲོ་ཁི་ཐོག་མའི་སྐབས་སུ་སེམས་འཚབ་འཚུབ་བྱེད་པ་དང་། ངོ་གདོང་དཀར་བ། སྙིང་གཡུགས་མགྱོགས་སུ་འགྲོ་བ། དབུགས་རྔམ་པ། གྲང་རྔུལ་བྱེད་པ། ཁྲག་ཤེད་ཆག་འགྲོ་བ་སོགས་ཀྱི་རྟགས་ཡོད་པ་དང་། དེ་ནས་རིམ་བཞིན་དྲན་པ་མི་གསལ་བ། འཁུན་པ། ཡན་ལག་གི་དྲོད་ཤོར་འགྲོ་བ། རིམ་བཞིན་གློ་བ་དང་སྙིང་གི་ནུས་པ་ཤོར་ནས་དབུགས་འབྱིན་ལེན་དཀའ་བ་སོགས་ཀྱི་རྟགས་ཐོན་པས་རླུང་ནད་ཨ་ཝརྟ་ནའི་ནད་གཞིའི་བརྒྱུད་རིམ་དང་ཕལ་ཆེར་མཐུན་པ། རོ་སྟོད་སྒུར་བ་མེད་པ་ལྟར་དུ་སྣང་རུང་། ནད་པ་དབུགས་འབྱིན་ལེན་ལེགས་པོ་མ་ཐུབ་པའི་སྐབས་རོ་སྟོད་སྒུར་ནས་འབྱིན་ལེན་བྱེད་པ་ནད་ཐོག་ཏུ་མཐོང་མང་བ། དེ་བཞིན་དུ་ནད་གཞི་འདི་ན་ཟུག་དྲག་པོ་འབྱུང་བ་དང་། ཁྲག་མང་དུ་ཤོར་བ་སོགས་ལ་ན་མཁན་མང་དུ་ཡོད་པ་ཡང་མཐུན་པ་ཡིན་འདུག། འོན་ཏེ་སྙིང་དང་རྩིབ་ལོགས་ལ་ཟུག་པའི་རྟགས་ཡོད་པ་མ་གསལ། ཧྲོ་ཁི་ནི་དེང་རབས་གསོ་རིག་གིས་ནད་རིགས་གཞན་དང་མཉམ་དུ་འབྱུང་བའི་ནད་རྟགས་ཤིག་ཡིན་པ་ལས་ནད་ངོས་དངོས་མིན་རུང་གོང་འཁོད་ཀྱི་བུ་འཇིག་པ་དང་། ཁྲག་མང་ཤོར་བ། རྨས་སྐྱོན་ཕོག་པ་གསུམ་ཀར་མཐོང་རྒྱུ་ཡོད་པའི་ཕྱོགས་བསྡུས་རང་བཞིན་གྱི་ནད་རྟགས་ཤིག་ཡིན་པ་དང་། རླུང་ནད་ཨ་ཝརྟ་ན་ཡང་ནད་དེ་དག་གི་རྗེས་སུ་ཡང་ཐོན་པར་གསུངས་ཡོད་པ་སོགས་འདྲ་བའི་ཆ་མང་དུ་ལྡན་པས་འདིར་བཀོད།
དེ་མིན་འཚོ་བའི་ནང་དུ་འཁྲུག་རྩོད་སོགས་ང་རྒྱལ་དང་ཁོང་ཁྲོ། སྡུག་བསྔལ་སོགས་དྲག་པོ་བྱུང་བའི་དབང་གིས་ཡན་ལག་རེངས་ཤིང་། དབུགས་འབྱིན་རྔུབ་དཀའ་བ། སྙིང་གྲངས་མགྱོགས་པ། ངུ་འཁུན་བྱེད་ལ་ཚབས་ཆེ་བར་དྲན་མེད་དུ་བརྒྱལ་བ་སོགས་ཀྱི་རྟགས་ལྡན་པའི་དམངས་ཁྲོད་དུ་རྒྱལ་པོ་སྲོག་རླུང་དང་། ཟླ་རྒྱལ་དང་ཉམས་ཡིག་འགར་རླུང་གིས་འབོག་པར་འཁོད་པ། དེང་རབས་གསོ་རིག་གི་སྨན་ཁང་ཁག་ནས་ཡིད་ནད་(癔病)དུ་འབོད་པ་འདི་ཡང་རླུང་ནད་ཨ་ཝརྟ་ན་དང་ཆ་འདྲ་བར་མཐོང་བ་བཅས་ནད་གཞི་གསུམ་ཙམ་རླུང་ནད་ཨ་ཝརྟ་ན་དང་མཐུན་པར་འདུག་སྙམ། འོན་ཏེ་བོད་ལུགས་གསོ་རིག་དང་དེང་རབས་གསོ་རིག་གི་རིག་གཞུང་དགོངས་པ་མ་མཐུན་པའི་ཕྱིར་བོད་ལུགས་གསོ་བ་རིག་པའི་ནད་གཞི་གཅིག་དེང་རབས་གསོ་རིག་གི་ནད་གཞི་ཁ་ཤས་ཡིན་སྲིད་ལ། ཡང་ཕྱི་ལུགས་གསོ་རིག་གི་ནད་གཞི་གཅིག་བོད་ཀྱི་གསོ་བ་རིག་པའི་ནད་གཞི་འགའ་ཡང་ཡིན་སྲིད་པས། གཞུང་རང་རང་གི་དགོངས་པ་བཞིན་ནད་ངོས་སོ་སོར་མ་ནོར་བར་འཛིན་དགོས་པ་ལས་ཕན་ཚུན་ཡིག་བསྒྱུར་ཙམ་དུ་རེ་ལྟོས་མཛད་ཚེ་བོད་ཀྱི་གསོ་རིག་འདི་ཉིད་ཉམས་པའི་རྒྱུར་འགྲོ་རྒྱུ་གདོན་མི་ཟའོ། །
མཇུག་བསྡུ་བ།
དེ་ལྟར་བོད་ཀྱི་གསོ་བ་རིག་པའི་གཞུང་རྙིང་ཁག་ལ་བསྟེན་ནས་རླུང་ནད་ཨ་ཝརྟ་ནའི་ནད་ཀྱི་ངོ་བོ་དང་དེའི་དབྱེ་བ། དེའི་གསོ་བཅོས་ཀྱི་ཁྱད་ཆོས་སོགས་ལ་ཅུང་ཟད་དཔྱད་པའི་འབྲས་བུར་ནད་དེའི་ངོ་བོ་ནི་ཐུར་སེལ་དང་ཁྱབ་བྱེད་འདྲེས་པའི་རླུང་ནད་ཅིག་ཡིན་པ་དང་། ནད་གཞི་དེ་དུས་ཀྱི་དབང་ནས་ཐུར་སེལ་རླུང་སྙིང་གི་བུ་གར་ཞུགས་པའི་གནས་སྐབས་དང་། ཁྱབ་བྱེད་དང་འདྲེས་ནས་ལུས་ཁྱབ་པའི་གནས་སྐབས། ནད་གཞན་དང་འདྲེས་པའི་སྒོ་ནས་རྐྱང་པ་དང་མཁྲིས་པ་དང་བཅས་པ་དང་། བད་ཀན་དང་བཅས་པ་ཏེ་དབྱེ་བ་གསུམ་དུ་ཕྱེར་རུང་བ། བུ་གའི་ཉེས་པ་སེལ་བ་དང་ཐུར་སེལ་དང་ཁྱབ་བྱེད་རླུང་འཁྲུག་པ་ཞི་བར་བྱ་བའི་སྒོ་ནས་གསོ་བཅོས་བྱ་དགོས་པ་སོགས་གཞུང་རྙིང་དགོངས་པ་གསལ་བར་བྱས་པ་དང་། དེ་མིན་ནད་འདི་ཉིད་ཕྱི་ལུགས་གསོ་རིག་ཀྱི་གློ་བ་རེངས་འགགས་སོགས་ནད་འགའ་དང་མཐུན་ཆ་ཆེ་བ་སོགས་རང་གི་ལྟ་བ་བཀོད་པ་སོགས་གངས་ལྗོངས་གསོ་རིག་འདི་ཉིད་མི་ནུབ་ཡུན་དུ་གནས་པར་རེ་ནས་དཔྱད་རྩོམ་འདི་ཉིད་སྤེལ་བ་ལགས་ཀྱང་། རང་ཉིད་སྐྱེས་སྦྱངས་ཀྱི་བློ་གྲོས་དམན་ལ་སྦྱངས་སྟོབས་ཀྱི་ཤེས་བྱས་དབུལ་བའི་ཕྱིར་མ་རྟོག་པ་དང་ལོག་པར་རྟོག་པའི་ཆ་ཇི་སྙེད་ཡོད་པ་རྣམས་ཟུར་གནས་མཁས་པའི་སྤྱན་སྔར་འཆགས་ཤིང་། དེ་ལས་འབྱུང་བའི་དགེ་བ་ཅི་མཆིས་པས་བོད་ཀྱི་གསོ་བ་རིག་པས་གཙོ་བྱས་པའི་བཅུ་ཕྲག་རིག་པའི་པད་ཚལ་འཇིག་རྟེན་ཀུན་ཏུ་རྒྱས་པའི་གསོས་སུ་འགྱུར་བར་སྨོན་ནོ།། །།
དཔྱད་གཞིའི་ཡིག་ཆ།
1 བྷ་རོ་ཕྱག་རྡུམ་སོགས་ཀྱིས་བརྩམས། འབུམ་ཁུ་ཚུར། ཁུ་ཚུར་འབུམ། བེའུ་བུམ་ནག་པོ། [M ]མི་རིགས་དཔེ་སྐྲུན་ཁང། 20065
2 འཕགས་པ་ཀླུ་སྒྲུབ་དང་ཕ་ཁོལ་སོགས་ཀྱིས་བརྩམས། སྦྱོར་བ་བརྒྱ་པ་དང་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་སོགས།[M ] མི་རིགས་དཔེ་སྐྲུན་ཁང་། ་2006.1
3. གཡུ་ཐོག་ཡོན་ཏན་མགོན་པོས་བརྩམས། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད། [M]བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ་ 1982.3
4. ཁ་ཆེ་ཟླ་བ་མངོན་དགས་བརྩམས། ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་འགྲེལ་ཚིག་དོན་ཟླ་ཟེར། [M] མི་རིགས་དཔེ་སྐྲུན་ཁང་། ་2006.1
5. སློབ་དཔོན་དཔའ་བོས་བརྩམས། ཡན་ལག་བརྒྱད་པའི་སྙིང་བསྡུས་ཀྱི་རང་འགྲེལ། [M] མི་རིགས་དཔེ་སྐྲུན་ཁང་། ་2006.1
6. སྐྱེམ་པ་ཚེ་དབང་གིས་བརྩམས། སྐྱེམས་པའི་རྒྱུད་བཞིའི་འབྲུ་འགྲེལ། [M] མི་རིགས་དཔེ་སྐྲུན་ཁང་། ་2006.7
7. གཙང་སྟོད་དར་མ་མགོན་པོས་བརྩམས། གཙང་སྟོད་ཟིན་ཐིག་དང་ཡང་ཐིག། [M] མི མི་རིགས་དཔེ་སྐྲུན་ཁང་། ་2006.7
8 四部医典宇妥元丹贡布等著李永年译 [M] 人民出版社 1983.10
9 医学四续宇妥元衮波著毛继祖等译注 [M] 上海科技出版社 2012.1
10. 内科学(第8版)葛均波等 [M] 人民卫生出版社 2013.3
11. 儿科学(第8版)王卫平 [M] 人民卫生出版社 2013.3
12. 神经病学(第7版)贾健平 [M] 人民卫生出版社 2013.3
13外科学(第8版)陈孝平等 [M] 人民卫生出版社 2013.3